མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞིས་བཞུཊ་བོད་མིར་བཅར་འདྲིའི་གློག་བརྙན།

བོད་ཀྱི་དུས་བབ།
༢༠༠༩/༠༩/༢༣
Share on FacebookShare on TwitterShare on EmailShare on Whatsapp

མགོ་ལོག་སྟོང་སྐྱབས་དགོན་པའི་དགེ་འདུན་པ་རིན་ཆེན་བཟང་པོ་ལགས་ཀྱིས་མགོ་ལོག་ས་ཁུལ་གྱི་བོད་རིགས་བགྲེས་སོང་སྐོར་ཞིག་ལ། སྤྱི་ཚོགས་གསར་རྙིང་གི་ཁྱད་པར་དང་ད་ཆར་བདེ་སྐྱིད་ཡོད་མེད། མ་འོངས་པར་རེ་བ་གང་ཡོད་སོགས་བཅར་འདྲི་བྱས་སྐབས། འབྲོག་དམངས་ཚོས་ངུ་ཞོར་བཤད་ཞོར་དུ་སེམས་གཏིང་གི་སྡུག་བསྔལ་མང་པོ་ཞིག་ཕྱིར་བཏོན་ཏེ། སྐད་ཆ་འདི་དག་༧རྒྱལ་བ་རིན་པོ་ཆེའི་སྙན་ལ་སྒྲོན་དགོས་པ་དང་། འཛམ་གླིང་ལ་ཁྱབ་བསྒྲགས་བྱ་དགོས་པའི་རེ་འདུན་བཏོན་པ་ལྟར། ཆུ་ཚོད་གཅིག་དང་ཕྱེད་ཀ་ཅན་གྱི་གློག་བརྙན་འཁོར་ཐག་ཅིག་བོད་གཞུང་བདེ་སྲུང་ལས་ཁུངས་ལ་ཕུལ་ཡོད་འདུག

ཕྱི་ཚེས་ ༢༡ ཉིན་འདི་གའི་གསར་འགོད་པས་གྲྭ་རིན་ཆེན་བཟང་པོར་ཐུག་འཕྲད་བྱས་ཏེ། ཁོང་གིས་བོད་ནང་གི་བོད་མི་མང་པོ་ཞིག་ལ་བཅར་འདྲི་བྱས་པའི་གློག་བརྙན་སྐོར་ལ་བཅར་འདྲིའི་ཚུལ་གྱིས་གླེང་མོལ་བྱས་ཡོད། སྐབས་དེར་གྲྭ་རིན་ཆེན་བཟང་པོས་ཁོ་རང་ངོ་སྤྲོད་གནང་དོན། ངའི་མིང་ལ་རིན་ཆེན་བཟང་པོ་ཟེར་ཞིང་། མགོ་ལོག་སྟོང་སྐྱབས་དགོན་པའི་གྲྭ་བ་ཡིན། ད་ལོ་རང་ལོ་ ༣༩ ཡིན་ལ་སྔར་ལོ་སྤྱི་ཟླ་ ༡༢ བའི་ནང་རྒྱ་གར་དུ་འབྱོར་ཏེ་ད་ལྟ་ཤེས་རབ་དགའ་ཚལ་སློབ་གླིང་ནང་ལྷ་བྲིས་སྦྱོང་གིན་ཡོད། ང་རང་རྒྱ་གར་ལ་ཡོང་དོན་གང་ཡིན་ཟེར་ན། སྤྱི་ལོ་ ༢༠༠༧ ལོར་ང་རང་རྡོ་རྗེ་འཇིགས་བྱེད་ཀྱི་མཚམས་ལ་བསྡད་པ་ཡིན། མཚམས་གྲོལ་ཏེ་ཕྱིར་ཐོན་སྐབས། ༧རྒྱལ་བ་རིན་པོ་ཆེ་ཡི་སྐུ་ཚབ་ཅིག་པེ་ཅིན་ལ་འབྱོར་ཡོད་མེད་ཀྱི་སྐད་ཆ་གསལ་ལ་མི་གསལ་བ་ཞིག་སྤྱི་ཚོགས་ནང་ཁྱབ་འདུག འོན་ཀྱང་། རྒྱ་ནག་གཞུང་གིས་༧རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་ཚོ་ལ་༧རྒྱལ་བ་རིན་པོ་ཆེ་སྒེར་གྱི་དོན་དག་མ་གཏོགས། བོད་ཀྱི་དོན་དག་བཤད་རྒྱུའི་ཐོབ་ཐང་ཡོད་པ་མ་རེད་ཟེར་ནས་དྲིལ་བསྒྲགས་ཤུགས་ཆེན་བྱེད་ཀྱིན་འདུག སྐད་ཆ་དེ་ཐོས་སྐབས་སེམས་གཏིང་ནས་མི་བཟོད་པ་ཞིག་དང་མ་སྐྱིད་པ་ཞིག་སླེབས་སོང་ལ། དེའི་ཐད་མི་དམངས་ཚོ་ལ་བསམ་ཚུལ་གང་འདྲ་ཡོད་ན་སྙམ་སྟེ་ཤེས་འདོད་ཧ་ཅང་ཆེན་པོ་ཞིག་སྐྱེས་སོང་། དེ་ནས་བསམ་བློ་མང་པོ་བཏང་བ་ཡིན། ཐབས་ལམ་འདྲ་མིན་བཙལ་བ་ཡིན། རྒྱལ་སྤྱིའི་ཐོག་ན་དྲང་བདེན་ལ་རྒྱབ་རོགས་བྱེད་མཁན་ཞིག་དང་བོད་མིའི་བདེ་སྡུག་ལ་གཟིགས་སྐྱོང་གནང་མཁན་ཞིག་ཡོད་ན། ཁོང་ཚོར་བོད་རིགས་མང་ཚོགས་ཀྱི་སེམས་གཏིང་གི་སྐད་ཆ་དང་། སྡུག་བསྔལ། རེ་སྒུག་སོགས་བཅར་འདྲི་བྱས་ཤིང་། བརྙན་འཕྲིན་ཐོག་ཕབ་སྟེ་སྟོན་ཐུབ་པ་ཡིན་ན། ཕན་ཐོགས་ཕྲན་བུ་རེ་ཡོང་གི་རེད་སྙམ་སྟེ། ལས་ཀ་དེ་བསྒྲུབ་རྒྱུའི་སེམས་ཐག་གཙང་བཅད་བྱས་པ་ཡིན། ཞེས་བརྗོད་སོང་།

གསར་འགོད་པས་ཁོང་ལ་ཉིད་ཀྱིས་འབྲོག་དམངས་ཚོར་བཅར་འདྲི་བྱས་པའི་གོ་རིམ་ཁྲོད། མང་ཚོགས་ཚོས་བསམ་ཚུལ་དང་རེ་འདུན་གང་འདྲ་བཏོན་སོང་ཞེས་དྲིས་པར་ཁོས་བརྗོད་དོན། གློག་བརྙན་དེའི་ནང་གི་སྐད་ཆ་འདྲི་ཡུལ་མང་ཆེ་བ་ལོ་ན་རྒན་པ་རྐྱང་རྐྱང་ཡིན། གང་ཡིན་ཟེར་ན། སྤྱི་ཚོགས་རྙིང་བ་ཤེས་མཁན་གྱི་མི་རབས་རྒན་པ་དེ་ཚོ་རྫོགས་འགྲོ་བཞིན་ཡོད་པ་རེད། དེར་བརྟེན། ངས་ཆེད་དུ་སྤྱི་ཚོགས་གསར་རྙིང་གཉིས་ཀའི་གནས་སྟངས་ཤེས་མཁན་རིགས་ལ་སྐད་ཆ་དྲིས་པ་ཡིན། ངས་ཁོང་ཚོར་ང་བརྒྱད་ཡར་སྔོན་ལ་རང་དབང་ཅི་འདྲ་ཡོད་མེད་དང་། མི་དམངས་ཀྱི་འཚོ་བའི་བདེ་སྡུག་གང་འདྲ་ཡིན་པ། ད་ལྟའི་སྤྱི་ཚོགས་གསར་བར་བསམ་ཚུལ་གང་འདྲ་ཡོད་པ། ང་བརྒྱད་དང་རིག་གནས་གསར་བརྗེ་སྐབས་མི་ཤི་རྨས་དང་བཀྲེས་ལྟོགས་སོགས་ཀྱི་དཀའ་སྡུག་ཚད་མེད་མྱངས་རབས་བདེན་པ་ཡིན་མིན་སོགས་དྲིས་པ་ཡིན། སྐབས་དེར་ཁོང་ཚོས། སྔོན་ཆད་ཕྱུག་པོར་ཕྱུག་པོའི་ཚོད་ཀྱི་བདེ་སྐྱིད་དང་། མེད་པོར་མེད་པོའི་ཚོད་ཀྱི་རང་དབང་ཡོད། ང་བརྒྱད་ལོར་མི་བསད་གཏུབ་དང་ཤི་རྨས་ཀྱི་གནས་སྟངས་དེ་ད་ལྟ་གཟུགས་སུ་གྲུབ་རྒྱུ་ཡོད་ན། མི་སུས་མཐོང་ཡང་བརྒྱལ་འགྲོ་བ་རེད། བོད་མི་སྟོང་ཕྲག་མང་པོ་བསྡེབས་གསོད་བྱས་ཡོད། བཀྲེས་ལྟོགས་ཀྱིས་མནར་ཏེ་མི་ཡིས་རྩྭ་ཟོས་ནས་ལྕི་བ་གཏོང་བའི་ཚད་དུ་སླེབས་པ་རེད། རྨ་ཆུ་དང་ཏིང་ཆུའི་འདྲེས་མདོ་མི་རོ་ཡིས་ཁེངས་ཏེ་ཆུ་བཀག་པ་རེད། ཕ་ཤི་ན་བུས་ཕའི་རོ་ཐོག་ནས་བྲོ་འཁྲབ་དགོས་པ་དང་། མ་ཤི་ན་བུ་མོས་མའི་རོ་ཐོག་ནས་བྲོ་འཁྲབ་དགོས་པ་བྱུང་ཞིང་། ཤུལ་དུ་ལུས་པ་ཚང་མ་མི་དམངས་ཁྲིམས་ཁང་ནང་དེད་པ་རེད། འོན་ཀྱང་། ང་ཚོ་ད་དུང་ཁོ་ཚོའི་བཙན་འོག་ཏུ་བསྡད་ཡོད། ང་ཚོར་འདི་ལས་ལྷག་པའི་སྡུག་བསྔལ་ཆེན་པོ་ཞིག་མི་འདུག ཅེས་དང་།

ཁོང་གིས་མུ་མཐུད་དུ་བོད་ནང་གི་བོད་མི་ཚོའི་རེ་འདུན་སྐོར་བརྗོད་དོན། ད་ལྟའི་ཆར་ཕྱིའི་རྣམ་པར་ལྷོད་གཡེང་ཙམ་བཏང་ཡོད་ལ། མི་ཁྱིམ་ཚང་མའི་སྒོ་ཁར་ཕྱུགས་ཟོག་རེ་ཟུང་དང་། ནང་དུ་བཅའ་དངོས་ཁྲ་ཁྲ་རིག་རིག་རེ་ཡོད་ཀྱང་། རང་དབང་ཕྲན་བུ་ཙམ་ཡང་ཡོད་པ་མ་རེད། ༧རྒྱལ་དབང་ཐམས་ཅད་མཁྱེན་པ་བོད་ཁ་བ་ཅན་གྱི་ལྷ་སྐལ། འཕགས་པ་ཐུགས་རྗེ་ཆེན་པོའི་རྣམ་སྤྲུལ་རེད། ང་ཚོས་ཁ་ནས་མ་ནི་ཡིག་དྲུག་འདོན་གྱིན་ཡོད། མ་ནི་ཡིག་དྲུག་འཕགས་པ་ཐུགས་རྗེ་ཆེན་པོའི་གཟུངས་སྔགས་རེད། འོན་ཀྱང་། ང་ཚོས་ཁ་ནས་སྔགས་དེ་བགྲང་ཆོག་ཀྱང་། ལྷ་དེའི་ཞལ་མཇལ་ཆོག་གིན་མེད། ལྷག་པར་དུ་ཕྱུགས་རྭ་བསྐོར་བ་དང་རྩྭ་ས་བགོས་པ་སོགས་ཀྱིས་ཕུ་ནུ་ནང་དམེ་དང་། ནང་ཁུལ་ལ་དཀྲུགས་ཤིང་བཟོས་སོང་། ཁ་བྲལ་དང་འཆམ་མཐུན་མེད་པ་ཁོ་ཚོས་བཟོས་སོང་། ང་ཚོའི་ཕོ་བ་འགྲངས་ཙམ་དང་། རྒྱབ་དྲོས་པ་ཙམ་གྱིས་སེམས་སྡུག་དྭངས་ཐབས་མི་འདུག ང་ཚོའི་རེ་བ་ཉག་གཅིག་ནི། བོད་མི་རི་སྒར་གཉིས་ཀ་ཁ་ངོ་ཐུག་ཅིང་། ༧རྒྱལ་དབང་ཐམས་ཅད་མཁྱེན་པར་ཐོད་པ་ཞིག་གཏུགས་ཐུབ་སོང་བ་ཡིན་ན། དེ་རིང་ཤི་ན་སང་ཉིན་ཤི་ན་འགྱོད་པ་གཅིག་ཀྱང་མེད། མི་ཚེའི་རེ་བ་འགྲུབ་སོང་བ་ཡིན། འཛམ་གླིང་མི་དམངས་ཀྱིས་ང་ཚོའི་སྙིང་གཏམ་འདིར་གསན་རོགས། རྒྱ་ནག་སྲིད་གཞུང་གིས་ང་ཚོའི་སྡུག་བསྔལ་འདིར་གཟིགས་རོགས། ང་ཚོས་བཤད་པའི་སྐད་ཆ་འདི་༧རྒྱལ་བ་རིན་པོ་ཆེ་ཡི་སྙན་ལ་སྒྲོན་ཐབས་བྱ་དགོས། ཕན་ཞིག་ཐོགས་ན་འཛམ་གླིང་ལ་ཁྱབ་བསྒྲགས་བྱ་རོགས། ཞེས་དད་གདུང་ཆེན་པོ་དང་ཆོད་སེམས་བརྟན་པོས་བརྗོད་སོང་། ད་ལྟ་ཁོང་ཚོ་ཚང་མས་ངའི་ཕྱོགས་ལ་ཨམ་ཆོག་གིས་ཉན་བསྡད་ཡོད་པ་རེད། མེ་ཐོག་ན་དུ་བ་དང་། ཆུ་ཐོག་ལ་རླངས་པ་ཞིག་ཡོད་མེད་ལ་རེ་བ་བརྒྱབས་བསྡད་ཡོད་པ་རེད། ཅེས་བརྗོད་སོང་།

ཡང་ཁོང་ལ་སྐུ་ཉིད་ཀྱིས་གློག་བརྙན་དེ་འདྲ་ཞིག་བཟོས་ཡོད་པ་ཡིན་ན། གློག་བརྙན་ནང་སྐད་ཆ་བཤད་མཁན་ཚོར་སྐད་ཆ་དེ་རྒྱལ་སྤྱིར་ཁྱབ་བསྒྲགས་བྱ་རྒྱུར་མོས་མཐུན་ཡོད་མེད་དང་། ཁོང་ཚོའི་མ་འོངས་པའི་བདེ་འཇགས་ལ་བསམ་བློ་བཏང་ཡོད་མེད་དྲིས་པར་ཁོང་གིས་བརྗོད་དོན།  དེའི་ཐད་བསམ་བློ་དང་གྲ་སྒྲིག་སྔོན་ནས་ཡོད། ང་རང་ཟླ་གཅིག་ལྷག་རིང་གྲོང་ཆོག་པའི་ཟོལ་གྱིས་མགོ་ལོག་དགའ་བདེ་རྫོང་དང་རྨ་ཆེན་རྫོང་བཅས་ཀྱི་འབྲོག་སྟེ་ཁག་ཉུལ་བ་ཡིན། ཁྱིམ་ཚང་རེར་སོང་སྟེ་ཉིན་གཉིས་གསུམ་རེར་བསྡད་ནས་སྐད་ཆ་འདྲ་མིན་གླེང་སློང་བྱེད་བཞིན་སྔོན་ལ་ཁོང་ཚོར་སྐད་ཆ་དེ་འདྲ་བཤད་རྒྱུའི་འདོད་པ་ཡོད་མེད་དང་། གལ་སྲིད་བཤད་ན་མཇུག་འབྲས་ལ་ཞེད་སྣང་བྱེད་ཀྱིན་ཡོད་མེད་སོགས་ལ་ཉན་ཞིབ་བྱས་པ་ཡིན། འོན་ཀྱང་། ང་རང་སོང་ས་དང་ཐུག་ས་ཚང་མ་ང་རང་གི་བློ་ཡུལ་ནས་འདས་པ་རྐྱང་རྐྱང་རེད། ཁྱེད་ཀྱིས་རང་སྲོག་ལ་མ་འཛེམས་པར་འདི་ལྟ་བུའི་ལས་ཀ་ཞིག་བསྒྲུབ་ཐུབ་ན། ང་ཚོས་བཤད་མི་ཕོད་པ་ཅི་ཡང་མེད། རྒྱ་གཞུང་གིས་བསད་ཀྱང་གཏུབ་ཀྱང་སྐྲག་སྣང་སྤུ་ཙམ་ཡང་མེད། ང་ཚོར་ད་བར་མིག་ཆུ་འདོན་ས་དང་སེམས་སྡུག་ཞུ་ས་ཞིག་མ་རག་པར་བསྡད་ཡོད། ཅེས་བཤད་ཞོར་དང་ངུ་ཞོར་གྱིས་སྐད་ཆ་མང་པོ་བཤད་སོང་། གློག་བརྙན་དེའི་ནང་དུ་མི་ ༢༡ ཙམ་ལ་སྐད་ཆ་དྲིས་ཡོད་ཀྱང་།  ཡིད་ཕངས་པ་ཞིག་ལ་ང་རང་གིས་བརྙན་ཕབ་འཕྲུལ་ཆས་བེད་སྤྱོད་གཏོང་ཤེས་མིན་གྱི་དབང་གིས་མི་ ༥ ཙམ་གྱི་སྐད་ཆ་གསུབས་ཚར་འདུག ད་ལྟ་ཡོད་པ་མི་ ༡༥ ཙམ་ཀྱི་སྐད་ཆ་དང་ཆུ་ཚོད་གཅིག་དང་ཕྱེད་ཀ་ཙམ་འདུག ཅེས་བརྗོད་སོང་།

ཁོང་ལ་ཐེངས་འདིར་རྒྱ་གར་ནང་ཡོང་སྟངས་གང་འདྲ་ཡིན་པ་དང་། ལམ་བར་ནས་དཀའ་ངལ་འཕྲད་ཡོད་མེད་དྲིས་པར། ང་རང་གིས་ལོ་བཞི་ཙམ་གྱི་གོང་ནས་རྒྱ་གར་ལ་ཐེངས་གཅིག་འགྲོ་དགོས་སྙམ་སྟེ་ཕྱིར་སྐྱོད་ལག་འཁྱེར་བླངས་ཡོད་མོད། དོན་ཕན་ལྡན་པའི་ལས་ཀ་ཞིག་བསྒྲུབ་ཨེ་ཐུབ་སྙམ་སྟེ་ད་བར་ལྷག་སོང་། ང་རང་གི་ཕ་མེས་གཉེན་ཉེ་ཚང་མ་རྒྱ་གཞུང་གིས་དམར་གསོད་དང་མནར་གཅོད་འོག་ཚར་སོང་། ང་ནི་ཆུང་དུས་ནས་སེམས་སྡུག་ཆེན་པོ་ཡོད་མཁན་ཞིག་ཡིན། ང་རང་མཚམས་ལ་སྡོད་སྐབས་ཀྱང་། བོད་རང་བཙན་སྐོར་གྱི་ཡིག་ཆ་ཞིག་དང་། རྒྱ་ནག་གི་མགོ་ཁྲིད་ཏུན་ཞའོ་ཕིན་དང་ཅང་ཙེ་མིན། ཧུའུ་ཅིན་ཐའོ་གསུམ་འདོད་ཆགས་ཞེ་སྡང་གཏི་མིག་གསུམ་གྱི་མཚོན་བྱེད་དུ་བཞག་སྟེ་བྲིས་པའི་རི་མོ་ཞིག་བཅས་གྲངས་ ༤༠༠༠ ཙམ་མགོ་ལོག་ས་ཁུལ་དུ་བཀྲམས་པ་ཡིན། བཅར་འདྲིའི་ལས་ཀ་དེ་འགྲུབ་མ་ཐག་གནས་སྐོར་གྱི་ཞོར་དུ་བལ་ཡུལ་དུ་སྨན་བཅོས་ཤིག་ཏུ་འགྲོ་རྒྱུའི་མིང་ཐོག་ནས་ལམ་ལ་ཆས་པ་ཡིན། ལམ་བར་ནས་འཇིགས་སྐྲག་འགའ་རེ་བྱུང་སོང་། ལྷག་པར་དུ་འགྲམ་འགག་སྒོ་ནས། ༧རྒྱལ་བ་ཡིད་བཞིན་ནོར་བུའི་ཐུགས་རྗེ་དང་། རང་གི་ཆོས་སྐྱོང་སྲུང་མས་སྐྱབས་སོང་། གང་ཡིན་ཟེར་ན། གློག་བརྙན་གྱི་འཁོར་ཐག་དེ་མར་གྱི་གསེང་དུ་སྦས་ཏེ་ཨང་སྒྲིག་ལག་སྒམ་ཞིག་གི་ནང་དུ་བཅུག་ཡོད། འགྲམ་འགག་སྒོའི་དམག་མིས་སྔོག་བཤེར་སྐབས་གསང་གྲངས་སྤྲད་ཀྱང་། ཁོང་ཚོས་སྒམ་ཁ་འབྱེད་ཐུབ་མ་སོང་ལ། སྐབས་དེར་ངས་ཀྱང་འབྱེད་ཐུབ་ཀྱིན་མི་འདུག ད་ནི་ཁོང་ཚོས་དོགས་པ་ཆེ་རུ་འགྲོ་གི་རེད་སྙམ་ནས་སེམས་འཚབ་ཆེན་པོ་ལངས་ཏེ། སོ་སོའི་གྲུ་བཏོན་ཏེ་ལག་སྒམ་གཤག་གྲབས་བྱས་པ་ཡིན། སྐབས་དེར་བོད་རིགས་ཉེན་རྟོག་པ་ལོ་གཞོན་ཞིག་གིས། ད་འགྲིག་སོང་། སྒམ་རལ་མི་དགོས་ཟེར་ནས་ང་འགྲོ་རུ་བཅུག་སོང་། ཞེས་གསུངས་སོང་།

མཇུག་མཐར་ཁོང་ལ། སྐུ་ཉིད་ཀྱིས་དེ་ལྟ་བུའི་གློག་བརྙན་ཞིག་བཟོས་ཡོད་ན། ད་བར་ཕྱི་ལ་ཁྱབ་བསྒྲགས་མི་བྱ་དོན་ཅི་ཡིན་སྐོར་དྲིས་པར་ཁོས་བརྗོད་དོན། དེའི་ཐད་ང་རང་ལའང་བློ་ཕམ་དང་དོགས་པ་ཕྲན་བུ་བྱུང་བསྡད་ཡོད། ང་རང་ངྷ་རམ་ས་ལར་འབྱོར་མ་ཐག་གློག་བརྙན་གྱི་བརྙན་འཁོར་དེ་མི་གཞན་ཞིག་བརྒྱུད་དེ་བདེ་སྲུང་བཀའ་བློན་དངོས་གྲུབ་ཀྱི་ལག་ཏུ་བཞག་པ་ཡིན། སྐབས་དེར་བདེ་སྲུང་ལས་ཁུངས་ནས་གློག་བརྙན་འདི་ཁྱབ་བསྒྲགས་བྱས་ན་འགྲིག་གི་མ་རེད། སྐད་ཆ་བཤད་མཁན་ཚོའི་བདེ་འཇགས་ལ་ཉེན་ཁ་ཡོད་པ་རེད་ཟེར། ངས་ཁོང་ཚོར་སྐད་ཆ་འདྲི་ཡུལ་དག་གིས་ངེས་པར་དུ་ཁྱབ་བསྒྲགས་བྱ་དགོས་པའི་རེ་འདུན་བཏོན་ཡོད་པ་དང་། ང་རང་འདིར་འབྱོར་རྗེས་ཀྱང་བོད་ནས་ཁ་པར་ཡོང་སྟེ། ང་ཚོས་སྐད་ཆ་བཤད་པ་དེར་གྲགས་འགུལ་ཅི་ཡང་མེད་དོན་ཅི་ཡིན་གྱི་དྲི་བ་ཡོང་གིན་ཡོད་སྐོར་བཤད་པ་ཡིན། མཐར་ཁྱོད་ཀྱིས་བོད་ནང་གི་མི་དེ་ཚོས་རྗེས་མ་ང་ཚོར་རྙོག་དྲ་མི་བཤད་རྒྱུའི་འགན་འཁུར་དགོས་ཟེར་ནས་ང་རང་གིས་འགན་ལེན་ཁག་འཁུར་བྱས་པ་ཡིན། ཐོག་མར་གློག་བརྙན་ནང་གི་སྐད་ཆ་ཡོངས་རྫོགས་རྒྱ་ཡིག་དང་བོད་ཡིག དབྱིན་ཡིག་གསུམ་ནང་ཕབ་སྒྱུར་བྱ་རྒྱུ་དང་། གློག་བརྙན་དང་མཉམ་དུ་དེབ་ཅིག་ཀྱང་དཔར་སྐྲུན་བྱ་རྒྱུ་བྱས་ཡོད་ཀྱང་། ང་ཐེངས་བཅུ་གྲངས་ཤིག་ལ་བཅར་ཏེ་བཀའ་འདྲི་ཞུས་ཀྱང་། གློག་བརྙན་ཆ་ཚང་ཞིག་བཟོས་ཚར་གྲབས་ཡོད་སྐོར་དང་། ཁྱབ་བསྒྲགས་བྱ་རྒྱུ་ཡིན་ཚུལ་གསུངས་སོང་མོད། ད་བར་ལོ་གཅིག་ལ་ཉེ་བ་ཕྱིན་སོང་། མི་ཞིག་གིས་འཁྲབ་གཞུང་ཞིག་བརྩམས་ཏེ། འཁྲབ་ཁྲིད་པ་དང་འཁྲབ་སྟོན་པ་ཚོས་གློག་བརྙན་ཆ་ཚང་ཞིག་བཟོས་ཀྱང་། ལོ་གཅིག་ལྷག་ལས་འགོར་སྲོལ་ཡོད་པ་མ་རེད། ད་ནི་ཕལ་ཆེར་ངའི་གློག་བརྙན་དེ་ལ་ཁྱབ་བསྒྲགས་ཀྱི་རིན་ཐང་མེད་སོང་བའམ། ཡང་ན། དེའི་ནང་གི་སྐད་ཆར་གནད་དོན་བྱུང་སོང་བ་མིན་འགྲོ་དྲན་བསྡད་ཡོད། ཅེས་བརྗོད་སོང་།

འབྲེལ་ཡོད་གསར་འགྱུར།

བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

ཆུ་ཚོད་ ༡ སྔོན་ལ།
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

ཆུ་ཚོད་ ༥ སྔོན་ལ།
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

ཆུ་ཚོད་ ༨ སྔོན་ལ།
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦
Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

༢༠༢༦/༠༧/༡༦

མཆན། 8

  1. ཨུ་ཚུགས་ཅན། says:
    ལོ་ 17 སྔོན།

    འདི་དག་རེ་རེ་བཞིན་གོ་ན་སེམས་བདེ་ཐབས་ཤིག་མི་འདུག། ལོ་ན་རྒས་པའི་རྒན་རྒོན་བཅོ་ལྔའི་ཚེ་མཇུག་གི་བདེ་སྐྱིད་རྟ་རྔ་འདྲ་བོ་རྒྱ་ལག་ཏུ་མི་ཤོར་པའི་ངེས་པ་མི་འདུག། བཟུང་ན་ལག་པ་ཚ། བཏང་ན་རྫ་མ་ཆག

    Reply
  2. གཅན་བཟོད་རྒྱམ། says:
    ལོ་ 17 སྔོན།

    བསྟན་དོན་ལགས་ཀྱིས་བཤད་པ་ཕྱོགས་གཞན་ཞིག་རེད། ཉེན་ཁ་ཡོད་མེད་སྐོར་གོང་དུ་ཨ་ཁུ་རིན་དང་གཞིས་བཞུགས་བོད་མི་ཚོས་ཅི་གསུངས་བཀོད་ཡོད་པ་དེ་རེད། དོན་དག་འདི་ལྟ་བུ་འཛམ་བུ་གླིང་ལ་སྒྲོགས་ཤིག་ཅེས་བོད་གཞུང་བདེ་སྲུང་ལ་སྤྲད་པ་ལས་ས་གསང་རྡོ་གསང་བྱེད་རོགས་ཞེས་སྤྲད་པ་མ་རེད་འདོད་ཀི ད་དུང་ལོ་གཅིག་ལྷག་ལ་ཕྱི་བསྒྲགས་བྱེད་མ་ཐུབ་པ་འཐུས་ཤོར་ཞིག་རེད་བསམ་ཡོད། གང་ལྟར་སང་ཉིན་ཧ་གོ་གི་རེད།

    Reply
  3. སྒྲོལ་མ། says:
    ལོ་ 17 སྔོན།

    གསར་འགོད་པར་བཀའ་དྲིན་ཞུ། ཁྱོད་ཀྱིས་དྲན་གསོ་དང་། ཐེར་འདོན་བྱས་མེད་ན། ད་དུང་གློག་བརྙན་དེ་ཅི་མི་སྙམ་པར་ལྷག་ངེས་རེད་ལ། གཅིག་བྱས་ན་དུས་གཏན་དུ་ཏང་སྙོམས་སུ་འཇོག་ཀྱང་སྲིད། འདི་ནི་གསར་འགོད་པས་མིག་གསུམ་པ་སྤྱད་པའི་ནུས་པ་རེད།

    Reply
  4. བསྟན་འཛིན་ཡོན་ཏན། says:
    ལོ་ 17 སྔོན།

    ངས་བལྟས་ན་བདེ་སྲུངས་ལ་ཁག་མི་འདུག་འདོད་ཀི རྒྱ་ནག་མེ་མདའི་འོག་ན་ཡོད་པའི་སྤུན་ཟླ་བཀའ་མོལ་གནང་མཁན་དེ་ཚོའི་བདེ་འཇགས་ལ་ཡང་ཐུགས་བསམ་གནང་དགོས་པ་ཧ་ཅང་གལ་ཆེན་དུ་མཐོང་། འདི་ལྟར་བསམ་ན་ཁོང་ཚོའི་བཀའ་མོལ་ལས་ཚེ་སྲོག་གལ་ཆེ་བ་མ་ཡིན་ནམ།

    Reply
  5. གཅན་བཟོད་རྒྱམ། says:
    ལོ་ 17 སྔོན།

    ལུང་རིགས་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བར་དགའ། འོ་ན་ང་ཚོས་སྤྱི་ཚེས་༢༥་བར་དུ་སྒུག་རྒྱུ་བྱེད། དེ་ནས་ཁ་གསལ་མ་ཆགས་དུས་ཁྱོད་ཀྱིས་ངེས་པར་དུ་ཨ་ཁུ་རིན་བཟང་བརྒྱུད་བདེ་སྲུང་གི་ལས་སྣེ་སུ་ཡིན་དེར་དོན་དག་འདི་ཁ་གསལ་ཞིག་བཟོ་རྒྱུ་མཁྱེན། གཞིས་བཞུགས་བོད་མིའི་སེམས་དོན་གོང་གི་གསར་འགྱུར་ལས་གསལ་བས་ན། དོན་དག་འདི་འདྲ་བ་རང་དགར་འཇོག་རྒྱུ་ཞིག་གཏན་ནས་མ་རེད་སྙམ།

    Reply
  6. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    དྲིལ་བསྒྲགས་ལས་ཁུངས་ནས་བརྡ་སྦྱོར་སྤེལ་བ་ལྟར་ན། ཕྱི་ཚེས་ ༢༥ ཉིན་ཏེ། རེེས་གཟའ་པ་སངས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ སྟེང་གྲྭ་རིན་ཆེན་བཟང་པོ་ལགས་ཀྱིས་གངས་སྐྱིད་ཀྱི་ལྷག་པ་ཚེ་རིང་ཚོགས་ཁང་དུ་གསར་འགོད་གསལ་བསྒྲགས་སྤེལ་རྒྱུ་རེད། སྐབས་དེར་གློག་བརྙན་དེ་ཡང་གཟིགས་འབུལ་ཞུ་རྒྱུ་རེད། བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱིས་ཁོང་ལ་གསར་འགོད་གསལ་བསྒྲགས་འདི་གོ་སྒྲིག་གནང་རོགས་བྱ་རྒྱུ་རེད།

    ཡིན་ཡང་། ཉིན་འདིར་སྟོན་འཆར་གྱི་གློག་བརྙན་དེ་བོད་གཞུང་བདེ་སྲུང་ལས་ཁུངས་ཀྱིས་སྒྲིག་སྦྱོར་བྱས་པ་དེ་ཡིན་མིན་གསལ་ཁ་བཏོད་མི་འདུག

    Reply
  7. སྒྲོལ་མ། says:
    ལོ་ 17 སྔོན།

    གསར་འགོད་པ་ལགས། བོད་ཀྱི་བདེ་སྲུང་ལས་ཁུངས་ཟེར་བ་དེ་ལ་བཅར་འདྲི་ཞིག་གནང་རོགས།

    1 དགེ་འདུན་པ་རིན་ཆེན་བཟང་པོས་གློག་བརྙན་དེ་འདྲ་ཞིག་སྤྲད་པ་བདེན་ནམ།
    2 བདེན་གློག་བརྙན་དེ་ལ་ཁྱབ་བསྒྲགས་ཀྱི་རིན་ཐང་འདུག་གམ།
    3 བཅར་འདྲིའི་གློག་བརྙན་ཞིག་ལོ་གཅིག་རིང་སྒྲིག་བཟོ་བྱ་དགོས་སམ།

    Reply
  8. གཅན་བཟོད་རྒྱམ། says:
    ལོ་ 17 སྔོན།

    ད་ལོའི་ལོ་སྟོད་ཙམ་ལ་ཨ་ཁུ་རིན་ཆེན་བཟང་པོ་གངས་སྐྱིད་བོད་གཞུང་བདེ་སྲུང་ལས་ཁུངས་སུ་བཅར་ཏེ་གློག་བརྙན་འདིའི་སྐོར་བཀའ་འདྲི་ཞུ་དགོས་པ་ཡིན་ཞེས་ང་དང་གླེང་མོལ་བྱུང་། ངས་ཀྱང་ཁོང་ལ་གློག་བརྙན་དེ་འདྲ་ཞིག་ཡིན་ན་མགྱོགས་མྱུར་འདོན་དགོས་པ་དང་། གལ་བདེ་སྲུང་གིས་བཟོ་མི་ཐུབ་ན་གཞན་ལ་འབྲེལ་བ་བྱས་ན་ཆོག་གི་རེད། ངས་ཀྱང་རོགས་ཙམ་བྱེད་ཨེ་ཐུབ་ལྟ་ཡོང་ཞེས་བཤད་པ་ཡིན། རྗེས་སུ་ཁོང་ཡང་བསྐྱར་གངས་སྐྱིད་བོད་གཞུང་བདེ་སྲུང་ལས་ཁུངས་ཀྱི་སྒོ་འགྲམ་དུ་ཡོད་པ་མཐོང་བྱུང་། ཁོང་གིས་གློག་བརྙན་མ་ཕྱི་དེ་ངའི་ལག་པར་མི་འཇོག་པ་བཟང་མོད། ་བོད་གཞུང་བདེ་སྲུང་གིས་འདི་འདྲའི་འགོར་འགྱངས་བྱས་པ་ནི་བསམ་གཟོས་ནས་དངོས་གནས་དོན་ཆེན་ལ་འཐུས་ཤོར་བཏང་བ་རང་རེད་སྙམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese