མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དུས་ཚོད་ནར་འགྱངས་གཏོང་རྒྱུ་མི་འདུག

བོད་ཀྱི་དུས་བབ།
༢༠༠༩/༠༩/༢༦
Share on FacebookShare on TwitterShare on EmailShare on Whatsapp

སྤྱིར་མི་སུས་ཀྱང་བོད་ཀྱི་ཆབ་སྲིད་ཀྱི་མགོ་ཁྲིད་བྱེད་ཆོག་ཅིང། དེའང་འདས་པའི་བོད་ཀྱི་ལོ་རྒྱུས་ཁག་ལ་རྒྱུས་མངའ་ཆ་ཚང་ཡོད་པ་ཞིག་དང།  ཉམས་ཞིབ་ཐུབ་མཁན་ཞིག་ཡོད་དགོས་རྒྱུ་གལ་ཆེན་པོ་རེད།  ཀརྨ་པ་སྐུ་ཐོག་གོང་མ་རྣམས་ཀྱིས་ཆོས་ཕྱོགས་ཁོ་ནའི་མཛད་འཕྲིན་བསྐྱངས་པ་མ་གཏོགས། གཞུང་ཕྱོགས་དང་འབྲེལ་བའི་སྲིད་དབང་བཟུང་མྱོང་མེད་པ་ཞིག་ཡིན་དུས། ངའི་བསམ་ངོར་ངས་འདས་པའི་ཀརྨ་པའི་ལོ་རྒྱུས་ཀྱི་འབྱུང་རིམ་ཁག་ལ་མཚན་གཅིག་ནང་དུ་བསྒྱུར་བཅོས་ཀྱིས། སང་ཉིན་ནས་ཀརྨ་པའི་མཛད་འཕྲིན་བསྐྱངས་ཕྱོགས་དེ་ཆོས་ཕྱོགས་ལས་ལྷག་པའི་ངོ་བོ་ཞིག་ཏུ་བཟོ་རྒྱུ་ནི་ཞེ་དྲག་གི་དཀའ་ལས་ཁག་པོ་རེད་བསམ་གྱིན་འདུག

ཟླ་འདིའི་ཚེས་ ༢༠ ཉིན་རྒྱ་གར་དུས་བབ་གསར་ཁང་གིས་༸རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ལྡི་ལིར་ཆིབས་བསྒྱུར་གནང་བ་དང་འབྲེལ་དྲི་བ་འགའ་བཅར་འདྲི་ཞུས་ཡོད་པ་དང། དེར་ལན་འདེབས་གནང་བ་གཤམ་གསལ།
 
ར་མེ་ཤ་རོ་ཤན་ལལ། ཁྱེད་རང་གིས་བཤད་ན་ང་ཚོ་རྒྱ་གར་གཞུང་ཕྱོགས་ནས་རྒྱ་ནག་གི་ཐོག་ཏུ་ཆབ་སྲིད་འཛིན་སྟངས་དང། རྒྱ་ནག་གིས་ངེད་ཚོར་བལྟ་སྟངས་གང་འདྲ་འདུག
༸རྒྱལ་བ་ཀརྨ་པ། ད་སྐབས་རྒྱ་ནག་དང་འབྲེལ་མོལ་རྒྱུན་འཁྱོངས་བྱེད་མཁན་གྱི་རྒྱ་གར་ཆབ་སྲིད་པའི་ཕྱོགས་ལ་ངས་དམིགས་བསལ་ཞུ་ཚོད་ཐིག་གི་མི་འདུག ཕྱོགས་གཉིས་པོའི་གཞུང་ཕྱོགས་ནས་ད་ལྟའི་འབྲེལ་མོལ་གྱི་ཐོག་ལ་སོ་སོའི་སྤྲོ་སྣང་རེ་ཡོད་པ་རེད། གལ་སྲིད་ང་ལ་གནད་དོན་དེའི་ཐོག་སོ་སོའི་མཐོང་ཕྱོགས་དང་རྒྱུས་ལོན་བྱེད་ཕྱོགས་ཤིག་ཤོད་ཟེར་ན། རྒྱ་ནག་གཞུང་གིས་རྒྱ་གར་ལ་ཆེད་དུ་དམིགས་ནས་ཕྲན་བུ་སུན་བཙིར་བཟོ་གི་ཡོད་པའི་རྣམ་པ་ལྟ་བུ་འདུག གང་ཡིན་ཟེར་ན། རྒྱ་གར་ནི་དུས་ནམ་ཡིན་ཡང་ཞི་བདེའི་རྒྱལ་ཁབ་ཅིག་ཡིན་ཞིང་དམག་དོན་གྱི་ཐད་ལ་བརྒྱུད་སྐུལ་བྱ་རྒྱུར་དང་དོད་མེད་ལ། ཞི་བདེར་ཆེ་མཐོང་སྤྲོད་མཁན་གྱི་རྒྱལ་ཁབ་ཅིག་ཡིན་དུས། ད་བར་གྱི་ལོ་རྒྱུས་ཀྱི་ཁྲོད་རླབས་ཆེའི་མཛད་རྗེས་བཞག་མྱོང་ཡོད་པ་རེད། གང་ལྟར་ཡང་དེང་སྐབས་རྒྱ་གར་དེ་རྒྱལ་སྤྱིིའི་སྤྱི་ཚོགས་ཁྲོད་དུ་ཡར་རྒྱས་འགྲོ་མུས་ཡིན་ཡང། རྒྱ་ནག་གཞུང་ཕྱོགས་ནས་ཡར་ཐོན་འགྲོ་རྒྱུར་བཙན་འགོག་བྱེད་ཀྱི་ཡོད་པ་ནི་ང་ཚོས་མངོན་གསལ་དོད་པོས་མཐོང་གསལ་རེད།
 
ར་མེ་ཤ་རོ་ཤན་ལལ། སྐུ་ཉིད་ཕྱི་ལོ་ ༢༠༠༠ ལོར་བོད་ནས་བྲོས་བྱོལ་དུ་ཕེབས་པ་ནས་བཟུང་། ད་བར་བོད་དུ་ཕྱིར་བསྐྱོད་གནང་མེད་པ་ཡིན་དུས། ད་སྐབས་ཁྱེད་རང་དང་རྒྱ་ནག་མཐོ་རིམ་མི་སྣའི་དབར་ལ་འབྲེལ་ལམ་ཡོད་མེད་དང་། རྒྱ་ནག་གཞུང་ཕྱོགས་ནས་ཁྱེད་རང་སླར་བོད་དུ་ཕེབས་རྒྱུར་དམིགས་བསལ་གྱི་མགྲོན་འབོད་འདྲ་གནང་བྱུང་ངམ།
༸རྒྱལ་དབང་ཀརྨ་པ། སྤྱིར་ང་ལ་དམིགས་བསལ་གྱི་འབྲེལ་བ་གང་ཡང་མེད་ཀྱང་། སྔར་ང་བོད་ལ་ཡོད་དུས་རྒྱ་ནག་གི་བཙན་འོག་ཏུ་ཡོད་པས། བཙན་དབང་འདེིའི་འོག་ནས་ང་ལ་ངོ་ཤེས་ཕྲན་བུ་རེ་ཡོད་ཁུལ་རེད། འོན་ཀྱང་ད་ཆ་རྒྱ་གར་དུ་བསླེབས་པ་ནས་བཟུང་། ཕྱོགས་གང་གི་ཡང་གཉའ་གནོན་དང་བཙན་འགེལ་མེད་པས། རྒྱ་ནག་མཐོ་རིམ་མི་སྣའི་དབར་ལ་འབྲེལ་འདྲིས་ཡོད་རྒྱུ་ལྟ་ཞོག ཐ་ན་སྐད་ཆ་ཡང་བྱུང་མ་མྱོང་།

ར་མེ་ཤ་རོ་ཤན་ལལ། ཁྱེད་རང་སྤྱིར་རྒྱ་ནག་གཞུང་ཕྱོགས་དང་། ༧གོང་ས་མཆོག་ཐུན་མོང་གིས་ངོས་འཛིན་བྱས་པའི་ཀརྨ་པའི་ཡང་སྲིད་འཁྲུལ་བྲལ་ཞིག་ཡིན་དུས། མི་མང་པོ་ཞིག་གིས་བོད་རྒྱ་གཉིས་པོའི་མཐུན་སྒྲིལ་བཟང་ཕྱོགས་སུ་འགྲོ་རྒྱུར། ཁྱེད་རང་གིས་ཁ་ཕྱོགས་གསར་པ་ཞིག་ཏུ་འཁྲིད་ཐུབ་པར་བཤད་ཀྱི་ཡོད་པ་རེད། འོན་ཀྱང་ཁྱེད་རང་ལ་མཚོན་ན་རྒྱ་ནག་གཞུང་ཕྱོགས་ལ་ཁོང་ཁྲོ་ཆེན་པོ་ཡོད་བཟོ་འདུག
༸རྒྱལ་དབང་ཀརྨ་པ།  དེ་ནི་རྩ་བ་ནས་བདེན་པ་མ་རེད། སྤྱིར་ང་རང་ནང་ཆོས་དོན་གཉེར་བྱེད་མཁན་ཞིག་ཡིན་པའི་ཆ་ནས། ངས་དུས་རྒྱུན་དུ་ཕྱོགས་རིས་དང་འཐེན་འཁྱེར་མེད་པའི་ངང་ཚུལ་འཛིན་རྒྱུ་དང་། ལྷག་པར་རང་གི་ཕྱོགས་གཏོགས་ལ་ཆགས་ཞེན་ཆེན་པོ་དང་། མི་འདོད་པའི་རིགས་གཞན་ལ་ཁོང་ཁྲོ་དང་ང་རྒྱལ་བྱེད་རྒྱུ་སོགས་འཇིག་རྟེན་པའི་ལས་ལས་ཡོངས་སུ་གྲོལ་རྒྱུར་འབད་བརྩོན་ཤུགས་ཆེན་བྱེད་ཀྱི་ཡོད། ང་རང་སྒེར་གྱི་དགའ་སྣང་ལྟར་བྱས་ན། ༧གོང་ས་མཆོག་གིས་སྲོལ་གཏོད་གནང་བའི་དབུ་མའི་ལམ་གྱི་ལངས་ཕྱོགས་འདིར་ཞེ་དྲག་གི་ཚོར་བ་རྣོན་པོ་དང་། རྒྱབ་སྐྱོར་ཆེན་པོ་ཡོད། དེས་བོད་མི་རིགས་ཙམ་མ་ཟད། རྒྱ་ནག་ལའང་དོན་དངོས་ཀྱི་ཕན་འབྲས་ཆེ་ཤིང་། དོན་སྨིན་ལྡན་པ་ཞིག་ཡོང་ཐུབ་གི་རེད། བོད་མི་ཚོའི་ནང་དུའང་བརྒྱ་ཆ་ ༩༠ ལྷག་གིས་དབུ་མའི་ལམ་ལ་ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད། ངས་རང་ཉིད་བོད་མི་གཞན་ལྟར་བོད་མི་རིགས་ཀྱི་དཀའ་ངལ་སེལ་རྒྱུར་འོས་འགན་ཡོད་པར་བསམ་གྱི་ཡོད་ལ། ད་སྐབས་བཙན་བྱོལ་བོད་གཞུང་གིས་རྒྱ་ནག་མཐོ་རིམ་དཔོན་རིགས་ཚོ་དང་འབྲེལ་མོལ་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་དེས་དེ་ཙམ་གྱི་དོན་འབྲས་སྨིན་པ་ཞིག་བྱུང་ཐུབ་མེད། དེ་འདྲ་ཡིན་དུས་ང་ཚོས་ད་ཆ་གོ་སྐབས་བཟང་པོ་ཞིག་ཡོང་རྒྱུར་ངང་སྒུག་དང། རྟོགས་ཞིབ་བྱེད་དགོས་པ་རེད།

ར་མེ་ཤ་རོ་ཤན་ལལ། ཁྱེད་རང་ད་ཆ་གུང་ལོ་ ༢༤ ཕེབས་ཟིན་ཅིང། བོད་རིགས་ཚོ་རྒྱ་གར་དུ་སླེབས་ནས་ལོ་ངོ་ ༥༠ ཙམ་འགྲོ་གི་ཡོད་པ་རེད། ཁྱེད་རང་གི་བསམ་ངོར་བྱས་ན་ཁྱེད་རང་གུང་ལོ་ ༥༠ ཕེབས་སྐབས་དེ་ལྟ་བུའི་གོ་སྐབས་ཞིག་ཡོང་རྒྱུ་དང། བཙན་བྱོལ་དུ་གནས་མཁན་བོད་རིགས་ཐམས་ཅད་རྒྱ་གར་གི་མི་རིགས་སུ་འགྱུར་གྱི་རེད་དྲན་གྱི་འདུག་གམ།
༧རྒྱལ་དབང་ཀརྨ་པ། ད་སྐབས་ང་ཚོར་རྒྱ་གར་གཞུང་དམངས་གཉིས་པོའི་རླབས་ཆེ་བའི་རྒྱབ་སྐྱོར་དང། འཛམ་གླིང་གི་མིག་དཔེར་འོས་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མཆོན་ཆེན་པོ་མཆོག་ཡོད་དུས། བོད་མི་ཚོས་རང་གི་རིག་གཞུང་དེ་ཚད་གཞི་ངེས་ཅན་ཞིག་གི་བར་ཉར་ཚགས་བྱས་དང་བྱེད་མུས་ཡིན་པ་རེད་ལ།  བོད་ནང་གི་བོད་མི་ཚོས་བོད་ཀྱི་རིག་གཞུང་སྲུང་སྐྱོབ་ཐད་ལ་དཀའ་ངལ་གང་མང་རྒྱག་གི་ཡོད་པ་ང་ཚོས་ཤེས་གསལ་ཙམ་མིན་པར་མངོན་སུམ་དུ་མཐོང་ཐུབ་ཀྱི་ཡོད་པ་རེད། གཉན་འཕྲང་གི་དུས་ཚོད་འདི་ལྟ་བུའི་ནང་ང་ཚོས་རང་གི་འདོད་པ་ལྟར། རིག་གཞུང་སྲུང་སྐྱོབ་དང་རྒྱུན་འཛིན་བྱ་རྒྱུར་དཀའ་ངལ་མི་ཉུང་བ་ཞིག་འཕྲད་རྒྱུ་ཡིན་པ་བསྙོན་མེད་རེད།  གལ་སྲིད་ང་ཚོས་དོན་དངོས་ཐོག་རང་གི་རིག་གཞུང་དུས་ཡུན་རིང་པོའི་རིང་རྒྱུན་འཛིན་བྱ་དགོས་ན། དེ་ནི་ངེས་པར་དུ་བོད་ནང་དུ་བྱེད་དགོས་པ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་ངས་བོད་ཀྱི་གནས་སྟངས་དེ་ཛ་དྲག་པོ་ཞིག་ཏུ་མཐོང་གི་འདུག་ལ། རྒྱལ་སྤྱིའི་གཞུང་མང་ཚོས་བོད་ཀྱི་ཐོག་ཏུ་དོ་སྣང་གང་ལས་མང་བ་བྱེད་དགོས་པར་བསམ་གྱི་འདུག ང་ཚོས་ལས་དོན་གང་ཞིག་བྱེད་ཀྱང་མགྱོགས་མྱུར་བྱེད་དགོས་པ་ལས། དུས་ཚོད་ནར་འགྱངས་གཏོང་རྒྱུ་མི་འདུག

ར་མེ་ཤ་རོ་ཤན་ལལ། ཁྱེད་རང་ད་ལྟ་སྐུ་ན་གཞོན་དུས། ངས་ཤེས་ཚོད་ལ་ཁྱེད་རང་ཕྲན་བུ་བཟོད་སྒོམ་མི་ཐུབ་མཁན་ཞིག་ཡིན་པ་འདྲ། ད་སྐབས་༸གོང་ས་མཆོག་གུང་ལོ་ ༧༣ ལ་ཕེབས་ཀྱི་ཡོད་དུས། མི་མང་པོ་ཞིག་གིས་ཁྱེད་རང་༸གོང་ས་མཆོག་གི་རྗེས་འབྲངས་གནང་དགོས་པར་བཤད་ཀྱི་ཡོད་པ་རེད། རྒྱུ་མཚན་ནི་ཁྱེད་རང་གཞིས་བྱེས་མང་ཚོགས་ཀྱི་ལོ་རྒྱུས་དང་དཀའ་སྡུག་སོགས་ཕྱོགས་གང་གི་ཐད་ནས་སྐུ་ཚབ་མཚོན་གྱི་ཡོད་པ་རེད། ༸གོང་ས་མཆོག་ནས་ད་བར་ཁྱེད་ལ་དམིགས་བསལ་གྱི་ལམ་སྟོན་འདྲ་གནང་བྱུང་ངམ།
༸རྒྱལ་དབང་ཀརྨ་པ། ཁྱེད་རང་གིས་ང་ལ་དམིགས་བསལ་གྱིས་མང་ཚོགས་ཀྱི་རྨང་གཞི་ལྡན་པར་ངོས་འཛིན་བྱེད་ཀྱི་ཡོད་པར་འགྲེལ་བརྗོད་བྱས་པ་ལྟར། སྤྱིར་བཏང་གི་ཆ་ནས་ངས་འདིར་ངོས་ལེན་བྱེད་ཀྱི་ཡོད་ལ། ངས་ང་རང་གི་ལོ་རྒྱུས་ཀྱི་ཆ་ནས་ང་ལ་གཞི་རྟེན་ལྡན་པའི་དམིགས་བསལ་གྱི་ཁྱད་ཆོས་འགའ་ལྡན་ཡོད། ང་ཚོའི་རྒྱུན་ལྡན་གྱི་སྐད་ཆའི་ནང་ཆེས་གལ་འགངས་ཆེ་བའི་གླེང་མོལ་ནི། མ་འོངས་པར་༸གོང་ས་མཆོག་གི་ཆབ་སྲིད་ཀྱི་ལངས་ཕྱོགས་འདིར། དོན་དངོས་ཀྱིས་རྗེས་འབྲངས་བྱེད་མཁན་གྱི་བོད་ཀྱི་མགོ་འཁྲིད་ཅིག་འདེམས་ཕྱོགས་དེ་རེད། གང་ལྟར་ཡང། ངས་རྒྱུན་དུ་ནས་བཤད་པ་ལྟར་ང་ནི་༸གོང་ས་མཆོག་གི་རྗེས་འབྲངས་ཞིག་དང། སློབ་མ་ཞིག་རེད། ད་ལྟའི་དུས་སུ་ང་ཙམ་མིན་པར་དབུ་མའི་ལམ་གྱི་རྗེས་སུ་འབྲངས་པའི་ཐོག ༸གོང་ས་མཆོག་གི་དམིགས་ཡུལ་གཞིར་བཟུང་གིས་ཞབས་འདེགས་ཞུ་མཁན་བོད་མི་སྐྱེས་ཆེན་མང་པོ་ཞིག་ཡོད་པ་རེད། མ་འོངས་པའི་ངའི་འོས་འགན་ལེན་ཕྱོགས་ཀྱི་ཆ་ནས་བཤད་ན། ང་རང་ཀརྨ་པ་ཡིན་པའི་ཆ་ནས་ངས་མི་མང་ལ་ཆོས་ཕྱོགས་དང་འབྲེལ་བའི་བྱ་གཞག་མང་པོ་ཞིག་སྤེལ་མུས་རེད་ལ། དེའི་འོས་འགན་ཡང་ཚད་ལྗིད་པོ་རེད། ངས་ད་ལྟ་ང་རང་ག་རེ་བྱེད་བཞིན་པ་དེ་མ་འོངས་པར་ཡང་རྒྱུན་འཁྱོངས་བྱ་རྒྱུ་དང། ལྷག་པར་༸གོང་ས་མཆོག་གི་དགོངས་གཞི་གཞིར་བཟུང་གིས་ཞབས་འདེགས་ཞུ་རྒྱུ་ཡིན།

ར་མེ་ཤ་རོ་ཤན་ལལ། གལ་སྲིད་སྐུ་ཉིད་ལ་བོད་ཀྱི་ཆབ་སྲིད་ཀྱི་འོས་འགན་བཞེས་དགོས་པའི་མང་མོས་ཀྱི་དགོས་འདུན་བཏོན་ཚེ། ཁྱེད་རང་གིས་ངོས་ལེན་བྱེད་འདོད་དམ་མི་འདོད།
༸རྒྱལ་དབང་ཀརྨ་པ། སྤྱིར་མི་སུས་ཀྱང་བོད་ཀྱི་ཆབ་སྲིད་ཀྱི་མགོ་ཁྲིད་བྱེད་ཆོག་ཅིང། དེའང་འདས་པའི་བོད་ཀྱི་ལོ་རྒྱུས་ཁག་ལ་རྒྱུས་མངའ་ཆ་ཚང་ཡོད་པ་ཞིག་དང།  ཉམས་ཞིབ་ཐུབ་མཁན་ཞིག་ཡོད་དགོས་རྒྱུ་གལ་ཆེན་པོ་རེད།  ཀརྨ་པ་སྐུ་ཐོག་གོང་མ་རྣམས་ཀྱིས་ཆོས་ཕྱོགས་ཁོ་ནའི་མཛད་འཕྲིན་བསྐྱངས་པ་མ་གཏོགས། གཞུང་ཕྱོགས་དང་འབྲེལ་བའི་སྲིད་དབང་བཟུང་མྱོང་མེད་པ་ཞིག་ཡིན་དུས། ངའི་བསམ་ངོར་ངས་འདས་པའི་ཀརྨ་པའི་ལོ་རྒྱུས་ཀྱི་འབྱུང་རིམ་ཁག་ལ་མཚན་གཅིག་ནང་དུ་བསྒྱུར་བཅོས་གྱིས། སང་ཉིན་ནས་ཀརྨ་པའི་མཛད་འཕྲིན་བསྐྱངས་ཕྱོགས་དེ་ཆོས་ཕྱོགས་ལས་ལྷག་པའི་ངོ་བོ་ཞིག་ཏུ་བཟོ་རྒྱུ་ནི་ཞེ་དྲག་གི་དཀའ་ལས་ཁག་པོ་རེད་བསམ་གྱི་འདུག ད་ལྟའི་ཆར་ང་ཚོར་མཚོན་ན་ཡང་དག་པའི་དབུ་ཁྲིད་༸གོང་ས་མཆོག་ཡོད་མུས་རེད། ཁོང་ནི་ལས་ལ་ཧུར་པོ་དང། དུས་རྒྱུན་དུ་བོད་མི་རིགས་ཀྱི་བདེ་དོན་ཁོ་ནའི་དོན་དུ་མཛད་པ་སྐྱོང་གིན་ཡོད་པ་རེད་ལ། དེའང་རིམ་བཞིན་རྒྱུན་མཐུད་ཀྱི་རེད། བོད་ཀྱི་མ་འོངས་པའི་ཡང་དག་པའི་མང་གཙོ་དེ་གང་འདྲ་ཞིག་ཏུ་ཆགས་མིན་དང། ཆབ་སྲིད་ཀྱི་མགོ་འཁྲིད་སུས་བྱེད་མིན་གྱི་ཐད་ལ་ད་སྐབས་བགྲོ་གླེང་མང་པོ་ཞིག་བྱེད་མུས་ཡིན་པ་རེད།

ར་མེ་ཤ་རོ་ཤན་ལལ། དོན་གནད་གཞན་གྱི་ཐོག་ནས་སྐད་ཆ་བཤད་ན། ངས་ཤེས་ཚོད་ལ་ཁྱེད་རང་དེང་དུས་ཀྱི་དབྱིན་གཞས་ཧིབ་ཧོབ་ (Hip-Hop ) གསན་རྒྱུར་དགའ་མོས་གནང་གི་ཡོད་པ་འདྲ། ཁྱེད་རང་གི་གཞས་པ་དགའ་ཤོས་དེ་སུ་ཡིན་ནམ།
༸རྒྱལ་དབང་ཀརྨ་པ། ངས་ད་ལྟ་དམིགས་བསལ་དྲན་གི་མི་འདུག སྤྱིར་ང་རང་མནབས་བཟའ་གྱོན་མཁན་ཞིག་ཡིན་པའི་ཆ་ནས། ང་རང་ལ་མཚོན་ན་རང་ཉིད་ཀྱི་ཐུན་མིན་རིག་གཞུང་གི་ཟློས་གར་ཁག་ལ་དགའ་མོས་དང། ཉར་ཚགས་བྱེད་དགོས་རྒྱུ་གལ་ཆེན་པོ་རེད། ངས་དུས་ནས་དུས་སུ་ཧིབ་ཧོབ་ཀྱི་གཞས་ཉན་རྒྱུར་དགའ་མོས་བྱེད་ཀྱི་ཡོད་པའི་རྒྱུ་མཚན་ནི། གཞས་དེ་དག་གི་ནང་དུ་དེང་རབས་ཀྱི་རོལ་དབྱངས་ལྡན་ཡོད་པས་ཡིན། སྤྱིའི་ཆ་ནས་ང་རང་གནའ་རབས་ཀྱི་ནང་ཆོས་དང་ཆོས་འབྱུང་ཁག་བཤད་འཁྲིད་བྱེད་མཁན་གྱི་བོད་དགེ་ཞིག་ཡིན་ལ། དུས་རབས་ཉེར་གཅིག་པའི་རྒྱལ་སྤྱིའི་མི་སེར་ཞིག་ཀྱང་ཡིན་དུས། ང་ལ་མཚོན་ན་གཞས་སྣ་དེའི་ལམ་ནས་ང་རང་དུས་རབས་ཉེར་གཅིག་པའི་ནང་སླེབས་པར་དྲན་གྱི་ཡོད།

ར་མེ་ཤ་རོ་ཤན་ལལ། རྒྱུ་མཚན་དེ་དག་ལ་བརྟེན་ནས་ཁྱེད་རང་གློག་རྡུལ་རྩེད་ཆས་ཀྱི་ནང་། དམག་གི་རྩེད་མོའི་རིགས་རྩེད་རྒྱུར་དགའ་པོ་གནང་གི་ཡོད་དམ། སྤྱིར་མི་མང་པོ་ཞིག་གིས་ཞི་བདེ་འཛུགས་སྐྲུན་བྱེད་མཁན་གྱི་ནང་པའི་དགེ་སློང་ཞིག་གིས་དམག་གི་རྩེད་རིགས་རྩེད་རྒྱུ་ནི་འོས་འཚམ་མ་རེད་ཅེས་བཤད་སྲིད་པ་རེད། 
༸རྒྱལ་དབང་ཀརྨ་པ། ངས་གློག་རྡུལ་རྩེད་རིགས་དེ་དག་ནི་ནང་སེམས་ཀྱི་ཚོར་བ་བཅོས་བསྒྱུར་བྱེད་མཁན་ཞིག་ཏུ་འདོད་ཀྱི་ཡོད། ནང་ཆོས་ཉམས་ལེན་བྱེད་མཁན་ཡིན་ཡང་རུང། མིན་ཡང་རུང་ང་ཚོ་ཚང་མར་དགའ་སྡུག་སྤྲོ་གསུམ་གྱི་ཚོར་བ་ཡོད་པ་རེད། ཚོར་བ་དེ་དག་མངོན་འགྱུར་བྱེད་པའི་སྐབས་ང་ཚོས་དེ་ཚོ་དང་འབྲེལ་འདྲིས་ཇི་ལྟར་བྱེད་དགོས་མིན་བཙལ་དགོས་པ་རེད། དེ་འདྲ་ཡིན་དུས་ང་ལ་མཚོན་ན། མཚམས་རེར་ངའི་སེམས་ཀྱི་ནང་མི་འོས་པའི་བསམ་པ་དང་ཚོར་བ་དག་མངོན་ཡོང་དུས། ངས་གློག་རྡུལ་རྩེད་ཆས་བེད་སྤྱོད་བྱེད་ཀྱི་ཡོད། དེས་ངའི་ཚོར་བ་ངན་པ་མཐའ་དག་རང་བཞིན་གྱིས་འཇོམས་ཐུབ་པ་དང། རིམ་པས་སེམས་པ་སྐྱིད་པོ་ཡོང་གི་འདུག

ར་མེ་ཤ་རོ་ཤན་ལལ། གནད་དོན་དེའི་ཐོག་ལ་སྒོམ་སྒྲུབ་ཉམས་ལེན་གྱིས་ཕན་རླབས་ཆེ་བ་མིན་འདུག་གམ།
༸རྒྱལ་དབང་ཀརྨ་པ། མི་འདུག གློག་རྡུལ་རྩེད་རིགས་དེ་ཚོ་གང་ལས་ཀྱང་ཐབས་ལམ་ལེགས་པ་འདུག 

ར་མེ་ཤ་རོ་ཤན་ལལ། ཁྱེད་རང་རྒྱ་གར་ནང་དུ་འཚར་ལོངས་བྱུང་བ་ཞིག་ཡིན་དུས། ཁྱེད་ཀྱིས་རྒྱ་གར་གྱི་སྐད་ཡིག་འབྲི་ཀློག་ཐུབ་པ་དང། རྒྱུན་ལྡན་ནས་རྒྱ་གར་གྱི་ཞལ་ལག་མཆོད་རྒྱུར་དགའ་མོས་ཡོད་དམ། ཡང་ན། བོད་ཀྱི་རིག་གཞུང་དང་ལེགས་བྱང་གཅེས་སྤྲས་བྱ་སླད། ཁྱེད་རང་དེ་དག་དང་རྒྱང་ཐག་རིང་དུ་གནས་ཀྱི་ཡོད།
༸རྒྱལ་དབང་ཀརྨ་པ། ཐོ་རཱ། ཐོ་རཱ། སྤྱིར་ང་རང་རྒྱ་གར་གྱི་ཞལ་ལག་བཟའ་རྒྱུར་དགའ་པོ་ཡོད་ལ། ཧིན་སྐད་ཀྱང་ཕྲན་བུ་ཤེས་ཀྱི་ཡོད། ང་ཚོ་བོད་ཀྱི་ནང་ཆོས་ཉམས་ལེན་པ་ཚོས་ད་ལྟའི་དུས་སྐབས་སུ་རྒྱལ་སྤྱིའི་ནང་གི་རིག་གཞུང་འདྲ་མིན་དང་། ལེགས་བྱང་ཁག་ལ་རང་གི་བློ་གྲོས་ཀྱི་སྒོ་མོ་རྒྱ་ཆེ་རུ་ཕྱེ་སྟེ། རྒྱུས་ལོན་དང་གོ་རྟོགས་ཡོད་པ་ཞིག་བྱེད་རྒྱུ་ནི་གལ་ཆེན་པོ་རེད། ང་ཚོ་ཁེར་རྐྱང་དུ་རྒྱུན་རིང་པོར་འཚོ་གནས་ཐུབ་ཐབས་བྲལ་བ་ཡིན་དུས། ནང་པའི་ཆོས་པ་ཚོས་ངས་སྤྱི་ཚོགས་ཀྱི་འདུ་འཛི་ལས་ཡོངས་སུ་བྲལ་ཏེ། དབེན་གནས་བསྟེན་པར་བྱ་གི་ཡིན་ཞེས་བརྗོད་ནས་མ་བསྡད་པར། དེང་དུས་ཀྱི་འཛམ་གླིང་སྤྱིའི་སྐད་ཡིག་དང་རིག་གཞུང་ལ་སྦྱོང་བ་བྱ་དགོས་རྒྱུ་གལ་ཆེན་པོ་རེད། ལྷག་པར་དུ་རྒྱ་གར་ལ་མཚོན་ན་ནང་པའི་བསྟན་པ་འབྱུང་ཡུལ་གྱི་གནས་རེད། ནང་པའི་དཔེ་ཆ་ཀུན་གྱི་ནང་དུ་རྒྱ་གར་གྱི་གནས་དེ་རྩ་ཆེར་འཛིན་གྱི་ཡོད་པ་རེད། སོང་ཙང།  ངས་ཧིན་སྐད་སྦྱོང་གི་ཡོད་ལ། ཕྲན་བུ་ཤེས་ཀྱི་ཡོད། སྤྱིར་ཧིན་སྐད་དེ་ནི་དེ་ཙམ་གྱི་ཁག་པའི་སློབ་ཚན་ཞིག་མ་རེད། གང་ཡིན་ཟེར་ན། ཧིན་དྷི་དང་བོད་ཡིག་གཉིས་ཕྱོགས་མང་པོ་ཞིག་གི་ཐོག་ནས་འདྲ་མཚུངས་ཡོད་པ་རེད། དེ་བཞིན་དུ་ངས་སྔར་རྒྱ་གར་སམྚི་ཏའི་བརྡ་སྤྲོད་ཀྱང་ཕྲན་བུ་སྦྱངས་མྱོང་ཡོད།
 
ར་མེ་ཤ་རོ་ཤན་ལལ། ཁྱེད་རང་གིས་ལྡི་ལར་སློབ་སྦྱོང་བྱེད་བཞིན་པའི་སློབ་ཕྲུག་ཚོར། སྐྱིད་པོ་ཇི་ལྟར་བྱས་ནས་ཡོང་ཐུབ་བམ་ཞེས་པའི་ཐོག་ལ་གསུང་བཤད་གནང་བ་རེད། མི་ཚོར་དོན་དམ་གྱི་སྐྱིད་པོ་ཞིག་ཇི་ལྟར་ཡོང་ཐུབ་བམ། གལ་སྲིད་ཁྱེད་རང་ལ་བོད་རང་བཙན་ཐོབ་ན་དགའ་བ་ཁྱད་པར་བ་ཞིག་བྱུང་ཡང། ངེད་ཚོ་མི་སྐྱ་ཚོས་མྱོང་བའི་དོན་དམ་གྱི་དགའ་བ་དེ་ལྟ་བུ་ཞིག་ཁྱེད་ལ་ཡོད་ཀྱི་མ་རེད། 
༸རྒྱལ་དབང་ཀརྨ་པ། བོད་ནང་གི་གནས་སྟངས་གཞིར་བཞག་སྟེ་བཤད་ན། ང་ཚོ་མང་བོ་ཞིག་གིས་བོད་ནང་དུ་ཆབ་སྲིད་གནས་སྟངས་ཡར་རྒྱས་འགྲོ་རྒྱུར་རེ་སྨོན་བྱེད་ཀྱི་ཡོད་པ་རེད་ལ། གལ་སྲིད་དབུ་མའི་ལམ་གྱི་ཐོག་ནས་བོད་ལ་ཆེས་མཐོའི་རང་སྲིད་རང་སྐྱོང་ཐོབ་ཀྱང། ཁྱེད་ཀྱི་འདོད་བློ་ད་དུའང་ཚིམས་མི་སྲིད་པ་རེད། སྐྱིད་པོ་ཡོང་དང་མི་ཡོང་ཞེས་པ་དེ་ནི་གང་ཟག་སྒེར་གྱི་བསམ་བློ་གཏོང་ཕྱོགས་དང། འདོད་ཆུང་ཆོག་ཤེས་ཡོད་མེད་ལ་རག་ལས་པ་རེད། ཆོག་ཤེས་དེ་ནི་བདེ་སྐྱིད་ཡུན་གནས་ཐུབ་པ་དང། བརྟན་པོར་གནས་རྒྱུའི་གཞི་རྟེན་ལྟ་བུ་ཞིག་རེད། ལར་ནས་ཁྱེད་རང་ལ་ཇི་སྲིད་སྡུག་བསྔལ་ངོ་མ་འཕྲོད་བར་དུ་བདེ་སྐྱིད་ཅེས་པ་ཞིག་བཤད་རྒྱུ་ཡོད་པ་མ་རེད།

འབྲེལ་ཡོད་གསར་འགྱུར།

བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ། བོད་པའི་སློབ་གྲྭ་ཁག་གི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་རྣམས་ལ་སཱི་ཤེས་ཡོན་སློབ་གསོའི་སྦྱོང་བརྡར་སྤྲད། ༢༠༢༥།༥།༢༡ དུས་བབ་ཀྱི་པར།
Mobile App

འཛམ་གླིང་གི་རྒྱལ་ཁབ་ ༡༤༡ ནང་སཱི་ཤེས་ཡོན་སློབ་གསོ་ངོ་སྤྲོད་གནང་ཟིན་འདུག

ཆུ་ཚོད་ ༩ སྔོན་ལ།
FILE PHOTO: Salal Dam on the Chenab river, in Reasi district, J&K, Monday, May 5, 2025. All gates of Salal Dam on the Chenab River were closed following suspension of the Indus Waters Treaty in the aftermath of the Pahalgam terror attack.(PTI)
Mobile App

པཱ་ཀི་སི་ཐན་ནང་ཆུ་རགས་གསར་རྒྱག་གི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་།

ཆུ་ཚོད་ ༡༠ སྔོན་ལ།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁེ་ན་ཌའི་ཨོན་ཊ་རེའོ་བོད་མི་རྣམས་ལ་གསུང་བཤད་གནང་། ༢༠༢༥།༥།༡༨ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་འདི་ལོའི་ཆོས་ཚོགས་ཐེངས་ལྔ་པའི་ཐོག་༧སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཁག་ཅིག་གསལ་པོ་ཆགས་རྒྱུ་ཡིན་སྐོར་གསུངས།

ཆུ་ཚོད་ ༡༢ སྔོན་ལ།
རྒྱ་ནག་བདེ་སྲུང་བློན་ཆེན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཅང་པིན་(Jiang Bin)། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གིས་དམར་དམག་སློབ་ཆེན་གསུམ་གསར་འཛུགས་བྱ་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༠
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༨ པའི་མཇུག་སྡོམ་མཛད་སྒོ་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༢༠
Mobile App

ཞོ་སྟོན་ཐེངས་ ༢༩ པ་ཨོ་ཌི་ཤ་ཕུན་ཚོགས་གླིང་དུ་འཚོག་གཏན་ཁེལ་འདུག

༢༠༢༥/༠༥/༢༠
US Secretary of State Marco Rubio on Sunday demanded the immediate release of Gedhun Choekyi Nyima, the 11th Panchen Lama, who was abducted by Chinese authorities 30 years ago at the age of six. | X @CTA_TibetdotNet & File Pi
Mobile App

རྒྱལ་སྤྱིའི་གནད་ཡོད་མི་སྣས་༧པཎ་ཆེན་རིན་པོ་ཆེ་མཆོག་གང་མགྱོགས་ཀློད་གྲོལ་དགོས་པའི་འབོད་སྐུལ་གནང་།

༢༠༢༥/༠༥/༡༩

མཆན། 11

  1. རྒྱང་རིང་ནས། says:
    ལོ་ 16 སྔོན།

    ༧ རྒྱལ་དབང་རྐ་མ་མཆོག་ནི་ང་ཚོ་བོད་གང་ཅན་པ་ཡོངས་ལ་ཡོད་པའི་ཆོས་སྲིད་གཉིས་ལ་མེད་དུ་མི་རུང་བའི་སྟོབས་ཤུགས་གཅིག་ཡིན་

    Reply
  2. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    ལྷོ་ཕྲུག་སྣ་བོ་ཆེ་ལགས། ཉིད་ཀྱིས་སྐུ་ཚེགས་ལ་མ་འཛེམ་པར་སླར་ཡང་ལྗག་ལན་གནང་བ་ཐུགས་རྗེ་ཆེ་ལགས།

    ད་ནི་བདག་གིས་ཉིད་ཀྱིས་འགྲེལ་བཤད་ཐུང་ཐུང་འདི་ཞིབ་དུ་བཀླགས་ཟིན་པ་ཡིན་ལ། ཉིད་ཀྱིས་འདོད་ཚུལ་དེ་ལ་རྒྱབ་སྐྱོར་ཞུ་རྒྱུ་ལས། འགག་པ་གང་ཡང་མེད་ལགས། རྗེས་ཕྱོགས་ཀྱང་དུས་ཚོད་གནད་འགག་དང་འཕྲད། སྐད་ཆ་དགོས་འཁོ་ཡོད་ས་དང་གདོང་འཕྲད་སྐབས་འཛེམ་གཟོད་མེད་པར་འདི་ལྟར་གསུངས་ལན་གནང་རྒྱུར་རེ་བ་ཡོད།

    གང་ལྟར། མཐའ་མཇུག་གི་རེ་བ་ནི་སྐྱེ་ཆེན་དམ་པ་འདི་དག་གིས་གངས་ཅན་བོད་ཀྱི་ཆོས་སྲིད་གང་ཅིའི་ཐད་དུ་ཐུགས་འགན་ཞིག་བཞེས་ཐུབ་རྒྱུའི་སྨོན་ལམ་དང་རེ་སྐུལ་དང་༧གོང་ས་མཆོག་གི་དགོངས་བཞེད་མཐའ་དག་ཆུད་ཟོས་སུ་མི་འགྲོ་བར་སྐྱབས་ཞུ་དང་བཅས། སྐྱེ་ཆེན་འདི་དག་གི་གཙོ་བའི་བོད་མི་གང་ན་སུ་ཡོད་པ་དག་གིས་་བོད་ཟེར་བ་ནི་རང་གི་འཚོ་བ་དང་ཚེ་སྲོག་ལས་ཀྱང་གལ་ཆེན་ཡིན་པ་ངོས་ཟིན་པར་ཤོག་ཟེར་ན་འདོད་བྱུང་།

    Reply
  3. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    ༸དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་་བཀའ་ལན་བསམ་གྱིས་མི་ཁྱབ་པ་བསྩལ་གནང་མཛད་པར་བསྔགས་བརྗོད་དང་འབྲེལ། སྐུ་ཚེ་ཡུན་དུ་བརྟན་པའི་སྨོན་འདུན་ཞུ།

    Reply
  4. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 16 སྔོན།

    བོད་ཤ་ཁྲག་རུས་གསུམ་གྱིས་ཁ་གསལ་གོ་བདེའི་དགོངས་ཚུལ་གསུངས་པར་ཐུགས་རྗེ་ཆེ།

    ༸གོང་ས་སྐྱབས་མགོན་ཆེན་པོའི་རྣམ་ཐར་གྱི་ཆ་ཤས་ཅུང་ཟད་ཅིག་གསལ་བའི་དངོས་བྱུང་གློག་བརྙན་Unwinking Gazeཞེས་པ་འདི་ནི་སེམས་ལ་དད་ཞེན་དང་སྐྱོ་སྣང་གི་ཚོར་བ་ཚད་མེད་སློང་མཁན་གྱི་གློག་བརྙན་ཞིག་རེད། དུས་རྒྱུན་ངས་རང་གི་ངོ་ཤེས་ཚོར་རྔན་པའི་ཚུལ་དུ་འབུལ་གྱིན་ཡོད། དེའི་ནང་༸གོང་ས་མཆོག་ནས་༸རྒྱལ་དབང་ཀརྨ་པ་མཆོག་དང་ཡོངས་འཛིན་གླིང་སྤྲུལ་རྣམ་གཉིས་ལ་བསྩལ་བའི་བཀའ་སློབ་དེ་ནི་དེ་བས་ཀྱང་སྐྱོ་སྣང་འགོག་མེད་དུ་སྟེར་མཁན་གྱི་གསུང་ཚིག་ཅིག་ཡིན་ཅིང་། དེ་དང་མཉམ་སྐབས་དེ་དུས་ཀྱི་༸རྒྱལ་དབང་ཀརྨ་པའི་ཞལ་རས་ཀྱི་རྣམ་འགྱུར་དེས་ཕྱོགས་གཞན་ནས་རེ་བ་དང་ཡིད་ཆེས་ཀྱི་སེམས་ཚོར་བཅོས་མིན་ཞིག་ཀྱང་ངམ་ཤུགས་ཀྱིས་བསྐྱེད་པར་བྱེད་ངེས་ཡིན།

    བཀའ་སློབ་དེའི་དགོངས་དོན་གྱི་དམིགས་བྱ་གཙོ་བོའམ་༸གོང་ས་མཆོག་གི་ཐུགས་རེ་གཙོ་བོ་ནི་ད་ལྟ་སྒྲོམ་གཞི་བརྟན་པོ་ཞིག་དང་སྒྲིག་འཛུགས་ས་བརྟན་ཞིག་གི་ཐོག་ནས་འགྲོ་བཞིན་པའི་ཚན་རིག་དང་ནང་ཆོས་དབར་གྱི་འབྲེལ་ལམ་འདི་ཁོང་འཚོ་བཞུགས་མ་བྱུང་བའི་སྐབས་སུའང་གཞོན་རབས་པ་ཁོང་ཅག་གིས་རྒྱུན་འཁྱོངས་ཀྱི་ཐུགས་འགན་བཞེས་དགོས་སྐོར་དེ་ཡིན། བཀའ་སློབ་དེ་ཕལ་ཆེར་ཆོས་ཚན་དཔྱད་བསྡུར་གྱི་འཚོགས་འདུ་ཞིག་གི་བར་གསེང་དུ་གསུངས་པ་ཞིག་ཡིན་པ་དྲན་གྱི་འདུག

    སྤྱིར་ཆོས་བརྒྱུད་རིས་མེད་ཀྱི་བླ་ཆེན་རྣམ་པས་བོད་ཀྱི་ཆབ་སྲིད་དང་རིག་གནས་ཀྱི་ཐད་ལ་མཛད་འཕྲིན་རེ་བསྐྱང་རྒྱུ་འདི་ནི་རེ་བ་ཆུང་ས་དང་ཚད་གཞི་དམའ་ས་ནས་བཤད་ན་རང་ཉིད་བོད་རིགས་སུ་སྐྱེས་པའི་འགན་འཁྲི་ཞིག་ཡིན་ངེས། ཡང་ཁོང་ཅག་གི་གནས་བབ་དང་རང་བཞིན་གྱི་ངོས་ནས་བཤད་ན་འགའ་ཞིག་གི་བོད་དོན་ལ་བཅངས་པའི་དགོངས་པའི་ཟབ་ཚད་དང་དང་བོད་དོན་ལ་ཕྱོགས་པའི་མཛད་པའི་རྒྱ་ཁྱོན་ལ་ང་ཞེ་བློ་ཚིམས་ཀྱི་མེད། སྐུར་འདེབས་སུ་སོང་ན་མཐོལ་ལོ་བཤགས། ངས་གོང་དུ་བཤད་པའི་བསམ་ཚུལ་གྱི་དམིགས་བྱ་ནི་བླ་མ་ཞིག་ཆབ་སྲིད་ཀྱི་གར་སྟེགས་ཐོག་བུད་སོང་ན་ངོ་རྒོལ་གྱི་དར་ཆ་འཕྱར་དགོས་ཟེར་བ་དེ་མིན། ངས་གོང་དུ་བཤད་པ་ལྟར་རང་རེའི་སྤྱི་ཚོགས་བདེ་མོའི་ཐང་དང་སྐྱིད་པོའི་གནས་ལ་འཁྲིད་པའི་འཇོན་ནུས་ཡོད་མཁན་ཞིག་ཡིན་ན་བླ་མ་མི་དགོས་གྲུབ་ཐོབ་གསང་གནས་བརྗེན་གཅེར་དུ་སྟོན་མཁན་ཞིག་ཡིན་ཀྱང་ངས་གོན་པ་གྱོན་མི་ཤེས་པའི་ལབ་གླེང་དེ་མི་བྱེད། སྐད་ཆ་སྙན་པོ་དང་རྣམ་འགྱུར་འཛུམ་བག་ཅན་ལ་ཆ་མ་བཞག་པར་ལག་ལེན་ངོ་མ་དང་དུས་ཀྱི་འགྱུར་ཕྱོགས། ཁོར་ཡུག་གི་གྲུབ་ཆ་སོགས་ཕྱི་དང་ནང་གི་རང་བཞིན་ཇི་ཡིན་ལ་ཞིབ་པར་བརྟག་ན་བླ་ཆེན་སྲིད་སྟེགས་ཀྱི་ཐོག་ཏུ་བུད་རྒྱུའི་དགོངས་བཞེད་མེད་པ་འདིར་དགའ་བསུ་ཞུ་ཡིན་ཡོད།

    བོད་པའི་སྲིད་དོན་ལ་ཕན་པའི་ལས་དོན་ཞིག་ལ་ཆབ་སྲིད་ཀྱི་སྟེགས་བུར་བུད་རྒྱུ་འདི་ཙམ་ཞིག་མིན། ༸རྒྱལ་དབང་ཀརྨ་པ་མཆོག་ནས་འདི་ལྟའི་དགོངས་བཞེད་ཅིག་གནང་ཐུབ་པར་བསྟོད་བསྔགས་ཡོད། ཤེས་ཡོན་གྱི་ཐད་ནས། དཔལ་འབྱོར་གྱི་ཐད་ནས། སྤྱི་ཚོགས་བདེ་འཇགས་ཀྱི་ཐད་ནས་ཏེ། ཕྱོགས་དང་ངོས། ཟུར་དང་སུལ། སྟེང་དང་འོག་སོགས་གང་ནས་ཀྱང་སྲིད་དོན་གྱི་ཞབས་འདེགས་བླ་ན་མེད་པ་ཞིག་ཞུ་རྒྱུའི་གོ་སྐབས་འདུག

    དེ་བཞིན་ངའི་བསམ་ཚུལ་གཅིག་ནི་དུས་རབས་མང་པོའི་འཁོར་བསྐྱོད་ཀྱི་ཁྲོད་ནས་བོད་པའི་སེམས་རྒྱུད་དང་འོ་ཆུ་གཅིག་འདྲེས་སུ་སོང་བའི་དྲི་མ་མི་གཙང་བ་ཞིག་དང་གོམས་པ་རྔམས་མཐུག་ཅིག་གཙང་ཕྱག་བྱེད་དགོས་ཟེར་བ་འདི་ཡིན། དྲི་མ་འདི་གཙང་སེལ་བྱས་པའི་མཇུག་ཏུ་ཁྲིམས་ལུགས་ལ་མཐོང་ཆེན་བྱེད་པའི་གཤིས་ཀ་ཞིག་དང་མི་ཆོས་ཀྱི་འགྲོ་ལུགས་ཤེས་པའི་ཀུན་སྤྱོད་ཅིག སྤྱིར་བཏང་གི་བསམ་ཤེས་[common sense]ལྡན་པའི་གོ་རྟོགས་ཤིག་ཏེ་འཇིག་རྟེན་སྤྱིའི་སྣང་ཚུལ་ལ་འཇུག་པ་བདེ་བའི་ལམ་ལུགས་ཤིག་གི་ཐོག་ནས་ཆབ་སྲིད་ཀྱི་ལམ་སྲོལ་ཞིག་བསྐྱང་ཐུབ་པ་བྱུང་ན་བསམ་གྱི་ཡོད།

    རྨོངས་འཆར་རང་ཡིན། འཁྲུལ་པའི་རིགས་ལ་དྲྭ་གྲོགས་ཚོས་དགོངས་ཚུལ་གནང་བར་དགའ་བསུ་ཡོད།

    Reply
  5. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    The Dalai Lama Discusses Succession – Unwinking Gaze
    འདི་གོང་ནས་བཤད་མ་ཐག་པའི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཀརྨ་པ་མཆོག་དང་གླིང་རིན་པོ་ཆེ་རྣམ་གཉིས་ལ་གསུངས་པའི་བཀའ་སློབ་མདོར་བསྡུས་དེའི་འབྲེལ་ཐག་རེད་ལགས། ཡོ་གྲོབ་ནང་དུ་སོང་ནས་འདི་བླུགས་པ་ཡིན་ན་ཐད་ཀར་གཟིགས་ཐུབ་ཀྱི་ཡོད་པ་རེད་ལགས།

    Reply
  6. ནམ་མཁའ་བསྟན་འཛིན། says:
    ལོ་ 16 སྔོན།

    རྩོམ་སྒྲིག་པས་སྐུ་ཕྲེང་བཅུ་བཞི་བ་ཞེས་བྲིས་འདུག ༧ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་རེད། སྤྱིར་གྲངས་ཀའི་་ནོར་བ་ཞིག་ལ་སྐྱོན་ཆེན་པོ་མེད་ཀྱང་། ཆོས་ལུགས་པའི་མིག་འདི་སྐབས་རེར་སྙན་ངག་པའི་ཚོར་བ་ལས་ཀྱང་རྣོ་བས།༧ཀརྨ་པ་དང་ཆོས་ཕྱོགས་ཀྱི་འབྲེལ་བ་ཡོད་པའི་སློབ་མ་ཞིག་གིས་མཐོང་ན་འདི་འདྲའི་རིགས་ཁྱད་གསོད་བྱས་བ་ལྟ་བུར་ཡང་མཐོང་སྲིད་པས་གཟབ་པར་འཚལ།

    Reply
  7. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    ང་ཤི་སོང་ན་ངའི་ཤུལ་བཞག་ཁྱེད་གཉིས་ཀྱིས་སྐྱོང་དགོས་ཀྱི་ཡོད།

    ལྷོ་ཕྲུག་སྣ་བོ་ཆེ་ལགས། ཉིད་ཀྱིས་དོན་དངོས་སུ་བདག་གི་སྐད་ཆ་གང་ཞིག་བཤད་ཕྱོགས་ནོར་ཡོད་མེད་ཀྱི་བསྐོར་ལ་བསམ་ཚུལ་ཞིབ་མོ་ཞིག་དང་གསལ་བོ་ཞིག་གནངས་མི་འདུག་སྟབས། བདག་གིས་ཕྲ་ཆུང་མིག་གིས་ཡང་ཡང་བལྟས་ཀྱང་། ཉིད་ཀྱིས་དོན་དངོས་ཐོག་སྐད་ཆ་གང་ཞིག་སྤུན་ཟླ་ང་ལ་གསལ་བོ་དང་ཉན་བདེ་བོ་ཞིག་སྤྲོད་མི་འདུག་ཀྱང་། ཤུགས་བསྟན་དུ་ཉིད་ཀྱིས་ངས་རྒྱལ་བ་ཀརྨ་པ་མཆོག་ལ་གུས་མེད་བྱེད་ཀྱི་ཡོད་པ་ལྟ་བུ་ཞིག་གསུངས་འདུག་པ་ལྟ་བུ་ཞིག་གོ་ཡི་འདུག་ན། ང་རང་སྒེར་ངོས་ནས་རྒྱལ་བ་ཀརྨ་པ་མཆོག་ལ་ཆོས་འབྲེལ་ཞིག་གཏན་ནས་བཞག་མྱོང་མེད་ལ། རྒྱུ་མཚན་ངོ་མའི་ཐོག་རྒྱལ་བ་ཀརྨ་པ་མཆོག་ལ་མི་དགའ་དགོས་དོན་སོགས་གང་ཡང་མེད་ལགས།
    སྐུ་ཉིད་ཀྱིས་ཁོང་གིས་གནངས་པའི་བཀའ་ལན་དེ་དག་ལ་ཞིབ་མོ་བློ་ཡི་བརྟག་དཔྱད་ཡག་པོ་ཞིག་བྱེད་ཐུབ་པ་ཡིན་ན། ཁོང་གི་སྐུ་ཕྲེང་རིམ་བྱོན་ལ་ཆོས་ལུགས་རྐྱང་བའི་མཛད་པ་བཞེས་པ་ལས། སྲིད་ཀྱིས་ཕྱོགས་ལ་འགན་འཁུར་མྱོང་མེད་པ་སོགས་གསུངས་འདུག་ལ། ཁོང་སྐུ་སྒེར་ལ་ཡང་སྐུ་ཕྲེང་གོང་མ་དག་གིས་ཤུལ་བཞག་སྐྱོང་རྒྱུར་འདོད་མོས་ཤུགས་ཆེན་ཡོད་པ་ཞིག་གསུངས་ཀྱི་འདུག་པ་ལས། སྐྱིད་སྡུག་ལེགས་ཉེས་གང་དུ་ཐུག་རང་ང་ནི་བོད་མི་རིགས་ཀྱི་བླ་ཆེན་ཞིག་གི་མིང་ཡོད་མཁན་ཞིག་ཡིན་དུས། གང་ལ་ཐུག་ན་ཡང་ངས་བོད་མི་རིགས་ཀྱི་ཆེད་དུ་རང་གིས་གང་འཇོན་པ་དེ་དག་བྱེད་དགོས་ཀྱི་ཡོད་ལ། བྱེད་རྒྱུའི་ཆོད་སེམས་ཀྱང་ཡོད་ཟེར་ནས་གསུངས་པ་ཞིག་བདག་གིས་ཕྲ་མོ་མིག་གིས་མཇལ་མ་སོང་ལགས།
    དེ་ལྟར་ཡིན་དུས། ངས་དུས་ཚོད་འདི་འདྲའི་གཉེན་ཕྲེང་གི་གནད་འགག་གི་སྐབས་སུ་༧གོང་ས་མཆོག་གིས་རྒྱལ་བ་ཀརྨ་པ་མཆོག་དང་༧གོང་ས་མཆོག་གི་ཡོངས་འཛིན་གླིང་རིན་པོ་ཆེ་རྣམ་གཉིས་ལ་༧ཁོང་གིས་སྐུ་ངོས་ཀྱིས་བཀའ་བློན་འདི་འདྲ་ཞིག་གནངས་པ་དེ་དག་བརྙན་འཕྲིན་བརྒྱུད་དེ་ངོས་སུ་མཐོང་མྱོང་། ད་ང་ནི་ལོ་ན་མཐོ་བས་ང་ཤི་སོང་ན་ངའི་ཤུལ་བཞག་ཁྱེད་གཉིས་ཀྱིས་སྐྱོང་དགོས་ཀྱི་ཡོད་པ་རེད་གསུངས་པ་དེ་ཐོས་སྐབས་སུ། བདག་གིས་ཤ་གསེང་རུས་གསེང་དུ་འདར་སུག་རྒྱག་མྱོང་ཡོད། དེའི་སྟབས་ཀྱིས་བདག་གིས་རྒྱལ་བ་ཀརྨ་པ་མཆོག་ལ་དངོས་ནས་རེ་བ་ཆེན་པོ་ཞིག་བཟུང་བ་ཡིན། རེད་དེ། འདི་འདྲའི་གནད་འགག་གི་དྲི་བ་དྲི་ལན་སྐབས་སུ་ཁོང་གིས་ང་ནི་ག་དུས་ཡིན་ཡང་༧སྐྱབས་མགོན་རྒྱལ་བའི་དབང་བོ་མཆོག་གིས་བཀའ་ཇི་གནངས་བཞིན། བོད་མི་རིགས་ཀྱི་ཆེད་དུ་བསམ་བློ་གཏོང་བ་ནས་དེའི་ཆེད་དུ་འབད་བརྩོན་བྱེད་དགོས་པའི་བསྐོར་གསུང་རྒྱུ་དེ་ནི་འུ་ཅག་ཁ་བ་ཅན་པ་ཚང་མའི་སེམས་ཀྱི་རེ་སྒུག་ཞིག་ཆགས་ཡོད་པ་རེད།
    ང་རང་གིས་རྣ་བ་ལ་སྐྱོན་ཡོད་པ་དང་། མིག་ལ་སྐྱོན་ཡོད་པ། ཡང་ན། ངས་ཀློག་པའི་གསར་འགྱུར་རིགས་དང་། བརྙན་འཕྲིན་རིགས། རྒྱལ་བ་ཀརྨ་པ་མཆོག་དང་འབྲེལ་བ་ཡོད་པ་རེ་ཟུང་ནང་ནས་ངས་ཁོང་གིས་ཆོད་སེམས་གཏན་པོ་ཞིག་ཁ་བ་གངས་ཅན་པའི་ཆེད་དུ་བཞག་ཡོད་པ་ཞིག་ད་ལྟའི་བར་དུ་ཞིབ་མོ་ཞིག་དངོས་ནས་མཐོང་མ་སོང་། ངས་མཐོང་བ་དང་ཐོས་པ་སོགས་ནི། ཁོང་གིས་སྐུ་ཕྲེང་སྔ་མ་དག་གིས་མཛད་པའི་ཤུལ་བཞག་སྐྱོང་རྒྱུར་མོས་པ་ཆེན་པོ་ཡོད་པ་རྐྱང་རེད་འདུག་ལགས། དེ་འདྲ་ཡིན་དུས། ཀརྨ་ཆོས་བརྒྱུད་གཅིག་བུའི་བླ་ཆེན་ཞིག་གིས་བོད་གངས་ཅན་ལྗོངས་སུ་དབང་སྒྱུར་བ་ནས་བོད་གངས་ཅན་ཚང་མ་གཅིག་གྱུར་བཟོ་རྒྱུ་དཀའ་མོ་རེད་སྙམ་སོང་ལ། ཁོང་གི་སྐུ་ཕྲེང་སྔ་མ་དག་གིས་བོད་གངས་ཅན་བརྒྱ་ཆའི་སུམ་བཅུ་ཙམ་ལ་མ་གཏོགས་དབང་སྒྱུར་ཐུབ་མེད་པ་ནི་ཀུན་གྱིས་ཤེས་གསལ་ཡིན་ལ། སྐུ་ཕྲེང་སྔ་མའི་རྣམ་ཐར་ལ་ང་ལས་སྐུ་ཉིད་ལ་རྒྱུས་མངའ་ཡོད་ཤག་རེད།
    མཐའ་དོན་ཞུ་རྒྱུ་ཞིག་ནི། ངས་ད་ལྟའི་གཉེན་ཕྲེང་གི་དུས་སྐབས་འདི་ལ། བོད་གངས་ཅན་ཚང་ལ་ཆོས་རྒྱུད་རེ་ཟུང་གི་དབུ་ཁྲིད་དེ་ཁ་རོག་གེར་བཞུགས་འདུག་པའི་བླ་ཆེན་ཞིག་གལ་ཆེན་པོ་དེ་འདྲ་ཞིག་མཐོང་གི་མི་འདུག་ལགས། གཙོ་བོ་བླ་ཆེན་དག་གིས་ཆོས་རྒྱུད་རིས་སུ་མ་ཆད་པར་ཕྱོགས་ཀྱི་བསམ་བློ་དང་རང་ཕྱོགས་ལ་ཆགས་ཞེན་ཤུགས་ཆེན་པོ་དེའི་རིགས་བྱེད་མཁན་ནི་ངེད་ཅག་གངས་ཅན་བོད་པ་ཚང་ལ་དངོས་ནས་དགོས་ཀྱི་མི་འདུག་ལགས། ངེད་ཅག་ལ་དགོས་པ་དེ་ནི་གངས་ཅན་སྐྱེ་འགྲོའི་ཡོངས་ཀྱི་བདེ་སྡུག་གི་ཆེད་དུ་ཆོས་སྲིད་གང་ཐད་ལ་འབད་པ་ལྷོད་མེད་དང་། ཆོས་ལུགས་རིས་མེད་ཀྱི་ལྟ་བ་ལ་འགྱུར་བ་མེད་པ། མཐུན་སྒྲིལ་དམ་ཟབ་ཀྱི་སྤོབས་པ་བླ་ན་མེད་པ། གང་ལ་ཐུག་ཀྱང་ཞུམ་པ་མེད་པར། འཚེ་མེད་ཞི་བའི་ལྟ་གྲུབ་གཞིར་བཟུང་གིས་ཆོས་སྲིད་གཉིས་འགན་བཞེས་མཁན་ཞིག་ལ་རེ་བ་བརྒྱབ་པ་མང་དྲགས་པས། ངས་གོང་གི་སྐད་ཆ་དེ་དག་སྐུ་ཉིད་ལ་ཞུ་དགོས་པ་ཆགས་སོང་ན། དེའི་ཁྲོད་དུ་མི་འགྲིག་པ་དང་རྣ་ལ་མི་སྙན་པ། གོ་ན་མི་འདོད་པ་དང་། མཐོང་བ་ཙམ་གྱིས་འཚུག་པ་ཟ་ས་དེ་འདྲ་བྱུང་ན་བོད་རིགས་སྤུན་ཟླ་ཞིག་གིས་སྐད་ཆ་བཤད་ཕྱོགས་ལ་ནོར་འཁྲུལ་ཤོར་བར་བཟོད་གསོལ་དང་བཅས་སྐུ་ཉིད་ལ་ལན་ཞིག་གི་ཚུལ་དུ་དྲ་ཐོག་ནས་ཤར་མར་བྲིས་པ་ཡིན་ལགས།

    Reply
  8. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 16 སྔོན།

    ང་ཚོ་གུས་སྲོལ་ལ་དགའ་བའི་མི་རིགས་ཤིག་དང་གདན་ཁྲི་མཐོ་དམན་དང་སྐད་མགོ་མཐོ་དམན། བརྗོད་ཚིག་འཇམ་རྩུབ་སོགས་སྐབས་རེ་གལ་ཅན་ཡིན་པའི་བཟོ་འདྲ་པོ། སྐབས་རེ་བྱབ་ཆུང་ཡིན་པའི་བཟོ་འདྲ་པོའི་ཕྱོགས་ལ་ཚོར་བ་བྱ་རྒོད་ཀྱི་མིག་ལས་རྣོ་བ་ཡོད་སྟབས་གངས་རིའི་གླིང་བུ་ལགས་ནས་༸རྒྱལ་དབང་ཀརྨ་པ་ལགས་ཞེས་པའི་ཚབ་ཏུ་༸རྒྱལ་དབང་ཀརྨ་པ་མཆོག་ཅེས་གསུངས་ལེགས་པ་མེད་འགྲོ འགའ་ཞིག་གིས་༸རྒྱལ་བ་དང་༸རྒྱལ་དབང་གཉིས་ལའང་ཁྱད་པར་ཆེན་པོ་ཞིག་ཡོད་སྐོར་རྩོད་ཀྱིན་འདུག གནད་དོན་འདི་འདྲའི་ཐད་རྡ་སའི་གླིང་སྐོར་ནང་གི་རྣ་མིག་མི་གསལ་བའི་རྒན་རྒོན་དེ་ཚོ་རྫི་རྣོ་སེ་ཡོད་ད།

    Reply
  9. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 16 སྔོན།

    ཡོད་པ་མ་ཡིན་རྒྱལ་བས་ཀྱང་མ་གཟིགས། མེད་པ་མ་ཡིན་འཁོར་འདས་ཀུན་གྱི་གཞི། །འགལ་འདུ་མ་ཡིན་ཟུང་འཇུག་དབུ་མའི་ལམ། །མཐའ་བྲལ་སེམས་ཀྱི་ཆོས་ཉིད་རྟོགས་པར་ཤོག །འཇིག་རྟེན་དབང་ཕྱུག་ཀརྨ་པ་མཁྱེན་ནོ།།

    བོད། ཤ་ཁྲག་རུས་གསུམ་ལ་བསམ་འཆར་ཐུང་ཙམ་ཞིག་ཞུ་ཆོག་པ།

    འཇིག་རྟེན་ཐོག་ལོ་ངོ་སྟོང་ཕྲག་མང་པོའི་རིང་གཡག་རྭ་ཟུང་ལྟར་འབྲེལ་མེད་སྒེར་ཚུགས་ཀྱི་ལམ་ནས་བསྐྱེད་འཚར་བྱུང་བའི་སྣ་ཚོགས་ལམ་སྲོལ་མང་པོ་གནམ་ཐོག་གི་མཁའ་གྲུ་དང་། ཆུ་ཐོག་གི་གཟིངས་ཆེན། ས་སྟེང་གི་མེ་འཁོར་སོགས་འཇིག་རྟེན་ཆུང་ངུར་བྱེད་པའི་དངོས་པོ་འདི་དག་གིས་ཆུ་ལ་ཆུ་བཞག་གི་ཚུལ་དུ་འདྲེས་པར་བྱས་ཤིང་། མི་རབས་ནས་མི་རབས་བརྒྱུད་དེ་གོ་ལའི་མཛེས་རྒྱན་དུ་དཀར་སེར་དམར་ལྗང་གི་རང་མདངས་འདྲ་མིན་བཟུང་སྟེ་ཁྲ་ཆིལ་ལེར་བཞད་མྱོང་བའི་སྲིད་པའི་དཔལ་ཡོན་ད་དུས་ཁ་དོག་གཅིག་གི་ངོ་བོར་རིམ་འགྱུར་འགྲོ་བཞིན་ཡོད། འགའ་ཞིག་གིས་དཀར་པོ་རེད་ཟེར། འགའ་ཞིག་གིས་ནག་པོ་རེད་ཟེར། གང་ཡིན་ཡང་ཡིན་དུ་ཆུག གང་ལྟར་ལམ་སྲོལ་འདིའི་མིང་ལ་གོ་ལ་གཅིག་གྱུར་རམ་ནུབ་ཕྱོགས་ཅན་གྱུར་ཞེས་བཏགས་ཤིང་། ད་ལྟའི་བཀའ་ཁྲིས་རང་རེའི་སྐད་ཡིག་གིས་མཚོན་པའི་རིག་གནས་ཉམས་ཆག་གི་ཐད་ནས་བཤད་ན་རིག་གནས་གསར་བརྗེ་ལས་ལམ་སྲོལ་འདི་གནོད་ཚབས་ཆེ་བ་གསུངས་མྱོང་། གང་ལྟར་ལམ་སྲོལ་འདིས་མི་རྣམས་ཀྱི་འཇིག་རྟེན་ལྟ་ཚུལ་དང་བཅས་པར་བཅོས་བསྒྱུར་བྱེད་ཀྱིན་ཡོད་ལ་འཇིག་རྟེན་སྐྱེ་འགྲོ་ཕལ་ཆེར་ལམ་སྲོལ་འདིའི་ཀླུང་ཆེན་གྱིས་ངམ་གནག་སྲིད་པའི་རྒྱ་མཚོར་འཁྱེར་འགྲོ་ཡིན་ཡོད་པ་རེད། གཅིག་བྱས་ན་ཤ་ཁྲག་རུས་གསུམ་གྱི་ཚོད་དཔག་ལྟར་རླབས་ཆེན་གྱི་སྐྱེས་བུ་གཅིག་སྐྱེ་འགྲོའི་བསོད་ནམས་ཀྱིས་མ་འཆུན་པར་དེང་རབས་གསར་པའི་ཀླུང་ཆེན་གྱིས་འུ་ཚོ་དང་མཉམ་གཅིག་ཏུ་བདས་ཀྱིན་ཡོད་སྲིད་པ་རེད་ལ། ངའི་བསམ་ཚོད་ལྟར་ན་དེ་ནི་རླབས་ཆེན་གྱི་སྐྱེས་བུ་ཞིག་གིས་དུས་རབས་རང་ཉིད་དང་མཐུན་པར་བསྒྱུར་བའི་རྣམ་ཐར་གྱི་ཆ་ཤས་ཤིག་ཡིན་སྙམ་གྱིན་ཡོད། དེ་ལྟར་ཡིན་པའི་སྨོན་ལམ་འདེབས།

    བླ་མ་ཆབ་སྲིད་ཀྱི་གར་སྟེགས་ཐོག་བུད་རྒྱུ་འདི་འཁྲུན་ཐག་མ་ཆོད་པར་ལྷག་པའི་རྩོད་གཞི་ཞིག་རེད། གཞལ་དུ་མི་སྤྱོད་པའི་བརྩེ་བ་སྙིང་རྗེ་ཆེན་པོའི་གཞན་དབང་ལས་འགྲོ་བ་སྡུག་བསྔལ་ལས་སྒྲོལ་བའི་ཁུར་ཆེན་ཕྲག་ཏུ་བླངས་ཏེ་རྒྱུ་ནི་ཡོངས་སུ་སྨིན་གྱུར་ནས། །གང་དང་གང་ལ་གང་དང་ནི། །གང་ཚེ་བྱ་བ་ཕན་གྱུར་པ། །དེ་དང་དེ་ལ་དེར་སྣང་ངོ་། །ཡི་ཚུལ་ཇི་བཞིན་མཛད་མཁན་ཞིག་བྱུང་ན་ནི་ཆོས་འཇིག་རྟེན་གང་ནས་བལྟས་ཀྱང་རྒྱལ་པོ་མི་དགོས་རྒྱལ་པོའི་རྒྱལ་པོ་གནང་ནའང་ལགས་སོ་ཞུ་འོས་ངེས་རེད། འོན་ཀྱང་དེང་འཇིག་རྟེན་སྤྱིའི་བསམ་འཁྱེར་གྱི་འགྲོས་དང་གཅིག ཆབ་སྲིད་ཀྱི་མཚོན་པའི་ལམ་ལུགས་ཕལ་ཆེར་གྱི་ཟློས་གར་དེ་སྐལ་པ་བཟང་དུས་ཀྱི་སྟངས་སྟབས་དེ་ག་རང་བསྒྱུར་གྱི་མེད་པར་རྣམ་པ་གཞན་ཞིག་ཏུ་འཕོས་ཀྱིན་ཡོད་པའི་གནས་ལུགས་དང་གཉིས། གལ་ཆེ་ཤོས་རང་རེའི་ཕྱི་རབས་པ་རྣམས་ཀྱི་སེམས་ཀྱི་སྨོན་ཡུལ། དུང་ཞེན་གྱི་གཏད་ཕྱོགས་ལ་སྲོལ་རྒྱུན་གྱི་གོམས་གཤིས་ལས་དེང་རབས་གསར་པའི་ལམ་ལུགས་ཀྱི་བག་ཆགས་དེ་འགོས་སླ་ཞིང་མང་པ་འགོས་བསླད་ཤོར་ཟིན་པའི་དོན་དངོས་དང་གསུམ། དངོས་ཡོད་ཀྱི་ཐོག་ནས་གལ་ལ་ཐུག་དུས་ཆོས་ལུགས་ཀྱིས་ཆབ་སྲིད་ཀྱི་ལམ་འཁྲིད་བྱས་ཏེ་སྤྱི་ཚོགས་ལ་ཕན་བདེ་བསྐྲུན་པ་ལས་ཆབ་སྲིད་ཀྱི་ལག་ཆར་ཕྱིན་ཏེ་ཆག་སྒོ་བསླང་རྒྱུའི་གོ་སྐབས་དང་མཐུན་རྐྱེན་མང་བ་ཡོད་པ་དང་བཞི།

    ལ་སོགས་པ་ལ་སོགས་པ་གནད་དོན་ཉེན་ཚབས་ཅན་མང་དག་ཅིག་མངོན་སུམ་གྱིས་ར་འཕྲོད་དུ་ཡོད་སྟབས། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དཀོན་མཆོག་གོང་ཕུད་ཡིན་སྟབས་ཞུ་ག་ལ་དགོས།
    དེ་མིན་ཟམ་གདོང་བླ་མ་ནང་ལྟར་སྒེར་དོན་ཟེར་བ་རྨི་ལམ་ནའང་ཨེ་ཡོད་བསམ་པའི་ཡིད་ཆེས་དང་ཞེ་བློ་ལིང་འགེལ་བྱས་ཆོག་ས། མཁྱེན་དཔྱོད་དང་ཉམས་མྱོང་གི་གོང་བུ་ལྗིད་ཅན་དེ་འདྲ་ཞིག་ཡིན་ན་ནི་སྲིད་ཁྲི་མི་དགོས་གསེར་ཁྲི་བརྒྱག་དགོས་བྱུང་ཡང་དགའ་བསུ་ཡོད། དེ་མིན་བླ་ཆེན་དང་དཔོན་ཆེན། མི་ཆེན་དང་སྐུ་དྲགས་ཀྱི་རིགས་རྒྱུད་ཞིག་མིན་ན་ཆབ་སྲིད་ཀྱི་ལས་སྣེར་ཨེ་འཁྱོངས་སྙམ་གྱི་དྭོགས་པ་དང་གོམས་པ་མཐུག་པོ་དེ་བོད་པའི་ཤེས་རྒྱུད་ཀྱི་སྟེང་ནས་གཙང་སེལ་བྱ་དགོས་པའི་དྲི་མ་ཞིག་མིན་ནམ་བསམ་གྱི་ཡོད། གལ་ཆེ་ཤོས་བོད་མི་རྣམས་མི་ཆོས་ཀུན་སྤྱོད་དང་ཁྲིམས་ལུགས་ཀྱི་གཤིས་ཀ་ཅན་ཞིག་ཏུ་འགྱུར་ཐུབ་པའི་ཐབས་བཀོད་འཐེན་དགོས་པ་དེ་དུས་དང་བསྟུན་ན་ཁ་ཚ་དགོས་གཏུགས་ངོ་མ་དེ་རེད། སྐབས་རེ་ང་ཚོས་རྒྱལ་ཁབ་ཆོས་ཀྱིས་སྐྱོང་བ། ཆོས་སྲིད་ཟུང་འབྲེལ། ཆོས་ལྡན་རྒྱལ་ཁབ། སྙིང་རྗེ་ཅན་གྱི་མི་རིགས་ཟེར་བ་སོགས་མཐོ་ས་ཞེ་གཅིག་དང་སྙན་ས་རྐྱང་རྐྱང་ལ་དབུ་འཁོར། ཁ་ཐོག་ལག་ཐོག་ལ་སླེབས་དུས་སྤྱིར་སྟངས་བསམ་ཤེས་[common sense]ཡོད་པའི་ལས་སྟངས་ཤིག་ཀྱང་འཁྱོངས་ཁག་པོ་བྱེད་ཀྱིན་འདུག

    སྙིང་པོ་དེ་འཇིག་རྟེན་སྤྱིའི་འགྲོ་ལུགས་ཤིག་གི་ཐོག་ནས་ཕྱིན་ན་སྟབས་བདེ་བ་མེད་འགྲོ། བླ་མས་སྲིད་བསྐྱང་མིན་དང་ཆོས་སྲིད་ཟུང་དུ་སྦྲེལ་མིན་གྱིས་ཆོས་ཀྱི་དར་རྒྱས་ལ་ཕན་གནོད་དེ་ཙམ་མི་འབྲེལ་བ་ནི་ཁ་ཆེ་དང་ཡེ་ཤུའི་ཆོས་ལུགས་སྐལ་པའི་མཐར་ཡང་ཉམས་རྒྱུ་ཞིག་ཨེ་ཡོད་ཀྱི་དྭོགས་པ་བྱེད་ཆོག་སའི་སྲིད་རྐྱང་རིང་ལུགས་སྐྱོང་བའི་ཡུལ་ལུང་ཁ་ཤས་ལ་གཟིགས་ན་འཐུས་པས་ཆོས་ཞེན་ཅན་རྣམས་བྲེད་ཤ་ལངས་མི་དགོས།

    སྤྱིར་ནས་ཆོས་སྲིད་ཟུང་འབྲེལ་ཟེར་བ་ཕྱིའི་རྣམ་པའི་སྟེང་ནས་མ་རེད་པཱ། ལག་ལེན་ངོ་མའི་ནང་ཁྲིམས་ལུགས་དང་མི་ཆོས་ཀུན་སྤྱོད་ཀྱི་ཉམས་ལེན་ཙམ་ཡང་ཁག་ཙམ་བྱེད་ས་ཞིག་ལ་ཆོས་སྲིད་ཟུང་འབྲེལ། ཆོས་སྲིད་ཟུང་འབྲེལ་ཟེར་བ་ནི་ཆོས་སྲིད་ཟུང་འབྲེལ་ཞེས་པའི་མིང་སྙན་མོ་འདི་བློས་གཏོང་བྱེད་མ་ཐུབ་པ་ལ་ཙམ་ཐུག་འདུག་སྙམ།

    Reply
  10. གངས་རིའི་གླིང་བུ། says:
    ལོ་ 16 སྔོན།

    ༧་རྒྱལ་དབང་ཀརྨ་པ་ལགས་ཀྱིས་གསུང་ལན་ཚ་བོ་གནང་འདུག་    ཡིན་ན་ཡང་མ་འོངས་བ་བོད་ཀྱི་དབུ་ཁྲིད་སུ་འཇོག་མིན་དེ་བོད་མི་དམངས་ཀྱི་ཐག་ཆོད་གི་རེད།      དེ་ཕྱོགས་ཀྱི་མང་གཙོའི་འཕེལ་རིམ་ད་ལྟ་ནས་འགྲོ་བཞིན་རེད།

    Reply
  11. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    ར་མེ་ཤ་རོ་ཤན་ལལ། གནད་དོན་དེའི་ཐོག་ལ་སྒོམ་སྒྲུབ་ཉམས་ལེན་གྱིས་ཕན་རླབས་ཆེ་བ་མིན་འདུག་གམ།
    ༸རྒྱལ་དབང་ཀརྨ་པ། མི་འདུག གློག་རྡུལ་རྩེད་རིགས་དེ་ཚོ་གང་ལས་ཀྱང་ཐབས་ལམ་ལེགས་པ་འདུག

    གསུངས་ལན་ཚང་མའི་ནང་གི་སྐད་ཆ་འདི་ནི་དངོས་ནས་ནང་ཆོས་ཉམ་ལེན་རྒྱུན་བྱེད་རྒྱུར་སྤྲོ་བ་ཡོད་མཁན་གྱི་སྐྱེ་ཆེན་ཞིག་གི་ཐུགས་དགོངས་ལས་ཅུང་རིང་དུ་ཕྱིན་འདུག་པའི་སྣང་བ་ཞིག་སྤྲད་སོང་ལ། ཀརྨ་པ་ཁོང་གིས་བོད་སྤྱི་བའི་འགན་འཁུར་མིན་གྱི་གནད་དོན་ཐད་དུ་དེ་འདྲའི་སྤོབས་པ་ཆེན་པོ་ཞིག་ཕལ་ཆེར་མེད་པ་ལྟ་བུ་ཞིག་མཐོང་སོང་། འགྲོ་བ་མིའི་གཞི་རྩའི་བདེ་སྐྱིད་ཁོ་ན་ལས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese