མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སེམས་སྐྱ་མོ་སྐྱོ་བས་ཁེངས་ནས། ལྷ་ལུང་རྒྱལ།

བོད་ཀྱི་དུས་བབ།
༢༠༠༩/༡༠/༠༡
Share on FacebookShare on TwitterShare on EmailShare on Whatsapp

ལྷ་ལུང་རྒྱལ།
 
བཀུར་འོས་སྤྱི་འཐུས་རྣམ་པ་ཚོ། ཁྱེད་ཚོས་བྱེས་གྱར་སྐྱབས་བཅོལ་གྱི་ལོ་འཁོར་ལྔ་བཅུར། ལེགས་སྐྱེས་ཤིག་ཕུལ་བསམས་ནས། གཤེགས་ཟིན་པའི་དཔའ་བོ་དཔའ་མོ་ཚོའི་རེ་སྒུག་མངོན་འགྱུར་ལ་གཟས་ཏེ། ཞིང་བྲན་ཡར་ལངས་དང་ཁ་བྲལ་ལྐོག་གཡོ་ཟེར་བའི་རྫུན་གྱི་ཕུང་པོར་བདེན་པའི་རྒོལ་ལན་དུ་དམིགས་ནས། འདི་ལྟར། ནག་མོའི་ཇོ་འཛིང་ལྟ་བུའི་ཟིང་སློང་ཐེགས་ཤིག་བྱས་པར་བདག་གིས་ཐུགས་རྗེ་ཆེ་ཞེས་ཞུ་ཡི་ཡོད། མ་གཞི་ནས། ང་ཚོས་ཁྱེད་ཚོར་འོས་ཤོག་བླུགས་པ་དེ། ཤེས་འཇོན་ལྷག་བསམ་ཅན་ཞིག་གི་བསམ་བློས་བླུགས་པ་ཡིན། སྟག་འདྲ་གཟིག་འདྲ་ཅན་ཞིག་གི་རེ་བས་བླུགས་པ་ཡིན། ཡིན་ནའང༌། ཁྱེད་ཚོ་ཐོན་སའི་ཚོགས་རར་སླེབས་དུས། ང་ཚོའི་རེ་བ་ནང་བཞིན། རྩོད་རྒྱུའི་ཤ་ཕོའི་རྭ་དེ་མི་རྩོད་ལ། མི་རྩོད་རྒྱུའི་ཡུ་མོ་རྣ་རྩོད་ཀྱི་འདུག དངོས་གནས་བཤད་ན། སྣང་ཚུལ་འདི་ནི། བོད་མི་རིགས་ཀྱི་བདེ་སྡུག་ཡིད་ནས་བརྗེད་ཟིན་ལ། དགྲ་དམར་པོའི་བཙན་འཛུལ་སེམས་ནས་འབོར་གྱིན་པའི་རྟགས་རེད། དེ་མིན་ན། བོད་མི་རིགས་འདི་འདྲའི་ཛ་དྲག་གི་སྐབས། འདི་འདྲའི་སྐྱོ་སྡུག་གི་དུས། རང་ཉིད་བོད་མི་ཞིག་དང༌། ལྷག་པར་གྲོས་ཚོགས་འཐུས་མི་ཞིག་ཡིན་པའི་ཆ་ནས། དགྲ་དགའ་རུ་བཅུག་སྟེ། གཉེན་ངུ་རུ་འཇུག་ཐུབ་རྒྱུ་མ་རེད།

ངས་ཁྱེད་ཚོར་བཤད། སྣང་ཚུལ་འདི་སྐད་ཆར་བརྒྱུས་ཤིང༌། སྐད་ཆ་གློག་རླབས་ལས་མྱུར་བར་ཕྱོགས་བཞིར་འཕུར་དུས། ང་ཚོའི་ཆེད་དུ་ཕྱག་ཟུང་ཐལ་མོས་གཞན་ལ་ཞུ་བ་ཞུ་བཞིན་པའི། ང་ཚོའི་ཆེད་དུ་རྒྱ་དམར་སྲིད་གཞུང་གི་མཚད་སྨོད་སྐུར་འདེབས་ཕོག་གྱིན་པའི་དགུང་ལོ་དོན་ལྔར་ཕེབས་ཤིང༌། དབུ་སྐྲ་དཀར་པོར་གྱུར་པའི་ྋསྐྱབས་མགོན་ཆེན་པོའི་ཐུགས་ལ་གང་འདྲ་ཞིག་དགོངས་ཀྱི་རེད། འདི་ལྟར་ཁོང་གི་ཟབ་ཅིང་གསལ་བའི་གསེར་གྱི་ཞབས་རྗེ་རེ་རེར། ང་ཚོས་བདག་སྤྲོད་གཅེས་གཉེར་བྱེད་མི་ཐུབ་ཀྱང༌། ལག་པས་བསུབ་རྒྱུ་འདི་ལས་རྒྱུ་འབྲས་ལའང་རན་རྒྱུ་མ་རེད་མི་འདོད་དམ།

ད་རུང༌། ཞིང་ཁར་ཡུར་མ་ཡུར་བའི། ཕྱུགས་རྫིར་འུར་ཆ་ཐོག་པའི། སློབ་གླིང་ཀ་ཁ་ཀློག་མཁན། ཆོས་སྲིད་བྱ་བ་སྒྲུབ་མི། དམིགས་བསལ་དུ་འུ་ཚོའི་ཆེད་དུ་བཙན་འོག་ན་འཆི་ལ་ཁད་དུ་ཡོད་པའི་གངས་ཅན་པ་ཚོ། ངུས་ནས་བརྒྱལ་གྱི་རེད་མི་འདོད་དམ། སྨྱོ་ནས་ཤི་རྒྱུ་རེད་མ་བསམ་མམ། ཁོ་ཚོས་ལོ་ངོ་ལྔ་བཅུར་ང་ཚོ་དྲན་ཤིང༌། རི་བོའི་ཚུར་ངོགས་ཀྱི་འུ་ཚོ་ཨ་རི་ལྟ་བུའི་སྟོབས་ཅན་ཞིག་མིན་པ་ཤེས་ནའང༌། ཁོ་ཚོའི་སེམས་ངོགས་སུ། ང་ཚོ་ནི། ཆིག་སྒྲིལ་གྱི་ལེར། དམ་ཚིག་བརྟན་ནེར། ནམ་ཡང་མི་རིགས་འདིའི་ཆེད་དུ་ཐམས་ཅད་བློས་གཏོང་ཕོད་པའི་དཔུང་སྡེ་ཞིག་ལ་ཡིད་ཆེས་ཧ་ཅང་ཟབ། རེ་བ་ཤིན་ཏུ་ཆེ།

ཡིན་ནའང༌། བཙན་འཛུལ་པའི་མདའ་སྐད་མ་ཆད་གོང༌། དྲག་གནོན་གྱི་ཁྲག་དམར་མ་སྐམ་གོང༌། མི་རིགས་ཀྱི་འཐུས་མི་ཁྱེད་ཚོས། རྔ་ཕོར་གང་དང༌། ཟས་ཁམ་གང་བརྩད་ནས། གྲོས་ཚོགས་ཀྱི་ཚོགས་དུས་མཇུག་བསྡུ་བྱེད་མ་ཐུབ་པར། ཁ་ཐོར་དགུ་ཐོར་དུ་སོང་བ་གོ་དུས། ཁོ་ཚོའི་ཡ་ཁོག་ཏུ་རྟ་རྒྱུག་པ་དང༌། མ་ཁོག་ཏུ་འབོམ་བཞག་པ་ལྟ་བུའི་ན་ཟུག་ལོས་སྐྱེ།
མཐའ་དོན། གྲོས་ཚོགས་ཀྱི་ཚོགས་རྭ་འདི་ང་ཚོའི་སྙིང་ཡིན། ང་ཚོས་ཁྱོད་ཚོ་སྙིང་ལ་ཉར་དོན་དེ། དྲོད་ལམ་ལམ་གྱི་བདེ་སྐྱིད་ཞིག་ཐོབ་ན་ལས། གྲང་ཤུར་ཤུར་གྱི་སྡུག་བསྔལ་ཞིག་གི་ཆེད་དུ་གཏན་ནས་མིན། འོན་ཀྱང༌། ཁྱོད་ཚོས་བདག་ཚོའི་སྙིང་གི་ས་གཞི་སྒོར་མོ་འདི། ཕུ་ནུ་ནང་འཁྲུག་གི་གཡུལ་སར་བསྒྱུར་ཏེ། འདི་ལྟར། འཐེན་འཁྱེར་གྱི་ཀི་བཏབ་ནས ཚིག་མཚོན་གྱིས་རྨ་ཕབ་ཡོང་དུས། སྙིང་འདི་འགས་གྲབས་བྱེད་ཀྱི་འདུག་ན། ཐུགས་རྗེས་གཟིགས། ང་ཚོའི་ཚེ་སྲོག་འདི་རྩིས་མེད་རྡོག་རོལ་མ་བྱེད་རོགས་ཞེས་ཞུ་རྒྱུ་ཡིན།

འབྲེལ་ཡོད་གསར་འགྱུར།

In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༨ སྔོན་ལ།
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

ཆུ་ཚོད་ ༡༡ སྔོན་ལ།
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
Front Slider

གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་ཏུ་ལས་ཁུངས་བཙུགས་ཏེ་རྒྱ་ནག་གི་འགྲེལ་ལོག་ལ་གདོང་ལེན་གནང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

བླ་རུང་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་རང་ཡུལ་དུ་ལོག་དགོས་པའི་བཀའ་ཁྱབ་བསྒྲགས།

༢༠༢༦/༠༧/༢༧
Front Slider

དགུང་ལོ་ ༩༨ ཡིན་པའི་ནོར་བུ་རྒྱལ་ལགས་ཐུགས་དམ་དུ་བཞུགས་ཡོད་པའི་སྐོར་ལ་བཅར་འདྲི་ཞུས།

༢༠༢༦/༠༧/༢༤

མཆན། 13

  1. མདུང་རྩེ says:
    ལོ་ 17 སྔོན།

    ངོ་མ་བདེན་པ་རེད། གནས་ཚུལ་འདིས་རིགས་འོད་འཁོར་ལ་ལྟོས་དང་། བཟོད་སྲན་དང་གནས་ལུགས་མི་ཤེས་པའི་བླ་རྒན་དག་གི་རང་མདོག་གསལ་ཡོད།
    དེ་ལ་བརྟེན་ནས་མ་འོངས་བར་ཆོས་ལུགས་ཁག་ལ་སྤྱི་ཐུས་དགོས་མིན་གསལ་བོར་ཤེས་ངེས་ཡིན།

    Reply
  2. ཚེ་རིང་། says:
    ལོ་ 17 སྔོན།

    གཅིག་བྱས་ན། དྲ་གྲོགས་དྲང་ཐིག་ལགས་ཀྱིས་བསྟུན་མར་བསམ་ཤོག་ ༢༠ ཕངས་བཞག་པ་མིན་འགྲོ། ཧ་ཧ་ཧ་ཧ་་་་་་་ ཨ་ལ་ཀུ་རེ་ཡིན།

    Reply
  3. ཚེ་རིང་། says:
    ལོ་ 17 སྔོན།

    དྲ་གྲོགས་ཏུག་ར་ལགས། མི་ ༢༡ གྲངས་འབོར་གྱི་བར་ཆོད་དེ་དྲ་ཐོག་ནས་མི་གྲངས་བསྡོམས་རྩིས་ལེན་སྐབས་ཀྱི་དུས་ཀྱིས་སྔ་ཕྱི་ལས་བྱུང་བ་ཞིག་རེད།

    Reply
  4. རི་བོང། says:
    ལོ་ 17 སྔོན།

    ལྷ་ལུང་ལགས་ཀྱིས་ཡག་པོ་བྲིས་འདུག་

    Reply
  5. ཏུག་ར། says:
    ལོ་ 17 སྔོན།

    ཚེ་རིང་རྒྱལ་ནས་བཟོད་གསོལ་ཞུ་རྒྱུ་དང་ཡག་པོ་རེད། ཞུ་དགོས་ནི་ཟིག་རེད། ད་དུང་གོང་དུ་དྲང་ཐིག་གི་བཤད་པ་དེ་བདེན་པ་ཡིན་ཚེ་མི་ 21 དེ་བརྒྱ་ཆ་གང་ནས་མར་བཏོན་ཡོད་ལགས། ཁྱེད་རང་གིས་ནོར་འཁྲུལ་བཟོས་ན་དུས་བབ་ཚང་གིས་ནོར་འཁྲུལ་བཟོས་པ་དེ་ཤེས་པ་གྱིས་ཤིག

    Reply
  6. ཚེ་རིང་། says:
    ལོ་ 17 སྔོན།

    དྲ་གྲོགས་དྲང་ཐིག་ལགས་གཙོས་དྲ་ཚིགས་ཀློག་པ་པོ་ཡོངས་ལ་ཞུ་དོན།

    བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༤༦༢ པའི་སྟེང་གི་༼ བསམ་ཤོག༽གི་ནང་བཀོད། ༼ལམ་གྲོན་ཞུ་མཁན་ནོར་བ་རེད། ༩་༥༧ %༽དེ་༼སྤྱི་འཐུས། ༢༩་༥༧%༽ཞེས་བཀོད་ནོར་ཐེབས་འདུག་པ་དེ། གསར་ཤོག་འདོན་ཐེངས་རྗེས་སྟེང་ནོར་བཅོས་གསལ་བཤད་ཞུ་ངེས་ཡིན་པས་དེ་དོན་ཐུགས་འཇགས་ཡོང་བའི་རེ་བ་ཞུ།
    དེ་བཞིན་གོང་བཀོད་ནོར་སྐྱོན་དེ་ནི་ཕྲན་གསར་ཤོག་ཇུས་འགོད་པ་སྒེར་བའི་ངོས་ནས་ཡིད་གཟབ་མ་བྱས་པར་བྱུང་བ་ཞིག་ཡིན་པས་ན། ཕྲན་སྒེར་ངོས་ལ་ཐད་ཀར་སྐྱོན་བརྗོད་གནང་རྒྱུ་ལས། དུས་བབ་རྩོམ་སྒྲིག་པ་དང་། གསར་འགོད་པ། ལྷག་པར་དུ་དུས་བབ་གསར་ཁང་ལ་ཉེས་འགེལ་མི་ཡོང་བ་མཁྱེན་མཁྱེན་མཁྱེན།

    གཞན་ཡང་། དྲ་གྲོགས་དྲང་ཐིག་ལགས་ནས་དུས་ཐོག་སྐྱོན་བརྗོད་གནང་པར། ཕྲན་སྒེར་ངོས་ནས་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་དྲ་ཚིགས་ཀློག་པ་པོ་རྣམས་ལ་སྙིང་ཐག་པ་ནས་དགོངས་དག་ཞུ་རྒྱུ་ཡིན།

    བོད་ཀྱི་དུས་བབ་གསར་ཤོག་ཇུས་འགོད་པ་ཚེ་རིང་རྒྱལ་ནས་བཟོད་གསོལ་དང་དགོངས་དག་ཞུ་ཆེད་དུ་སྤེལ།

    Reply
  7. འབྲུག་གྲགས། says:
    ལོ་ 17 སྔོན།

    ད་དུས་བབ་ཚང་གི་རང་མདོག་ངོ་མ་དེ་བསྟན་ཡོང་གི་འདུག སྔོན་མ་མདོ་སྨད་ཚོགས་གཙོ་དོལ་ཕྲུག་ཁོ་ཚེ་ཚུལ་ཁྲིམས་མཉམ་དུ་ཟང་ཟིང་གི་འབྲེལ་བ་ག་ཚོད་བྱུང་ཡང་མི་འདི་ཚོས་སྦྲང་བུའི་ཟིར་སྒྲ་ཙམ་ཡང་བསྒྲགས་མ་སོང་། ད་ལྟ་མཐོ་དམན་མང་པོ་བཤད་ནས་མཐར་རྒྱ་ནག་གི་ལག་ཆར་གྱུར་སོང་བ་རེད། ད་ཁྱོད་ཚོའི་འཇོན་ཐང་དེ་ཙམ་ཡིན་པ་འདྲ།

    Reply
  8. དྲང་ཐིག says:
    ལོ་ 17 སྔོན།

    བོད་ཀྱི་དུས་བབ་རྩོམ་སྒྲིག་ཁང་གིས་དྲང་པོ་མ་བྱས་པའི་བསམ་ཤོག་གི་གྲུབ་འབྲས།

    ཉེ་ཆར་སྐབས་བཅུ་བཞི་པའི་སྤྱི་འཐུས་གྲོས་ཚོགས་ཐེངས་བརྒྱད་པ་མཇུག་བསྡོམས་མ་ཐུབ་པའི་སྐོར་ལ་དུས་བབ་དྲ་ཚིགས་ནང་སུའི་ནོར་མིན་གྱི་བསམ་ཤོག་ཅིག་བསྡུས་སོང་བའི་གྲུབ་འབྲས་ ༢༠༠༩།༩།༢༩ དགོང་དྲོ་ཆུ་ཚོད་ ༧།༥༠ ཐོག
    《སྐབས་བརྒྱད་པའི་གྲོས་ཚོགས་ཀྱི་མཇུག་སྡོམ་ཡང་གནང་མ་ཐུབ་པར་དུས་ཚོད་ངེས་མེད་བར་ཚོགས་གསེང་མི་གཏོང་ཐབས་མེད་བྱུང་བ་འདི་ནི།
    གྲོས་གཞི་འདོན་མཁན་ནོར་བ་རེད། (༥༡)
    ས་རྟགས་འགོད་མཁན་ ༡༤ ནོར་བ་རེད། (༢༠༥)
    ཕྱི་ལ་ཐོན་མཁན་ ༡༢ ནོར་བ་རེད། (༩༢)
    ལམ་གྲོན་ཞུ་མཁན་ནོར་བ་རེད། (༤༠)
    རྒྱུན་ལས་ནོར་བ་རེད། (༣༧)》 ཞེས་ཁྱོན་འོས་གྲངས་ ༤༢༥གསལ་ཡོད་རེད། དེ་དགོང་མོ་པར་བཤུས་བྱས་ནས་ཉར་བ་ཡིན།

    ཡང་བོད་ཀྱི་དུས་བབ་ཚགས་ཤོག་སྤྱིའི་འདོན་ཐེངས་ ༤༦༢ ནང་༼བསམ་ཤོག༽ ཅེས་པའི་འོག
    《བསྡོམས་པའི་འོས་ཤོག་འཕེན་མཁན་མི་གྲངས་ ༤༠༤ 》 ཞེས་དང་།
    《སྐབས་བརྒྱད་པའི་གྲོས་ཚོགས་ཀྱི་མཇུག་སྡོམ་ཡང་གནང་མ་ཐུབ་པར་དུས་ཚོད་ངེས་མེད་བར་ཚོགས་གསེང་མི་གཏོང་ཐབས་མེད་བྱུང་བ་འདི་ནི།
    རྒྱུན་ལས་ནོར་བ་རེད། ༨༌༧༦%
    གྲོས་གཞི་འདོན་མཁན་ནོར་བ་རེད། ༡༠༌༨༢%
    སྤྱི་འཐུས། ༢༩༌༥༧%
    ཕྱི་ལ་ཐོན་མཁན་ ༡༢ ནོར་བ་རེད། ༢༠༌༤༠%
    ས་རྟགས་འགོད་མཁན་ ༡༤ ནོར་བ་རེད། ༥༠༌༢༤% 》 ཞེས་བྲིས་འདུག ཚགས་ཤོག་ནང་དོན་དངོས་འོས་ཤོག་གི་གྲངས་ཚད་ཆ་ཚང་བཀོད་མི་འདུག་པས་འོས་ཤོག་བླུག་མཁན་རྣམས་ལ་མགོ་བསྐོར་བཏང་འདུག ཡང་དྲ་རྒྱར་གསལ་བའི་ལམ་གྲོན་ཞུ་མཁན་ཟེར་བ་དེ་ཚགས་ཤོག་ནང་བཀོད་མི་འདུག་ཅིང་གལ་སྲིད་སྤྱི་འཐུས་ཟེར་བ་དེ་ཡིན་ཚེ་ཕྱི་ལ་ཐོན་མཁན་ ༡༢ དང་གྲོས་གཞི་འདོན་མཁན་ལས་འོས་གྲངས་ཉུང་བ་དྲ་ངོས་སུ་ཁྲ་ལམ་མེར་གསལ་འདུག་ཀྱང་ཚགས་ཐོག་ཏུ་བརྒྱ་ཆ་མང་བ་བཟོས་འདུག ཉེ་ཆར་གྱི་གནས་ཚུལ་དེ་བྱུང་བ་ནས་བཟུང་དུས་བབ་རྩོམ་སྒྲིག་པ་དང། གསར་འགོད་བ། ཟིན་བྲིས་བ་ཕལ་ཆེར་བཅས་ཀྱིས་ཕྱོགས་གཅིག་ཁོ་ནའི་སྐོར་ལ་བྲིས་འདུག་པ་ལྟར་དེ་རིང་གི་གནས་ཚུལ་འདིས་ར་སྤྲོད་དང་དྲང་པོ་བྱས་མེད་པ་གསལ་མི་འདུག་གམ།
    ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་༌༌༌༌༌༌༌༌༌༌༌༌༌༌༌༌༌༌ཧཧཧཧ༌༌༌༌༌༌༌༌༌༌༌༌༌༌༌༌༌ཧཧཧ༌༌༌༌ཧཧཧ

    Reply
  9. རིག་རང་སྐྱེས། says:
    ལོ་ 17 སྔོན།

    ལྷ་ལུང་རྒྱལ་ལགས་ཀྱིས་གསུང་བ་ལ་རྒྱབ་སྐྱོར་ཡོད། ངོ་མ་ཡག་པོ་བྲིས་འདུག

    Reply
  10. སྦྲ་དཔལ་ལྡན། says:
    ལོ་ 17 སྔོན།

    ཨོ་དྲ་གྲོགས་ལྷ་ཆབ་ལགས། ད་དེ་རིང་ང་ཚོས་དགྱ་ནག་གི་རྒྱལ་སྟོན་དུས་ཆེན་སྐོར་ལ་སྐད་ཆ་འདྲ་ཀྱང་མེད་ཀཱ སྟོབས་པ་ནི་རྒྱབ་ཐ་མོད་ བཙན་བྱོལ་་བ་འུ་ཚོའི་སྙིང་རྩ་འཛེར་མ་རྒྱབ་ཐཱ་ ཨ་ཡ་ཡ་ ཅང་ཙེ་མེན་པོ་རྡོག་ད་རུང་ཤི་མེད་ཀཱ ད་ཡིན་ན་རྙོབ་སོང་ས་ དོ་དགོང་གཉིད་སྐྱིད་པོ་ཞིག་མི་ཡོང་ནི་ཐག་ཆོད་ཡིན་

    Reply
  11. གངས་རི་སྐྱབས། says:
    ལོ་ 17 སྔོན།

    ང་ལྷ་ཆབ་སྦྱིན་པའི་སྐད་ཆ་དེར་རྒྱབ་སྐྱོར་གཙང་མ་ཡོད། ང་ཚོས་རྒྱ་ནག་སྲིད་གཞུང་གིས་མྱི་གསོད་འགོ་ཚུགས་ནས་ལོ་རྒན་དྲུག་ཅུ་འཁོར་བའི་དུས་སྟོན་འདིའི་ཕྱོགས་སུ་ཅིག་བལྟ་ཐུབ་ན་ཡག་པོ་འདུག

    Reply
  12. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    འདི་རིགས་དངོས་ནས་སྤྱི་ཚོགས་ཀྱིས་ཡང་ཡང་དྲན་པ་གསོས་པ་དང་རྗེས་ཕྱོགས་ནོར་འཁྲུལ་མི་ཡོང་ཆེད་རང་གཞན་སྤྱི་སྒེར་སུས་ཡིན་ཡང་གླེང་འོས་པ་ཞིག་དང་གླེང་དགོས་པ་ཞིག་ལ་མཐོང་གི་འདུག་ལགས། ཉིད་ཀྱིས་དེ་ལྟར་གླེང་བ་དེར་སེམས་གཏིང་ནས་བཀའ་དྲིན་ཆེ་ཞུ་ལ། གང་ཐུབ་ཅི་ཐུབ་ཀྱིས་བོད་ཀྱི་རྩ་དོན་ཐད་དུ་རྩོམ་ཡིག་རེ་སྤེལ་ཐུབ་ན་ཡག་པོ་འདུག

    Reply
  13. ལྷ་ཆབ་སྦྱིན་པ། says:
    ལོ་ 17 སྔོན།

    ལྷ་ལུང་རྒྱལ་གྱིས་ཡག་པོ་གསུང་འདུག ཡིན་ནའང་ད་ནི་སྤྱི་འཐུས་ཀྱི་གནད་དོན་དེ་མ་གླེང་ན་ཡག ང་ཚོས་མཐོང་རྒྱུ་ཚང་མ་མཐོང་ཟིན་པས། ད་མང་བོ་ཞིག་མ་གླེང་ན་ཡག དེ་བས་དེ་རིང་གི་དགྱ་ནག་གི་རྒྱལ་སྟོན་དུས་ཆེན་གྱི་སྐོར་ཞིག་གླེང་ཐུབ་ན་ལེགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese