མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐ་སྙད་གསར་པ། ཅོ་རི་ཉི་མ།

བོད་ཀྱི་དུས་བབ།
༢༠༠༩/༡༠/༡༦
Share on FacebookShare on TwitterShare on EmailShare on Whatsapp

ཅོ་རི་ཉི་མ།

བོད་ཁ་བ་ཅན་གྱི་སྐད་ཡིག་གི་སྐོར་ལ་ང་རང་བོད་སྐད་ཡག་པོ་མི་ཤེས་པའི་བོད་མི་དཀྱུས་མ་བ་ཞིག་གི་ངོས་ནས་དོན་ཅུང་ཟད་ཞུ་ཉན་སྤྲོ་བ་ནི། ས་ཡི་གོ་ལ་འདིའི་སྟེང་དུ་རྒྱལ་ཁབ་མི་འདྲ་རེ་རེས་དངོས་པོ་གསར་པ་མི་འདྲ་བ་རེ་རེ་བཟོ་བསྐྲུན་བྱས་ཏེ། དངོས་པོ་གསར་པ་མི་འདྲ་རེ་ལ་མིང་གི་ཐ་སྙད་གསར་པ་མི་འདྲ་བ་རེ་ཐོག་མར་བརྡ་སྦྱར་ཏེ། མིའི་སྤྱི་ཚོགས་ནང་དུ་རླུང་འཕྲིན་དང་བརྙན་འཕྲིན་ཁག་ནས་དངོས་པོ་འདིའི་མིང་ལ་འདི་ཟེར་ཞེས་ཁྱབ་བསྒྲག་བྱེད་པ་དང༌། དེ་འདྲ་བའི་མིང་ཚིག་གི་ཐ་སྙད་དེ་དངོས་མིང་ཡིན་པ་དང༌། རྒྱུ་མཚན་ནི། ང་རང་ཚོ་ཁ་བ་རི་པའི་བསྟན་བཅོས་མཚན་ཉིད་རིག་པའི་གཞུང་ལས། སྐྱེ་བོའི་བརྗོད་པ་ལྕེ་རྐན་ལས་བྱུང་བའི་སྐད་ཀྱི་གདངས། ཡི་གེའི་མཚན་ཉིད། མིང༌། ཚིག་དང༌། ཡི་གེ་གསུམ་དོན་གཅིག། མིང་ལ་དབྱེ་ན། དངོས་མིང་དང་བཏགས་མིང་གཉིས། དོན་དེ་ལ་འདོད་རྒྱལ་མཁན་པོས་ཐོག་མ་བརྡ་སྦྱར་བ་ལྟར་དོན་དེ་འཁྲུལ་མེད་དུ་གོ་བ་བྱེད་པའི་ཉན་བྱ། དངོས་མིང་གི་མཚན་ཉིད། དོན་དེ་ལ་འདོད་རྒྱལ་མཁན་པོས་ཐོག་མ་བརྡ་སྦྱར་མ་ཡིན་པ་ཕྱིས་བརྡ་སྦྱར་བའི་ཉན་བྱ། བཏགས་མིང་གི་མཚན་ཉིད། དཔེར་ན། Computer ཀམ་པུང་དྲར་ཞེས་པ་དངོས་མིང་དང་རྗེས་སུ་བརྡ་སྦྱར་བའི་གློག་ཀླད་དང་རིག་པའི་གཏེར་མཛོད་ཞེས་པ་ནི་བཏགས་མིང་རེད། དེང་སང་ང་ཚོ་བོད་པའི་སྤྱི་ཚོགས་ནང་མཁས་པ་ཁག་ཅིག་གིས་བོད་ཡིག་འདང་གི་མི་འདུག་ཟེར་བའི་རྒྱུ་མཚན་ནི། འཛམ་གླིང་འདིའི་སྟེང་དུ་གསར་ཐོན་ཅ་ལག་མི་འདྲ་བ་དུ་མ་དང༌། ཆབ་སྲིད་ཀྱི་ཚོགས་པ་མི་འདྲ་བ་རེ་ལ་རྩ་ཁྲིམས་ཀྱི་འགྲོ་ལུགས་མི་འདྲ་རེ་དང༌། དཔལ་འབྱོར་གྱི་ཡར་རྒྱས་མི་འདྲ་བ་རེ་ལ་ཚན་རིག་གི་ལག་རྩལ་མི་འདྲ་བ་རེ་དང༌། ཚན་རིག་གི་ལག་རྩལ་མི་འདྲ་བ་རེ་ལ་རྡུལ་ཕྲན་གྱི་འཕྲུལ་འཁོར་མི་འདྲ་བ་རེ་ཡོད་པ་རྣམས་ལ་ཐུན་མོང་མ་ཡིན་པའི་བོད་སྐད་ཀྱི་ཐོག་ནས་མིང་ཚིག་གི་ཐ་སྙད་མི་འདུག་སྙམ་པ་རེད། དཔེར་ན། ཀམ་པུང་དྲར་ལ་ཀམ་པུང་དྲར་ཞེས་བརྗོད་པ་དེ་རྒྱལ་ཁབ་བཞན་གྱི་སྐད་ཡིག་དེ་འདོད་པ་དང༌། ཀམ་པུང་དྲར་ལ་གློག་ཀླད་ཞེས་བརྗོད་པ་དེ་ཐུན་མོང་མ་ཡིན་པའི་བོད་ཀྱི་སྐད་ཡིག་དེ་འདོད་དོ། དེ་འདྲ་འདོད་པའི་མཁས་དབང་རྣམས་ལ་ཞུ་རྒྱུ། Computer ལ་ཀམ་པུང་དྲར་ཞེས་བྲིས་པ་དང་བརྗོད་པ་དེ་བོད་སྐད་དུ་མི་འདོད་ན། ཨ་མེ་རི་ཀའི་རྒྱལ་ས་ཝ་ཤིང་ཊོན་ལ་ཝ་ཤིང་ཊོན་ཞེས་བྲི་བ་བརྗོད་པ་དེ་བོད་སྐད་དུ་ཨེ་འདོད། མི་འདོད་ན། བོད་ཀྱི་རྒྱལ་ས་ལྷ་ས་ལ་ Lhasa ཞེས་བྲི་བ་དང་བརྗོད་པ་དེ་དབྱིན་སྐད་དུ་ཨེ་འདོད། མི་འདོད་ན། དབྱིན་སྐད་ཐོག་ནས་ཇི་ལྟར་བྲི་དགོས་ཇི་ལྟར་བརྗོད་དགོས། འདོད་ན། ཀམ་པུང་དྲར་ཞེས་པ་ཡང་བོད་སྐད་དུ་འདོད་པ་ཐལ། གཅིག་མཚུངས་ཡིན་པའི་ཕྱིར། ཀམ་པུང་དྲར་ལ་གློག་ཀླད་ཞེས་མིང་བཏགས་པ་དེ་ནི་མིང་ལྷག་རེད། དཔེར་ན། དང་པོ་བུ་ཞིག་སྐྱེ་དུས་བླ་མའི་དྲུང་དུ་རིག་འཛིན་ཞེས་པ་མཚན་གསོལ། གཉིས་པ་རྐང་པ་ཆག་དུས་རིག་འཛིན་རྐང་འཁྱོག་ཞེས་པའི་མིང་ལྷག་བཏགས། རིག་འཛིན་ཞེས་པ་ནི་དངོས་མིང་རེད། རྐང་འཁྱོག་ཅེས་པ་ནི་མིང་ལྷག་ཡིན་པ་ཚང་མས་མཁྱེན་གསལ་ལྟར། དེ་དང་དེ་འདྲ་བའི་འཛམ་གླིང་འདིའི་སྟེང་དུ་གྲངས་ལས་འདས་པའི་གསར་ཐོན་གྱི་དངོས་པོ་ཐམས་ཅད་ལ་མིང་ལྷག་རེ་བཏགས་ནས། དེ་ནི་ང་རང་ཚོའི་ཐུན་མོང་མ་ཡིན་པའི་བོད་ཀྱི་སྐད་ཡིག་གི་ཡིག་སྲོལ་དུ་འདོད་པ་ཡིན་ན། བོད་མི་རིགས་ཀྱི་སྟེང་དུ་རྨོངས་པའི་མུན་ནག་འཁྲིགས་པ་དང༌། བོད་ཀྱི་སྐད་ཡིག་སྣུམ་ཟད་མར་མེ་བཞིན་དུ་འགྱུར་འགྲོ་བའི་ཉེན་ཁ་ཡོད་པར་སྣང༌། རྒྱུ་མཚན་ནི། དཔེར་ན། ཀམ་པུང་དྲར་ཞེས་བོད་མི་ཞིག་གི་ཁ་ནས་བརྗོད་དུས་འཛམ་གླིང་འདིའི་སྟེང་དུ་མི་མང་དུང་ཕྱུར་མང་པོས་ཧ་གོ་ཐུབ་པ་དང་གློག་ཀླད་ཞེས་འབོད་པ་ཡིན་ན་མི་བརྒྱ་ཕྲག་ཁ་ཤས་མ་གཏོགས་གོ་མི་ཐུབ་པ་ནི་ང་རང་ཚོས་མིག་མཐོང་ལག་ཟིན་རེད།

སྐད་ཡིག་གི་ཡོན་ཏན་གཙོ་བོ་ནི་འགྲོ་བ་མི་དང་མིའི་བར་ལ་གོ་བརྡ་སྤྲོད་ཐུབ་རྒྱུ་དེ་རེད། ང་རང་ཚོའི་སྐད་ཡིག་འདིའི་ཐོག་ནས་མི་རིགས་མང་པོ་ཞིག་དང་རྒྱལ་ཁབ་མང་པོ་ཞིག་ལ་གོ་བརྡ་སྤྲོད་ཐུབ་པའི་ཐོག་མྱུར་ཏུ་གཏོང་ཐུབ་པ་ཡིན་ན། དཔེར་ན། ནང་པ་སངས་རྒྱས་པའི་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པ་གཉིས་ཉིན་རེ་མི་ཚེའི་ནང་འབད་བརྩོན་བྱས་ནས་མཐར་ཐུག་གི་བདེ་བ་ཐོབ་ཐུབ་པའི་རིག་གནས་དེ་མི་རིགས་གཞན་ཞིག་དང་རྒྱལ་ཁབ་གཞན་ཞིག་གི་རྩ་ནས་སློབ་སྦྱོང་བྱེད་དགོས་པ་མེད་ན་ཡང༌། ཆབ་སྲིད་ཀྱི་རྩ་ཁྲིམས་དང༌། དཔལ་འབྱོར་གྱི་ལམ་ལུགས། ཚན་རིག་གི་ལག་རྩལ། བཟོ་ལས། ཞིང་ལས། འབྲོག་ལས་ལ་སོགས་པ། ཐ་ན་ཙག་སྒྲ་བཟོ་སྟངས་ཀྱང་མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱི་རྩ་ནས་རིག་གནས་དེ་ཚོ་སློབ་སྦྱོང་བྱེད་པ་ལ་མགྱོགས་ཚད་མྱུར་ཏུ་ཕྱིན་པ་རེད། དེ་ལྟར་མ་ཡིན་པར་བྱ་དངོས་གསར་པ་རེ་ལ་མིང་ལྷག་གསར་པ་རེ་བཏགས་ན་མི་རིགས་གཞན་ཞིག་ལ་གོ་བརྡ་སྤྲད་ནས་ཡོན་ཏན་སྦྱོང་རྒྱུ་ཕར་བཞག ང་རང་ཚོ་ནང་ཁུལ་ལ་ཡང་རིག་གནས་དེ་ཚོའི་སྐོར་བཤད་དུས་གོ་བརྡ་མ་འཕྲོད་ནས་བོད་ཡིག་གིས་འདང་གི་མི་འདུག་ཟེར་ནས་མགོ་བོ་སྒུར་སྡོད་པ་དེ་ནི། བོད་མི་རིགས་ཀྱི་སྟེང་དུ་འཁྲིགས་པའི་རྨོངས་པའི་མུན་ནག་རེད།

གཉིས་པ། བོད་ཀྱི་སྐད་ཡིག་དེ་སྣུམ་ཟད་མར་མེ་བཞིན་དུ་འགྱུར་འགྲོ་བ་སྣང་བའི་རྒྱུ་མཚན་ནི། ཐ་སྙད་གསར་པ་བཟོ་བའི་མཁས་དབང་ཚོས་བྱ་དངོས་གསར་པ་རེ་ལ་མིང་ལྷག་གསར་པའི་ཐ་སྙད་རེ་བཏགས་ནས་ཚིག་མཛོད་ཆེ་ཐག་ཆོད་ཅིག་བཟོས་པ་ཡིན་ན་ཡང་བོད་རྒྱ་ཆེ་མི་དམངས་ཀྱིས་གསར་དུ་སྦྱོང་དགོས་པ་ལས་སྔར་ནས་ཤེས་པའི་ཐ་སྙད་ནི་གཅིག་ཀྱང་མེད། དེ་འདྲ་བའི་མིང་ཚིག་གི་ཐ་སྙད་རྣམས་ཁ་ནས་བརྗོད་ཐུབ་པ་དང་ལག་པས་འབྲི་ཤེས་པ། དོན་གོ་ཐུབ་པ་སློབ་སྦྱོང་བྱེད་དགོས་པའི་བྱེད་པ་པོ་ནི། བོད་ཕྱི་ནང་གཉིས་སུ་གནས་པའི་བོད་རིགས་རྣམ་པ་མ་གཏོགས་གཞན་སུ་ཡང་མེད། བོད་ཁ་བ་ཅན་ལ་གནས་པའི་བོད་རིགས་སྤུན་ཟླའི་ནང་ནས་སུ་དང་སུ་ཡིས་མིང་ཚིག་གི་ཐ་སྙད་གསར་པར་སློབ་སྦྱོང་བྱེད་འདོད་དོ་ཞེས་ཞིབ་ཅིང་ཕྲ་བའི་བསམ་བློ་གཏོང་དུས། མཐོ་རིམ་མི་དྲག་ཁག་གིས་སྦྱོང་ངོ་ཞེ་ན། དེ་ནི་མ་ཡིན་ཏེ། དབང་ཤེད་ཆེ་བའི་དཔོན་ངན་ཟ་ཧམ་ཅན་གྱི་གཅེས་ཕྲུག་དང་འབྱོར་པ་ཆེ་བའི་ཚོང་དཔོན་རྒྱུ་ཧམ་ཅན་གྱི་སྙིང་ཕྲུག ཡོན་ཏན་ཆེ་བའི་དགེ་རྒན་རྒྱ་སྐད་ཅན་ཚོའི་བུ་ཕྲུག་རྣམས་ཀྱིས་ནི། ཉིན་རེའི་འཚོ་བའི་ནང་དུ་ཡང་རྒྱ་སྐད་བེད་སྤྱོད་བྱས་ནས་མི་ཚེ་སྐྱེལ་བ་མ་གཏོགས། རང་གི་དྲིན་ཅན་ཨ་མའི་སྐད་ཡིག་ལ་འབད་བརྩོན་དང་སྦྱོང་བརྡར་བྱེད་པ་ནི། ཉིན་མོ་ཡི་སྐར་མ་དང་རི་བོང་གི་རྭ་ནང་བཞིན་རེད། འོ་ན་ད་སུ་ཡོད་ཞེ་ན། རི་བོ་མཐོ་སྒང་སྟེང་དུ་གནས་པའི་འབྲོག་པ་དང་ལུང་ཁུག་གྲོང་གསེང་ཁག་ཏུ་གནས་པའི་ཞིང་པ་རྣམས་ཀྱིས་སློབ་སྦྱོང་བྱེད་དོ་ཞེ་ན། དེ་ཡང་མ་ཡིན་ཏེ། བོད་ཀྱི་ཞིང་འབྲོག་རྒྱ་ཆེ་མང་ཚོགས་ནང་དུ་བརྒྱ་ཆ་ལྔ་བཅུ་ཐམ་པ་ནི་ཡིག་རྨོངས་ཡིན། དྲུག་ཅུ་ཐམ་པ་ནི་ཀླད་རྙིང་ཡིན། བདུན་ཅུ་ཐམ་པ་ནི་ཤེས་མེད་ཡིན། དེ་འདྲ་བའི་ཞིང་འབྲོག་བོད་མི་རྣམས་ཀྱིས་ཐ་སྙད་གསར་པ་སློབ་སྦྱོང་བྱེད་ན་རྣམ་རྟོག་རེད། བོད་མི་རིགས་ཀྱི་སྐད་ཡིག་ཉམ་ན་མི་རིགས་ཀྱི་བླ་སྲོག་ཤི་འགྲོ་བ་ཧ་གོ་བ་བྱུང་ན་ཐན་ལྟོས་རེད། འོ་ན་ད་སུ་ཡོད་ཞེ་ན། མཐོ་རིམ་མི་དྲག་ནང་དུ་བཞུགས་པའི་ཤེས་ལྡན་མི་སྣ་ཁག་དང་ཞིང་འབྲོག་མང་ཚོགས་ནང་དུ་བཞུགས་པའི་མི་ཁག་ཅིག་གིས་ནི། བོད་རིགས་ཀྱི་ལ་རྒྱ་ཡིད་ལ་བཅང་། ལྷག་བསམ་སེམས་ལ་སྒོམ། སྙིང་སྟོབས་དཔུང་དུ་བསྐྱེད་ནས་བོད་མི་རིགས་ཀྱི་སྐད་ཡིག་དེ་མི་ཉམ་གོང་སྤེལ་དང་ཉམ་པ་སླར་གསོ་བྱས་ནས་འཛམ་གླིང་གི་དུས་རབས་གསར་པའི་རིག་གནས་ཐམས་ཅད་རང་གི་དྲིན་ཅན་ཨ་མའི་སྐད་ཡིག་ཐོག་ནས་སྦྱོང་བརྡ་བྱེད་ཐུབ་པ་དགོས་བསམ་པའི་རེ་འདུན་སྙིང་གི་དཀྱིལ་ལ་བཞག་པའི་གངས་ཕྲུག་རྣམས་ཀྱིས་ནི། བོད་ཁ་བ་ཅན་གྱི་ཡི་གེ་སྲོལ་བཏོད་པ་པོ་ཐོན་མི་སམ་བྷོ་ཊ་ཡི་ཡིག་སྲོལ་དང་མཐུན་པ། སྒྲ་རིག་པའི་བསྟན་བཅོས་དང་མ་འགལ་བའི་མིང་ཚིག་གི་ཐ་སྙད་གསར་པ་སློབ་སྦྱོང་བྱེད་རྒྱུ་བྱུང་ན་སྐོམ་པ་ཆུ་འདོད་ལྟར་སྦྱོང་བརྡར་བྱེད་དང་མི་བྱེད་ཐེ་ཚོམ་སྤུ་ཙམ་ཡང་མི་དགོས། དེ་འདྲ་བའི་གངས་ཕྲུག་རྣམས་ལ་ང་རང་ས་མཐར་འཁྱམ་པའི་སྤྲང་འཁྱམ་བོད་མི་ཞིག་གིས་ལག་གཉིས་ཐལ་མོ་བྲང་ཁར་སྦྱར་ནས་ཕྱག་གསུམ་མཚལ་ནས་ཞ྄ུར་གསོལ།          ཡོན་ཏན་ཅན་གྱི་མི་དེ། 
ཁ་བ་ཅན་གྱི་ལྷ་རེད།
ལ་རྒྱ་ཅན་གྱི་མི་དེ། 
དམར་ཁམས་གླིང་གི་སྒྱུད་རེད།
ལྷག་བསམ་ཅན་གྱི་མི་དེ།             
གངས་ཅན་ཡུལ་གྱི་ནོར་རེད།
སྙིང་སྟོབས་ཅན་གྱི་མི་དེ།           
བཙན་པོ་གདུང་གི་རྒྱུད་རེད།

གཉིས་པ། ཕྱི་རོལ་དུ་ཡོད་པའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དུ་ཐ་སྙད་གསར་པ་སྦྱོང་འདོད་པ་ཅི་ཙམ་ཡོད་དོ་ཞེ་ན། ཁ་ནས་གསུངས་དུས། སྐད་ཡིག་ནི་མི་རིགས་བླ་སྲོག་དང་མི་རིགས་ནི་རྒྱལ་ཁབ་ཀྱི་སྲོག་ཤིང་རེད་ཅེས་ཁ་ཡོད་ཚད་ཐམས་ཅད་ཀྱིས་མ་ཎི་འདོན་པ་ནང་བཞིན་ཡིན་ཡང༌། དོན་ལག་ལེན་བསྟར་དུས། འཛམ་གླིང་རྒྱལ་ཁབ་མང་པོའི་གནས་ཚུལ་མཁྱེན་རྒྱ་ཆེ་བའི་སྐུ་དྲག་དང་ཡུ་རོབ། ཨ་མེ་རི་ཀའི་ནང་གཏན་སྡོད་བྱེད་པའི་འབྱོར་ལྡན་བོད་མི་རྣམས་ཀྱིས་ནི། རང་གི་བུ་ཕྲུག་རྣམས་ནུབ་ཕྱོགས་ཡུལ་གྲུ་ཁག་གི་ཕུན་སུམ་ཚོགས་པའི་སྐད་ཡིག་སློབ་སྦྱོང་བྱེད་པར་བཏང་ནས་འབྱོར་ལྡན་རྒྱལ་ཁབ་ཁག་གི་མཐོ་སློབ་ལ་འགྲོ་ཐུབ་པ་བྱེད་དགོས་བསམ་པའི་རེ་འདུན་སྙིང་ལ་བཅང་བ་མ་གཏོགས། བོད་མི་རིགས་ཀྱི་བླ་སྲོག་ཁ་བ་རི་བའི་སྐད་ཡིག་སློབ་སྦྱོང་བྱེད་པའི་དུས་ཚོད་ཡང་མེད་ལ། རྗེས་སུ་ལུས་པའི་སྐད་ཡིག་ཞིག་སྦྱངས་ནས་དུས་རབས་གསར་པའི་རིག་གནས་སྦྱོང་ཐུབ་པའི་རེ་བ་ཡང་བྱེད་བཞིན་མེད། འོ་ན་ད་བཙན་བྱོལ་སྤྱི་ཚོགས་ནང་སུ་ཡོད་ཅེ་ན། བོད་ཁ་བ་ཅན་གྱི་རིག་གཞུང་ནང་པ་སངས་རྒྱས་པའི་ལྟ་གྲུབ་ལ་མཁས་པ་དང་བོད་ཀྱི་སྐད་ཡིག་ལ་ཤེས་ཚད་ཧ་ཅང་མཐོ་བའི་གྲྭ་ས་སེ་འབྲས་དགེ་གསུམ་དང་ཆོས་བརྒྱུད་ཆེན་པོ་བཞི་ཡི་དགོན་སྡེ་ཁག་གི་གྲྭ་མང་ནས་སྦྱོང་ངོ་ཞེ་ན། དེ་ནི་མ་ཡིན་ཏེ། དེ་རྣམས་ཀྱིས་ནི་ནང་པ་སངས་རྒྱས་པའི་ལྟ་གྲུབ་ལ་བསླབ་པ་སློབ་གཉེར་བྱས་ནས་མ་གྱུར་སེམས་ཅན་ཐམས་ཅད་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་ན་སྙམ་པ་ལས་ཐ་སྙད་གསར་པའི་མིང་ཚིག་དང་དུས་རབས་གསར་པའི་རིག་གནས་སློབ་སྦྱོང་བྱས་ནས་ཁ་བ་རི་བའི་འཇིག་རྟེན་འཁོར་བའི་རྣམ་བཞག་ཡར་རྒྱས་གཏོང་དགོས་བསམ་པ་སེམས་ཀྱི་ཟུར་ལ་མེད། འོ་ན་ད་སུ་ཡོད་ཅེ་ན། རྒྱ་གར་བལ་ཡུལ་དུ་ཡོད་པའི་བཙན་བྱོལ་བོད་གཞུང་གི་སློབ་གྲྭ་ཁག་གི་སློབ་ཕྲུག་རྣམས་ཀྱིས་སྦྱོང་ངོ་ཞེ་ན། བཙན་བྱོལ་བོད་གཞུང་གི་སློབ་མ་འཛིན་གྲྭ་བཅུ་གཉིས་པ་ཞིག་ལ་བོད་ནས་སླེབས་པའི་གསར་འབྱོར་བ་འཛིན་གྲྭ་ལྔ་པའི་བོད་ཡིག་གི་ཤེས་ཚད་ཙམ་ཡང་མེད། ཅི་ཡིན་ཞེ་ན། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དུ་སློབ་མ་རྣམས་ཀྱིས་བོད་ཡིག་ལ་དོ་སྣང་མེད་པ་དང་ཕ་མ་རྣམས་ཀྱིས་རྒྱབ་སྣོན་མེད་པའི་རྒྱུ་མཚན་གྱིས་རེད། རྒྱུ་མཚན་ཅི་ཡིན་ཞེ་ན། ང་རང་ཚོས་བོད་ཀྱི་སྐད་ཡིག་ཐོག་ནས་དུས་རབས་གསར་པའི་རིག་གནས་སྦྱོང་མི་ཐུབ་པ་དང༌། དུས་རབས་གསར་པའི་རིག་གནས་སློབ་སྦྱོང་བྱེད་མ་ཐུབ་ན་རང་ཉིད་དུས་རབས་གསར་པའི་ནང་དུ་རྗེས་སུ་ལུས་པའི་མི་ཞིག་ཆགས་འགྲོ་བ་དང༌། ཕ་མ་སུ་ཡིན་ཡང་རང་གི་བུ་ཕྲུག་མདུན་ལ་སླེབས་ན་བསམ་པ་ལས་རྗེས་སུ་ལུས་འཇུག་འདོད་རྩ་བ་ནས་མེད། བོད་མི་ཀླད་རྙིང་པ་ཁག་ཅིག་གིས་ང་རང་ཚོའི་བོད་ཀྱི་སྐད་ཡིག་འདི་ཕུན་སུམ་ཚོགས་པའི་སྐད་ཡིག་ཞིག་དང་དུས་རབས་གསར་རྙིང་གི་རིག་གནས་ཐམས་ཅད་ང་རང་ཚོའི་སྐད་ཡིག་ནང་དུ་ཡོད་པ་མ་ཟད། གནམ་གྲུ་དང་ཟླ་བའི་གོ་ལ་ཡི་ཐོག་ཏུ་འགྲོ་ཐུབ་པའི་མེ་ཤུགས་འཕུར་མདའ་ལ་སོགས་བཟོ་བསྐྲུན་བྱེད་སྟངས་ཐམས་ཅད་བཀའ་འགྱུར་བསྟན་འགྱུར་ནང་དུ་ཡོད་ཅེས་སྤོབས་པ་ཆེན་པོའི་ཐོག་ནས་གསུངས་ན་ཡང༌། དོན་དངོས་སུ་བཀའ་འགྱུར་བསྟན་འགྱུར་པོ་ཏི་བརྒྱ་ཉིས་བརྒྱ་མགོ་ནས་མཐའ་བར་ཏུ་ཀློག་ན་ཡང་གནམ་གྲུ་དང་མེ་ཤུགས་འཕུར་མདའ་ལ་སོགས་བཟོ་བསྐྲུན་བྱེད་སྟངས་ཡོད་པ་ཕར་བཞག གནམ་གྲུ་ཞེས་པའི་ཚིག་ཙམ་ཡང་མཐོང་རྒྱུ་མེད། བཀའ་འགྱུར་བསྟན་འགྱུར་ནང་དུ་མེད་ན་ཡང་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེས་མགོ་ཁྲིད་པའི་བཙན་བྱོལ་བོད་གཞུང་གིས་དེང་སང་ཚན་རིག་བོད་ཀྱི་སྐད་ཡིག་ནང་དུ་བསྒྱུར་ཡོད་ཞེས་པའི་དེབ་ཅིག་ང་རང་གིས་བཀླགས་རྒྱུ་བྱུང༌། དེབ་དེ་ཡི་ནང་ཉི་ཧོང་རྒྱལ་ཁབ་ལ་བྱ་ཕོ་རྔ་མ་རིང་ཤོས་ཤིག་ལ་ཁྲི་ཉེར་ལྔ་ཡོད་པ་དང་ཨུ་རུ་སུ་ལུང་པའི་ནང་བུ་མོ་ལོ་བརྒྱད་ལོན་པ་ཞིག་ལ་ཕྲུ་གུ་སྐྱེས་པའི་ལོ་རྒྱུས་བོད་ཡིག་ནང་དུ་བསྒྱུར་བའི་དེབ་དེ་འདྲ་བ་ཙམ་གྱིས་ཚན་རིག་ང་རང་ཚོའི་སྐད་ཡིག་ནང་ཡོད་གསུངས་པ་ཡིན་ན། ནུབ་ཕྱོགས་ཚན་རིག་པའི་རྐང་པ་བརྫིས་ས་ལ་བོད་པའི་ཚན་རིག་པའི་མགོ་ཡིས་ཐུག་པའི་རེ་བ་ཡང་མེད།

གནད་འགག་ཆེ་ཤོས་དང་ཛ་དྲག་ཆེ་ཤོས་གཉིས་ནི།

དང་པོ་གནད་འགག་ཆེ་ཤོས་ནི། ང་རང་ཚོའི་སྐད་ཡིག་ནང་དུ་ས་ཡི་གོ་ལའི་སྟེང་གི་གསར་ཐོན་གྱི་དངོས་པོ་འདིའི་མིང་ལ་འདི་ཡིན་ཞེས་དང༌། དངོས་པོ་འདི་ཡི་མིང་གི་དག་ཆ་འདི་ལྟར་འབྲི་དགོས་ཞེས་ང་རང་ཚོར་བོད་སྤྱི་ཡོངས་ལ་ཁྱབ་པའི་ཚིག་མཛོད་རྩ་བ་བརྟེན་ས་ཞིག་དང་ཆ་འཇོག་ས་ཞིག་དགོས་རྒྱུ་དེ་གནད་འགག་ཆེ་ཤོས་སུ་སྣང༌། ཕྱི་ལོ་ ༡༩༥༩ ལོ་ནས་ད་ལྟར་བར་དུ་བོད་ཀྱི་སྐད་ཡིག་ནང་དུ་གསར་ཐོན་གྱི་ཐ་སྙད་ཐམས་ཅད་རྩོམ་པ་པོ་དང་གསར་འཕྲིན། རླུང་འཕྲིན། བརྙན་འཕྲིན་ཁག་གིས་རང་སྣང་གང་ཤར་དང་སྐད་ཡིག་གཞན་ཞིག་ནས་དོན་བསྒྱུར་བྱས་ནས་བྲིས་པ་ཙམ་མ་གཏོགས་མེད། དཔེར་ན། མེ་འཁོར། རླངས་འཁོར། གློག་ཀླད་ཞེས་ཐ་སྙད་ཐམས་ཅད་རྒྱ་མིའི་སྐད་ནས་དོན་བསྒྱུར་བྱས་ནས་བྱུང་བ་ཞིག་རེད། དེ་དང་འདི་འདྲ་བའི་རང་སྣང་གང་དྲན་གྱིས་མིང་ལྷག་གསར་པ་རེ་ལ་འབྲི་སྟངས་གསར་པ་རེའི་ཐོག་ནས་བོད་ཀྱི་སྐད་ཡིག་འདི་བེད་སྤྱོད་བྱས་པ་ཡིན་ན། མཐའ་མ་སྐད་ཡིག་དང་མི་རིགས་རྩ་བ་ཉིད་ནས་སིལ་བུར་འཐོར་འགྲོ་བའི་རྒྱུ་མཚན་ནི། ང་ཡི་རྩ་བའི་བླ་མ་བོད་ཁ་བ་ཅན་གྱི་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་བརྩམས་པའི་དེབ་ཐེར་དཀར་པོ་ལས། དེ་མིན་དེང་སང་མཐར་མི་འགའ་ཞིག་གིས། དབུས་ཀྱི་ཕལ་སྐད། ལ་དྭགས་ཀྱི་ཕལ་སྐད་ལ་སོགས་སྣང་བ་གང་དྲན་གྱི་སྐད་མཛོད་དང་གླེབས་བམ་སྡེབ་པ་འདིའི་རིགས། བརྒྱ་ལ་དར་སྲོལ་ཆེ་རུ་སོང་ན། ཡུལ་སོ་སོའི་ཕལ་སྐད་མི་འདྲ་བའི་རྐྱེན་གྱིས། བོད་ཀྱི་སྤྱི་སྐད་ཡང་དུམ་བུར་ཆད་དེ། ནམ་ཞིག་ན་ཡུལ་སོ་སོའི་སྐད་དང་ཡི་གེ་ཕན་ཚན་བརྡ་མི་འཕྲོད་པ་ཞིག་འོང་ངེས་ལ། སྐད་ཡིག་སོ་སོར་གྱེས་པས། བསམ་འཁྱེར་དང་སྤྱོད་ལམ་སོགས་ཀྱང་ཐ་དད་དུ་སོང་སྟེ། མཐར་བོད་ཀྱི་རྒྱལ་ཁབ་རྩ་བ་ཉིད་ནས་སིལ་བུར་འཐོར་བའི་རྐྱེན་དུ་འགྲོ་བ་ལགས་ཞེས་གསུངས་པ་དེ། བཙན་བྱོལ་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་མཁྱེན་སོང་ངམ། བཙན་བྱོལ་བོད་གཞུང་ཤེས་ལས་ཁུངས་བཙུགས་ནས་མི་ལོ་ལྔ་བཅུ་སོང་ཡང་ཞལ་ནས་གསུངས་དུས་བོད་ཀྱི་རིག་གཞུང་དང་བོད་ཀྱི་སྐད་ཡིག་ཞེས་མ་ཎི་འདོན་པ་ནང་བཞིན་ཡིན་ཡང་། དོན་དངོས་ཐོག་ཐ་སྙད་གཅིག་མཐུན་ཞིག་དང་ཆ་འཇོག་ས་རྩ་བ་བརྟེན་ས་ཞིག་བཟོས་མེད་པ་དེ་ནི། འཇིག་རྟེན་གྱི་ཁ་རྒྱུན་ལ། ཁ་བཤད་ཆུ་ཡི་ཝུ་བ། ལག་ལེན་གསེར་གྱི་ཐིགས་པ་ཞེས་པ་ནང་བཞིན་ང་རང་བོད་མི་དཀྱུས་མ་ཞིག་བློ་ཕམ་ཡོད་ལ། སེམས་སྐྱོ་བའི་གནས་ཞིག་རེད། དེང་སང་ཡུ་རོབ་དང་ཨ་མེ་རི་ཀའི་ནང་བོད་པས་བོད་ཡིག་བེད་སྤྱོད་བྱེད་སྟངས་ནི། དཔེར་ན། སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་གི་སྒྲིག་གཞི། ལེཀ་ཊེན་སྤྲཡན་ཞེས་པའི་མིང་ཚིག་གི་ཐ་སྙད་དེ་ནི་འཇར་མན་སྐད་ཡིག་ཐོག་ནས་Liechtenstein ཞེས་བྲིས་ཡོད། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ལས་ཁུངས་ཀྱི་བོད་སྐད་སྡེ་ཚན་ནས་ Afghanisthan ཞེས་པའི་ཡུལ་མིང་ཞིག་ལ་བོད་ཡིག་ཐོག་ནས་ཨཕ་ག་ནིསྟ྄ན་ཞེས་བྲིས་ཡོད་པ་དེ་ཚོ་ནི། ང་རང་ཚོ་བོད་ཁ་བ་ཅན་གྱི་སྐད་ཡིག་སློབ་དཔོན་ཐོན་མི་སམ་བྷོ་ཊ་ཡི་ཡིག་སྲོལ་དང་མི་མཐུན་པའི་འབྲི་སྟངས་ཞིག་རེད་འདུག་སྙམ། སུམ་བཅུ་པའི་རྩ་བ་ལས། ག་ང་ད་ན་བ་མ་འ། ར་ལ་ས་རྣམས་རྗེས་མཇུག་བཅུ། ད་དང་ས་གཉིས་ཡང་མཇུག་སྟེ་ཞེས་རྗེས་མཇུག་བཅུ་དང་ཡང་མཇུག་གཉིས་གསུངས་ཡོད། དེང་སང་མཁས་དབང་ཚོས་ཀ་དང་ཡ་གཉིས་རྗེས་མཇུག་དང་ན་ཡང་མཇུག་བཞག་ནས་བྲིས་པ་དང༌། ཨ་དང་ཕ་གཉིས་མིང་གཞི་མཉམ་འཇོག་བྱས་ནས་བྲིས་པ་འདི་རིགས་བརྒྱ་ལ་དར་སྲོལ་ཆེ་རུ་སོང་ན། ཐོན་མི་སམ་བྷོ་ཊ་རང་ཉིད་ཀྱིས་ཀྱང་བོད་ཡིག་ཀློག་མི་ཤེས་པ་ཞིག་འོང་ངེས་ལ། རྩ་བ་བརྟེན་ས་དང་ཁུངས་གཏུག་ས་མེད་པར་རང་སྣང་གང་ཤར་བྱས་ནས་བྲིས་པ་དེས་བོད་མི་རིགས་ཀྱི་སྐད་ཡིག་སིལ་བུར་འཐོར་འགྲོ་བའི་རྐྱེན་དུ་སྣང༌། དེ་ལྟར་མ་ཡིན་པ་མིང་ཚིག་གི་ཐ་སྙད་འདི་གཉིས་ཐོན་མི་སམ་བྷོ་ཊའི་ཡི་གེའི་ལུགས་སྲོད་དང་མཐུན་པ། སྒྲ་རིག་པའི་བསྟན་བཅོས་དང་མ་འགལ་བའི་ཐོག་ནས་འདོན་སྟངས་ཤིག་དང་འགྲེལ་བཤད་ཡོད་པ་ཡིན་ན། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་རང་དབང་གླེང་མོལ་ཐོག་ནས་བོད་རིགས་རྒྱ་ཆེ་མི་དམངས་ཀྱི་མདུན་དུ་ཐ་སྙད་འདི་གཉིས་འདོན་ཤེས་པ་དང་འགྲེལ་བཤད་བརྒྱབ་ཤེས་པའི་བོད་མི་དཀྱུས་མ་ང་ལྟ་བུ་ཞིག་ཡོང་ཐུབ་པ་ཡིན་ན། ཀློག་ཡོན་སུད་སི་སྒོར་མོ་བརྒྱ་ཐམ་པ་དང་མཇལ་དར་གཅིག་འབུལ་རྒྱུ་ཡིན། དེ་ལས་ལྷག་རྩོམ་པ་པོ་དང་གསར་འགོད་པ། དགེ་བཤེས་ལྷ་རམས་པ་ཕེབས་པ་ཡིན་ན། སུད་སི་སྒོར་མོ་ཉིས་བརྒྱ་དང་མཇལ་དར་ཞིག་འབུལ་རྒྱུ་ཡིན། དེ་ལས་ཀྱང་ལྷག་པའི་བོད་བཙན་བྱོལ་གཞུང་གི་སློབ་དཔོན་མཁས་དབང་ཟམ་གདོང་རིན་པོ་ཆེ་ཕེབས་ཐུབ་པ་ཡིན་ན། སུད་སི་སྒོར་མོ་སུམ་བརྒྱ་དང་མཇལ་དར་ཞིག་དང་ཕྱག་གསུམ་འཚལ་རྒྱུ་ཡིན།

གཉིས་པ་ཛ་དྲག་ཆེ་ཤོས་ནི། ང་རང་ཚོའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དུ་ནུབ་ཕྱོགས་ཡུལ་གྲུ་ཁག་གི་དུས་རབས་གསར་པའི་རིག་གནས་ལ་མཁས་པ་དང་བོད་ཡིག་ལ་ཤེས་ཚད་ཧ་ཅང་མཐོ་བའི་ཁྱད་ཆོས་གཉིས་ལྡན་གྱི་བོད་མི་རྣམས་དགུང་ལོ་མཐོ་པོ་ལ་སླེབས་བཞིན་འདུག ཁྱད་ཆོས་གཉིས་ལྡན་གྱི་བོད་མི་དེ་ཚོ་ཞལ་བཞུགས་པའི་སྐབས་སུ་ང་རང་ཚོ་བོད་ཁ་བ་རི་བ་ལ་དགོས་མཁོ་ཡོད་པའི་དུས་རབས་གསར་པའི་རིག་གནས་ཐམས་ཅད་བོད་ཀྱི་སྐད་ཡིག་ནང་དུ་བསྒྱུར་དགོས་པ་ནི་གནས་ཚུལ་ཛ་དྲག་ཞིག་ཏུ་སྣང༌། དཔེར་ན། ཁྱད་ཆོས་གཉིས་ལྡན་གྱི་བོད་མི་སྨན་པ་རྟའུ་དཔལ་ལྡན་ལྟ་བུར་ཆ་མཚོན་ན། ནུབ་ཕྱོགས་པའི་གསོ་བ་རིག་པ་ཁོང་དུ་ཆུད་པ་དང་། བོད་ཡིག་ལ་ཤེས་ཚད་ཧ་ཅང་མཐོ་བའི་ཁྱད་ཆོས་གཉིས་ལྡན་གྱི་བོད་མི་དེ་ཚོ་ཞལ་བཞུགས་པའི་སྐབས་སུ་བཙན་བྱོལ་བོད་གཞུང་ཤེས་རིག་ལས་ཁུངས་ནས་ནུབ་ཕྱོགས་པའི་གསོ་བ་རིག་པ་བོད་ཡིག་ནང་བསྒྱུར་མི་དགོས་པ་ཅི་ཡིན་ཞེས་འདྲི་རྒྱུ་ཡིན། དེ་དང་དེ་འདྲ་བའི་ཞིང་ལས་འབྲོག་ལས་བཟོ་ལས་ལ་སོགས་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཁག་གི་ལས་དོན་རིག་གནས་ཐབས་ཅད་བོད་ཀྱི་སྐད་ཡིག་ནང་དུ་ཚུར་བསྒྱུར་ཐུབ་པ་ཡིན་ན། དེ་ནི་ང་རང་ཚོའི་མི་རིགས་ཀྱི་ཆེད་དུ་རིན་ཆེན་གསེར་ལས་ལྷག་པའི་དགོས་མཁོ་ཡོད་པར་སྣང༌། དཔེར་ན། ང་རང་ཚོ་བོད་ལ་ཆ་བཞག་ན། འོ་མ་ཡོད་ཀྱང་ཕྱུར་བ་བཟོ་མི་ཤེས། ས་ཆ་ཡོད་ཀྱང་ཞིང་ལས་འདེབས་མི་ཤེས། གཏེར་ཁ་ཡོད་ཀྱང་བཟོ་གྲྭ་འཛུགས་མི་ཤེས། གསེར་དངུལ་ཡོད་ཀྱང་དངུལ་ཁང་འཛུགས་མི་ཤེས། གནས་ཚུལ་འདི་ཚོ་མིག་གི་མདུན་དུ་བཞག་ནས་བོད་ཀྱི་མཁས་དབང་ཚང་མས་ཁ་མི་གྲགས་པར་ལྐུག་པ་ཆགས་སོང་ངམ། འོ་ན་དུས་རབས་ཉི་ཤུ་རྩ་གཅིག་ནང་དུ་སླེབས་ན་ཡང་རྨོངས་གཉིད་ཁུག་ནས་སྡོད་ཀྱི་ཡིན་ནམ། གལ་སྲིད་དུས་རབས་གསར་པའི་ལག་ཤེས་དང་རིག་གནས་ཐམས་ཅད་ང་རང་ཚོའི་སྐད་ཡིག་ནང་དུ་བསྒྱུར་ཐུབ་པ་ཡིན་ན། བོད་ཀྱི་སྐད་ཡིག་འདིའི་ཐོག་ནས་དུས་རབས་གསར་པའི་སྤྱི་ཚོགས་ནང་དུ་བོད་མི་རྣམས་ཀྱིས་རྗེས་སུ་མ་ལུས་པའི་འཚོ་བ་གསར་པ་ཞིག་སྐྱེལ་ཐུབ་པའི་རེ་བ་ཡོད་པ་དང༌། དེ་འདྲ་བྱུང་ན་བོད་ཡིག་སློབ་སྦྱོང་བྱེད་མི་མང་དུ་འགྲོ་བ་དང་བོད་ཡིག་ལ་མཐོང་ཆེ་རུ་འགྲོ་བ་ནི་ཞུ་མ་དགོས་པར་མཁྱེན་གསལ་རེད། རང་ཉིད་དང་ཁྲག་རྒྱུད་འབྲེལ་བའི་སྤུན་ཟླ་ལྷན་རྒྱས་ལགས། ད་འདི་ནས་གུས་པའི་འབྲི་མཚམས་འཇོག་རྒྱུ་ཡིན། འཇིག་རྟེན་གྱི་ཁ་རྒྱུན་ལ། བཤད་མང་ན་ཕ་གཏམ་བུ་ལ་ཕོག། ཟ་མང་ན་བྲང་ཁའི་མཆིན་པ་ན་ཞེས་པ་ནང་བཞིན་མཚམས་བཞག་ན་བསམ། དེ་ལས་རྒྱ་ཆེ་ཀློག་པ་པོས་གུས་པའི་ཡིག་ནོར་དང་བཤད་པ་ཐལ་དྲགས་པ་རྣམས་ལ་རྐྱོན་བརྗོད་དང་དགག་པ་མང་ཙམ་ཡོད་པ་མཁྱེན།

ཕྱི་ལོ་ ༢༠༠༩ ཟླ་ ༡༠ ཚེས་ ༨ཉིན་སུད་སི་ནས་བཏང་།

འབྲེལ་ཡོད་གསར་འགྱུར།

Mobile App

ཞིང་གཤེགས་དམ་པ་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་ལགས་སུ་སྙིང་སྟོབས་གཟེངས་རྟགས་ཕུལ།

ཆུ་ཚོད་ ༩ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ནས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ལྕམ་མཱ་རི་ཡ་ལགས་སུ་འཚམས་འདྲི་མཛད།

ཆུ་ཚོད་ ༡༡ སྔོན་ལ།
ཁུང་ཙིའི་སློབ་མའི་བསླབ་བྱ།
Mobile App

རྒྱ་གཞུང་གིས་འཆར་གཞི་ལྡན་པའི་སྒོ་ནས་ཞིང་ལྗོངས་ལྔའི་བོད་ཁུལ་སློབ་གསོ་བཅོས་སྒྱུར་དང་མཐོ་རྒྱུགས་ཁྲོད་བོད་ཡིག་གདམས་གསེས་ལག་བསྟར་བྱས་པའི་སྐོར་རགས་ཙམ་གླེང་བ།

ཆུ་ཚོད་ ༡༧ སྔོན་ལ།
པར། བདག་དབང་། བོད་ཀྱི་དཔེ་མཛོད་ཁང་།
Mobile App

གསར་འགྱུར་མེ་ལོང་ལོ་ ༡༠༠ འཁོར་བའི་རྗེས་དྲན།

༢༠༢༥/༡༠/༡༡
FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

༢༠༢༥/༡༠/༡༠
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

༢༠༢༥/༡༠/༡༠

མཆན། 13

  1. འགྱུར་མེད says:
    ལོ་ 16 སྔོན།

    ཅོ་རི་ཉི་མ་ལགས་་
    དེ་སངས་ཁྱེད་ཀྱི་ཐ་སྙད་གསར་པའི་སྐོར་གྱི་སྒྲུང་ཐུང་དང་མུ་མཐུད་དེ་མདུན་སྤོས་ཀྱི་བྱ་བ་གང་སྤེལ་རྩིས་ཡོད་།་གུས་པ་མུ་མཐུད་དེ་ད་དུང་ལྟ་འདོད་དང་ཀློག་འདོད་ཀྱང་ཡོད།་སྶར་མཇལ་ཡོངས།་

    Reply
  2. འགྱུར་མེད says:
    ལོ་ 16 སྔོན།

    ཅོ་རི་ཉི་མ་ལགས་་
    དེ་སངས་ཁྱེད་ཀྱི་ཐ་སྙད་གསར་པའི་སྐོར་གྱི་སྒྲུང་ཐུང་དང་མུ་མཐུད་དེ་མདུན་སྤོས་ཀྱི་བྱ་བ་གང་སྤེལ་རྩིས་ཡོད་།་གུས་པ་མུ་མཐུད་དེ་ད་དུང་ལྟ་འདོད་དང་ཀློག་འདོད་ཀྱང་ཡོད།་སྶར་མཇལ་ཡོངས།་

    Reply
  3. རྨེའུ་དཀོན་རྒྱམ། says:
    ལོ་ 16 སྔོན།

    བཀུར་འོས་ཅོ་རི་ཉི་མ་ལགས།
    ཉིད་ཀྱི་ཐ་སྙད་གསར་གཟོའི་སྐོར་ལ་མང་པོ་ཞིག་གསུངས་འདུག་སྟབས། དངོས་གནས་རྗེས་སུ་རི་རངས་ཡོད་ལ། མ་འོངས་པ་ཡིན་ནའང་འདི་ལྟའི་ལས་དོན་ཕྱོོགས་སུ་བཀུར་འོས་ཉིད་ཀྱིས། ནུས་ཤུགས་ཡོད་རྒུ་འདོན་དགོས་པའི་རེ་སྐུལ་ཡང་ནན་གྱིས་ཞུ་བ་དང་ཆབས་ཅིག ཉིད་ཀྱི་བརྗོད་གཞི་འདིའི་ཐོག་ལ་དཔྱད་གཞིའི་རྒྱུ་ཆ་གང་མང་ཞིག་ལག་སོན་བྱུང་ཡོད་རྒྱུ་རེད་མོད། བོད་ནང་གི་མཁན་ཚུལ་ཁྲིམས་བློ་གྲོས་ཀྱིས་གཙོས་བྱས་པའི་མདོ་དབུས་ཁམས་གསུམ་གྱི་ཤེས་ཡོན་ཅན་སུམ་ཅུ་ལྷག་གིས་བསྒྱུར་བཞག་པའི་ཐ་སྙད་གསར་བའི་དེབ་ཆུང་གི་བསྐྱར་པར་ཞིག་གུས་པར་ཡོད་པས། གལ་སྲིད་དགོས་ངེས་བྱུང་ཚེ། གུས་པར་འབྲེལ་བ་བྱོས་དང་ཐབས་ལམ་གང་ཡོད་ཀྱིས་བསྐུར་ངེས་ཡིན་ལགས། གང་ལྟར། བཀུར་འོས་ཉིད་ཀྱི་ལྷག་བསམ་གྱིས་བསླངས་པའི་འདི་ལྟར་ལས་དོན་རྩོམ་ཕྱོགས་རྒྱབ་སྐྱོར་རྣམ་དག་ཡོད་པ།

    Reply
  4. བོད་ལ་དགའ་བའི་བུ་།། says:
    ལོ་ 16 སྔོན།

    ཡག་པོ་བྲིས་འདུག་།། ཤག་པོ་ལགས་།།

    Reply
  5. lhakpa tsering says:
    ལོ་ 16 སྔོན།

    i-IôGÅ-;Ým-¾-z=ÛÅ-zhï-¾ïGÅ-ŸÝºôüü

    Reply
  6. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    སྐད་ཡིག་གི་ཡོན་ཏན་གཙོ་བོ་ནི་འགྲོ་བ་མི་དང་མིའི་བར་ལ་གོ་བརྡ་སྤྲོད་ཐུབ་རྒྱུ་དེ་རེད།

    དེས་ན་བོད་ཡིག་གཏོར་ནས་དབྱིན་ཡིག་སྤྱང་བ་ཡིན་ན་འགྲིག་གི་རེད། དེང་སང་འཛམ་གླིང་ན་རྒྱུགས་ཆེ་ཤོས་དེ་ནི་དབྱིན་སྐད་ཆགས་ཀྱི་ཡོད་པར་ཆེས་རློམ་མཁན་མང་བོ་ཞིག་ཡོད་པ་སྐུ་ཉིད་བཞིན་དུ་གཅིག་མཚུངས་རེད། སྐད་ཡིག་ཟེར་བ་ནི་གོ་བརྡ་སྤྲོད་ཐུབ་ཙམ་ལས་བྱུང་གི་མེད་པར་ངེས་བཟུང་བ་དེ་ནི་གཏན་ནས་ནོར་བ་རེད།

    Reply
  7. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 16 སྔོན།

    དྲྭ་གྲོགས་མང་དག་ཅིག་ནས་གོང་གི་བསམ་ཚུལ་ལ་བསྟོད་བསྔགས་གང་ཙམ་གནང་འདུག འོན་ཀྱང་བབ་ཀློག་མི་བྱེད་པར་ཞིབ་ཚགས་ཀྱིས་ཀློག་ནས་བསམ་གཞིགས་རེ་བྱས་ན་ཚོར་སྣང་གི་ཆ་མང་བ་ལས་རྒྱུ་མཚན་གྱི་ཆ་ཉུང་ཞིང་ལྷག་ཏུ་ནང་འགལ་གྱི་ཆ་ཡང་ཧ་ཅང་མང་པོ་འདུག

    ངས་གཅིག་གསལ་སྟོན་བྱེད། ཁོང་གིས་ཐ་སྙད་གསར་པ་གཏན་འབེབ་ཀྱི་ཕྱོགས་དང་དེ་བེད་སྤྱོད་གཏོང་མཁན་གྱི་གྲངས་འབོར་གྱི་ཕྱོགས་སོགས་དཀའ་ཁག་འགའ་ཞིག་གྲངས་འདྲེན་གྱིས་ཕྱོགས་སྡོམ་ཞིག་བྱས་པར་བལྟས་ན་ང་ཚོས་བོད་སྐད་ཁོ་རང་བརྒྱག་མི་དགོས་པར་འགྲོ་རྒྱུག་གང་ཆེ་དང་ཤུགས་རྐྱེན་ཆེ་ཤོས་ཡིན་པའི་སྐད་ཡིག་ཅིག་ལ་སྐྱབས་བཅོལ་ན་འགྲིག་པའི་བཟོ་འདྲ་ཞིག་ཆགས་འགྲོ་གིན་འདུག

    དོན་དག་འདི་གལ་ཆེན་ཡིན་སྟབས་བསམ་བློ་ཅུང་ཟད་བཏང་མྱོང་ཞིང་དེ་རིང་ཅོ་རི་ཉི་མ་ལགས་ནས་སླར་ཡང་དྲན་སྐུལ་ཞིག་བཏང་བར་ཐུགས་རྗེ་ཆེ།

    Reply
  8. རུ་དམ་ལུང་གི་བུ། says:
    ལོ་ 16 སྔོན།

    གྲོགས་པོ་ལགས་ཁྱེད་ཀྱི་གསུང་མང་ཆེ་བ་ལ་རྒྱུ་མཚན་ཆེན་པོ་འདུག ཐུགས་རྗེ་ཆེ་ལགས། གཞན་གློག་ཀླད་ཟེར་བའི་མིང་དེ་ལས་ལེགས་ཆ་ཞིག་མ་གཏོགས་སྐྱོན་ཞིག་ཕྲན་གྱིས་མཐོང་གི་མི་འདུག

    Reply
  9. རུ་དམ་ལུང་གི་བུ། says:
    ལོ་ 16 སྔོན།

    http://www.qhtb.cn/zhibo/view.jsp?id=8234&zt=0

    Reply
  10. རི་བོང། says:
    ལོ་ 16 སྔོན།

    དངོས་གནས་རྒྱུ་མཚན་འདུག ཕན་ཐོགས་པའི་རིག་ཚན་རེ་བསྒྱུར་ཨེ་ཐུབ་མི་ལྟ་བར། ཅ་དངོས་རེ་ལ་མིང་རེ་འདོགས་འུ་ཐུབ་བལྟས་བསྡད་ན་དགེ་མཚན་མཐོང་མ་སོང་། མཁས་དབང་དགེ་ཆོས་ཀྱི་སློབ་མ་ཡིན་དུས་རྒན་པ་ཞིག་ཡིན་པ་རེད། ཁྱེད་ཚ་ལ་པ༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷༷

    དངོས་གནས་བདེན་པ་རེད། ཕན་ཐོགས་པའི་རིག་ཚན་རེ་བསྒྱུར་འུ་ཐུབ་མི་ལྟ་བར། ཅ་དངོས་རེ་ལ་མིང་གསར་བ་རེ་བཟོས་ནས་བེད་སྤྱོད་གཏོང་མཁན་མེད་ན་ཅིའི་ཕྱིར་ཕན། མཁན་དབང་དགེ་ཆོས་ཚང་གི་སློབ་མ་ཡིན་དུས་རྒན་རབས་པ་ཞིག་ཡིན་པ་སྨྲོས་ཅི་དགོས། རྒན་རབས་པ་ཚོས་ཕྱག་རྗེས་ལ་རྗེས་སུ་ཡི་རངས་ཡོད།

    Reply
  11. phonya says:
    ལོ་ 16 སྔོན།

    རྩོམ་པ་པོ་ལགས་སུ་རང་རེ་གངས་ཅན་པ་རྣམས་ལ་ཐུགས་ཁུར་ཆེར་བཞེས་ཀྱི་དགོངས་ཚུལ་ལམ་བསམ་འཆར་གནང་བར་ཐུགས་རྗེ་ཆེ། རྗེས་སུ་ཡི་རང་ཡོད།

    Reply
  12. བསེ་རུ། says:
    ལོ་ 16 སྔོན།

    ཁྱེད་རང་ཐག་རིང་སུད་སི་ནས་ཐུགས་ཁུར་ཆེ་བཞེས་ཀྱིས་དགོངས་ཚུལ་གནང་བ་དེ་ང་ཚོས་ཀློག་བཞིན་ཡོད། ཡིག་ནོར་ཐོག་ཚང་མས་ཐུགས་གཟབ་དང་དོ་སྣང་གནང་གིན་ཡོད་ལ།
    དང་བླང་ཞུ་དག་པ་ཡང་ཇེ་མང་དུ་འགྲོ་བཞིན་ཡོད་པས། ཁོ་བོས་དེ་རིང་སྐུ་ཉིད་ཀྱི་རྩོམ་ཡིག་ཁྲོད་ཀྱི་ཡིག་ནོར་བཏང་སྙོམས་སུ་བཞག་ཡོད།
    ཞུ་དག་པ་གཞན་གྱི་གོ་སྐལ་མ་འཕྲོག་པའི་ཆེད་དུའོ།།

    Reply
  13. དབྱངས་ཅན་རོལ་བའི་འོ་མཚོ་། says:
    ལོ་ 16 སྔོན།

    གྲོགས་པོ་ལགས་ཁྱེད་ཀྱི་ཐུགས་ཁུར་ཆེན་པོ་བཞེས་ནས་དཔྱད་རྩོམ་ཡག་པོ་ཞིག་རིང་པོ་ཞིག་འབྲི་བར་ཐུགས་རྗེ་ཆེ་ཞུ། འོན་ཀྱངཁྱེད་ཀྱི་རྩོམ་ཡིག་འདི་བཞིན་རིང་དྲགས་ནས་ཀློག་མཁན་ལ་ཉོབ་སྣང་ཞིག་སྦྱིན་ངེས་དེ་བརྟེན་ཁྱེད་ཀྱི་རྩོམ་ཡིག་འབྲི་དུས་དོན་མཚམས་པ་ཚིག་ཉུང་བ་ཞིག་འབྲི་ཐབས་བྱ་རོགས་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese