མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མོན་པ་དང་ལ་དྭགས་གཉིས་སྔོན་ལ་སུ་འགྲོ་བལྟ་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༠༩/༡༡/༠༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཞོགས་པའི་ཆུ་ཚོད་ ༡༠ སྟེང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མོན་རྟ་དབང་གནམ་ཐང་ལ་ཞབས་སོར་བདེ་བར་བཀོད་ཡོད་པ་དང་། སྐབས་དེར་ཨ་རུ་ན་ཅཱལ་མངའ་སྡེ་སྤྱི་ཁྱབ་བློན་ཆེན་རྡོ་རྗེ་མཁའ་འགྲོས་གཙོས་པའི་མངའ་སྡེའི་དཔོན་རིགས་རྣམས་དང་། མོན་རྟ་དབང་རྫོང་གི་རྫོང་དཔོན་གཙོས་པའི་ས་གནས་མགོ་ཁྲིད་རྣམ་པ། དེ་བཞིན་དགོན་སྡེ་ཁག་གི་སྐུ་ཚབ་དང་ས་གནས་མི་དམངས་ཀྱི་འཐུས་ཚབ་བཅས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།

མོན་རྟ་དབང་དགོན་པའི་བླ་མ་ལས་སྣ་དང་གྲྭ་དམངས་འདུས་ཚོགས་ཀྱིས་བཀྲ་ཤིས་པའི་མཆོད་རྫས་སྣ་ཚོགས་དང་། རྔ་རོལ་གྱི་ཕེབས་བསུ་རྒྱ་ཆེན་དབུས་༧གོང་ས་མཆོག་སྐུ་འཁོར་དང་བཅས་པ་མོན་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་པར་ཆིབས་སྒྱུར་བསྐྱངས་ཏེ། དགོན་པའི་འགྲེམས་སྟོན་ཁང་སྒོ་འབྱེད་དང་། དེ་ནས་འདུ་ཁང་དུ་ཕེབས་ཏེ་གཙོ་སྐུ་ཐུབ་པའི་སྐུ་བརྙན་ལ་སྙན་ཤལ་འཐེན་ཡོད། ཉིན་གུང་ཆུ་ཚོད་དང་པོ་ཐོག་རྟ་དབང་དགོན་པའི་རིག་གཞུང་སློབ་གཉེར་ཁང་གི་དཔེ་མཛོད་སྒོ་འབྱེད་གནང་རྗེས་སློབ་གྲྭའི་ཚོགས་ཁང་ནས་དགེ་ལས་རྣམ་པར་མཇལ་ཁ་གནང་བ་དང་སྦྲགས་སློབ་གྲྭའི་མཚན་ཉིད་རྩོད་པར་གསན་གཟིགས་གནང་ཡོད།

སྐབས་དེར་དགོན་པའི་མཁན་པོ་གུ་རུ་སྤྲུལ་སྐུ་རིན་པོ་ཆེ་མཆོག་གིས་གྲྭ་ཚང་གི་ལས་སྡོམ་སྙན་སྒྲོན་ཞུས་དོན། གྲྭ་ཚང་གི་སློབ་གྲྭ་སྔོན་འགྲོ་ནས་འཛིན་རིམ་བརྒྱད་པའི་བར་རྒྱ་གར་གཞུང་གི་ལམ་སྲོལ་ལྟར་སློབ་ཚན་གཏན་འབེབས་འགྲོ་མུས་ཐོག སྔར་ལོ་འཛིན་རིམ་བཅུ་བའི་བར་གསར་དུ་སྤར་ཏེ་མདོ་སྔགས་ཀྱི་སློབ་ཚན་དང་གྲྭ་ཚང་གི་ཆོ་ག་ཕྱག་ལེན་སོགས་ལ་དོན་གཉེར་གནང་བཞིན་ཡོད། གྲྭ་ཚང་ལ་དགེ་འདུན་པ་སྔར་ནས་མང་པོ་ཡོད་ལ། ད་ལོ་སྔར་ལས་མང་བ་བྱུང་། ཉེ་ཆར་རྒྱ་གར་ཁོར་ཡུག་སྲུང་སྐྱོབ་ཚོགས་པའི་ནང་འདི་ག་གྲྭ་ཚང་གི་དགེ་འདུན་པ་ ༤ ཕེབས་ཏེ་ཁོར་ཡུག་སྐོར་ལ་གོ་རྟོགས་གང་ལེགས་བྱུང་ཡོད་ལ། ༧གོང་ས་མཆོག་གི་བཀའ་དགོངས་བཞིན་དགོན་པའི་མཁན་པོ་ནས་ཡུལ་ལུང་སོ་སོའི་མང་ཚོགས་ལ་ནང་ཆོས་ཀྱི་གོ་རྟོགས་སྤེལ་གྱིན་ཡོད་ལ། སྔར་ལོ་ཉིན་གྲངས་ ༢༠ རིང་ས་གནས་སོ་སོར་ངོ་སྐྱོད་ཀྱིས་ནང་ཆོས་ངོ་སྤྲོད་བྱས་པས་ཕན་ཐོགས་ཆེན་པོ་བྱུང་སྙམ་པའི་དགའ་ཚོར་སྐྱེས། ཞེས་གསུངས་སོང་།

དེའི་རྗེས་སློབ་གྲྭའི་གཙོ་འཛིན་མཆོག་གིས་སློབ་གྲྭའི་ལས་སྡོམ་སྙན་སྒྲོན་ཞུས་དོན། ༡༩༧༧ ལོར་སློབ་གཉེར་ཁང་འདི་ཉིད་དབུ་བརྙེས་ཤིང་། ཐོག་མར་སྔོན་འགྲོའི་འཛིན་གྲྭ་གཅིག་དང་དེ་ནས་ ༡༩༨༨ ལོར་འཛིན་རིམ་བརྒྱད་པ་བར་ཚུགས་ཐུབ་པ་བྱུང་། ཉེ་བའི་ཆར་སྔོན་འགྲོ་གོང་འོག་གཉིས་དང་འཛིན་རིམ་བརྒྱད་པ་ནས་བཅུ་བའི་བར་སྤར་ཏེ། ད་ལྟ་སློབ་གཉེར་ཁང་འདིར་ཁྱོན་སྡོམ་འཛིན་གྲྭ་བཅུ་གཉིས་ཡོད། སློབ་གྲྭའི་སློབ་ཚན་ལ་མཚན་ཉིད་རིགས་ལམ་དང་དགོན་པའི་ཆོ་ག་ཕྱག་ལེན། བོད་ཡིག་དང་ཧིན་རྡི། དབྱིན་ཡིག སྤྱི་ཚོགས་ཚན་རིག་བཅས་ཡོད། འཛིན་གྲྭ་མཐོ་བའི་སློབ་ཕྲུག་རེར་ཟླ་བ་དྲུག་རིང་གློག་ལས་འཕྲུལ་འཁོར་རིགས་སློབ་སྦྱོང་སྤྲོད་ཀྱིན་ཡོད། ལོ་ཤས་སྔོན་ནས་དགོན་པ་འདིའི་ཐུན་མོང་མ་ཡིན་པའི་གར་འཆམ་སོགས་ཀྱང་སྦྱོང་བརྡར་བྱེད་ཀྱིན་ཡོད། སློབ་ཕྲུག་ཚོས་ཁོར་ཡུག་སྲུང་སྐྱོབ་ཆེད་ཤིང་ནགས་འདེབས་འཛུགས་གང་ལེགས་བྱུང་ཡོད། གཞན་སློབ་གྲྭ་འདིར་ཕ་མ་ཉམ་ཐག་གི་བུ་ཕྲུག་མི་སྐྱ་ཚོ་ལའང་སློབ་སྦྱོང་གི་གོ་སྐབས་སྤྲོད་ཀྱིན་ཡོད། ད་ལྟའི་ཆར་སློབ་གྲྭ་འདིར་དགེ་རྒན་ ༡༣ དང་ལས་བྱེད་ ༧ ། དགེ་འདུན་པ་ ༢༡༠ དང་མི་སྐྱ་ ༢༠ བཅས་ཡོད། ཝར་ནཱ་མཐོ་སློབ་ཐོན་པ་ ༡༥ ཡིས་རིག་གཞུང་དང་སྤྱི་ཚོགས་ཞབས་ཞུ་སྒྲུབ་ཀྱིན་ཡོད་ལ། ད་ལྟ་སློབ་གཉེར་གནང་མུས་ ༣༥ ཙམ་ཡོད། སློབ་གཉེར་ཁང་འདིར་རྒྱ་གར་དབུས་གཞུང་རིག་གཞུང་ལྷན་ཁང་དང་མི་རིགས་སྡེ་ཚན་གཉིས་ནས་མཐུན་འགྱུར་རོགས་རམ་གནང་བཞིན་ཡོད། ཅེས་གསུངས་སོང་།

མཇུག་མཐར་སྤྱི་ནོར་༧གོང་ས་མཆོག་གིས་སློབ་གྲྭ་དེ་གའི་དགེ་ལས་སློབ་ཕྲུག་ཡོངས་ལ་བླང་དོར་གྱི་བཀའ་སློབ་གསུང་བཤད་གནང་དོན། ཕྱི་དངོས་པོ་ཡར་རྒྱས་ཕྱིན་པ་དང་ལྷན་དུ་ཆོས་ཕྱོགས་ཀྱི་ཤེས་ཚད་དང་། དེང་དུས་ཀྱི་ཤེས་ཡོན་གཉིས་ཀ་ཡར་རྒྱས་སུ་འགྲོ་དགོས་པ་ཧ་ཅང་གལ་ཆེན་པོ་རེད། དེང་སྐབས་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་ཡོང་གིན་ཡོད་པ་རེད། མཐའ་མཚམས་འདིར་དགོན་པ་ཞིག་ཡོད་བསྡད་པ་དེ་ཚད་ལོངས་པ་ཞིག་དང་སྤུས་དག་པོ་ཞིག་ཡོད་པ་ཡིན་ན། མི་མང་པོ་ཞིག་ལ་དོ་སྣང་གསར་བ་ཞིག་ཡོང་གི་རེད། ཉེ་ཆར་ཨ་རིའི་བཟོ་གྲྭ་ཆེན་པོ་ཞིག་གི་སྦྱིན་བདག་བཟའ་མི་གཉིས་ངོས་སར་སླེབས་སོང་། སྐྱེས་དམན་དེས་ལོ་བཅུ་གྲངས་གོང་ཞིག་ལ་བལ་ཡུལ་གྱི་དགོན་པ་ཞིག་ནས་ཟླ་གཅིག་རིང་ནང་ཆོས་ལ་ཉན་པ་ཡིན། དུས་དེ་ནས་བཟུང་ངའི་མི་ཚེ་ལ་འགྱུར་བ་ཕྱིན་སོང་། ཞེས་མིག་ཆུ་འཁོར་བཞིན་བརྗོད་སོང་། དེར་བརྟེན། ང་རང་ཚོའི་ནང་པ་སངས་རྒྱས་པའི་ཆོས་ལ་དོ་སྣང་གིས་ལྟ་སྐོར་བྱེད་མཁན་ཞིག་ཡོང་བ་ཡིན་ན། མཐོང་རྒྱུ་སྟོན་རྒྱུ་ཡོད་པ་དང་ངོམ་སོ་བྱེད་ཆོག་པ་ཞིག་བྱུང་བ་ཡིན་ན་མི་ལ་ཕན་ཐོགས་ཡོང་གི་རེད་ལ། བསྟན་པའི་ཞབས་འདེགས་ཀྱང་རེད། ད་ལྟ་སློབ་སྦྱོང་གནང་མཁན་ཚོ་མ་འོངས་པར་དགོན་པའི་ངོ་བོ་ཆ་ཚང་བ་ཞིག་དང་སྤུས་དག་པོ་ཞིག་ཡོང་རྒྱུའི་སོན་རྩ་ཆགས་ཡོད་པ་རེད། སོ་སོ་སྒེར་གྱི་འདི་ཕྱི་གཉིས་ཀྱི་དོན་ཆེན་རེད་ལ། བསྟན་པ་སྤྱིའི་སྲི་ཞུ་རླབས་ཆེན་རེད། ཐོས་བསམ་སྒོམ་གསུམ་ད་ལྟའི་བར་ཡག་པོ་བྱུང་འདུག་ལ། ད་དུང་ཡར་རྒྱས་གཏོང་རྒྱུར་ཧུར་སྐྱེད་གནང་རོགས་ཞུ་རྒྱུ་ཡིན། སློབ་ཕྲུག་ཚོས་དེང་དུས་ཀྱི་ཤེས་ཡོན་དང་སངས་རྒྱས་ཀྱི་ཆོས་ཤེས་ཏེ་དད་པ་ཐོབ་རྒྱུ་གལ་ཆེན་པོ་རེད། ལས་སྡོམ་ནང་གྲོང་གསེབ་ཁག་ཏུ་ཕྱིན་ཏེ་ནང་ཆོས་ངོ་སྤྲོད་བྱེད་ཀྱིན་ཡོད་སྐོར་བཀོད་འདུག དེ་ཞེ་དྲག་གལ་ཆེན་པོ་རེད། དེ་སྔའི་ང་ཚོས་ཆོས་བྱེད་སྟངས་དེ་རྗེས་ལུས་ཀྱི་ཆོས་བྱེད་སྟངས་ཤིག་རེད། དེ་འགྲིག་གི་མི་འདུག ཡིན་གཅིག་མིན་གཅིག་དུས་ཚོད་དང་མཐུན་པའི་ཆོས་བྱ་དགོས་པ་དང་། ཆོས་ཤེས་ཏེ་དད་པ་ཐོབ་པ་ཞིག་བྱུང་བ་ཡིན་ན་དུས་ཚོད་དང་མཐུན་པ་ཞིག་ཆགས་ཀྱིན་ཡོད། གྲངས་ཀ་མང་ཉུང་དེ་ཡང་བསམ་བློ་གཏོང་དགོས་པ་ཞིག་རེད། གྲྭ་ཚང་སོ་སོའི་གནས་སྟངས་ལ་བལྟས་ན་གྲྭ་བ་མང་པོ་བྱུང་ན་ཡག་པོ་རེད། འོན་ཀྱང་། སྤྱི་ཡོངས་ནས་ཡུལ་མིའི་གྲངས་འབོར་ལའང་བསམ་བློ་གཏོང་དགོས་པ་ཞིག་ཡིན། ལ་དྭགས་སོགས་སུ་དེ་འདྲ་འདུག གྲྭ་བཙུན་མང་པོ་ཆགས་ཡོང་ན། དེས་ཡུལ་སྤྱིའི་མི་འབོར་ལ་བསམ་བློ་གཏོང་དགོས་པ་ཞིག་ཆགས་ཀྱིན་ཡོད། ངོས་རྟག་པར་བཤད་ཀྱིན་ཡོད། ཁ་ཐུག་གི་གནས་སྟངས་གཅིག་དང་། ཕྱོགས་ཡོངས་ནས་ལྟ་དགོས་པ་གཅིག་བཅས་འདུག ཡོད་པ་དེ་སྤུས་དག་པོ་ཡོང་རྒྱུ་གལ་ཆེན་པོ་རེད།

དེ་བཞིན། བཙུན་མའི་དགོན་པ་ཚོས་ཡིན་གཅིག་མིན་གཅིག་མཚན་ཉིད་ལ་བལྟ་དགོས་པ་རེད། བཙན་བྱོལ་ནང་བཙུན་མའི་དགོན་པ་ཚོ་ལོ་ཧ་ལམ་བཞི་བཅུ་ཆགས་ཀྱིན་ཡོད། མཚན་ཉིད་ཀྱི་གཞུང་ཆེན་བལྟས་ཏེ་དགེ་བཤེས་མ་འཐོན་རྒྱུའི་དུས་ལ་སླེབས་བསྡད་ཡོད། ལ་དྭགས་ཁུལ་དུའང་ངོས་འབོད་སྐུལ་ཞུ་རྒྱུ་བྱུང་། ཁྱེད་ཅག་མོན་ཁུལ་དུའང་རབ་བྱུང་མའི་དགོན་པ་ཚོས་གཞུང་ཆེན་བལྟ་རྒྱུའི་ལམ་སྲོལ་ཅིག་ངེས་པར་དུ་དགོས་ཀྱིན་འདུག ཆོས་དད་ཀྱི་ཆ་ནས་ཡུལ་ལུང་གང་ལ་བལྟས་ཀྱང་། སྐྱེས་པ་དང་བུད་མེད་གཉིས་ལས་བུད་མེད་ཚོ་ཆོས་དད་ཆེ་བའི་བཟོ་འདྲ་བོ་ཞིག་འདུག ཆོས་དད་བྱེད་མཁན་མང་ཕྱོགས་དེར་ཐོབ་ཐང་ཉུང་བ་དང་སློབ་སྦྱོང་གི་གོ་སྐབས་མེད་པ་ཆགས་ན་ཐབས་སྐྱོ་བོ་རེད། འོན་ཀྱང་། དགེ་སློང་མའི་སྡོམ་རྒྱུན་ཟེར་བ་དེ་ང་ཚོས་ཐག་གིས་གཅོད་ཐུབ་ཡོད་པ་མ་རེད། འདུལ་བའི་འགྲོ་སྟངས་དང་མཐུན་པ་ཞིག་གི་ཐོག་ནས་འདུལ་བ་འཛིན་པ་ཚོས་གོ་བསྡུར་དང་། གཞུང་མང་པོ་གོ་བསྡུར་བྱས་ཏེ་འགྲོ་དགོས་པ་ཞིག་ལས་ང་ཚོ་བོད་པ་གཅིག་པུས་ཐག་གིས་གཅོད་ཐུབ་པ་ཞིག་མ་རེད། སློབ་གཉེར་གནང་རྒྱུ་དེ་དགེ་འདུན་པ་ཚོ་དང་གཅིག་མཚུངས་ཀྱིས་གཞུང་ཆེན་ལ་སློབ་སྦྱོང་གནང་རྒྱུ་དེ་ང་ཚོའི་ལག་ཏུ་ཡོད་པ་ཞིག་རེད།

དེ་བཞིན། མི་སྐྱ་ཚོས་རིགས་ལམ་སློབ་གཉེར་གནང་རྒྱུ་དེ་གལ་ཆེན་པོ་རེད། ཆོས་གཅིག་པུའི་སྐད་ཆ་མ་རེད། དོན་དག་གང་དང་གང་ཡིན་ནའང་ཕན་གྱིན་ཡོད་པ་རེད། རིགས་ལམ་གྱི་འགྲོ་སྟངས་དེ་མཁྱེན་པ་ཡིན་ན། དཔལ་འབྱོར་དང་ཁོར་ཡུག དེང་རབས་ཚན་རིག ཆབ་སྲིད་ཚན་རིག ཁྲིམས་ལུགས་སོགས་གང་ཞིག་ཡིན་རུང་། སློབ་ཚན་མི་འདྲ་བ་ཡིན་ནའང་རིགས་ལམ་གྱི་འགྲོ་སྟངས་དེས་ཕན་ཞེ་དྲག་ཐོགས་གི་རེད། རིགས་ལམ་ནི་མི་ལ་རྣམ་དཔྱོད་ཀྱི་ཤེས་རབ་ཅིག་ཡོད་བསྡད་པ་དེའི་ལག་ཆ་ལྟ་བུ་རེད། དེ་དགོན་པའི་འདི་ནས་རྐང་བཙུགས་ཏེ་ཡག་པོ་ཞིག་གནང་ཐུབ་པ་ཡིན་ན། རིམ་པས་སློབ་གྲྭ་གཞན་དུའང་སྲོལ་གཏོད་ཐུབ་པ་ཞིག་ཡོང་གི་རེད།

བོད་ཨ་མདོ་ཕྱོགས་སུ་སློབ་གྲྭ་ཞིག་འདུག སྤྱི་ཡོངས་ནས་རྒྱ་ནག་གཞུང་གི་སློབ་གྲྭའི་འགྲོ་སྟངས་ལྟར་རེད། དེའི་ནང་དུ་བཀྲ་ཤིས་འཁྱིལ་ནས་དཔེ་ཆ་བལྟས་མྱོང་བ་ཁ་ཤས་འདུག ཁོང་ཚོས་རྟགས་གསལ་བསླབ་འདུག སློབ་གྲྭ་དེ་ནས་ཐོན་པའི་སློབ་མ་ཚོ་རྒྱ་ནག་གི་མཐོ་རིམ་སློབ་གྲྭར་ཕྱིན་སྐབས། ཁོང་ཚོས་རྣམ་དཔྱོད་གཏོང་སྟངས་དེ་གཞན་དང་མི་འདྲ་བ་ཞིག་བྱུང་སྟབས། རྒྱ་ནག་གི་མཐོ་རིམ་སློབ་གྲྭའི་དགེ་རྒན་འགའ་རེ་སློབ་གྲྭ་དེར་ལྟ་སྐོར་ལ་ཡོང་སྟེ། ཁྱེད་ཅག་གི་སློབ་གྲྭ་ནས་ཐོན་པའི་སློབ་མ་ཚོས་དཔྱད་པ་གཏོང་སྟངས་མི་འདྲ་བ་འདུག དེ་ང་ཚོས་བསླབ་དགོས་ཀྱིན་འདུག ཅེས་བརྗོད་འདུག དེར་ང་ཚོས་ངེས་པར་དུ་དོ་སྣང་བྱ་དགོས་པ་རེད།

ངོས་ལ་དྭགས་ལའང་འབོད་སྐུལ་ཞུས་ཡོད། ད་ལྟ་མོན་པར་འབོད་སྐུལ་ཞུ་བཞིན་ཡོད། རྗེས་མ་ལ་དྭགས་སྔོན་ལ་ཕྱིན་སོང་ངམ། མོན་པ་སྔོན་ལ་ཕྱིན་སོང་བལྟ་རྒྱུ་ཡིན། འཛུགས་སྐྲུན་ཡར་རྒྱས་ཞེ་དྲག་ཕྱིན་འདུག ཁྱེད་ཅག་དགེ་འདུན་པ་ཚོའང་གསལ་རིག་རིག་དང་གྲུང་རིག་རིག་འདུག དེ་བཞིན་དགོན་པའི་སྲི་ཞུ་བ་ཚོའང་ཡག་པོ་ཞེ་དྲག་ཡོད་པའི་བཟོ་འདྲ་བོ་ཞིག་འདུག ད་དུང་མུ་མཐུད་དེ་ཧུར་ཐག་བྱོས། ཞེས་གསུངས་སོང་།

དེའི་རྗེས་ཕེབས་ལམ་ནས་རྒྱ་གར་དང་ཕྱི་རྒྱལ་གྱི་གསར་འགོད་པ་དག་གིས་༧གོང་ས་མཆོག་ལ་བོད་རྒྱའི་གནད་དོན་དང་། བོད་དང་ཨ་རུ་ན་ཅལ་གྱི་ས་མཚམས་གནད་དོན་སྐོར་ལ་བཅར་འདྲི་ཞུས་པའི་ལན་དུ་ཁོང་གིས་བཀའ་ལན་སྐྱོན་དོན། ཐོག་མར་ངོས་སྐྱབས་བཅོལ་དུ་ཡོང་སྐབས་རྒྱ་ནག་གཞུང་ཕྱོགས་ནས་ཏཱ་ལའི་བླ་མ་ཕྱི་རྒྱལ་གྱི་ལོག་སྤྱོད་པས་བཙན་ཁྲིད་བྱས་པ་རེད་ཅེས་བརྗོད་པ་རེད། རྗེས་སུ་མ་སུ་རི་ནས་དེའི་སྐོར་ལ་གསལ་བཤད་ཀྱི་གཏམ་བཤད་ཅིག་བྱས་པ་ཡིན། དེ་ནི་དངོས་ཡོད་གནས་ཚུལ་དང་ཁ་གསལ་ཤོས་དེ་ཡིན། སྐད་ཆ་དེ་ལ་རྒྱ་ནག་གཞུང་ཕྱོགས་ནས་ཀྱང་ངོས་ལེན་ཆ་འཇོག་ལྟ་བུ་བྱས་པ་རེད། ཅེས་དང་། ཕྱི་ལོ་ ༢༠༠༦ ལོའི་ཟླ་ ༢ ནང་ངོས་རང་གི་སྐུ་ཚབ་ཚོགས་པ་རྒྱ་ནག་གཞུང་གི་དཔོན་རིགས་ཚོར་ཐུག་འཕྲད་བྱས་སྐབས། ཕར་ཕྱོགས་ནས་ངོས་རང་གི་ལངས་ཕྱོགས་གང་ཡིན་པ་དང་། ངོས་ཀྱི་བསམ་པ་རྣམ་དག་ཡིན་པ་གསལ་བོར་ཤེས་ཡོད་ལ། དེ་བཞིན་དུ་ངོས་ལེན་ཡང་གཙང་མ་གནང་ཡོད་པ་རེད། དེ་གསང་བ་རེད། འོན་ཀྱང་། དེའི་རྗེས་རྒྱ་ནག་གཞུང་གིས་ཕྱི་ཕྱོགས་ནས་ངོས་ལ་སྐྱོན་བརྗོད་ཤུགས་ཆེན་པོ་བྱས་པ་རེད། ཅེས་གསུངས་བྱུང་ལ། ཡང་ཨ་རུ་ན་ཅལ་དང་བོད་པའི་ས་མཚམས་སྐོར་ལ་ཏཱ་ལའི་བླ་མ་སྐུ་ཉིད་ཀྱི་ལངས་ཕྱོགས་གང་ཡིན་དྲིས་པའི་ལན་དུ་ཁོང་གིས། ས་མཚམས་སྐོར་ལ་ངོས་རང་གི་ལངས་ཕྱོགས་སྔོན་མ་ནས་གསལ་བོ་ཡིན། ད་དུང་དོགས་པ་དང་གསལ་ཁ་བྱུང་མེད་ན། ངས་སྔར་བཤད་ཟིན་པའི་ལངས་ཕྱོགས་དེར་སློབ་སྦྱོང་བྱོས། ཞེས་སྐུ་རྩེད་དང་སྦྲགས་ཏེ་བཀའ་ལན་གནང་སོང་།

བོད་ཀྱི་དུས་བབ་གསར་འགོད་པ། དོན་གྲུབ་བཀྲ་ཤིས་ཀྱིས་མོན་རྟ་དབང་ནས་སྤེལ།

འབྲེལ་ཡོད་གསར་འགྱུར།

བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

ཆུ་ཚོད་ ༡ སྔོན་ལ།
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

ཆུ་ཚོད་ ༥ སྔོན་ལ།
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

ཆུ་ཚོད་ ༨ སྔོན་ལ།
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦
Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

༢༠༢༦/༠༧/༡༦

མཆན། 20

  1. tsegyal says:
    ལོ་ 17 སྔོན།

    WEL COME

    Reply
  2. རྒྱང་རིང་ནས། says:
    ལོ་ 17 སྔོན།

    དྲ་གྲོགས་ཚོ་ ༧གོང་ས་མཆོག་གིས་ས་མཚམས་སྐོར་ལ་ལངས་ཕྱོགས་གང་འདྲ་ཞིག་གསུང་ཡོད་པ་རེད ངས་དྲན་གསོན་ཐོབ་ཀྱི་མི་འདུག་པས་ཁྱོད་ཚོ་སུས་ཡིན་ཡང་ང་ལ་ཅིག་བཤདརོགསགནང་ སྐུ་ཚེ་རིང་།

    Reply
  3. གཅན་བཟོད་རྒྱམ། says:
    ལོ་ 17 སྔོན།

    མཆན་བུ་སྟབས་བདེ་འདེབས་མཁན་རྣམས་ལ་རྗེས་སུ་ཡི་རངས་བྱེད། ངས་ཀྱང་དགའབསུ་ཞུ།

    Reply
  4. གཡང་མདའ། says:
    ལོ་ 17 སྔོན།

    མགོན་པོ་གང་ཉིད་མོན་རྟ་དབང་ལ་ཞབས་སོར་བདེ་བར་འཁོད་པ་ལ་སྙིང་ཐག་པ་ནས་དགའ་བསུ་རྟེན་འབྲེལ་ཞུ།

    Reply
  5. སྨྲ་བརྗོད་རང་དབང་། says:
    ལོ་ 17 སྔོན།

    ས་གནས་ནས་གསར་འགྱུར་སྐབས་ནས་སྤེལ་བར་ཐུགས་རྗེ་ཆེ་ང་ཚོས་བསྒུག་ནས་ཡོད།

    Reply
  6. གངས་རྡེའུ། says:
    ལོ་ 17 སྔོན།

    སྤུལ་སྐུ་ཞིག་ཡིན་ན་ཚད་གཞི་ཞིག་དགོས་རྒྱུ་རེད་། དེ་མིན་མིང་ཙམ་གྱི་མི་ཕན་གི ༸་ས་མཆོག་ཙམ་ཞིག་མི་ཡོང་བ་བདེན་པ་རེད་། ཡིན་ཡང་མི་སེར་སྐྱེས་མ་ཞིག་གི་ལྷག་ལས་འབད་མཁན་ཞིག་དགོ་རྒྱུ་རེད།
    དེ་མིན་མིང་ཆེ་བ་ཙམ་གྱི་ཅི་བྱེད་རྒྱུ་ཡིན།

    Reply
  7. གངས་རྡེའུ། says:
    ལོ་ 17 སྔོན།

    དྲ་གྲོགས་རྒྱ་མཚོས་འདི་མཚམས་སྦྱོར་བྱས་པ་ཧ་ཅང་ཡག་གི། ངོ་མ་རེད་སྤྲུལ་སྐུ་ཡིན་ཟེར་བ་ཙམ་གྱི་ཅི་བྱེད་རྒྱུ་ཁོང་ཚོ་དཔའ་རྟགས་ཤིག་སྟོན་རྒྱུ་དགོས་རྒྱུ་རེད་ཆོས་མེད་ཆབ་སྲིད་མེད་ན་དེས་ཅི་བྱེད་རྒྱུ་ཤི་བོ་དང་གསོན་པོ་གང་གིས་ཀྱང་མིག་གཅེར་ནས་བལྟས་ཡོད་ས་དེད་སྤྲུལ་སྐུ་རྣམ་པ་རེད། ད་སྐྱིད་པོ་ཁོ་ན་བྱས་བསྡད་དང་ན་མི་འགྲིག་ག

    Reply
  8. ཨ་མྱེ says:
    ལོ་ 17 སྔོན།

    མགོན་པོ་གང་ལ་སྐྱབས་སུ་མཆི།

    Reply
  9. GYAMTSO says:
    ལོ་ 17 སྔོན།

    སྤྲུལ་སྐུ་དང་སྐུ་དྲག་གཅིག་ཡིན།

    བོད་ཀྱི་ལོ་རྒྱུས་ཁྲོད་ཆབ་སྲིད་ཀྱི་ཕྱོགས་ནས་སྐུ་དྲག་དང་ཆོས་ལུགས་ཀྱི་ཕྱོགས་ནས་སྤྲུལ་སྐུ་གཉིས་བྱུང་ཡོད། དེ་ཡང་འདས་པའི་ལོ་རྒྱུས་དང་ད་ལྟའི་དངོས་བྱུང་གང་ཞིག་ནས་བལྟས་ཀྱང་སྤྲུལ་སྐུ་ནི་ཆོས་ལུགས་ཀྱི་སྐུ་དྲག་དངོས་མ་དེ་ཡིན། བོད་ཀྱི་སྐུ་དྲག་ལམ་ལུགས་རྨང་ནས་མེད་པར་བཟོ་དགོས་ན་སྤྲུལ་སྐུ་ལམ་ལུགས་མེད་པར་བཟོ་དགོས་ཞེས་ཁོ་བོས་ཀི་འདེབས་ངེས།

    དེ་ཡང་སྐུ་དྲག་ནི་དོན་དངོས་ཐོག་ཆབ་སྲིད་ཀྱིས་དམར་རྗེན་ལ་བཏོན་པའི་སྲིད་དབང་མི་སྣ་ཞིག་ཡིན་པས་ཁོས་འཇིག་རྟེན་གཙོ་བོར་བཟུང་ནས་རང་ཉིད་ཀྱི་ཁེ་ཕན་བསྒྲུབས་པ་ནི་བརྗོད་མི་དགོས་པ་ཞིག་རེད་ལ། དེ་དག་ཡོངས་སུ་ནོར་འདུག་པར་གང་ཟག་སུ་གཅིག་གིས་ཁ་ཚོན་གཅོད་དཀའ་མོ་ཡིན། འཇིག་རྟེན་པའི་མི་བུ་སུ་ཞིག་གིས་རང་གི་ཁེ་ཕན་མི་བསམ་མཁན་ཡོད་ཁག་པོ་ཡིན་པ་མངོན་གསལ་མིག་མཐོང་དུ་གྲུབ་བཞིན་ཡོད་ན་འདི་དག་གིས་ཀྱང་རང་གི་ཁེ་ཕན་བསམ་པ་ནི་མཐའ་གཅིག་ཏུ་ནོར་འཁྲུལ་ལ་ངེས་འཛིན་རྒྱུ་ཁག་པོར་མཐོང། དེས་ན་སྐུ་དྲག་ལམ་ལུགས་ཀྱི་ནང་གི་ཡ་ང་བའི་སྤྱོད་པ་རེ་ཟུང་ལས་གང་ཞིག་ཐབས་རྡུགས་ཁོ་ན་རེད་བརྗོད་པ་དང་། སྤྲུལ་སྐུ་དག་གི་བཟང་ཕྱོགས་ཀྱི་སྤྱོད་ལམ་རེ་ཟུང་ནས་ཡག་པོ་ཁོ་ནར་འདོད་པ་ནི་འུ་ཅག་འུད་སྒྲོག་གི་རྗེས་སུ་སྙེག་ཆེ་བས་མིན་འགྲོ་སྙམ།

    གང་ལྟར་མངོན་པར་གསལ་བའི་བྱ་སྤྱོད་འདི་དང་མངོན་པར་མི་གསལ་བའི་སྤྲུལ་སྐུའི་ལམ་ལུགས་གཉིས་ལ་ཁྱད་པར་ཆེར་མེད་པ་གསལ་བོར་མཐོང་བཞིན་འདུག སྤྲུལ་སྐུའི་ལམ་ལུགས་ཀྱིས་བོད་མི་གང་མང་ཞིག་རྨོངས་དད་ཀྱི་ཞྭ་མོའི་ནང་བཏུམ་བཞིན་ཡོད་ལ། ཤུགས་རྐྱེན་ཆེ་བའི་གོ་སྐབས་འདི་ནས་སྲིད་དབང་གི་འཐེན་འཁྱེར། ཕྱོགས་ཞེན་གྱི་འཐེན་འཁྱེར། དགོན་སྡེའི་འཐེན་འཁྱེར། ཆོས་ལུགས་ཀྱི་འཐེན་འཁྱེར། སྤྲུལ་སྐུའི་འཐེན་འཁྱེར་སོགས་ནས་སྒང་བ་བོད་ཀྱི་རྒྱལ་ཁབ་ཀྱི་འཇིག་ཉེན་ལ་རེ་བའི་སྒུལ་ཤུགས་ངོ་མ་དེ་ད་ལྟའི་བར་མངོན་གསལ་དུ་མཐོང་ཐུབ།

    སྐུ་དྲག་དག་གིས་རང་ཉིད་ཀྱི་དབང་ཤུགས་བེད་སྤྱོད་འོག་མི་དམངས་ལ་གང་བྱུང་དུ་སྡུག་པོ་བཏང་རེད་ལ། སྤྲུལ་སྐུ་དག་གིས་དགོན་སྡེའི་དབང་ཤུགས་བེད་སྤྱོད་ཀྱིས་མི་དམངས་ལ་བཤུ་གཞོག་བཏང་བ་གཉིས་ནི་མིག་འཁྱོག་མེད་ན་གཅིག་མཚུངས་སུ་གནས་ཤིང་།

    སྐུ་དྲག་དག་གིས་ཆབ་སྲིད་ཀྱི་འཐབ་རྩོད་ཁྲོད་རང་དང་ཁ་ཕྱོགས་མི་མཐུན་པའི་མི་ལ་སྲིད་ཀྱི་ཉེས་མིང་འདྲ་མིན་འོག་ཡོད་ཚད་ཕམ་དུ་འཇུག་པའི་འཐབ་རྩོད་བྱས་པ་རེད་ལ། སྤྲུལ་སྐུ་དག་གིས་ཆོས་ལུགས་ཀྱི་འཐེན་འཁྱེར་འོག་རང་དང་ལྟ་ཕྱོགས་མི་གཅིག་པ་དག་ལ་ལྟ་ལོག་དང་བདུད་ཀྱིས་བསླུས་པ་སོགས་ཀྱི་མིང་རྫིག་འོག་གཞན་ཕམ་པར་བྱས་པ་གཉིས་ལ་སྙིང་གཡོན་མེད་ན་གཅིག་མཚུངས་སུ་གནས།

    སྐུ་དྲག་དག་གིས་ཁྲིམས་ལུགས་ཞེས་པའི་འཇིག་ཆེན་གྱི་རྒྱབ་རྟེན་གྱི་ཁྲིམས་ར་འདི་ནས་མི་རྣམས་ཀྱི་ཚེ་སྲོག་གཅོད་བཞིན་ཡོད་པ་དང་། སྤྲུལ་སྐུ་དག་གི་རྒྱབ་རྩར་བཅའ་ཁྲིམས་ཞེས་པའི་རང་གི་གང་འདོད་ཀྱིས་བཅོས་ཆོག་པའི་ཁྲིམས་ལུགས་དེས་མི་རྣམས་ཀྱི་མི་གཞི་བཅོམ་བཞིན་ཡོད་པ་གཉིས་ལ་ཤེས་ལྡན་ཞིག་གིས་བལྟས་ན་ཁྱད་པ་ཅི་ཞིག་ཡོད།

    ཡང་གཅིག་བཤད་ན་མི་ཁ་ཤས་ཀྱིས་སྤྲུལ་དག་ནི་རང་ག་བའི་མི་ཞིག་མ་ཡིན་པར་རྒྱལ་སྲས་བྱང་སེམས་ཀྱི་སྤྲུལ་པ་ཁོ་ན་ཡིན་པར་བརྗོད་ན་ཁོ་བོས་ཁྲེལ་རྒོད་ཅིག་གིས་གད་རྒྱངས་སྒྲོག་འདོད་བྱུང་།

    སྤྲུལ་སྐུ་དག་བྱང་ཆུབ་སེམས་དཔའ་ཡིན་པ་མི་རྣམས་ཀྱིས་བརྗོད་པ་ཞིག་ལས་ད་བར་དུ་སྤྲུལ་སྐུ་དོན་ལྡན་ཞིག་གིས་རང་ཉིད་རྒྱལ་སྲས་བྱང་ཆུབ་སེམས་དཔའ་འདི་དང་འདིའི་སྤྲུལ་ལ་ཡིན་ཞེས་སྨྲ་མྱོང་ཡོད་དམ། དཔེར་ན༸གོང་ས་མཆོག་གིས་རང་ཉིད་རྒྱལ་དབང་སྐུ་ཕྲེང་དང་འབྲེལ་བ་ཆེ་བའི་མི་ཞིག་ཡིན་ཞེས་གསུངས་པ་འདི་ལས་ཀྱང་རང་ཉིད་སོ་སྐྱེས་ཤིག་ཡིན་པ་གསུང་བཞིན་པ་ནི་གསལ་བོ་རེད། གང་ཞིག་འཇིག་རྟེན་གྱི་མྱི་མཆོག་གྱུར་ཞིག་ཡིན་ན་དེ་ནི་ཡིན་གཅིག་མིན་གཉིས་ལྷ་ཞིག་གི་སྤྲུལ་པ་ཡིན་དགོས་ཞེས་པའི་སྣང་ཚུལ་འདི་ལས་ནང་བསྟན་ཆོས་ལུགས་པའི་རང་གི་མགོ་ལ་རང་གིས་ཐོ་བ་གཞུ་བཞིན་པ་རེད།

    གང་ལྟར་སྤྲུལ་སྐུའི་སྤུས་ཚད་བོད་ཀྱི་དམངས་ཁྲོད་ནས་ད་ལྟ་ཕལ་ཆེར་ལྡོག་ཕྱོགས་སུ་འགྲོ་བའི་ངང་ཚུལ་འདི་ལས་ང་ཚོ་ལ་འདྲི་མི་དགོས་པའི་དྲི་བ་ཞིག་རང་བཞིན་གྱིས་སླེབ་མི་ཡོང་ངམ། སྔོན་གྱི་མགོན་པོ་ཀླུ་སྒྲུབས་སོགས་མཆོག་གྱུར་གྱི་སྐྱེས་ཆེན་དག་གི་སྤྲུལ་སྐུར་རློམ་པ་དག་གིས་དེང་སྐབས་རང་ཉིད་གང་ཞིག་ལ་འགྲོ་བཞིན་པའི་ཁ་ཕྱོགས་ཀྱང་ངེས་མི་ཟིན་པའི་ངང་ཚུལ་འདིས་སྤྲུལ་སྐུ་དག་ལ་དོགས་གཞི་ཞིག་མི་བསླེབ་ན་དེ་ནི་རྨོངས་དད་ཀྱི་གཏི་མུག་གིས་བཟི་ཟིན་པའི་རྟགས་སུ་མཐོང་།

    འོ་ན་ཁ་ཅིག་གིས་༸གོང་ས་མཆོག་དང་དེ་བཞིན་ཚད་ལྡན་གྱི་སྤྲུལ་སྐུ་ཁ་ཤས་ལུང་འདྲེན་གྱིས་ཁོ་བོར་དགག་འདོད་ན་སྐུ་དྲག་དག་གི་ནང་ན་ཡང་ཀླུ་ཁང་བ་དང་འདས་ཟིན་པའི་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ལྟ་བུ་སོགས་ཡོད་པ་ཤེས་པར་བྱོས་ཞེས་ཁོ་བོས་བརྗོད་འདོད་བྱུང་།

    མདོ་དོན་སྤྲུལ་སྐུ་དག་དམིགས་བསལ་གྱིས་ཡག་དགོས་པ་དང་སྐུ་དྲག་དག་དམིགས་བསལ་གྱིས་སྡུག་དགོས་པ་ཞིག་ཏུ་མཐོང་མ་སོང་། བྱ་སྒོང་གཉིས་ལས་གཅིག་ཟླུམ་པོ་དང་གཅིག་འཇོང་བོའི་ཁྱད་པར་མེད་པ་གཅིག་མཚུངས་རེད།

    རྩོམ་པ་པོ་འོད་དཀར།

    ༢༠༠༩།༡༠།༦
    འོད་དཀར་དྲ་ཚིག་ལས་བཤུས།
    Comments (1)

    Reply
  10. GYAMTSO says:
    ལོ་ 17 སྔོན།

    གོང་ས་སྐྱབས་མགོན་མཆོག་གི་མཛད་འཕྲིན་སྔར་ལས་ལྷག་པར་རྒྱས་པའི་སྨོན་འདུཾན་གྲང་མེད་ཞུ།

    Reply
  11. GYAMTSO says:
    ལོ་ 17 སྔོན།

    གོང་གི་རྩོམ་ཡིག་འདི་འོད་དཀར་དྲ་ཚིག་ནས་བཤུས་སོ།

    Reply
  12. GYAMTSO says:
    ལོ་ 17 སྔོན།

    སྐུ་ཚེ་བསྤྲུལ་སྐུ་དང་སྐུ་དྲག་གཅིག་ཡིན།

    Comments (1) སྐལ་བརྟན་པར་ཤོག

    Reply
  13. འཇམ་དཔལ། says:
    ལོ་ 17 སྔོན།

    ༧གོང་ས་མཆོག་མོན་རྟ་དབང་དུ་ཕེབས་པ་ལ་མཚམས་འབྲེལ་བཀྲ་ཤིསབདེ་ལེགས་ཞུ།

    Reply
  14. གྲགས་པ་རྒྱ་མཚོ། says:
    ལོ་ 17 སྔོན།

    དྲྭ་གྲོགས་རྒྱ་རགས་ལགས། གཟིགས་དང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ཀྱི་གསར་འགྱུར་འདིར་བཞག་ཡོད།
    ཟླ་༡༡པའི་ཚེས་༨ཉིན། ཏཱ་ལའི་བླ་མས་ཀྲུང་གོ་དང་རྒྱ་གར་བར་རྩོད་གཞིར་གྱུར་བའི་ བོད་ལྗོངས་ཀྱི་ལྷོ་ཕྱོགས་ས་ཁུལ་དུ་མཚམས་འདྲི་བྱེད་འགོ་བརྩམས་པ་རེད།

    ཟླ་༡༠ཚེས་༣༡ཉིན།ཏཱ་ལའི་ཡིས་ལྗར་པན་གྱི་རྒྱལ་ས་ཏུང་ཅིང་དུ་ཚོགས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུ་ཞིག་གི་སྟེང་འདི་སྐད། ཀྲུང་གོས་རྒོལ་བ་བྱས་པ་དེར་ང་རང་ཧང་སང་དགོས་པ་བྱུང་། རྒྱུ་མཚན་ནི་༡༩༦༢ལོར་ཀྲུང་གོའི་མི་དམངས་བཅིངས་གྲོལ་དམག་རྟ་དབང་ས་ཆར་སླེབས་ནས་དེ་བཙན་བཟུང་བྱས་ན་ཡང་། རྗེས་སུ་རྒྱ་གར་གྱིས་ཁོ་ཚོ་ཕྱིར་ཕུད་པ་དང་། དམག་འཁྲུག་བྱེད་མཚམས་བཞག་པ་རེད། དེར་བརྟེན་ངས་ས་དེར་མཚམས་འདྲི་བྱེད་པར་གནད་དོན་ཅི་ཞིག་ཡོད་དམ་ཞེས་བརྗོད་པ་རེད། ཧྥ་རན་སིའི་གསར་འགྱུར་ཁང་གིས་དེའི་སྐོར་ལ་འདི་ལྟར། ཏཱ་ལའི་ཡི་གཏམ་བཤད་དེས་ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་གནད་དོན་ཐད་ཁོང་གིས་རྒྱ་གར་ལ་རྒྱབ་སྐྱོར་བྱེད་པ་དེ་མཚོན་ཡོད་ཅེས་འགྲེལ་བརྗོད་བྱས་འདུག

    ཏཱ་ལའི་ཡི་ལྗར་པན་གྱི་གཏམ་བཤད་དེར་རྒྱ་གར་གྱི་སྨྱན་སྦྱོར་ཁག་གིས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་སྟེ། རྒྱ་གར་གྱི་DNAཞེས་པའི་གསར་འགྱུར་དྲ་བས་ཟླ་༡༡ཚེས་༡ཉིན་རྩོམ་ཡིག་ཅིག་སྤེལ་བའི་ནང་། ཏཱ་ལའི་ཡིས་ཉིན་དེར་གསར་འགོད་པའི་མདུན་ནས་ཀྲུང་གོ་དང་རྒྱ་གར་བར་གྱི་༡༩༦༢ལོའི་མཐའ་མཚམས་དམག་འཁྲུག་ལ་ཕྱིར་དྲན་བྱས་ཤིང་། ཨ་རོལ་སྣ་ཆ་ཞེས་པའི་མངའ་སྡེ་དེ་དམག་འཁྲུག་མ་བྱུང་གོང་རྒྱ་གར་ལ་གཏོགས་པ་དང་། ཀྲུང་གོའི་མི་དམངས་བཅིངས་གྲོལ་དམག་གིས་བཙན་འཛུལ་བྱས་པ་ཡིན་པའི་སྐོར་བཀོད་ཡོད་པ་རེད།

       ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་དེང་རབས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ལིའུ་ཧུང་ཅི་ཡིས་དེའི་སྐོར་ལ་འདི་སྐད། ད་ལོའི་ལོ་སྟོད་དུ་ཏཱ་ལའི་རྒྱ་གར་གྱི་རྒྱལ་ཁོངས་སུ་ཞུགས་ནས། རྒྱ་གར་གྱི་མི་རྣལ་མ་ཞིག་བྱེད་འདོད་པ་དང་། ཡང་དེ་རིང་ཁོ་སླར་ཡང་རྒྱ་གར་གྱིས་ཁྲིམས་འགལ་ངང་བཙན་འཛིན་བྱས་པའི་བོད་ལྗོངས་ཀྱི་ལྷོ་ཕྱོགས་ས་ཁུལ་དུ་འགྲོ་འདོད་པ་རེད། ས་དེ་ཏཱ་ལའི་སྐུ་ཕྲེང་དྲུག་པའི་འཁྲུངས་ཡུལ་ཡིན་པའི་ཆ་ནས། རང་གི་མེས་པོའི་ས་རྒྱ་གར་ལ་འཚོང་པ་དང་ཀུན་ནས་མཚུངས་ཞེས་བཤད་པ་རེད།

    Reply
  15. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    ༧སྐྱབས་མགོན་བླ་མས་འཇིག་རྟེན་གྱི་སྐྱེ་བོ་ཀུན་ལ་དབྱེ་བ་མེད་པར་མ་གསུངས་པ་གཅིག་ཀྱང་ལྷག་མེད་མོད། ཡིན་ཡང་། འུ་ཅག་བོད་པའི་གཙོ་བའི་འཛམ་གླིང་གི་སྐྱེ་བོ་དག་མིག་ཞར་བ་དང་རྣ་བ་འོན་ནས་བསྡད་ཡོད་པ་རེད།

    Reply
  16. རྒྱ་རགས། says:
    ལོ་ 17 སྔོན།

    འདིར་རྒྱ་ནག་གིས་ཅི་ཟེར་གྱིན་ཡོད་དམ། རྒྱ་གར་གྱིས་དེ་ལ་ལན་ཅི་ཞིག་བཏབ་ཡོད།

    Reply
  17. འདྲེ་རིག་ལྡན། says:
    ལོ་ 17 སྔོན།

    ༧གོང་ས་མཆོག་གི་ཆིབས་སྒྱུར་ཕྱི་མ་དེ་བོད་ནང་ཡིན་པར་ཤོག

    Reply
  18. གྲགས་པ་རྒྱ་མཚོ། says:
    ལོ་ 17 སྔོན།

    བོད་མི་ཆོས་སྲིད་གཉིས་ཀྱི་བདག་པོ་སྐུ་ཚེ་ཡུན་རིང་དུ་བརྟན་ཅིང་བཞེད་དོན་མཐའ་དག་ལྷུན་གྲུབ་ཡོང་བའི་སྨོན་འདུན་དང་། བོད་མི་རྣམས་ལ་བདེ་སྐྱིད་ཀྱི་ཉི་མ་འཆར་བར་ཤོག

    Reply
  19. གངས་རིའི་གླིང་བུ། says:
    ལོ་ 17 སྔོན།

    རླབས་ཆེན་གྱི་དགོངས་པ་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུས

    Reply
  20. བསེ་རུ། says:
    ལོ་ 17 སྔོན།

    ༸གོང་ས་མཆོག་བདེ་བླག་ངང་མོན་དུ་ཆིབས་སྒྱུར་གནང་ཐུབ་པར་བཀྲ་ཤིས་བདེ་ལེགས་ཞུ་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese