མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལ་དྭགས་ཁུལ་གྱི་མཱ་ཅིང་དགེ་རྒན་བོད་པ་ཚོ་རེད་ཟེར།

བོད་ཀྱི་དུས་བབ།
༢༠༠༩/༡༡/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཉེ་སྔོན་ངོས་རང་ལ་དྭགས་ལ་ཕྱིན་སྐབས་ལ་དྭགས་བློན་ཆེན་དང་སྐད་ཆ་བྱུང་། ཁྱེད་ཚོའི་ལ་དྭགས་ནང་ཆང་འཐུང་མཁན་ག་ཚོད་ཡོད་པ་རེད་ཅེས་དྲིས་སྐབས། ཞེ་དྲག་ཉུང་དུ་ཕྱིན་ཡོད་ཟེར། འོན་ཀྱང་། དེང་སིང་མཱ་ཅིང་རྩེད་མཁན་ཡོང་གིན་འདུག དེ་ནི་བོད་པ་ཚོས་བསླབས་སོང་ཟེར། ངོས་དེའི་སྐོར་བཤད་ཡོད་ལ། ཉེ་ཆར་ཨ་རི་ནས་ཀྱང་བཤད་པ་ཡིན། དངུལ་ཏོག་ཙམ་ཡོད་ན་སྤྱི་བར་ཕན་པ་ཞིག་དང་། སྤྱི་ཚོགས་ཡར་རྒྱས་ལ་ཕན་ས་ཞིག་ཏུ་གཏོང་རྒྱུ་ལས་རྒྱན་འཛུགས་ཤོ་རྒྱག་སོགས་བྱས་ན་འཕྲོ་བརླག་རེད། ཅེས་༧གོང་ས་མཆོག་གིས་གསུངས་ཡོད།

 

ཕྱི་ཚེས་ ༡༡ ཉིན་གྱི་ཕྱི་དྲོ་༧གོང་ས་མཆོག་གིས་མོན་རྟ་དབང་ཁུལ་གྱི་ཉིན་གྲངས་གསུམ་རིང་གི་གསུང་ཆོས་ལེགས་པར་གྲུབ་རྗེས་མི་དམངས་ལ་བླང་དོར་གྱི་བཀའ་སློབ་བསྩལ་ཡོད། སྐབས་དེར་༧གོང་ས་མཆོག་གིས་སོ་སོའི་ཆོས་ལུགས་རིག་གཞུང་སྲུང་སྐྱོབ་དང་གནའ་དེང་གི་ཤེས་བྱ་ཟུང་འབྲེལ་ཐོག་སློབ་གཉེར་གནང་དགོས་སྐོར། མང་ཚོགས་ཀྱི་འཕྲོད་བསྟེན། ཁོར་ཡུག་སྲུང་སྐྱོབ། སྤྱི་ཚོགས་འཆམ་མཐུན་བཅས་གནང་དགོས་ཚུལ་བཀའ་གནང་དོན། ཁྱེད་རང་ཚོས་ངོས་ལ་དྲན་རྟེན་ཞིག་གསོལ་རས་སུ་གནང་བ་དང་རིག་གཞུང་འཁྲབ་སྟོན་བྱེད་ཀྱིན་ཡོད་པ་རེད། གོ་སྒྲིག་འདི་ལྟར་གནང་བར་ཞེ་དྲག་དགའ་བོ་བྱུང་། ཐུགས་རྗེ་ཞུ་རྒྱུ་ཡིན། ཉིན་གསུམ་རིང་ཆོས་འབྲེལ་བྱེད་པའི་གོ་སྐབས་བྱུང་བ་རེད། ངོས་རང་ནམ་རྒྱུན་ས་ཆ་གང་དུ་ཕྱིན་པ་ཡིན་ནའང་ནང་ཆོས་ཀྱི་བྱིན་རླབས་བྱེད་པ་དང་དབང་བསྐུར་བ་སོགས་བྱེད་ཀྱིན་ཡོད་མོད། གཙོ་བོ་ནང་ཆོས་ངོ་སྤྲོད་བྱ་རྒྱུ་གལ་ཆེན་དུ་རྩི་བཞིན་ཡོད། ད་རེབ་འདིར་ཡང་ནང་ཆོས་ངོ་སྤྲོད་བྱེད་པའི་གོ་སྐབས་ཤིག་བྱུང་བ་རེད། ངོས་རང་དགའ་བོ་ཞེ་དྲག་བྱུང་ལ། ཁྱེད་རང་ཚོ་ལའང་ཕན་ཐོགས་ཕྲན་བུ་ཡོང་བའི་རེ་བ་ཡོད། ཅེས་དང་།

 

ཡུལ་ལུང་གང་ཞིག་ཡིན་ནའང་རང་རང་སོ་སོར་ལོ་རྒྱུས་ཐོག་ནས་གོམས་གཤིས་དང་རིག་གཞུང་། ཆོས་སོགས་ཡོད། ཕ་མེས་ནས་ཡོད་པའི་རིག་གཞུང་དེ་དག་ཡུལ་དེའི་མི་མང་ལ་རང་བཞིན་གྱིས་འབྲེལ་བ་ཡོད་པ་ཞིག་ཡིན། ཧི་མ་ལ་ཡའི་རི་རྒྱུད་ལ་ཆ་བཞག་ན། སྔར་རྒྱ་གར་ནས་བོད་དུ་ཆོས་དར་བ་རེད་དེ། རིམ་པས་བོད་ནས་ཚུར་ཧི་མ་ལ་ཡའི་རི་རྒྱུད་དུ་བོད་ཀྱི་བཀའ་འགྱུར་བསྟན་འགྱུར་རྩ་བར་བཞག་པའི་སངས་རྒྱས་ཀྱི་ཆོས་དར་གྱིན་ཡོད། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཕ་མེས་ཀྱི་རིག་གཞུང་གོམས་གཤིས། ཆོས་དད་སོགས་སངས་རྒྱས་པའི་ཆོས་དང་འབྲེལ་ཡོད། སྤྱི་ཚོགས་དེ་ནང་པར་ཆོས་དད་ཅན་གྱི་སྤྱི་ཚོགས་ཤིག་ཆགས་ཡོད། ཧི་མ་ལ་ཡའི་རི་རྒྱུད་ནས་སོ་སོའི་རྣམ་པ་མཚོན་བྱེད་དེ་སངས་རྒྱས་པའི་ཆོས་དེ་ཆགས་ཡོད་སྟབས། སོ་སོའི་ཕ་མེས་ཀྱི་ཆོས་དེ་ལ་བདག་པོ་རྒྱག་རྒྱུ་གལ་ཆེན་པོ་རེད། ངོས་ནམ་རྒྱུན་ཁ་ཆེ་ཆོས་པ་ཚོས་ཁ་ཆེ་ཆོས་བྱ་དགོས་ལ། ཡི་ཤུ་ཆོས་པ་ཚོས་ཡི་ཤུ་ཆོས་བྱ་དགོས། ཆོས་ལུགས་བརྗེ་ན་དགོས་པ་ཡོད་པ་མ་རེད་ཟེར་གྱིན་ཡོད། ཅེས་དང་།

 

ངོས་རང་འདིར་ཐད་ཀར་འགན་ཡོད་པ་ཞིག་མ་རེད་དེ། ཁྱེད་རང་ཚང་མས་དད་པ་དང་དམ་ཚིག་གཅིག་ཏུ་གཏད་ཡོད་སྟབས། ངོས་ལའང་སེམས་འཁུར་ཞིག་སླེབས་ཀྱིན་ཡོད། དེ་གཞིར་བཟུང་གིས་ཁྱེད་རང་ཚོར་རེ་འདུན་ཞུ་རྒྱུ་ནི། ཕྱི་དངོས་པོའི་ཐོག་ནས་འཛམ་གླིང་སྤྱི་ཡར་རྒྱས་སུ་འགྲོ་བཞིན་ཡོད་ལ། རྟ་དབང་ཁུལ་ཡང་ཡར་རྒྱས་འགྲོ་མུས་རེད། དངོས་པོ་ཡར་རྒྱས་དང་ལྷན་དུ་ནང་གི་ཤེས་བྱ་ཡོན་ཏན་དེ་ཞེ་དྲག་གལ་ཆེན་པོ་རེད། ཤེས་ཡོན་རིགས་གཉིས་རེད། དེང་དུས་ཀྱི་ཤེས་ཡོན་གལ་ཆེན་པོ་རེད། དེང་དུས་ཀྱི་ཤེས་ཡོན་མེད་ན། དུས་རབས་གསར་བའི་མི་རབས་ནང་དུ་འཚུད་གི་མ་རེད། དེ་དང་ཆབས་གཅིག་དེང་དུས་ཀྱི་ཤེས་ཡོན་དེ་ཕྱི་དངོས་པོའི་ཡར་རྒྱས་དང་འབྲེལ་བ་ཙམ་རེད། ནང་བསམ་བློའི་བདེ་སྐྱིད་བསྒྲུབ་རྒྱུར་འབྲེལ་བ་ཞེ་དྲག་མེད། དེང་སང་ནུབ་ཕྱོགས་ཀྱི་ཕྱིའི་དངོས་པོ་ཡར་རྒྱས་ཆེ་བའི་རྒྱལ་ཁབ་དག་ཏུ་གནས་ཚུལ་དེ་གསལ་བོ་ཆགས་ཡོང་གིན་ཡོད། དེར་བརྟེན། ང་ཚོ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ནང་པའི་སྤྱི་ཚོགས་ནང་། དེང་གི་ཤེས་ཡོན་དང་ཆབས་གཅིག་སོ་སོ་ལ་ཕ་མེས་ནས་ཡོད་པའི་སངས་རྒྱས་ཆོས་ལ་སློབ་སྦྱོང་བྱ་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས་བྱུང་།

 

ཁོང་གིས་མུ་མཐུད་དུ་ནང་ཆོས་སྦྱོང་བར་བོད་ཡིག་གལ་ཆེན་ཡིན་སྐོར་གསུངས་དོན། སངས་རྒྱས་ཀྱི་ཆོས་གོ་བརྡ་འཕྲོད་བྱེད་ཀྱི་སྐད་ཡིག་ཡག་ཤོས་དེ་བོད་ཡིག་ཆགས་ཡོད། དཔེར་ན། སོག་པོར་ཆ་བཞག་ན། སོ་སོར་སོག་སྐད་ཡོད་ལ། སོག་ཡིག་ཀྱང་ཡོད་མོད། བོད་ནས་དར་བའི་སངས་རྒྱས་པའི་ཆོས་སློབ་སྦྱོང་བྱེད་པར་བོད་ཡིག་ཐོག་ནས་སྤྱོང་གིན་ཡོད། བོད་ཀྱི་ནང་ཆོས་ཐོག་ལ་ཧ་ལས་པའི་མཁས་པ་བྱུང་ཞིང་། ལེགས་བཤད་བརྩམས་བཞག་པ་མང་པོ་འདུག དེ་དཔེ་མཚོན་ཞིག་རེད། བཀའ་འགྱུར་བསྟན་འགྱུར་རྩ་བར་བཞག་པའི་ནང་ཆོས་ཡག་པོ་ཞིག་བསླབ་པར་བོད་སྐད་དེ་གལ་ཆེ་ཤོས་རེད། མིང་ལ་ག་རེ་བཏགས་ཀྱང་ཁྱད་པར་མེད། དོན་ལ་བཀའ་འགྱུར་བསྟན་འགྱུར་གྱི་ཡི་གེ་ཤེས་དགོས་པ་དེ་གནད་འགག་རེད། འཛམ་གླིང་ཤར་ཕྱོགས་སུ་སངས་རྒྱས་ཆོས་བྱེད་པའི་ཡུལ་གྲུ་མང་པོ་ཡོད། འོན་ཀྱང་། ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་བ་དང་། བཤད་པ་དང་སྒྲུབ་པ་ཟུང་འབྲེལ་གྱི་ཐོག་ནས་ཉམས་ལེན་བྱ་རྒྱུ་ཡོད་པ། དེ་འདྲའི་བསྟན་པ་དེ་བོད་གངས་ཅན་པའི་ཆོས་བརྒྱུད་མ་གཏོགས་མེད། ངོང་རང་ལུང་པ་མང་པོར་ཕྱིན་པ་ཡིན། ང་ཚོ་བོད་པར་བོད་ཡིག་ཅིག་ཡོད་པ་དང་། བོད་ཡིག་གི་ཐོག་ནས་སངས་རྒྱས་ཀྱི་བསྟན་པར་འགྲེལ་བཤད་ཆ་ཚང་ཡོད་པ་མཐོང་ཡོང་དུས། སོ་སོའི་ཕ་མེས་ཀྱི་གཅེས་ནོར་ལ་རིན་ཐང་ཡོད་པ་མཐོང་གིན་འདུག དེ་སྙན་ངག་གི་རབ་བཏགས་མ་རེད་དངོས་ཡོད་གནས་ཚུལ་རེད། ཅེས་བསྟན་བྱུང་།

 

༧གོང་ས་མཆོག་གིས་མོན་པ་གཙོས་པའི་ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱིས་ཁོར་ཡུག་སྲུང་སྐྱོབ་ལ་དོ་གལ་གནང་དགོས་སྐོར་གསུངས་དོན། དེ་ནས་ངོས་ཁོར་ཡུག་སྐོར་ལ་སྐད་ཆ་ཞིག་བཤད་ན་བསམ་སོང་། དེང་སང་འཛམ་གླིང་ཁྱོན་ཡོངས་ཀྱི་ཚ་དྲོད་འཕར་གྱིན་ཡོད། དེའི་དབང་གིས་གནམ་གཤིས་ཀྱི་འགྱུར་བ་ཡོང་གིན་ཡོད། ཧི་མ་ལ་ཡའི་རི་རྒྱུད་དེ་ཧ་ཅང་གི་གལ་ཆེན་པོ་ཆགས་ཡོད། ཧི་མ་ལའི་རི་རྒྱུད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཐད་དམིགས་བསལ་ཐུགས་ཁུར་བཞེས་མཁན་གྲོགས་པོ་རྒྱ་གར་བ་ཞིག་གིས་ངོས་ལ་ལས་འགན་ཞིག་བསྐུར་སོང་། ངོས་རང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ས་ཁུལ་གང་ལ་ཕྱིན་ཡང་། ཁོར་ཡུག་སྲུང་སྐྱོབ་སྐོར་བཤད་རོགས་ཟེར། ངོས་ཀྱང་དེ་དེ་བཞིན་དུ་བྱའོ་ཞེས་ཁས་ལེན་བྱས་ཡོད། ཁོར་ཡུག་སྲུང་སྐྱོབ་ཟེར་བ་དེ་ཚོགས་པ་གཅིག་གིས་བྱ་དགོས་པའི་སྐད་ཆ་མ་རེད། ཚོགས་པས་མང་ཚོགས་ལ་འབོད་སྐུལ་ཞུས་ཏེ། མང་ཚོགས་ཚང་མར་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་ཡོད་པ་ངོ་ཤེས་སུ་འཇུག་དགོས། གལ་སྲིད་ཤིང་གཅོད་འབྲེག་བྱ་དགོས་ན། དེ་དང་མཉམ་དུ་ཤིང་གསར་པ་འཛུགས་རྒྱུ་གནད་འགག་རེད། དེ་བཞིན། དེང་སྐབས་འགྱུག་ཤོག་གི་སྣོད་མང་པོ་ཡོང་གིན་ཡོད། དེ་དག་གིས་ཁོར་ཡུག་ལ་གནོད་ཚབས་ཆེན་པོ་ཡོད་པ་རེད། གང་བྱུང་དུ་མི་གཡུག་པར་རུབ་རུབ་བཟོས་ཏེ། ཇི་ལྟར་བདག་པོ་རྒྱག་དགོས་ན་དེ་ལྟར་བྱ་རྒྱུ་གལ་ཆེན་ཡིན།  ཞེས་དང་།

 

གོ་ཐོས་ལྟར་ན། སྔོན་མ་ས་ཞིང་ཡོད་པ་ཚོས་དེང་སྐབས་ས་ཞིང་ལ་དོ་སྣང་དེ་ཙམ་མེད་པར་ས་ཞིང་སྟོང་བར་ལྷག་གིན་ཡོད་པའི་སྐད་ཆ་འདུག ས་ཞིང་ཟེར་བ་དེ་ནོར་བུ་རེད། མི་ལ་འཕྲུལ་ཆས་རིགས་གལ་ཆེན་ཡིན་ཡང་མཐར་གཏུགས་ན། ཉིན་རེའི་ཟ་མ་གལ་ཆེ་ཤོས་རེད། བསྐལ་བ་ཐོག་མར་ཆགས་པ་ནས་ང་ཚོ་འབྲུ་རིགས་ལ་བསྟེན་པ་རེད་ལ། མ་འོངས་པར་ཡང་ཇི་སྲིད་མིའི་རིགས་གནས་པ་དེ་སྲིད་དུ་འབྲུ་རིགས་ལ་བསྟེན་དགོས་པ་རེད།  ས་ཞིང་ཡོད་མཁན་ཚོས་བདག་པོ་རྒྱག་རྒྱུ་གལ་ཆེན་པོ་རེད། དེ་མིན་ན། བརླན་གཤེར་དང་ས་བབ་དྲོ་གྲང་སོགས་ལ་གཞིགས་ཏེ། སྔོ་ཚལ་དང་ཤིང་ཏོག སྨན་རིགས་སོགས་གང་སྐྱེ་པར་ཉམས་ཞིབ་བྱ་དགོས་པ་རེད། དཔེར་ན། མ་ནཱ་ལི་ས་ཁུལ་གྱི་ཀུ་ཤུ་དེ་དག་སྔོན་མ་ནས་ཡོད་པ་ཞིག་མ་རེད། དུས་རབས་ཉི་ཤུ་བའི་མགོ་སྟོད་དུ་ཨ་རིའི་མི་ཞིག་དེར་ཡོང་སྟེ། ཀུ་ཤུ་འཛུགས་པའི་སྲོལ་ཐོག་མར་བཏོད་པ་རེད། དེང་སྐབས་སིམ་ལ་ས་ཁུལ་དང་མ་ནཱ་ལའི་ས་ཁུལ་ནས་ཀུ་ཤུ་ཞེ་དྲག་ཡོང་གིན་འདུག གང་ལྟར་ས་ཞིང་སྟོང་པར་མི་འཇོག་པར་ཐབས་ཤེས་བྱ་དགོས་པ་རེད། ཅེས་གསུངས་བྱུང་།

 

མཐར་ཁོང་གིས་མང་ཚོགས་ཀྱི་འཕྲོད་བསྟེན་དང་མང་ཚོགས་འཆམ་མཐུན་སྐོར་ལ་བཀའ་བསྩལ་དོན། དེ་ནས་འཕྲོད་བསྟེན་སྐོར་ལ་སྐད་ཆ་ཞིག་བཤད་ན་བསམ་སོང་། ཁྱེད་ཚོ་མོན་པའི་ཕོ་གསར་མོ་གསར་ཚོ་དཀར་མདངས་དམར་མདངས་་ཡག་པོ་འདུག འཕྲོད་བསྟེན་ཡག་པོ་ཡོད་ས་རེད། སྤྱིར་ང་ཚོས་ཚེ་དབང་དང་ཚེ་སྒྲུབ་སོགས་བྱེད་ཀྱིན་ཡོད་མོད། ཚེ་རིང་པོ་ཡོང་བའི་ནུས་པ་ཆེ་ཤོས་འཕྲོད་བསྟེན་རེད། ཆང་དང་ཨ་རག་ཚོད་མེད་འཐུང་ན། གཟུགས་པོར་ཞེ་དྲག་གནོད་གི་རེད། ཨ་རག་འཐུང་རྒྱུ་མང་དྲགས་ཏེ་མཆིན་པའི་ནད་ཚ་ཡོད་མཁན་ངོ་ཤེས་པ་དེ་འདྲ་ཡོད། ངོས་ཁོང་ཚོར་མཆིན་པའི་ནད་ཚ་སོ་སོས་བཟོས་པ་རེད་ཟེར་གྱིན་ཡོད། དེ་བཞིན་གསར་བརྗེ་ཡིན་པའི་ཁུལ་གྱིས་ཐ་མག་འཐེན་ན་ནོར་འཁྲུལ་རེད། དེང་སྐབས་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་ཐ་ནག་གི་གནོད་སྐྱོན་མང་པོ་བཤད་ཀྱིན་ཡོད། དེ་ཚོ་དང་པོ་ནས་མ་གོམས་པ་དང་ངན་ལངས་ལ་མ་ཤོར་བ་བྱ་རྒྱུ་གལ་ཆེན་པོ་རེད། ཅེས་དང་།

 

ཁྱེད་རང་ཡུལ་མི་ཚང་མ་འཆམ་པོ་བྱོས། ཚང་མས་རྒྱ་ཆེ་ས་དང་ཕུགས་རྒྱང་རིང་ས་ནས་བསམ་བློ་བཏང་སྟེ། སྲིད་འབྱོར་རིག་གསུམ་ཚང་མ་ཡག་པོ་ཡོང་ཐུབ་པར་བསམ་བློ་གཏོང་དགོས། མངའ་སྡེ་བློན་ཆེན་ལ་ཆ་བཞག་ན་ངོས་ཀྱི་གྲོགས་པོ་ཞེ་དྲག་ཡག་པོ་ཡིན། ཁོང་གིས་འཁུར་ཞེ་དྲག་གནང་གིན་འདུག དེས་མཚོན་པའི་ཆབ་སྲིད་ཀྱི་ལས་ཀ་བྱེད་མཁན་ཡིན་ནའང་འདྲ་ལ། འཛིན་སྐྱོང་གི་ལས་ཀ་བྱེད་མཁན་ཚོ་ཡིན་ནའང་འདྲ། ཚང་མས་ཧུར་ཐག་གནང་རོགས་ཞུ་རྒྱུ་ཡིན། དྲང་པོ་དྲང་བཞག་བྱ་རྒྱུ་གལ་ཆེན་པོ་རེད། སྐབས་རེར་མངའ་སྡེ་ཚོར་དངུལ་འབེལ་བོ་ཆགས་ཡོང་དུས། ལྐོག་ཟ་རུལ་སུངས་བྱེད་མཁན་ཡོང་མི་སྲིད་པ་མ་རེད། གཞན་དེང་སྐབས་རྒྱན་འཛུགས་མཁན་དར་ཡོང་གིན་འདུག་ཟེར། ཉེ་སྔོན་ངོས་ལ་དྭགས་ལ་ཕྱིན་སྐབས། ལ་དྭགས་བློན་ཆེན་དང་སྐད་ཆ་བྱུང་། ཁྱེད་ཚོའི་ལ་དྭགས་ནང་ཆང་འཐུང་མཁན་ག་ཚོད་ཡོད་པ་རེད་ཅེས་དྲིས་སྐབས་ཞེ་དྲག་ཉུང་དུ་ཕྱིན་ཡོད་པ་རེད་ཟེར། འོན་ཀྱང་། དེང་སང་མཱ་ཅིང་རྩེད་མཁན་ཡོང་གིན་འདུག དེ་བོད་པ་ཚོས་བསླབས་སོང་ཟེར། ངོས་དེའི་སྐོར་བཤད་ཡོད་ལ། ཉེ་ཆར་ཨ་རི་ནས་ཀྱང་བཤད་པ་ཡིན། དངུལ་ཏོག་ཙམ་ཡོད་ན་མུ་མཐུད་སྤྱི་བར་ཕན་པ་ཞིག་དང་། སྤྱི་ཚོགས་ཡར་རྒྱས་ལ་ཕན་ས་ཞིག་ཏུ་གཏོང་རྒྱུ་ལས་རྒྱན་འཛུགས་ཤོ་རྒྱག་སོགས་བྱས་ན་འཕྲོ་བརླག་རེད། རྒྱ་གར་དབུས་གཞུང་གིས་དངུལ་འབོར་ཆེན་སྤྲོད་ཀྱིན་ཡོད་མོད། དེ་ནི་རྒྱ་གར་མི་དམངས་དུང་ཕྱུར་གཅིག་ལྷག་གི་ཁྲག་དང་རྔུལ་ནས་བྱུང་བ་རེད། གནམ་ནས་བབ་པ་མ་རེད། དེ་འདྲའི་དངུལ་དེ་གང་བྱུང་འཕྲོ་བརླག་ཏུ་བཏང་ན་ཡག་པོ་མ་རེད། ངོས་བཤད་པ་དེ་དག་ཇུས་གཏོགས་ཚ་དྲགས་ན་དགོངས་དག་ཞུ་རྒྱུ་ཡིན། ཞེས་གསུངས་བྱུང་།

༼ གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ཀྱིས་མོན་རྟ་དབང་ནས་སྤེལ ༽

འབྲེལ་ཡོད་གསར་འགྱུར།

Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

ཆུ་ཚོད་ ༤ སྔོན་ལ།
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

ཆུ་ཚོད་ ༦ སྔོན་ལ།
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

ཆུ་ཚོད་ ༩ སྔོན་ལ།
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

༢༠༢༦/༠༨/༡༢
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

༢༠༢༦/༠༨/༡༢

མཆན། 23

  1. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 17 སྔོན།

    བོད་མིི་འགས་ངོ་གནོང་ས་གང་ཡིན་ངོ་མི་ཤེས་ནས་རྗེས་ལུས་ཐེབས་ཀྱི་ཡོད་རེད་།།
    ད་དུང་ཕྱོགས་རེས་ཕྱོགས་ཁག་ངན་པ་རྒྱ་ཁྱབས་དུ་ཕྱིན་འདུག་པས་ནམ་ཞིག་དེ་བས་ཀྱང་ཞབས་རྗེས་ནག་པོ་ཞིག་འཇོག་ངེས་པ་ལ་བསམ་གཞིགས་ནན་མོ་ཡོད་པ་སྐུ་མཁྱེན་ནོ།

    Reply
  2. ནོར་བུ་གླིང་ཁ། says:
    ལོ་ 17 སྔོན།

    མོན་གྷོ་གཞིས་ཆགས་དགོན་སྡེ་ཐུན་མོང་གི༎
    དམ་ཕྲུག་ས་རྟགས་ཕབ་པའི་ཞུ་ཡིག་ནང་༎
    ཁྱེད་ཀྱི་མཛད་རྗེས་སྤྱི་འཐུས་ལྷན་ཁང་བརྒྱུད༎
    རྒྱལ་ཕམ་ལྟད་མོ་རྒྱལ་ཁམས་ཡོངས་ལ་གྲགས།།
    གསེར་རྟ་ཚུལ་ཁྲིམས་འོད་ཟེར་གྱི་ཉེ་ཆར་མཛད་རྗེས་ལ་བསྔགས་པ།

    Reply
  3. བློ་བཟང་འོད་ཡུག་པ། says:
    ལོ་ 17 སྔོན།

    དེ་བདེན་པ་བདེན་ཀྱང་རེད།་བོད་མི་འགའ་རེ་ངན་པ་ལང་ཤོར་དུ་ཕྱིན་ནས་མིག་དཔེ་ངན་པ་ལ་རྒྱ་ཁྱབ་འགྲོ་བཞིན་པར་བོད་མི་ཚོ་ངོ་ནོངས་དགོས་པ་རེད།

    Reply
  4. བློ་བཟང་འོད་ཡུག་པ། says:
    ལོ་ 17 སྔོན།

    དེ་བདེན་པ་བདེན་ཀྱང་རེད།་བོད་མི་འགའ་རེ་ངན་པ་ལང་ཤོར་དུ་ཕྱིན་ནས་མིག་དཔེ་ངན་པ་ལ་རྒྱ་ཁྱབ་འགྲོ་བཞིན་པར་བོད་མི་ཚོ་ངོ་ནོངས་དགོས་པ་རེད།

    Reply
  5. ནོར་བུ་གླིང་ཁ། says:
    ལོ་ 17 སྔོན།

    དྲྭ་གྲོགས་འདོད་ལྷའི་སྲས་ལགས། ཉིན་ལྟར་དུས་བབ་ཀྱི་དྲྭ་རྒྱ་སྒོ་ཕྱེས་རྗེས་ཐོག་མར་ཁྱེད་ཀྱི་ཟིན་བྲིས་ནང་ཐེངས་རེ་འཛུལ་བཞིན་ཡོད་ཀྱང་ཁྱེད་ཀྱི་སྐད་ཆ་གསར་པ་གང་ཡང་མ་མཐོང༌། རྗེས་སུ་མིང་དོན་མཚུངས་པའི་སྐད་ཆ་སྟེ། ཀུན་གྱིས་ཁ་ནས་སྨྲོས་པར་དཀའ་ཞིང་། སེམས་ནས་རྟག་ཏུ་ཉར་བའི་གནས་ལུགས་དེ་ང་ཚོའི་མིག་སྔར་གྱེར་རོགས་ཞུ།།

    Reply
  6. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 17 སྔོན།

    བོད་པ་ཚོས་སྔོན་ཆད་ཡང་མ་ཅང་རྩེ་ནས་རང་བཙན་ཤོར་བ་རེད།་ཧཧཧཧ།
    ད་ཡང་ག་རེ་བྱེད་རྩིས་ཡིན་ནམ།

    Reply
  7. ནོར་བུ་གླིང་ཁ། says:
    ལོ་ 17 སྔོན།

    དྲྭ་གྲོགས་འདོད་ལྷའི་སྲས་ལགས། ཉིན་ལྟར་དུས་བབ་ཀྱི་དྲྭ་རྒྱ་སྒོ་ཕྱེས་རྗེས་ཐོག་མར་ཁྱེད་ཀྱི་ཟིན་བྲིས་ནང་ཐེངས་རེ་འཛུལ་བཞིན་ཡོད་ཀྱང་ཁྱེད་ཀྱི་སྐད་ཆ་གསར་པ་གང་ཡང་མ་མཐོང༌། རྗེས་སུ་མིང་དོན་མཚུངས་པའི་སྐད་ཆ་སྟེ། ཀུན་གྱིས་ཁ་ནས་སྨྲོས་པར་དཀའ་ཞིང་། སེམས་ནས་རྟག་ཏུ་ཉར་བའི་གནས་ལུགས་དེ་ང་ཚོའི་མིག་སྔར་གྱེར་རོགས་ཞུ།།

    Reply
  8. ནོར་བུ་གླིང་ཁ། says:
    ལོ་ 17 སྔོན།

    གོང་དུ་དུས་བབ་གསར་འགོད་པས་རྟ་དབང་ནས་གནས་ཚུལ་བཏང་བའི་ནང་བོད་པས་མ་ཅང་རྩེ་བཞིན་ཡོད་ཚུལ་འཁོད་འདུག འདི་བདེན་པ་རེད། ངོ་མ་བོད་པ་འདི་ཚོ་ལྐུགས་དྲགས་ནས་ཤོ་རྒྱན་རྩེ་སར་ཉིན་མཚན་སྦྲེལ་བཞིན་པ་རྡ་སའི་ཁོར་ཡུག་ཆུང་ཆུང་འདིའི་ནང་ལ་ག་ཚད་འདུག ངོ་མ་བློ་ཕམ་དགོས་པ་རེད།

    Reply
  9. སྨྱུག་རྒོད་གངས་བུ་དཔལ། says:
    ལོ་ 17 སྔོན།

    མ་ཅང་རྩེ་བ་ལས་གཉིད་ཉལ་ན་དགའ།

    Reply
  10. གཡང་མདའ། says:
    ལོ་ 17 སྔོན།

    བོད་ལ་མི་དགོས་པའི་ལག་ཆ་གསུམ་ནི་མྰ་ཅང་དང་ཤོ་ད་རུང་ཤོག་ཕེ་གསུམ་ནོ། གལ་སྲིད་འདི་གསུམ་ལག་ལེན་བྱེད་མཁན་ཞིག་ཡིན་ན་ཁྱིམ་ཚང་ཡར་རྒྱས་མི་འགྲོ་བའི་གཞི་ཅིག་ཡིན། དེང་སང་བོད་ལ་འདི་གསུམ་ཧ་ཅང་དར་སྤེལ་ཆེ་བའི་ལ་ལས་ཁང་པ་ཤོར་བ་དང་ལ་ལས་བུ་ལོན་མང་པོ་བཟོས་ནས་ནང་མི་དང་མ་འཆམ་པ་བཅས་གྱི་དཀའ་ངལ་མང་པོ་ཞིག་ཡོང་དང་ཡོང་བཞིན་པ་རེད། དེར་བརྟེན་ཚང་མས་གཟབ་གཟབ་མ་བྱས་ན་མཐའ་མར་རང་ཉིད་བརླགས་པའི་རྒྱུ་ཡིན་ནོ།

    Reply
  11. chokri nyima says:
    ལོ་ 17 སྔོན།

    ལྷོ་སྣ་ལགས།
    མོན་པ་དང་སིད་སུ་གཉིས་དུས་རབས་གསར་པའི་ལམ་ཐོག་ལ་ཁྱད་པ་ཕྱེ་ན་ལོ་༡༥༠ཙམ་མོན་པ་རྗེས་སུ་ལུས་པ་མཐོང་།

    ཡིན་ཡང་ན་ཆུང་མཛེས་མ་མཐོང་དུས་རྗེས་ལུས་ཀྱི་རྣམ་པ་མེད་པ་ཡང་མཐོང་ཧ་ཧ་ཧ་ཧ་ཧ་

    རྒ་པོ་ལྷོ་སྣ་ཁྱེད་ལ་དོན་ཆུང་དང་། དར་མ་ཅོ་རི་ང་ལ་དོན་ཆེན་རེད་ལོྭ།

    Reply
  12. chokri nyima says:
    ལོ་ 17 སྔོན།

    ཨེ་གྲོགས་པོ་བློ་བཟང་ལགས།
    ཡུང་རོ་གྲོགས་པའི་ཁ་བའི་སྐྲ་ལོང་ཅན། ན་ཆུང་བུ་མོ་ཕྱི་ནས་མ་སླེབས་ལྭོ།

    བོད་ཀྱི་ཕོ་གསར་སྨར་དྷི་དར་མ་ཡིས། ན་ཆུང་བུ་མོ་མི་ཁུག་རང་དབང་ཅི།

    Reply
  13. གོང་དཀར་ངག་རྣམ། says:
    ལོ་ 17 སྔོན།

    ནོར་བཅོས།
    ལ་དྭགས་ལ་ཕྱིན་སྐབས་ཞེས་མིན་པར་ལ་དྭགས་ལ་འགྲོ་སྐབས་ཞེས་བྲིས་ན་མི་བདེ་འམ།

    Reply
  14. བློ་བཟང་། says:
    ལོ་ 17 སྔོན།

    དྲྭ་གྲོགས་སྨར་དྷི་ཟེར་ལགས་ཀྱི་སྔོན་མའི་ཟིན་བྲིས་དེ་ཚོ་མཐོང་སྐབས། རྒྱ་འདྲེ་དང་། རྒྱལ་གདོན་གང་རུང་གིས་ཁོག་སློག་པ་ཞིག་མིན་ནམ་སྙམ་ཡང་། ད་དངོས་གནས་བྱེད་དུས། ཁོང་བུད་མེད་མ་ཐོབ་པར་འདོད་སྨྱོན་སོང་བའི་སེམས་སྐྱོན་ཅན་ཞིག་རེད་ཤག ཡ། སྙིང་རྗེ།

    Reply
  15. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 17 སྔོན།

    ཇི་སྐད་དུ་རྒྱལ་ཚབ་ར་སྒྲེང་རིན་པོ་ཆེའི་ཞལ་སྔ་ནས།

    མགོན་མེད་གངས་ཅན་ཞིང་འདིའི་འགྲོ་བ་རྣམས།།
    ཇི་སྲིད་འཁོར་བའི་ཕྱི་མཐའ་མ་རྫོགས་པ།།
    དེ་སྲིད་མཚུངས་པ་མེད་པའི་གསང་གསུམ་གྱིས།།
    སྡེ་བཞིའི་དཔལ་ལ་སྦྱོར་བཞིན་བརྟན་པར་བཞུགས།།

    ཉམ་ཐག་སྨག་རུམ་འཐིབས་པའི་གངས་ཅན་འདིར།།
    མགོན་ཁྱོད་ཐུགས་རྗེའི་སྒྲོན་མེ་འབར་བའི་གཟིས།།
    ཕན་དང་བདེ་བའི་སྣང་བ་འགྱེད་བཞིན་དུ།།
    སྲིད་ཞིའི་བར་དུ་མི་གཡོ་རྟག་བརྟན་ཤོག།
    ཅེས་གསུངས་པ་དང།

    རྫོང་སར་མཁྱེན་བརྩེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པའི་ཞལ་སྔ་ནས།

    སྲིད་པ་གསུམ་ན་ངོ་མཚར་ཟླ་མེད་པ།།
    ཨུ་དམ་ཝཱ་ར་ལྟར་འཕགས་ཐམས་ཅད་མཁྱེན།།
    འཛམ་གླིང་བསྟན་འགྲོ་ཡོངས་ཀྱི་གཙུག་ནོར་ཆེ།།
    རྒྱལ་མཆོག་ཕྱག་ན་པདྨོ་ཞབས་བརྟན་ཤོག།

    ཅེས་གསུངས་པ་ལྟར་འགྲུབ་པར་སྨོན་པ་དང་ཆབས་ཅིག་དུས་བབ་གསར་ཁང་གིས་གསར་འགྱུར་དུས་ཐོག་བཏོན་པར་ཐུགས་རྗེ་ཆེ།

    Reply
  16. ཉིམ་རྒྱལ། says:
    ལོ་ 17 སྔོན།

    སྤྱིར་བཏང་མྭ་ཅང་ཞེས་པ་དེ་རྒྱ་སྐད་རེད། རྒྱ་མིས་བོད་པར་བསླབས་པ་ཞིག་དང་སླར་ཡང་བོད་པས་བཙན་བྱོལ་ནང་དར་སྤེལ་བཏང་བའི་རྒྱན་རྩེད་ཁྱིམ་སྟོང་བཟོ་མཁན་ཞིག་རེད། དེ་རྕེད་ནས་ལ་ལའི་ཆུང་མ་ཤོར་བ་རེད་ཟེར། ལ་ལ་བོང་བུ་བཏོན་པ་རེད་ཟེར། ལ་ལ་སྨྱོན་པ་ཆགས་པ་རེད་ཟེར། ལ་ལ་ཚེ་སྲོག་ཤོར་བ་རེད་ཟེར། ལ་ལ་རང་ཤི་རྒྱབ་པ་རེད་ཟེར། བོད་རང་བཙན་ཡང་དེ་འདྲ་རྩེད་ནས་ཤོར་བ་རེད་ཟེར། ད་ཡིན་ན་སྣམ་བུ་ནག་པོར་ཚོས་དཀར་པོ་བརྒྱབ་ཐབས་འདྲ་ཨེ་ཡོད།

    Reply
  17. དགྲ་ལྷ་རྩེ་རྒྱལ། says:
    ལོ་ 17 སྔོན།

    མཱ་ཅིང་ཞེས་པ་དེ་མཱ་ཅང་ཞེས་སྒྱུར་དགོས་པར་འདོད། གཞན་མ་གཏོགས་དབུས་གཙང་དང་ཁམས་ཁུལ་ཕལ་ཆེ་བ་ཞིག་ཏུ་གི་གུ་ཡོད་མེད་ཀྱི་སྒྲ་གདངས་ཁྱད་པར་ཆེན་པོ་ཡོད་པས་ཤིན་ཏུ་ཀློག་མི་བདེ་བ་ཞིག་ཡིན་པ་མ་ཟད། མཱ་ཅིང་ཞེས་དེ་སྔ་་བར་དུ་འབྲི་སྲོལ་མེད་པ་འདྲ།

    Reply
  18. སྨར་དྷི་ཟེར། says:
    ལོ་ 17 སྔོན།

    གོང་གི་གཞོན་ནུ་མ་འདི་ཚོ་ལ་ལྟས་ན་མོན་རྟ་དབང་དུ་མཛེས་མ་ཡོདཚོད་འདུག །
    མ་ཟད་གོང་ས་མཆོག་གི་ཡང་བཀའ་གནང་འདུག་འོན་ཀྱང་སྨོན་ལམ་གཅིག་ཡོད་
    དེ་ནི་མུན་རྟ་དབང་གི་ཕོ་གསར་མོ་གསར་ཚོ་མི་ཚེ་འཕྲོ་རླགས་མ་ཤོར་བའི་མི་ཚེ་
    དོན་ལྡན་གྱི་སྐྱལ་ཐུབ་པའི་སྨོན་འདུན་ཞུ།

    Reply
  19. སྐར་ཁྲི་བཙན། says:
    ལོ་ 17 སྔོན།

    བོད་པའི་ལོ་རྒྱུས་སྟེང་མྭ་ཇང་རྒྱབ་ན་ཞབས་འདྲེན་ཞུས་ཡོད་རེད།

    Reply
  20. རྭ་ལོ། says:
    ལོ་ 17 སྔོན།

    མོན་རྟ་དབང་དུ་མཛེས་མའི་ཐང་ཞེས་པ་ཞིག་འདུག དེ་ནི་མོན་པའི་བུ་མོ་ཚོ་མཛེས་མ་ཡིན་པའི་དབང་གིས་མིན་ནམ།
    དེ་རིང་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཀྱང་། ༼ཁྱེད་ཚོ་མོན་པའི་ཕོ་གསར་མོ་གསར་ཚོ་དཀར་མདངས་དམར་མདངས་ཡག་པོ་འདུག ༽ཅེས་གསུངས་འདུག

    Reply
  21. ནད་པ says:
    ལོ་ 17 སྔོན།

    ཕྱག་ན་པདྨོའི་བྱིན་རླབས་བདུད་རྩིའི་རྒྱུན། །བདག་སོགས་སྙིང་གི་ཟུངས་སུ་རྟག་སྨིན་ཅིང་། །བཀའ་བཞིན་སྒྲུབ་པའི་མཆོད་པས་རབ་བསྙེན་ནས། །ཀུན་བཟང་མཆོད་མཆོག་རྒྱ་མཚོར་མཐར་སོན་ཤོག །

    རྒྱལ་བའི་ཡོངས་འཛིན་རྣམ་གཉིས་ཀྱི་གསུང་།

    Reply
  22. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 17 སྔོན།

    ཁོ་བོའི་ཞེས་པར་བཅོས།
    མགོ་རས་ཞེས་པ་ནི་རྒྱ་མི་བོད་དུ་བསླེབས་ནས་དར་བའི་བུད་མེད་ཚོས་ཞྭ་ཚབ་ཏུ་སྤྱོད་པའི་རས་ཡུག་ཅིག་གི་མིང་ཡིན། ཁ་དོག་སྣ་ཚོགས་པ་ཞིག་ཡོད།

    Reply
  23. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 17 སྔོན།

    གོང་གི་གཞོན་ནུ་མ་དེ་ཚོས་གྱོན་པའི་ཞྭ་མོ་དེར་ངའི་ཕ་ཡུལ་ན་མོ་ཞྭ་ཞེས་འབོད།
    རྐང་པའི་ལྷམ་གོག་དེར་ཟོམ་པ་ཞེས་འབོད། ཁོ་བའི་མཐོང་ཡུལ་ནས་མོ་ཞྭ་མགོ་རས་སུ་གྱུར་ཅིང་མགོ་རས་དེང་རབས་ཀྱི་ཞྭ་མོ་དཔེ་གསར་ལ་གྱུར། ད་ཕ་ཡུལ་ནས་ཡུལ་བྱོལ་བྱས་ཏེ་ལོ་ངོ་བཅུ་ལྷག་སོང་སྟབས་དེང་སང་ཇི་གྱོན་མི་ཤེས།
    དེ་བཞིན་ཟོམ་པ་རས་ལྷམ་ལ་གྱུར་ཅིང་རས་ལྷམ་ཀོ་ལྷམ་ལ་གྱུར་སོང་། དེས་སང་ཇི་གྱོན་མི་ཤེས།
    འདི་ནི་ངའི་ཕ་ཡུལ་དེང་རབས་གསར་པར་ཁ་ཕྱོགས་སྟངས་ཡིན།
    འོན་ཀྱང་ཕ་ཡུལ་གྱི་མི་རྣམས་ཀྱིས་ཀོ་ལྷམ་དང་དེང་རབས་དཔེ་གསར་གྱི་ཞྭ་མོ་འདི་ཚོ་ཇི་ལྟར་བཟོ་ཡིན་ཡོད་མེད་ཐད་དཔྱད་པ་གཏོང་མྱོང་མེད་ལ་ཤེས་ཀྱི་ཡང་མེད།
    འདི་ནི་ངའི་ཕ་ཡུལ་དེང་རབས་གསར་པའི་ལམ་ཐོག་ན་ད་དུང་ཡང་བསླེབས་མེད་པའི་མཚོན་རྟགས་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese