མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དུས་དྲན། བགྲོ་གླེང་། ཟིན་ཐོ།

བོད་ཀྱི་དུས་བབ།
༢༠༠༩/༡༡/༢༥
Share on FacebookShare on TwitterShare on EmailShare on Whatsapp

ས་རཱ་མཐོ་སློབ་ཀྱིས་གོ་སྒྲིག་བྱས་པའི་ལྔ་བཅུའི་དུས་དྲན་དང་འབྲེལ་བའི་མཁས་པའི་བགྲོ་གླེང་སྐབས་ཀྱི་དོན་གནད་རགས་བཀོད།

ས་རཱ་མཐོ་སློབ་ནི་བཙན་བྱོལ་སྤྱི་ཚོགས་ནང་འདིར། ལས་བྱེད་དང་དགེ་རྒན་མང་པོ་བསྐྱེད་བསྲིང་དང་། རིག་གནས་རབ་འབྱམས་པ་དང་། མཐོ་རིམ་རིག་གནས་རབ་འབྱམས་པ་བཅས་བསྐྱེད་བསྲིང་གནང་ཡུལ་གཞི་རྒྱ་ཆེ་ཤོས་ལྟ་བུ་ཆགས་ཡོད། འདི་ནས་བསྐྱེད་བསྲིང་གནང་བ་དེ་དག་གིས་བཙན་བྱོལ་བོད་ཀྱི་སློབ་གྲྭ་ཁག་དང་། རིག་གཞུང་གི་བསྟི་གནས་མང་པོ་ཞིག་ན་ལས་དོན་སྒྲུབ་བཞིན་ཡོད་ཅིང། འདས་པའི་ལོ་ངོ་བཅུ་ལྷག་གི་གྲུབ་འབྲས་དེར་སྤྱི་ཚོགས་ནང་གདེང་འཇོག་ཚད་མཐོ་བྱེད་བཞིན་པ་ཞིག་རེད། ཉིན་ཤས་སྔོན་ཏེ། འདི་ཟླའི་ཚེས་ 17 ནས་ཚེས་ 21 ཉིན་ལྔའི་རིང་《ལྔ་བཅུའི་དུས་དྲན་དང་འབྲེལ་བའི་མཁས་པའི་བགྲོ་གླེང》ཞིག་གོ་སྒྲིག་གིས་མཁས་པ་དང་ཉམས་ཞིབ་པ། དགེ་རྒན་དང་རྩོམ་སྒྲིག་གི་ཕྱག་ལས་གནང་མཁན་བཅུ་དགུ་ཆེད་ཞུས་དང་འབྲེལ། ཚད་མ་རིག་པའི་བྱུང་རིམ་དང་དེའི་དགེ་མཚན། མི་རབས་གསར་པས་ནང་ཆོས་རྒྱུན་འཛིན་གྱི་ཐབས་ལམ་སོགས་ཀྱིས་མཚོན་པའི་ནང་ཆོས་རིག་གཞུང་རྒྱུན་འཛིན་ཐབས་ལམ་དང་། བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཀྱི་འཕེལ་རིམ་དང། དེ་སློབ་གཉེར་དང་ཉམས་ཞིབ་ཀྱི་དགོས་དོན། བོད་ཀྱི་བརྡ་སྤྲོད་རིག་གནས་རྒྱུན་འཛིན་དང་། ད་ཡོད་བརྡ་སྤྲོད་རིག་གནས་ལ་སྣོན་འཕྲི་དགོས་མིན་གྱི་གནད་དོན། དེ་བཞིན་གནའ་རབས་དང་དེང་རབས་ཀྱི་རྩོམ་རིག་དར་སྤེལ་བྱ་ཐབས་བཅས་ལ་བགྲོ་གླེང་དང་། ཕྱོགས་མཚུངས་ས་རཱ་མཐོ་སློབ་ཀྱིས་གསར་འཛུགས་ཞུ་འཆར་ཆེས་མཐོའི་རིག་གནས་རབ་འབྱམས་པའི་སློབ་ཚན་སྐོར་ལའང་དམིགས་བསལ་བགྲོ་གླེང་གནང་ཡོད་ཅིང། མཁས་པ་དང་ཉམས་ཞིབ་པ་དག་གིས་རང་ཉིད་ཀྱི་ལྟ་ཚུལ་གླེང་བའི་དཔྱད་རྩོམ་རེ་སྤེལ་ཡོད་པ་དག་ནི། ས་རཱ་མཐོ་སློབ་ཀྱིས་རིང་མིན་ཕྱོགས་བསྒྲིགས་དཔར་འགྲེམས་གནང་ཉེར་ཡོད་འདུག་ཅིང། འདིར། མཁས་པ་དང་ཉམས་ཞིབ་པ་ཚོས་བགྲོ་གླེང་གསུང་བཤད་སྐབས་གང་རྩལ་འདོན་གནང་བའི་དོན་གནད་ལས་གལ་གནད་དུ་མཐོང་བ་ཁག་ཕྱོགས་བསྡུས་ཀྱིས་བཀོད་ཡོད།
གཅིག ལོ་རྒྱུས་བགྲོ་གླེང་།
༡ མཁན་པོ་འཇུ་བསྟན་སྐྱོང་མཆོག་གིས། ཁྲི་སྲོང་སྐབས་བོད་དུ་ནང་ཆོས་དར་ཚུལ་ལས་འཕྲོས་ཏེ། ཁྲི་སྲོང་སྐབས་བོད་དུ་ནང་ཆོས་དར་ཤུགས་ཆེན་པོ་བྱུང་བ་དེ་ནི། རྒྱལ་རབས་ལོ་རྒྱུས་རྣམས་སུ་མཁན་སློབ་གཉིས་བོད་དུ་གདན་དྲངས་ནས་བསྟན་པ་སྤེལ་ཚུལ་སྤྱི་བཤད་ཙམ་ལས་ཞིབ་བཤད་མཛད་མེད་ནའང། མདོ་དོན་ནི། ཐོག་མར་བསྟན་པ་སྤེལ་བའི་སྐབས་སུ་རིག་པའི་གཞུང་ལུགས་ཀྱི་ལྟ་གྲུབ་རྒྱས་བཤད་བྱས་ནས་བསྟན་པ་སྤེལ་བ་ཞིག་མིན་པར། ནང་ཆོས་ཀྱི་ཚད་མཐོ་པོའི་ཁྱད་ཆོས་ཁག་ཅིག་མིག་མཐོང་ལག་ཟིན་དུ་སྤྱད་ནས་བསྟན་པ་དར་སྤེལ་གྱི་གཞི་བཏིངས་པ་དང་། ཡང་། བསྟན་འགྱུར་དཀར་ཆག་དང་བཀའ་འགྱུར་དཀར་ཆག་དག་བསྡུར་ནས་མཐོང་ཐུབ་པ་ཞིག་ལ། ཁྲི་སྲོང་གི་སྐབས་སུ་བཀའ་དང་བསྟན་བཅོས་གཉིས་ལས་བསྟན་བཅོས་བོད་བསྒྱུར་ལ་ནུས་པ་ཤུགས་ཆེར་བཏོན་ཡོད་པ་དང་། བསྟན་བཅོས་བོད་བསྒྱུར་སྐབས་ལ་མཚོན་ནའང། མདོ་ཕྱོགས་ནས་བསྟན་པ་སྤྱིའི་རྣམ་གཞག་ཆ་ཚང་ཞིག་བསྒྱུར་གནང་ཡོད་པ་དང། སྐབས་དེར་རབ་བྱུང་ངུར་སྨྲིག་གི་སྡེ་དར་ལུགས་དང།  དེང་ནའང་བཀའ་བརྒྱུད་པ་དང། རི་བོ་དགེ་ལུགས་པ། ས་སྐྱ་པ་བཅས་ཐུན་མོང་གིས་གཞུང་འགྲེལ་སྣ་ཚོགས་མཛད་ནས་ཉམས་སུ་བསྟར་བཞིན་ཡོད་པའི་རྫོགས་ཆེན་གྱི་གཞི་ཡང་སྐབས་དེར་བོད་དུ་དར་བའི་མགོ་ཚུགས་པ་ནས། གཞན་ཡང་། སྤྱོད་པ་ལས་འཕྲོས་པའི་བན་བོན་གྱི་རྩོད་པ་དང་། སྒོམ་སྟངས་ལས་འཕྲོས་པའི་སྟོན་རྩེན་གྱི་རྩོད་པ་བྱུང་ལུགས་སོགས་ལོ་རྒྱུས་སྟེང་གི་གནད་དོན་མང་པོ་ཞིག་གླེང་སློང་གནང་།
༢ བོད་ཀྱི་དཔེ་མཛོད་ཁང་གི་ལོ་རྒྱུས་ཉམས་ཞིབ་པ་མགུ་ལོག་དམ་ཆོས་དཔལ་བཟང་ལགས་གིས། བཀའ་བསྟན་གྱི་འགྱུར་བྱང་གཞིར་བཞག་བྱས་ན། ཐོན་མི་ནས་དགེ་འདུན་ཆོས་འཕེལ་བར་ལོ་ཙཱ་བ་ 276 བྱོན་ཡོད་ཚུལ་དང་། དེ་དག་གིས་བཀའ་བསྟན་བོད་དུ་བསྒྱུར་གནང་བའི་ཚུལ་གསལ་བཤད་དང་འབྲེལ། ལོ་ཙཱ་བའི་སྐོར་ལ་དམིགས་བསལ་གྱི་ཉམས་ཞིབ་བྱ་འོས་པ་དང། སྔོན་བྱོན་ལོ་ཙཱ་བར་རྗེས་དྲན་ཞིག་ངེས་པར་དུ་གོ་སྒྲིག་ཞུ་གལ་ཆེ་བ་བཅས་ཀྱི་དགོངས་ཚུལ་གསལ་སྟོན་དང་འབྲེལ་བའི་གླེང་སློང་དང་། ཕྱོགས་མཚུངས་ར་ཤི་ཡ་དང་ཉི་ཧོང་དུ་ཉེ་རབས་བོད་ཀྱི་གནས་སྟངས་གསལ་བའི་ཡིག་ཚགས་མང་པོ་ཉར་ཚགས་བྱས་ཡོད་པ་དེ་དག་ལ་མ་འོངས་པར་ངེས་པར་ཉམས་ཞིབ་ཞུ་དགོས་པ་དང་། འགོས་ཆོས་གྲུབ་ཀྱིས་མདོ་སྡེ་ལང་ཀར་གཤེགས་པ་རྒྱ་ནག་སྐད་ནས་བཀའ་བསྟན་གསུང་རབ་བྱེ་བྲག་པ་བོད་སྐད་དུ་བསྒྱུར་བའི་ལོ་རྒྱུས་ཡོད་པ་སོགས་དང་། མི་ཉག་ལོ་ཙཱ་བ་ཙ་མི་སངས་གྲགས་པས་རྡོ་རྗེ་གདན་དུ་སྟོན་པའི་རྒྱལ་ཚབ་མཛད་པ་སོགས་ལོ་རྒྱུས་ཡིག་ཚང་བསྔོགས་པ་ལས་རྙེད་པའི་གལ་གནད་མང་པོ་ཞིག་གསལ་འདོན་གནང་།
༣ དྲུང་འཕར་བཀྲ་ཤིས་རྒྱ་མཚོ་ལགས་ཀྱིས། མན་ཇུའི་དུས་མཇུག་ནས་ཏིང་ཤོ་ཕིང་བར་གྱི་རྒྱ་ནག་དང་། དུས་སྐབས་དེའི་རིང་གི་བོད་ཀྱི་ལོ་རྒྱུས་ལས་འཕྲོས་ཏེ། མན་ཇུའི་དུས་སྐབས་ནི་བོད་ཀྱི་ལོ་རྒྱུས་སྟེང་གི་དཀའ་རྙོག་ཆེན་པོ་དག་མངོན་གསལ་དོད་པོའི་དུས་སྐབས་ཤིག་ཡིན་པ་དང། དེང་སྐབས་རྒྱ་ནག་གི་ཆབ་སྲིད་ཀྱི་གནས་སྟངས་ནི་ཏིན་གྱི་གྲིབ་གཟུགས་ཤིག་གི་འོག་ཏུ་ཡོད་པ། བོད་སོག་ལས་ཁུངས་ཀྱི་མགོ་ཁུངས་དེ་མི་སེར་རྒྱལ་ཁབ་ཀྱི་སྐབས་དང་འབྲེལ་ཡོད་པ། རྒྱལ་སྤྱིའི་ཁྲིམས་དོན་མཁས་པའི་ཚོགས་ཚུང་གིས་བོད་ནི་རང་བཙན་གྱི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་བྱས་ཡོད་པ། རྒྱ་གུང་ཁྲན་དང་བོད་གཉིས་ཀྱི་འབྲེལ་བ་ནི་རིག་གཞུང་རྩ་གཏོར་དང་རང་དབང་སླར་གསོའི་གདོང་ཐུག་ཅིག་དང་། རྒྱ་ནག་གུང་ཁྲན་གཞུང་གིས། བོད་འདི་ས་ཁོངས་དུམ་བུ་མང་པོར་བཅད་བགོས་དང། བོད་ཀྱི་ཡུལ་མི་དེ་དག་མི་རིགས་མི་འདྲ་བར་དབྱེ་ཚན་ཕྱེས་པ། ཤེས་ཡོན་དང་ཆོས་ལུགས་ཀྱི་རང་དབང་གི་གནས་སྟངས་མེད་པ་སོགས་མདོར་ན། རྒྱ་ནག་གིས་བོད་དུ་སྤེལ་བའི་སྲིད་བྱུས་དེ་ནི་རིག་གཞུང་རྩ་གཏོར་གྱི་བརྒྱུད་རིམ་ཞིག་ཡིན་པ་སོགས་གསལ་སྟོན་གནང་།
༤ ཀིརྟི་བྱེས་པ་གྲྭ་ཚང་གི་དགེ་རྒན་རེ་མདོ་སེང་གེ་ལགས་ཀྱིས། བོད་ཀྱི་ལོ་རྒྱུས་ཡར་རྒྱས་གཏོང་ཕྱོགས་ཀྱི་བརྗོད་གཞི་ལས་འཕྲོས་ཏེ། ལོ་རྒྱུས་ནི་ཆབ་སྲིད་དང་ཆོས་ལུགས་ཀྱི་ལྟ་བའི་ཚོས་གཞི་མ་འདྲེས་པའི་དངོས་ཡོད་བདེན་པའི་རང་བཞིན་དང་ལྡན་པ་ཞིག་ཡིན་དགོས་པའི་ངོས་འཛིན་དང། ལེགས་ཆ་ལེན་པ་དང་སྐྱོན་ཆ་འདོར་བ། མི་རིགས་གཞན་གྱི་ལོ་རྒྱུས་འབྲི་སྟངས་ལས་འབྲི་ཐབས་སྐོར་ལ་དཔེ་ལྟོས་བྱེད་པ་སོགས་བརྒྱུད་ནས་ལོ་རྒྱུས་འབྲི་ཐབས་དང་རྩོམ་སྟངས་གསར་བཏོད་བྱེད་དགོས་པ། ད་ཡོད་བོད་ཀྱི་ལོ་རྒྱུས་དེབ་གཞི་མང་ཆེ་བ་ནི། ཆོས་ལུགས་ཀྱི་ཆེ་བ་དང་དད་པ་ལ་སྦྱར་བའི་དག་སྣང་གི་ལོ་རྒྱུས་ཤིག་ལས་འཚོ་གནས་དངོས་བརྗོད་པའི་ལོ་རྒྱུས་ཉུང་བ་ནས་ཧ་ལམ་མེད་པ་ལྟ་བུར་ཡོད་སྟབས། ལོ་རྒྱུས་རྩོམ་རིག་ནི་དངོས་ཡོད་འཚོ་བ་དང་ཐག་ཉེ་ས་ཞིག་ནས་མགོ་རྩོམ་དགོས་པ་སོགས་གླེང་། འདི་སྐབས་གླང་དར་མས་བསྟན་པ་བསྣུབས་ཡོད་མེད་སོགས་ལས་འཕྲོས་ཏེ་གླེང་སློང་ཤུགས་ཆེ་བྱུང་ཞིང། མཐའ་མ་དེར་།  བགྲོ་གླེང་གི་དྲི་རྨེད་ཀྱི་སྐབས། མཁན་པོ་འཇུ་བསྟན་སྐྱོང་ལགས་ཀྱིས། རྒྱལ་པོ་དར་མས་སངས་རྒྱས་ཀྱི་བསྟན་པ་བསྣུབས་མེད་པ་དང་ལྷ་ལུང་དཔལ་རྡོར་གྱིས་རྒྱལ་པོ་དར་མ་བསད་མེད་པ། རྒྱལ་པོ་དར་མ་གསོད་མཁན་ནི་ཡུམ་བརྟན་གྱི་ཨ་ཞང་ཡིན་པའི་སྐོར་ཏུན་ཧོང་ཡིག་རྙིང་ལས་གསལ་བ་དང།  ལོ་རྒྱུས་ནི་ངེས་ཅན་དུའང། ཐུན་མོང་དབང་ལྔའི་ཡུལ་དུ་གྱུར་པའི་ཐུན་མོང་གི་ལོ་རྒྱུས་དང། དེའི་ཡུལ་དུ་མ་གྱུར་པའི་ཐུན་མོང་མ་ཡིན་པའི་ལོ་རྒྱུས་གཉིས་སུ་ཕྱེས་ནས་རྩོམ་སྒྲིག་དང་ཉམས་ཞིབ། སློབ་སྦྱོང་བྱེད་དགོས་པ་བཅས་གལ་ཆེན་ཡིན་པ་བཅས་གསལ་འདོན་གནང་།
༥ རྡོ་རྗེ་དབང་ཕྱུག་ལགས་ཀྱིས། ལོ་རྒྱུས་སྟེང་དོ་སྣང་བྱ་དགོས་སྐོར་གང་ཡིན་ཞེས་པའི་བརྗོད་གཞི་ལས་འཕྲོས་ཏེ། བོད་ཀྱི་ལོ་རྒྱུས་ནི།  བོད་རང་གི་མཁས་པས་བྲིས་པའི་དུམ་བུ་གཅིག་དང། རྒྱ་ནག་གིས་བོད་ཀྱི་ལོ་རྒྱུས་འཁྱོག་བརྗོད་བྱས་པའི་དུམ་བུ་གཅིག རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་པའི་ཁྱབ་ཁོངས་ན་བོད་ཀྱི་ལོ་རྒྱུས་གླེང་སྟངས་དུམ་བུ་གཅིག་བཅས་དུམ་བུ་གསུམ་དུ་ཡོད་ཅིང། ལྷག་པར་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཁྱབ་ཁོངས་ཀྱི་ཉམས་ཞིབ་པ་ཚོས། ལོ་རྒྱུས་ཀྱི་བོད་དང་། རིག་གཞུང་གི་བོད་ཅེས་སྡེ་ཚན་གཉིས་སུ་ངོས་འཛིན་བྱེད་ཀྱིན་ཡོད་པ་དང་། གང་ལྟར་དེང་སྐབས་བོད་ཀྱི་ལོ་རྒྱུས་འབྲི་རྩོམ་གྱི་གནས་བབ་དེ་རིམ་པ་མི་འདྲ་བ་གསུམ་ཆགས་ནས། བོད་ཀྱི་ལོ་རྒྱུས་སློབ་སྦྱོང་དང་ཉམས་ཞིབ་གང་ཡང་དཀའ་རྙོག་ཅིག་གི་ནང་འཛུལ་ས་ལྟ་བུ་ཞིག་ཆགས་ནས་ཡོད་སྟབས། བོད་ཀྱི་ལོ་རྒྱུས་སློབ་གཉེར་དང་ཉམས་ཞིབ་ལ་འཇུག་པ་དག་གིས། གནའ་རབས་ནས་ཉེ་བའི་ཕྱི་ལོ་ 1959 ་ལོའི་བར་བྲིས་ཤིང་བརྩམས་པའི་ལོ་རྒྱུས་དག་གཞི་རྩར་བཟུང་ནས་རང་ཉིད་ལ་ལོ་རྒྱུས་ཀྱི་ལྟ་གྲུབ་བམ་གཞུང་ཤིང་ཞིག་ཆགས་པ་བྱེད་དགོས་པ་དེ་གལ་ཆེ་ཚུལ་དང་། ལྷག་དོན་རྒྱ་ནག་གཞུང་ཕྱོགས་ནས་བོད་འདི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པ་དང་། རྒྱ་ནག་གིས་བོད་འདི་དབང་བསྒྱུར་བྱས་པ་ནས་བཟུང་བོད་དེ་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཤིག་ཏུ་བསྒྱུར་ཡོད་རབས་གཉིས་གཙོ་བོའི་སྒྲུབ་གཞིར་བཟུང་བའི་བོད་ཀྱི་ལོ་རྒྱུས་གླེང་སྟངས་འདི་རིགས་ལ། ངེས་པར་ཁ་གཏད་གཅོག་དགོས་ཤིང་། དེ་ཡང་། དུས་སྐབས་སུ་དབྱེ་ནས་གནས་ཚུལ་གྱི་སྤྱི་ཡོངས་ལ་ལྟ་བ། ལོ་རྒྱུས་ཀྱི་ཚབ་མཚོན་མི་སྣ་དང་འབྲེལ་བའི་ཐོག་ནས་ལོ་རྒྱུས་ལ་བལྟ་བ། ཡིག་རྙིང་ཁག་གཤིབ་བསྡུར་གྱི་ལམ་ནས་ལོ་རྒྱུས་ཀྱི་འཕེལ་རིམ་ལ་བལྟ་བ་བཅས་གནད་འགག་ཡིན་པ་སོགས་གླེང།
གཉིས། ནང་ཆོས་བགྲོ་གླེང།
༡ ཀིརྟི་དགེ་རྩ་ཚོགས་པའི་ཚོགས་གཙོ་དགེ་བཤེས་དཀོན་མཆོག་རྒྱ་མཚོ་ལགས་ཀྱིས། ཚད་མ་རིག་པའི་བྱུང་རིམ་དང་དེའི་གལ་གནད་ལས་འཕྲོས་ཏེ། ཚད་མ་རིག་པ་དར་ཚུལ་གྱི་སྤྱི་བཤད་དང་། སྒོས་སུ་བོད་དུ་ཚད་མ་རིག་པ་དར་ཚུལ། ནང་བསྟན་ཆོས་ལུགས་ཀྱི་དབང་དུ་བྱས་ན་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་ནས་བཟུང་གཏན་ཚིགས་རིག་པའི་རྣམ་གཞག་བསྟན་ཡོད་པ་དང། བསྟན་པ་སྔ་དར་གྱི་སྐབས་སུ་ཚད་མ་རིག་པར་འཆད་ཉན་གནང་སྟངས། བསྟན་པ་ཕྱི་དར་སྐབས་རྔོག་ལོ་ཡབ་སྲས་ཀྱིས་བོད་འདིར་ཚད་མ་རིག་པ་དར་རྒྱས་སོང་བ་དང།  གསང་ཕུའི་མཁན་རབས་བཞི་པ་ཕྱྭ་བ་ཆོས་ཀྱི་སེང་གེས་ཚད་མ་རིག་པ་འཆད་རྩོད་ཀྱི་རྣམ་གཞག་དེ་འཕེལ་རིམ་གསར་པ་ཞིག་ཏུ་ཕྱོགས་བཅུག་པ།  ཕྱིས་ན་འཇང་དགུན་ཆོས་སོགས་ཀྱི་སྲོལ་བྱུང་སྟེ་ཤིན་ཏུ་ནས་དར་འཕེལ་བྱུང་བ་སོགས་ཞིབ་ཏུ་གླེང་ཞིང། བོད་དུ་ཚད་མ་རིག་པའི་བསྟན་བཅོས་འཆད་སྤེལ་བརྒྱུད་རིམ་ལ་བཤད་སྲོལ་རིགས་མི་འདྲ་བ་ཆེན་པོ་གསུམ་གྱི་སྐོར་དང་། ས་པཎ་ནས་ཚད་མ་སྔ་རབས་པ་དང་ཚད་མ་ཕྱི་རབས་པའི་ཐ་སྙད་བྱེད་པ་འོས་འཚམ་ཡིན་མིན། ཚད་མ་རིག་པ་འདི་བཞིན་མདོ་བྱེ་བྲག་པ་ཞིག་ལ་ཁུངས་གཏུགས་ཞུ་ཡུལ་ཡོད་མེད་སོགས་ཀྱི་སྐོར་ལ་བགྲོ་གླེང་ལྷུག་པོ་བྱས།
༢ རིགས་ལམ་སློབ་གཉེར་ཁང་གི་དཔེ་ཁྲིད་རྒན་དགེ་བཤེས་དཀོན་མཆོག་དབང་འདུས་མཆོག་གིས།  བོད་བརྒྱུད་ནང་བསྟན་བོད་ཀྱི་མི་རབས་གསར་པས་རྒྱུན་འཛིན་བྱེད་ཐབས་ལས་འཕྲོས་ཏེ། ཁྱིམ་པའམ་སྐྱ་བོ་ཡིན་པའི་མི་རབས་གསར་པས་བོད་བརྒྱུད་ནང་བསྟན་འཛིན་སྐྱོང་བྱེད་ཚུལ་ལ་དེ་ངོ་འཕྲོད་པའི་ཐོག་ནས་བྱེད་དགོས་པས་དེ་ངོ་སྤྲོད་ཀྱི་རིམ་པ་དེ་ངེས་པར་རྩལ་འདོན་དགོས་པ་དང་། ཆོས་ཀྱི་ངོ་སྤྲོད་དེ་ཡང་གཙོ་བོ་ཀུན་སྤྱོད་ཀྱི་རྣམ་གཞག་དང་འབྲེལ་ནས་ངོ་སྤྲོད་བྱས་པ་ཡིན་ན་ངོ་འཕྲོད་སླ་བ་དང་། དེ་བཞིན་མི་སྒེར་གྱི་ཕན་ཐོགས་ནས་སྤྱི་ཚོགས་ཀྱི་ཕན་ཐོགས། དེ་ནས་འཛམ་གླིང་ལ་ཕན་ཐོགས་གང་ཡོད་སྐོར་མང་ཚོགས་ནང་འཆད་སྤེལ་གཏིང་ཚུགས་ཐུབ་པ་ཞིག་བྱེད་ཐུབ་པ་ཡིན་ན། གཞི་ནས་མང་ཚོགས་ནང་ཆོས་ཀྱི་གཞི་རྩ་ཞིག་ཚུགས་ཐུབ་རྒྱུ་དང། དེ་བཞིན་དུ་ནང་ཆོས་ཀྱི་ཀུན་སྤྱོད་རྣམ་གཞག་དེ་དག་རང་རྒྱུད་ལ་འཇགས་པ་ལས་མི་ཚད་ལྡན་ཞིག་བྱེད་པའི་ཐབས་ལ་ཕྱོགས་དགོས་པ་དང། ནང་ཆོས་ཁྱབ་སྤེལ་བྱེད་པ་དེ་ཡང་རང་གི་ཆོས་ལུགས་དར་སྤེལ་གྱི་ཆེད་དུ་མ་ཡིན་པ་ཞིག་དགོས་སྐོར་སོགས་གླེང་།
༣ ས་རཱའི་ནང་རིག་འཛིན་གྲྭའི་དགེ་རྒན་རབས་འབྱམས་པ་བློ་བཟང་བསོད་ནམས་མཆོག་གིས། གྲུབ་མཐའི་རྣམ་གཞག་དང་དེའི་གལ་གནད་ལས་འཕྲོས་ཏེ། སློབ་ཁྲིད་བྱེད་ཐབས་སྐོར་རང་གི་ཉམས་མྱོང་ཁྲོད་ངེས་ཤེས་བྱུང་བ་ཁག་ཅིག་གསལ་བཤད་དང་ཆབས་ཅིག གྲུབ་མཐའི་རྣམ་གཞག་ནི་དབང་ཤེས་ལས་འདས་པའི་ཡིད་ཤེས་སམ་བསམ་བློའི་རྣམ་གཞག་དང་འབྲེལ་བའི་ལྟ་ཚུལ་ཞིག་ཡིན་པ་སོགས་གླེང་ཞིང་། དངོས་གཞི་དྲི་རྨེད་ཀྱི་སྐབས་སུ།  ལྟ་བ་དང་གྲུབ་མཐའི་ཁྱད་པར་སྐོར་དང་། ཤེས་རབ་ལ་བརྟེན་ནས་བདེན་པ་འཚོལ་བའི་རིག་པ་དེ་གྲོལ་བའི་རིག་པ་དང་། དེ་ཉིད་རྒྱུད་ཐོག་ཏུ་སྦྱར་བ་དེ་ཀུན་སྤྱོད་ཀྱི་རྣམ་གཞག་ཡིན་པས་དེ་ལ་སྡུད་པའི་རིག་པ་ཞེས་པ་ལྟ་བུའི་ཐ་སྙད་སྦྱར་ན་འགྲིག་མིན་གྱི་སྐོར་དོགས་སློང་དང་བཅས་ཏེ་གླེང་།
༤ དཔེ་མཛོད་འགན་འཛིན་དགེ་བཤེས་ལྷག་རྡོར་མཆོག་གིས། དེང་དུས་དང་མཐུན་པའི་ནང་ཆོས་སློབ་ཁྲིད་བྱེད་ཐབས་ལས་འཕྲོས་ཏེ། དེང་དུས་དང་མཐུན་པ་ཞེས་པ་དེ་ནི་དངོས་ཡོད་གནས་ཚུལ་དང་མཐུན་པ་ཞིག་དགོས་པ་དེ་གལ་ཆེ་བ་ཞིག་རེད། དེ་བཞིན་དུ་༸གོང་ས་མཆོག་གིས་དུས་རབས་ཉི་ཤུ་རྩ་གཅིག་པའི་ཆོས་པ་ཞེས་པ་དེ་ཆོས་ལ་བསྒྱུར་བཅོས་ཀྱི་ཆེད་གསུངས་པ་མ་རེད་ཅེས་དང་། གཙོ་དོན་མིའི་བསམ་བློའི་དགོས་མཁོ་དང་མཐུན་པར་འགྲེལ་བརྗོད་བྱེད་དགོས་པ་དང་། གཞན་དོན་ཆེད་བློས་གཏོང་གི་བསམ་བློ་ཞིག་ཡོད་དགོས་པ་དེ་ངེས་པར་གལ་ཆེ་བ། བརྡ་འཕྲིན་གྱི་བརྒྱུད་ལམ་དེ་བེད་སྤྱོད་བྱེད་གལ་ཆེ་བ་བཅས་གླེང་།
གསུམ། བརྡ་སྤྲོད་བགྲོ་གླེང།
༡ བོད་ཀྱི་དཔེ་མཛོད་ཁང་གི་སྐད་ཡིག་སློབ་དཔོན་ན་ག་སངས་རྒྱས་བསྟན་དར་མཆོག་གིས། བརྡ་སྤྲོད་རིག་པའི་དཀའ་གནད་ཀྱི་བརྗོད་གཞི་ལས་འཕྲོས་ཏེ།  བརྡ་སྤྲོད་དང་སྐད་ཡིག་གཉིས་ཕུང་པོ་གཅིག་ཏུ་ངོས་འཛིན་བྱེད་དགོས་པ་དང་། བོད་ལ་བརྡ་སྤྲོད་རིག་པ་བཤད་པའི་སྐབས་སུ་ཆ་མ་ཚང་བ་ཡོད་ནའང་། ལག་ལེན་གྱི་ཐོག་ལ་དཀའ་ངལ་མེད་པ། དེང་སང་བོད་ཀྱི་གཞོན་སྐྱེས་ཚོའི་ནང་སྐད་ཡིག་གཞན་པའི་འགྲོ་སྟངས་ཀྱི་བསམ་བློ་གཏོང་ཕྱོགས་ཀྱི་དབང་གིས་བོད་ཀྱི་སྐད་ཡིག་གི་སྒྲོམ་གཞི་དང་གོ་རིམ་འཁྲུག་རྐྱེན་ཡོང་གི་ཡོད་པ། ཐ་སྙད་གཡར་ན་སྐྱོན་ཆ་མེད་ཀྱང་ཚིག་སྦྱོར་གྱི་གོ་རིམ་འཁྲུག་པ་དང་ཚིག་ཕྲད་གཡར་ན་གཏན་ནས་མི་འགྲིག་པ་སོགས་དང་། དགེ་རྒན་གཙོ་བོར་བྱས་པའི་ཤེས་ཡོན་པ་དག་གིས་གཏམ་བཤད་ཀྱི་སྐབས་ཙམ་མ་ཡིན་པར། དུས་རྒྱུན་དུ་ནས་སྐད་ཡིག་དང་རིག་གཞུང་དར་སྤེལ་ལ་ཤུགས་རྒྱག་དགོས་པའི་རེ་སྐུལ་ནན་ཏུ་གནང་།
༢ ཀིརྟི་བྱེས་པ་གྲྭ་ཚང་གི་དགེ་རྒན་འབྲིང་བ་འཇིགས་མེད་ལགས་ཀྱིས། བོད་ཀྱི་སྲོལ་རྒྱུན་བརྡ་སྤྲོད་རིག་པའི་རིན་ཐང་དང་རྒྱུན་འཛིན་གྱི་གལ་གནད་ལས་འཕྲོས་ཏེ། ཞང་ཡིག་བོད་ཡིག་མིན་པ་དང། སུམ་རྟགས་རྩ་ཚིག་ཐོན་མིས་མཛད་པ། རང་གིས་སྦྱོང་སྟངས་དང་གཞན་ལ་སློབ་སྟངས། སྲོལ་རྒྱུན་གྱི་སློབ་ཚན་དབྱེ་ཞིབ་བྱེད་ལུགས། སློབ་ཁྲིད་ཐབས་ལམ། བོད་ཀྱི་སྲོལ་རྒྱུན་བརྡ་སྤྲོད་ཀྱི་དགོས་དོན་དང་རིན་ཐང། བརྡ་སྤྲོད་འཆད་ཐབས་དེ་འཛིན་གྲྭ་རིམ་པའི་གོ་རིམ་དང་མཐུན་པར་སློབ་ཁྲིད་བྱེད་སྟངས་སོགས་གཙོ་ཆེ་སློབ་ཁྲིད་ཀྱི་གནད་འགག་མང་པོ་ཞིག་རྩལ་འདོན་གྱིས་བགྲོ་གླེང་གནང་།
༣ ཝ་ན་མཐོ་སློབ་ཀྱི་དགེ་རྒན་ལྷག་པ་ཚེ་རིང་ལགས་ཀྱིས། དེང་རབས་དང་མཐུན་པའི་སྒོ་ནས་མཐོ་སློབ་ཅིག་ལ་བོད་ཀྱི་བརྡ་སྤྲོད་སློབ་ཁྲིད་བྱེད་ཐབས་ཞེས་པའི་བརྗོད་གཞི་ལས་འཕྲོས་ཏེ། དེང་དུས་དང་མཐུན་པའི་སློབ་ཁྲིད་ཐབས་ལམ་སྐོར་མདོར་བསྡུས་ན། དགེ་རྒན་གཅིག་པུས་བཤད་བསྡད་པ་ཞིག་མ་ཡིན་པར། སློབ་ཕྲུག་གིས་ཆ་ཤས་མང་བ་ལེན་དགོས་པ། དེང་དུས་དང་མཐུན་པའི་དགེ་རྒན་གྱི་ཁྱད་ཆོས་དང་ལྡན་པ། བསླབ་གཞི་ལ་བྱང་ཆུབ་པ། བྱམས་བརྩེ་དང་བཟོད་བསྲན་ཆེ་བ་དང་། དོ་སྣང་མི་བྱེད་པའི་སློབ་ཕྲུག་ལ་གཙོ་བོར་ཕྱོགས་པ། སློབ་གྲྭའི་ར་བའི་ནང་དུ་རང་དབང་ཡོད་ལ་སྒྲིག་འཛུགས་ཡོད་པ་གལ་ཆེ་བ། དགེ་རྒན་ནི་སློབ་ཕྲུག་གི་གྲོགས་པོ་དང། ལམ་སྟོན་པ། མགོན་སྐྱབས་གསུམ་གར་འགྱུར་བ་ཞིག་དགོས་པ། སློབ་ཚན་ལ་མཚོན་ན། སྤྱིར་བཏང་གི་སློབ་ཚན་བསྒྲིགས་པ་དང་དམིགས་བསལ་གྱི་སློབ་ཚན་བསྒྲིགས་པ། དམིགས་བསལ་གྱི་རིག་ཚན་ཞིག་གི་སློབ་ཚན་བསྒྲིགས་ཕྱོགས་དེ་གང་ལེགས་པ་དེ་ལེན་པ་ལས་དེབ་གཅིག་ཧྲིལ་གྱིས་ལེན་པའི་སྲོལ་དུ་མ་ཡིན་པ། འཁྲིད་སྟངས་དེ་ཡང། ཆེ་ས་ནས་ཆུང་སར་འཁྲིད་པ། མངོན་སུམ་ནས་ལྐོག་གྱུར་ཏུ་འཁྲིད་པ། རགས་ས་ནས་ཕྲ་སར་འཁྲིད་པ། ཉམས་མྱོང་ནས་རིག་པར་འཁྲིད་པ། ཤེས་སླ་ཞིང་བརྗེད་དཀའ་བ་ཞིག་འཁྲིད་ཐབས་གལ་ཆེ་བ་བཅས་གསལ་འདོན་གནང།
༤ ས་རཱ་མཐོ་སློབ་ཀྱི་དགེ་རྒན་བསོད་ནམས་རྒྱལ་མཚན་ལགས་ཀྱིས། བརྡ་སྤྲོད་རིག་པའི་གལ་གནད་སྐོར་ལས་འཕྲོས་ཏེ། བོད་ལ་སྒྲའི་བསྟན་བཅོས་བརྒྱད་ཡོད་མེད། གཞུང་ལུགས་ལ་གཞུང་ལུགས་ཀྱི་ཐོག་ནས་བལྟ་མི་དགོས་པར་ལག་ལེན་གྱི་ཐོག་ནས་སྐད་ཀྱི་རྣམ་གཞག་སྟོན་པའི་གཞུང་ལུགས་ལ་བལྟ་དགོས་པ། སུམ་ཅུ་པ་ནས་མཚམས་སྦྱོར་གྱི་རྣམ་གཞག་དང་རྟགས་འཇུག་ནས་ལས་ཚིག་གི་རྣམ་གཞག་བསྟན་པ་སོགས་ཀྱི་སྐོར་དང་། གཞན་ཡང་། རྗེས་འཇུག་གི་ཡི་གེ་ནི་མིང་སྒྲུབ་བྱེད་དང་མིང་ཚིག་སྒྲུབ་བྱེད་ཀྱི་ལས་ཀ་ཆ་ཚང་བྱེད་མཁན་ཡིན་པ་སོགས་བོད་ཀྱི་བརྡ་སྤྲོད་རྣམ་གཞག་དང་ལེགས་སྦྱར་གྱི་བརྡ་སྤྲོད་རྣམ་གཞག་བསྡུར་ཏེ་གླེང་།
༥ སེར་བྱེས་ལྷ་རམས་པ་རོང་པོ་བློ་བཟང་སྙན་གྲགས་མཆོག་གིས། བོད་ཀྱི་བརྡ་སྤྲོད་རིག་པར་སྣོན་འཕྲི་གང་ཞིག་དགོས་མིན་སྐོར་ལས་འཕྲོས་ཏེ། བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལུགས་དང་ལག་ལེན་བར་གྱི་འགལ་འདུ་ལས་བྱུང་བའི་གནད་དོན་འགའ་ཞིག་ལ་ལྟ་སྟངས་དང་། གཞུང་ལུགས་དང་ལག་ལེན་གྱི་བར་ཁྱད། མཁས་པ་དག་གི་བཀའ་འབུམ་ལྟ་བུར་ད་ལྟའི་བརྡ་སྤྲོད་ཀྱི་འགྲོ་སྟངས་དང་རང་ཉིད་ཀྱི་ཤེས་ཚད་ཀྱི་ཐོག་ནས་ཞུས་དག་བྱས་ན་དག་མ་དག་པར་བཟོ་བ་དང། མཁས་པའི་གཞུང་རྩོམ་ནང་ཁ་མི་མཐུན་པར་བྱེད་པའི་ཉེན་ཁ་ཡོང་སྲིད་པ། ཐ་སྙད་གསར་བཟོ་དགོས་པའི་དབང་དུ་བྱས་ནའང། ངེས་པར་དུ། སྔོན་གྱི་ཚེ་ན་ཡོད་མེད་བསྔོགས་པ་དང་། མེད་ན་གསར་དུ་སྦྱོར་བ། ཅི་སྟེ་གཞན་སྐད་ནས་གཡར་དགོས་བྱུང་ན་གཡོར་བ་བཅས་ཀྱི་ལམ་ནས་ཐ་སྙད་གཏན་འབེབས་བྱེད་དགོས་པ། ཕལ་སྐད་དང་ཡིག་སྐད་བར་གྱི་བར་ཐག་ཆེ་བ། ཕལ་སྐད་མ་གཏོགས་ཡིག་སྐད་ཀྱིས་མཚོན་མི་ཐུབ་པའི་གནས་ཚུལ་ཡོད་པ། རྗེ་རིན་པོ་ཆེ་དང་མཁས་གྲུབ་དང་རྒྱལ་ཚབ་དག་གིས་ད་དྲག་གི་ཐོབ་ཐང་སྦྱོར་ལུགས་མི་འདྲ་བས་གཅིག་གྱུར་བྱེད་དཀའ་བ། སྒྲ་མཐུན་དང་བརྗོད་བདེ་རྟགས་མཚུངས་གསུམ་གྱི་ཁྱད་པར། སི་ཏུས་བརྗོད་བདེ་དང་རྟགས་མཚུངས་གཉིས་ཀ་སྒྲ་མཐུན་གྱི་ཁོངས་སུ་བགྲངས་ཚུལ། ཚེ་ཏན་ཞབས་དྲུང་དང་དམུ་དགེ་བསམ་གཏན་སོགས་ཀྱི་པ་བའི་སྦྱོར་ཚུལ་དེ་རྗེ་རིན་པོ་ཆེའི་ལུགས་ཀྱི་པ་བའི་ཐོབ་ཐང་གི་འགྲོ་སྟངས་ལྟར་སྦྱར་བ་དང།  རྗེ་རིན་པོ་ཆེའི་པ་བའི་ཐོབ་ཐང་གི་སྦྱོར་ཚུལ་ནི་དབུས་གཙང་གི་མཁས་པའི་མདུན་ནས་སྦྱང་བ་དང་ཁོང་གི་ཡིག་མཁན་དག་ནི་གཙང་པ་ཡིན་པ། འགྲོ་ལུགས་དེ་ཉིད་རྩ་བ་མཁན་པོའི་འགྲོས་དང་མཐུན་མིན་སོགས་ལ་དཔྱད་ཞིབ་གལ་ཆེན་པོ་ཡིན་པ་སོགས་ཞིབ་རྒྱས་གླེང་།
བཞི། རྩོམ་རིག་བགྲོ་གླེང།
༡ ཝ་ན་མཐོ་སློབ་ཀྱི་དགེ་རྒན་བཀྲ་ཤིས་ཚེ་རིང་ལགས་ཀྱིས། རྩོམ་རིག་གི་གོ་དོན་ཐད་ཤར་ནུབ་མཁས་པའི་འདོད་ཚུལ་ལས་འཕྲོས་ཏེ། རང་རེ་བོད་ལ་མཚོན་ན། རྩོམ་རིག་ཅེས་པའི་ཐ་སྙད་འདི་རྒྱ་ཁབ་ཏུ་བེད་སྤྱོད་དེ་ལྔ་བཅུ་ང་དགུའི་རྗེས་ནས་ཡིན་ཚུལ་དང་། དབྱིན་ཇིའི་སྐད་ཀྱི་ཐོག་ནས་བཤད་ན་རྩོམ་རིག་དང་སྙན་ངག་ལ་ཁྱད་པར་ཡོད་པ་དང། དེ་ཡང་གཙོ་བོ་རྩོམ་ལུས་ཀྱི་ཐོག་ནས་ཁྱད་པར་ཡོང་གི་ཡོད་པ་སོགས་རྩོམ་རིག་ཅེས་པའི་གོ་དོན་ཐད་བཞེད་ལུགས་སྣ་ཚོགས་ཡོད་པའི་སྐོར་གླེང།
༢ ནོར་གླིང་ཉམས་ཞིབ་པ་ཨ་འཇམ་དབྱངས་ཚུལ་ཁྲིམས་ལགས་ཀྱིས། སྙན་ངག་གསར་པའི་སྐོར་ལས་འཕྲོས་ཏེ། སྙན་ངག་པར་དཀའ་ངལ་འཕྲད་ཀྱི་ཡོད་པ་སྤྱི་ཚོགས་ཁོར་ཡུག་ཚད་ལྡན་མེད་པས་ཡིན་པ་དང་། རྩོམ་ཡིག་སྤེལ་སའི་སྡིངས་ཆ་མེད་པ། སྙན་ངག་འབྲི་མཁན་དག་ལ་མུ་མཐུད་སྙན་ངག་འབྲི་བའི་སྤོབས་པ་མེད་པས་རྒྱུན་མཐུད་མ་ཐུབ་པ། ཁ་གྲངས་དང་སྤུས་ཚད་དོ་མ་སྙོམས་པ། རྩོམ་སྒྲིག་པ་རེ་ཤས་ནས་སྙན་ངག་རྩོམ་རིག་ལ་བཅད་གཏུབས་ཚད་ལས་བརྒལ་བ་བྱེད་པའི་དཀའ་ངལ་སོགས་དང་། གཞན་ཡང་། འཛམ་གླིང་འདིར་རྩོམ་རིག་སྨྲ་བ་ཚོས་སྙན་ངག་ལ་མཚན་ཉིད་བརྒྱ་ཕྲག་བརྒལ་བ་བཞག་ཡོད་པ་དེ་སྙན་ངག་གི་རིན་ཐང་དང་འབྲེལ་བ་ཡོད་པ། སྙན་ངག་ལ་བརྟེན་ནས་དགྲ་ཤ་ལེན་པའི་ནུས་པ་དང།  སེམས་ཁམས་དང་འཕྲོད་བསྟེན་ཐོག་གི་ནུས་པ་དང་རིན་ཐང། བརྩེ་དུང་ཤུགས་ཆེན་པོ་མཚོན་པའི་ནུས་པ་དང། འཚོ་བ་དང་ཞིང་ཕྱུགས་ཀྱི་ལས་དོན་དང་འབྲེལ་བ་ཡོད་པའི་རིན་ཐང། རིག་གནས་ཐམས་ཅད་སྙན་ངག་དང་འབྲེལ་བ་དང། མིའི་བསམ་བློ་དང་དེ་མཚོན་པའི་སྐད་ཆ་ལ་འཛད་མཐའ་མེད་པ་བཞིན་དུ་སྙན་ངག་ལ་འཛད་མཐའ་མེད་པ། སྙན་ངག་ལ་བརྟེན་ནས་སྤྱི་ཚོགས་ཀྱི་དཀའ་ངལ་ལ་ཐད་ཀར་གདོང་ལེན་བྱེད་ཐུབ་ཀྱི་ཡོད་པ་སོགས་སྙན་ངག་གི་རིན་ཐང་སྐོར་དང་། སྙན་ངག་གི་མཚོན་དོན་སོགས་གླེང་། 
༣ ཝར་ན་མཐོ་སློབ་ཀྱི་དགེ་རྒན་བློ་བཟང་ནོར་བུ་མཆོག་གིས།  སྡེབ་སྦྱོར་རིག་པ་དང་སྙན་ངག་གི་འབྲེལ་བ་ལས་འཕྲོས་ཏེ། ལེགས་སྦྱར་སྐད་ཀྱི་དབང་དུ་བྱས་ཏེ། ཡི་གེའི་ལྕི་ཡང་བསྒྲིག་པའི་སྙན་ཆ་དང། ངལ་གསོའི་སྡོད་མཚམས་སོགས་བོད་སྐད་དུ་ཡང་ལག་ལེན་དུ་འགེལ་འོས་ཚུལ་དུང་དཀར་གྱི་ཚིགས་བཅད་རྩོམ་ཚུལ་ནས་སྦྲགས་བཤད་པ་དང་ཆབས་ཅིག བོད་སྐད་ལའང་ལེགས་སྦྱར་བཞིན་གྱི་སྡེབ་སྦྱོར་ཡོད་པ། འགྲོ་ལྡན་འཐེང་པོ་ཞེས་ཚིགས་བཅད་རྐང་པ་དོ་མི་སྙོམས་པའི་རྩོམ་སྟངས་ཡོད་པ། སྡེབ་སྦྱོར་བྱེད་ཚུལ་རྒྱ་གར་དང་འདྲ་བ་བོད་ཀྱི་གནའ་བོའི་རྩོམ་གྱི་ནང་དུ་ཡོད་པ། གླུ་ཐལ་སྦྱར་མའི་སྙན་ཚིག་བོད་བསྒྱུར་མ་དེར་སྡེབ་སྦྱོར་ཉམས་པའི་སྐྱོན་ཡོད་ཚུལ། སྡེབ་སྦྱོར་གྱི་ཁྱད་ཆོས་གཙོ་བོ་ནི། རང་གིས་བརྗོད་བདེ་ཞིང་གཞན་གྱི་རྣར་སྙན་པ་ཞིག་ལ་གོ་བ། རྩོམ་རྩལ་གྱི་ལེགས་ཉེས་དེ་ཚིགས་བཅད་ཀྱི་སྟེང་ནས་བཤད་མི་ཐུབ་པར་ལྷུག་རྩོམ་གྱི་ཐོག་ནས་བལྟ་དགོས་པའི་བཤད་སྲོལ་ཞིག་རྒྱ་གར་མཁས་པའི་ནང་དུ་ཡོད་པ་སོགས་ཞིབ་གླེང་གནང།
༤ ནོར་གླིང་མཛད་རྣམ་རྩོམ་སྒྲིག་པ་ཨ་ཚོགས་བསྟན་འཛིན་འཇམ་དབྱངས་ལགས་ཀྱིས། སྲོལ་རྒྱུན་རྩོམ་རིག་གི་རིན་ཐང་དང་རྒྱུན་འཛིན་བྱེད་ཐབས་ལས་འཕྲོས་ཏེ། རྩོམ་རིག་གིས། ལོ་རྒྱུས་ཀྱི་ཆ། དངོས་ཡོད་འཚོ་བའི་ཆ། ཚོར་འདུའི་ཆ་གསུམ་མཚོན་དགོས་པ། གཞན་ཡང། རྩོམ་རིག་གི་ཁྱབ་ཚད་ཀྱི་རང་བཞིན། བཀོལ་སྤྱོད་རང་བཞིན། ཕན་ནུས་རང་བཞིན། འགན་ལེན་གྱི་རང་བཞིན།  གཅིག་གྱུར་རང་བཞིན་དང་། རྩོམ་ཡིག་གང་ཞིག་གི་ལེགས་ཉེས་དང་སྒྱུ་རྩལ་གྱི་ཆ་ལ་དཔྱད་པ་བྱེད་པ་སོགས་བརྒྱུད་ནས་རྩོམ་རིག་དར་སྤེལ་དགོས་པ་སོགས་གླེང་།
༥ བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་ཉམས་ཞིབ་པ་དང་རྩོམ་སྒྲིག་པ་ཆུང་ཚེ་རིང་ལགས་ཀྱིས། བཙན་བྱོལ་ནང་གི་བརྩམས་སྒྲུང་གི་གནས་བབ་དང་ཡར་རྒྱས་གཏོང་ཕྱོགས་ལས་འཕྲོས་ཏེ། བཙན་བྱོལ་ནང་གི་བརྩམས་སྒྲུང་གི་འཕེལ་རིམ་དེ་རིམ་པ་གསུམ་གྱིས་གྲུབ་ཡོད་ནའང། དེ་ཚོའི་བར་སྔ་མ་སྔ་མ་ཕྱི་མ་ཕྱི་མའི་རྨང་གཞི་བྱས་པ་སོགས་ཀྱི་འབྲེལ་བ་ཡེ་མེད་པར་ཡོད་པ་དང། དེ་ཡང་།  བོད་མིའི་རང་དབང་གསར་ཤོག་ནས་མགོ་བཙུགས་པའི་ད་ལྟའི་དུས་དེབ་ཁག་བར་གྱི་བརྩམས་སྒྲུང་དག་ནི། ཕྱི་ལོ་ ༡༩༦༠  ནས་ཕྱི་ལོ་ ༡༩༨༠ དང་། ཕྱི་ལོ་ ༡༩༨༠ ནས་ཕྱི་ལོ་ ༡༩༩༠ བར། ཕྱི་ལོ་ ༡༩༩༠ ནས་ཕྱི་ལོ་ ༢༠༠༩  བར་གྱི་རྩོམ་རིག་སྤྱི་དང་བརྩམས་སྒྲུང་གི་འཕེལ་རིམ་ནང། གྲངས་འབོར་ཅི་བྱུང་དང་། དགེ་སྐྱོན་ཅི་མཆིས་སོགས་ཞིབ་གླེང་དང་། ལོ་རབས་དགུ་བཅུ་པ་ནས་བཙན་བྱོལ་སྤྱི་ཚོགས་ཀྱི་ཁོར་ཡུག་ལ་གཞི་རྩའི་ཆ་ནས་འགྱུར་ལྡོག་བྱུང་བ་བཅས་འཕེལ་རིམ་གྱི་སྐོར་དང་། སྒྲུང་གི་ངོས་འཛིན་དང་། འབྲི་ཐབས། བསམ་བློའི་བཀོད་སྒྲིག་སོགས་ལས་འཕྲོས་ཏེ། སྒྲུང་རྩོམ་འབྲི་སྟངས་ཀྱི་སྐོར་དང་། དེའི་དཀའ་ངལ་གྱི་སྐོར་སོགས་ཕྱོགས་མང་པོ་ནས་གླེང་།
བཞི། སློབ་ཚན་བགྲོ་གླེང།
ཆེས་མཐོའི་རིག་གནས་རབ་འབྱམས་པའམ། ཡོངས་གྲགས་ཞིབ་འཇུག་སློབ་མའི་སློབ་ཚན་གྱི་སྐོར་ལ། བརྡ་སྤྲོད། རྩོམ་རིག། ལོ་རྒྱུས་བཅས་སློབ་གཞི་གསུམ་གྱི་སྟེང་བགྲོ་གླེང་གནང་ཞིང་། འདི་ནི་མ་འོངས་པར་གསར་འཛུགས་ཞུ་འཆར་གྱི་ཆེས་མཐོའི་རིག་གནས་རབ་འབྱམས་པའི་སློབ་ཚན་གཏན་འབེབས་ཀྱི་གཞི་སྒྲོམ་འཚོལ་བ་ལ་ཞུགས་པའི་བགྲོ་གླེང་དམིགས་བསལ་བ་ཞིག་ཆགས་ཡོད། ས་རཱ་མཐོ་སློབ་ཀྱི་ངོས་ནས་ངོ་སྤྲོད་གནང་དོན་ལྟར་ན། ད་ཡོད་མཐོ་རིམ་རིག་གནས་རབ་འབྱམས་པའི་སློབ་ཚན་ནི། བོད་ཀྱི་བརྡ་སྤྲོད་རིག་པ་དང་རྩོམ་རིག་གཉིས་གཙོ་བོར་བྱས་པའི་སྐད་ཡིག་གི་སློབ་ཚན་དེ་ཤུགས་ཆེན་པོར་བཞག་ཡོད་སྟབས། མ་འོངས་པར་གསར་འཛུགས་བྱ་འཆར་གྱི་ཆེས་མཐོའི་རིག་གནས་རབ་འབྱམས་པའི་སློབ་ཚན་གྱི་གཞི་རྩ་ཡང་འདིའི་སྟེང་ནས་འཛུགས་དགོས་པ་དང། གཞི་རྩ་དེའི་སྟེང་ནས་ཆེས་མཐོའི་རིག་གནས་རབ་འབྱམས་པའི་སློབ་ཚན་གཏན་འཁེལ་དགོས་པར་མཐོང་གི་ཡོད་ཚུལ་དང་བཅས་ཏེ། འབྲེལ་ཡོད་མཁས་པ་རྣམས་ཀྱིས་དགོངས་འཆར་དང་བགྲོ་གླེང་ལྷུག་པོ་གནང་སྐྱོང་ཡོང་བའི་རེ་འདུན་བཏོན་པ་གཞིར་བཞག་གིས་བགྲོ་གླེང་འཁྲུག་ཆ་དོད་པོ་གནང་བའི་སྙིང་དོན་དག་ཚུར་བསྡུས་ན།  ཆེས་མཐོའི་རིག་གནས་རབ་འབྱམས་པ་བསྐྱེད་བསྲིང་བྱེད་པའི་དམིགས་ཕྱོགས་གསལ་པོ་དགོས་པ། སུམ་རྟགས་བསྐྱར་སྦྱོང་ལྟ་བུ་མ་ཡིན་པར་ཚད་མཐོ་བའི་གནས་ཚད་ཞིག་ཏུ་ཕྱོགས་དགོས་པ། ནང་དོན་དང་རྣམ་པ་གཉིས་ཐད་ནས་ཁ་ཕྱོགས་གསར་པ་ཞིག་ཏུ་ཕེབས་དགོས་པ། ས་རཱའི་སློབ་ཚན་ཁག་གི་གནས་ཚད་དང་མཐུན་པའི་སློབ་མའི་ཤེས་ཚད་ཡར་རྒྱས་ཡོང་གི་ཡོད་མེད། སྤྱི་ཚོགས་ཀྱི་དཀའ་ངལ་གཞི་ལ་བཞག་པའི་ཞིབ་འཇུག་སློབ་མའི་སློབ་གཞི་གཏན་འཁེལ་བྱེད་དགོས་པ། སྔ་མའི་སློབ་ཚན་ལ་བསྐྱར་ཞིབ་ཀྱིས་དེ་ནས་ཆེས་མཐོའི་རིག་གནས་རབ་འབྱམས་པའི་སློབ་ཚན་གོ་སྒྲིག་དང་དཔྱད་གླེང་བྱེད་དགོས་པ། ས་རཱའི་སློབ་ཚན་དང་སློབ་མའི་ཤེས་ཚད་བར་གྱི་དཀའ་ངལ་ངོས་འཛིན། ད་ཡོད་སློབ་མའི་ཤེས་ཚད་དང་གསར་ཞུགས་སློབ་མའི་ཤེས་ཚད་བཅས་ལ་བལྟས་ནས། ད་ལྟ་དང་མ་འོངས་པའི་སློབ་གཞི་གཏན་འཁེལ་དགོས་པ་བཅས་སྤྱི་བབ་ཀྱི་བསམ་ཚུལ་རིགས་གཅིག་དང་། དེ་ནས་སློབ་ཚན་དངོས་གཞིར་བགྲོ་གླེང་སྐབས། དགེ་རྒན་གྱི་ཕྱག་ལས་རྒྱུན་རིང་གནང་མྱོང་མཁན་ཚོས། ང་ཚོའི་འཛིན་རིམ་བཅུ་གཉིས་པའི་ཤེས་ཚད་འདི་སྤྱི་ཡོངས་འཛིན་རིམ་བཅུ་གཉིས་པའི་ཤེས་ཚད་ལས་སྐྱོ་བ་དང་། དེ་ལས་ཀྱང་སྐད་ཡིག་གཉིས་པ་དེ་སྐད་ཡིག་དང་པོར་བཞག་ནས་འཁྲིད་སླེབས་པའི་གནས་ཚད་དེ་ཡང་སྐྱོ་བོ་ཡིན་པའི་དཀའ་ངལ་དང་། དེ་འབྲེལ་མཐོ་རིམ་ནས་མཐོ་རིམ་དུ་བསྐྱོད་སྐབས་ཀྱང་ལག་འཁྱེར་དེ་ཡར་སོང་བ་ལས། ཤེས་ཚད་དེ་ཡར་མ་སོང་བ་སོགས་ལ་གདོང་ལེན་བྱེད་སྟངས་སོགས་དངོས་ཡོད་ཀྱི་དཀའ་ངལ་ཁག་ཅིག་གླེང་སློང་བཅས་ཚོགས་ཐུན་གཅིག་རིང་སྤྱི་ཡོངས་ཀྱི་གནས་སྟངས་གླེང་བསྡུར་གནང་བའི་མཇུག་ཏུ། སློབ་ཚན་དངོས་གཞིའི་སྟེང་བགྲོ་གླེང་སྐབས། སློབ་ཚན་རེ་རེ་བའི་འབབ་སྟེགས་འཚོལ་རིམ་ནང་དགོངས་ཚུལ་དང་བསམ་ཚུལ་སྣ་ཚོགས་ཤིག་སླེབས་ཤིང། མཐའ་མ་དེར། སློབ་ཚན་རེ་རེ་བར་ཚོགས་ཐེངས་རེ་རེ་བའི་དུས་བཅད་ཀྱིས་བགྲོ་གླེང་གི་བརྒྱུད་རིམ་ནང། སློབ་དེབ་འཚོལ་བའི་རིམ་པ་ལ་དཀའ་ངལ་འཕྲད་གཞི་གཅིག་ནི། མཐོ་རིམ་རིག་གནས་རབ་འབྱམས་པའི་སློབ་དེབ་དངོས་གཞི་དང་། ཟུར་ལྟའི་སློབ་དེབ་ནང་། ད་ཡོད་བོད་ཀྱི་རྒྱལ་རབས་ལོ་རྒྱུས་གྲགས་ཅན་ཁག་དང་། སུམ་རྟགས་ཀྱི་གཞུང་འགྲེལ་གྲགས་ཆེན་ཁག། དེ་བཞིན་སྙན་ངག་གི་འགྲེལ་བ་གྲགས་ཅན་ཁག གཞན་ཡང་། དེང་རབས་ཀྱི་རྩོམ་རིག་གཞུང་ལུགས་ཁག་ལས་བསྡུས་པའི་དེབ་གཞི་སྣ་ཚོགས་ཡོད་པ་དག་བཅས་མ་འདུས་པ་མེད་པ་ལྟ་བུར་ཡོད་པ་དེས། ཆེས་མཐོའི་རིག་གནས་རབ་འབྱམས་པའི་སློབ་ཚན་ལ་དེབ་གཞི་ཞིག་དམིགས་འདོན་བྱེད་པར་དཀའ་ངལ་འཕྲད་པའི་རྣམ་པ་མངོན་ཡོད་ཅིང། མཐའ་མ་དེར། དགེ་འདུན་རབ་གསལ་ལགས་ནས་བརྩམས་བསྒྲིགས་《རྩོམ་རིག་གི་བྱུང་བ་བརྗོད་པ་རབ་གསལ་མེ་ལོང》དང་། ལྷག་པ་ཆོས་འཕེལ་ལགས་ནས་བརྩམས་པ《རྩོམ་རིག་གི་རྩོམ་ལུས་རྣམ་གཞག》གཉིས་ཀྱིས་མཚོན་པའི་རྩོམ་རིག་དཔེ་དེབ་ཁག་ཅིག་དང་། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་མཛད་པ་《དེབ་ཐེར་དཀར་པོ》དང་། ཀ་ཐོག་ཚེ་དབང་རིག་འཛིན་གྱིས་བརྩམས་པ《བོད་བཙན་པོའི་གདུང་རབས་རིམ་བྱོན་གྱི་ལོ་རྒྱུས》 《ལ་དྭགས་རྒྱལ་རབས》 《གུང་ཐང་ལོ་རྒྱུས》སོགས་རྒྱལ་རབས་ལོ་རྒྱུས་ཀྱི་དེབ་ཐེར་སྐོར་ཞིག  ཚེ་ཏན་ཞབས་དྲུང་གིས་བརྩམས་པ《དག་ཡིག་ཐོན་མིའི་དགོངས་རྒྱན》དང་། འབྲས་སྤུངས་ཁྲི་པ་བསྟན་པ་བསྟན་འཛིན་གྱིས་བརྩམས་པ《བརྡ་སྤྲོད་འགྲེལ་བ་ཉི་ཟླ་ཟུང་འཇུག》སོགས་བརྡ་སྤྲོད་སྐོར་གྱི་དེབ་གཞི་ཁག་ཅིག་ཆེས་མཐོའི་རིག་གནས་རབ་འབྱམས་པའི་སློབ་གཞིར་འོས་པའི་མཚམས་སྦྱོར་ཞུ་ཐུབ་པ་བྱུང་ཡོད་པ་བཅས་ཀྱི་ངོ་སྤྲོད་ཉིང་བསྡུས་སུ།

བོད་ཀྱི་དུས་བབ་གསར་ཁང་གིས།

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༡༥ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༡༦ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༡༦ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༡༧ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༡༧ སྔོན་ལ།

མཆན། 19

  1. lobsang says:
    ལོ་ 15 སྔོན།

    དྲ་གྲོགས་ཚོ། ཀིརྟི་གྲྭ་ཚང་གི་དགེན་རེ་མདོ་སེང་གེ་ཟེར་བས་ལོ་རྒྱུས་ཡིན་ན་འཚོ་གནས་དངོས་བརྗོད་པའི་ལོ་རྒྱུས་ཡིན་དགོས་པ་ལས་དད་པ་དང་དག་སྣང་ལས་བྱུང་བའི་ལོ་རྒྱུས་ལོ་རྒྱུས་དངོས་ཡིན་པར་ཁས་ལེན་གྱི་མི་འདུག་ན། དེ་ལ་བློ་གཟུ་བོར་གནས་པའི་ལོ་རྒྱུས་སྨྲ་བ་ཚོས་དགོངས་ཚུལ་ག་འདྲ་ཡོད་དམ། ད་དུང་ཁོས་ཀིརྟི་སྐུ་ཕྲེང་བཅུ་གཅིག་པའི་ངག་རྒྱུན་རྣམ་ཐར་ཞིག་ཕྱོགས་བསྒྲིགས་བྱས་ཡོད་པར་ཐོས་པས་དེ་བདེན་པ་ཡིན་ན། དག་སྣང་ལས་བྱུང་བའི་ལོ་རྒྱུས་ཁས་མི་ལེན་མཁན་ཞིག་གིས་བླ་ཆེན་ཞིག་གི་རྣམ་ཐར་ཕྱོགས་བསྒྲིགས་བྱས་ན། དེ་ནི་འོས་ཤིང་འཚམས་པ་ཞིག་ཨེ་ཡིན་སྙམ་ན། དེ་ལ་ཀིརྟི་གྲྭ་ཚང་གིས་ཀྱང་ཐབས་ཟད་ན་ལས་བསམ་བློ་ཞིག་གཏོང་ཨེ་དགོས་སྙམ།

    Reply
  2. lobsang says:
    ལོ་ 15 སྔོན།

    དྲ་གྲོགས་ལགས། འཇིག་རྟེན་གཏམ་དཔེར། རང་ངོར་གཡག་འགྲོ་བར་མི་མཐོང་བར། གཞན་ངོར་ཤིག་འཐུ། ཟེར་བའི་དཔེ་ལྟར། ཁྱེད་རང་ཡང་དབྱིན་མིང་ཞིག་གི་འོག་ལ་འཛུལ་འདུག་ག ཁྱེད་རང་གི་ན་ཚ་སྨན་པ་བསྟན་ན་དགའ་ས་རེད།

    Reply
  3. nomadtibet says:
    ལོ་ 15 སྔོན།

    དབྱིན་མིང་ཞིག་གི་འོག་ལ་འཛུལ་ནས་རང་ཕྱོགས་ཡར་འཐེན་ཅི་ཙམ་བྱས་ཀྱང་རང་ཉིད་ཀྱི་རྣམ་འགྱུར་སྟོན་ཕྱོགས་ལྷུངལ་བུད་འདུག ཕྱོགས་འཐེན་རེ་སང་གི་བཤད་ཚུལ་གལ་ཆེ་རབས་དང་བཤད་ཚུལ་གཏིང་ཚུལ་གྱི་གནས་ཚུལ་ཅི་ཡང་གོ་ཐོས་མ་བྱུང་། དེས་ན། བློ་བཟང་མིང་ཅན་གྱི་མི་འདི་བློ་བཟང་བོ་ཞིག་མེད་པར་བློ་ངན་རིས་གཅོད་ཅན་ཞིག་ཡིན་པ་གསལ་སྟོན་རང་གིས་རང་བྱས་པ་དེ་ལྟད་མོ་འདུག དངོས་གནས་བྱས་ན་འཇུ་བསྟན་སྐྱོང་གི་འཆད་རྩལ་དང་རྒྱུ་མཚན་ཁུངས་ལུང་ལྡན་པའི་གསུང་ཚུལ་ལ་བགྲོ་གླེང་མི་བྱེད་པར་དགོས་མེད་འུར་བསྟོད་བྱེད་ཚུལ་ལ་ལྟོས་དང་ག་འདྲ་ཞིག་འདུག དྲང་མོ་བཤད་ན་ད་ཐེངས་ཀྱི་བགྲོ་གླེང་གི་གནས་ཚུལ་གཟུགས་བརྙན་གྱི་ལམ་ནས་ཡོད་པས་སུ་ཞིག་གི་མཁྱེན་དཔྱོད་ཆེ་མིན་དང་སུ་ཞིག་ལ་འཆད་རྩལ་ཡོད་མེད། གང་ཞིག་གི་གནད་འགག་ཟིན་མིན་དང་སུ་ཞིག་ལ་བསམ་བློའི་རྒྱང་ཆོད་ཡོད་མེད་སོགས་ཀྱི་གནས་ཚུལ་གསལ་ཐིང་ཐིང་ཞིག་རེད་མོད། འོན་ཀྱང་

    Reply
  4. lobsang says:
    ལོ་ 15 སྔོན།

    དྲ་གྲོགས་ཚོ། ས་རྰ་མཐོ་སློབ་ཀྱི་ད་ལོའི་ལྔ་བཅུའི་དུས་དྲན་བགྲོ་གླེང་སྐབས་། ཀིརྟི་གྲྭ་ཚང་གི་དགེན་རེ་མདོ་སེང་ལགས་ནས། ད་ཡོད་བོད་ཀྱི་ལོ་རྒྱུས་དེབ་གཞི་མང་ཆེ་བ་ནི། ཆོས་ལུགས་ཀྱི་ཆེ་བ་དང༌དད་པ་ལ་སྦྱར་བའི་དག་སྣང་གི་ལོ་རྒྱུས་ཤིག་ལས་འཚོ་གནས་དངོས་བརྗོད་པའི་ལོ་རྒྱུས་ཉུང་བ་ནས་ཧ་ལམ་མེད་པ་ལྟ་བུར་ཡོད་སྟབས། ཞེས་བརྗོད་འདུག་ན་དེ་ལ་བློ་གཟུར་བོར་གནས་པའི་ལོ་རྒྱུས་སྨྲ་བ་ཚོས་བསམ་ཚུལ་དང་ལྟ་ཚུལ་ག་འདྲ་ཡོད། ཕྲན་གྱིས་ལོ་རྒྱུས་ལ་ཐུན་མོང་བའི་ལོ་རྒྱུས་དང་ཐུན་མོང་མ་ཡིན་པའི་ལོ་རྒྱུས་ཞེས་ལོ་རྒྱུས་ལ་རིགས་གཉིས་ཕྱེ་དགོས་པ་དང༌། དེ་ཡང་འཚོ་གནས་དངོས་བརྗོད་པའི་ལོ་རྒྱུས་ཡིན་པར་ལེན་དགོས་སྙམ།

    Reply
  5. སྐར་ཁྲི་བཙན། says:
    ལོ་ 15 སྔོན།

    དྲ་གྲོགས་ཅོ་རི་ཉི་མའི་མཆན་དག་གུས་པས་མཐོང་སོང་། ཁྱེད་ཀྱི་གསུངས་བར་རྒྱུ་མཚན་འདུག་གང་ལྟར་ཀྱང་སེམས་ཤུགས་མེད་པ་ནས་ཡོད་པར་དགའ་བསུ་འོས་པ་ཤིག་རེད། རེད་དེ་བཙན་བྱོལ་སྤྱི་ཚོགས་འདི་ལ་མཚོན་ན་གུས་པ་སྐྱབས་བཅོལ་དུ་འབྱོར་བ་ནས་སོ་སོའི་རིགས་གཞུང་སྲུང་སྐྱོབས་གལ་ཆེན་་སོགས་ཀྱི་བཀའ་སློབ་མང་པོ་ཐོས་བྱུང་། ཡིན་ན་བཀའ་སློབ་གནང་མཁན་དག་གི་བུ་ཕྲུག་ཚོས་རང་སྐད་གཙང་མ་རྒྱག་ཐུབ་ཀྱི་མེད་པར་གཞིག་ན་ཁ་བཤད་དོན་ལ་གནས་ཀྱི་མེད་པ་དངོས་ཡོད་དུ་སྣང་། གྲལ་རིམ་གྱི་བག་ཆགས་གོས་པའི་བོད་པའི་སྤྱི་ཚོགས་ལ་མཚོན་ན་མཐོ་དམན་གང་ཡིན་ཡང་གོང་ན་ཡོད་མཁན་ཚོས་སྐད་ཆར་གཙུག་ཏུ་་འཛིན་པ་ལས་མིང་དང་ཐོབ་ཀྱིས་མ་ཕྱུག་པའི་མི་བུ་ཕལ་བ་ཞིག་གི་སྐད་ཆར་རིན་ཐང་དུ་མི་རྩི་བས། གོང་ན་བཞུགས་མཁན་ཚོ་ཁ་དན་ཚིག་ལ་མ་གནས་པས། ད་ལྟ་བར་དུ་ང་ཚོ་ལ་བཤད་མི་དགོས་པའི་འཐུས་ཤོར་མང་པོ་ཞིག་ཡོད་པ་འདོད་བྱུང་། ཡིན་ན་སེམས་ཀྱི་ན་ཚ་འཕར་ཐེངས་རེ་བཟོད་མི་ཐུབ་པར་ཁོག་ན་ཡོད་ནོ་ཕྱི་ལ་ཤོར་འགྲོ་ཡི་འདུག གུས་པས་ཀྱང་རང་གིས་བཤད་བཤད་པོ་དོན་ཐོག་ཏུ་འགྲོ་ཐུབ་ཀྱི་རེད་འདོད་མྱོང་མེད། གང་ཡིན་ཟེར་ན་གུས་པས་གོང་དུ་བཤད་ཟིན་པ་བཞིན། བོད་མི་ཕལ་ཞིག་ལ་དཔེར་ན། སྦལ་བ་ན་འདུམ་དཀྱིལ་དུ་ཡོད་ཀྱང་བསམ་པ་གླིང་དཀར་སྟོད་ན་ཡོད་པ་རང་ཡིན།

    Reply
  6. གྲགས་པ་རྒྱ་མཚོ། says:
    ལོ་ 15 སྔོན།

    ཐ་སྙད་གསར་པའི་སྐོར་ཚོགས་འདུ་བསྡུས་འདུག་པ་དེ་ནི་དགའ་འོས་པ་ཞིག་རེད། འོན་ཀྱང་བོད་ཀྱི་མཁས་དབང་རྣམས་ཀྱིས་བརྩམས་པའི་ཐ་སྙད་གསར་པར་བརྟེན་ཏེ་ཡར་རྒྱས་སུ་བཏང་ན་འོས་པར་མཐོང་ངོ་།

    Reply
  7. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    སྐར་ཁྲི་བཙན་ལགས། ཐ་སྙད་གསར་པའི་སྐོར་ངས་ཡང་བསྐྱར་ཞུ་མི་འདོད་ཁུ། གང་ཡིན་ཟེར་ན་སྐུ་ཉིད་ཀྱིས་ང་ཡི་རྩོམ་ཉོག་དེ་ཀློ་ཡོད་ཆག་ཡིན་ལགས།

    Reply
  8. མེ་སྟག says:
    ལོ་ 15 སྔོན།

    ངས་བསམ་ན་བཙན་འབྱོར་ནང་གི་མཁས་པ་ཚོས་དང་པོ་ཚུལ་ཁྲིམས་བློ་གྲོས་དང་འཇུ་སྐལ་བཟང་སོགས་ཀྱིས་སྒྲིག་པའི་ཐ་སྙད་གསར་པའི་སློབ་དེབ་ཡག་པོ་ཞིག་སྦྱང་དགོས་གི
    དེ་ནས་གཞི་རིམས་མངས་ཚོགས་སྔོན་དང་སློབ་ཕྲུག་ཚོའི་སྔོན་ནས་གཏམ་བཤད་འདྲ་བྱས་ན་ཆོག་གི
    གཞན་དུ་ན་རེ་བ་འདྲ་ཡོད་མེད་བཤད་ཁག་གི དྲ་གྲོགས་ཚེ་རིང་ཚོ

    Reply
  9. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    དྲ་གྲོགས་སྐར་ཁྲི་ལགས། དེ་རིང་ངེད་གཉིས་དྲ་ཐུག་པ་དགའ་པོ་བྱུང། ངས་ཉིན་གཉིས་སྔོན་དུ་སྐུ་ཉིད་ལ་མཆན་ཞིག་བྲིས་པ་ཡིན་། ཡིན་ཡང་སྐུ་ཉིད་ནས་མ་མཐོང་པ་འདྲ།གཞོན་སྐྱེས་ཚོས་རྒྱ་ནག་ཧ་གོ་བར་བྱ་རྒྱུ་གལ་ཆེན་པོ་རེད་ཞེས་པའི་ལན་ཚན་ནང་དུ་ཡོད་དེར་གཟིགས་ཙམ་མཛད་རོགས་ཞུ།
    གནད་དོན་འདིའི་ཐད་གསར་འགྲེལ་ཞུ་ཆོག་པ་ཞིག

    Reply
  10. སྐར་ཁྲི་བཙན། says:
    ལོ་ 15 སྔོན།

    དྲ་གྲོགས་ཅོ་རི་ཉི་མ་ལ་རྒྱུ་མཚན་འདུག ཡིན་ན་བཙན་བྱོལ་ནང་དུ་དེ་འདྲའི་ཞིབ་འཇུག་པ་མང་པོ་ཞིག་ཡོད་པ་ངོ་སོ་བསྟོད་འོས་པ་ཞིག་རེད། ཡིན་ན་དུས་རབས་གསར་བའི་ཐ་སྙད་ཀྱི་སྐོར་གུས་པས་གཞིག་ན་བོད་ནང་གི་མཁས་པའི་དབང་བོ་ཚུལ་ཁྲིམས་བློ་གྲོས་དང་འཇུ་སྐལ་སོགས་བོད་ནང་ཁུལ་གྱི་དམ་པ་ཚོ་ལས་ལྷག་ཅིག་བཙན་བྱོལ་ནང་་ན་མེད་པ་དངོས་ཡོད་དུ་འདོད། ཁོང་རྣམ་པས་མཛད་ཚར་བ་དང་མཛད་བཞིན་པའི་ཐ་སྙད་གསར་བ་དག་གཅིག་འགྱུར་གྱི་ཕྱོགས་སུ་ང་ཚོས་རང་ནུས་གང་ཡོད་ཀྱིས་རམ་འདེགས་བྱེད་དགོས་པ་གལ་ཆེན་ནང་གི་དོན་ཆེན་དུ་འདོད། གོང་གི་བཙན་བྱོལ་ནང་གི་མཁས་དབང་རྣམ་པས་སོ་སོའི་ངོས་ནས་གང་འཇོན་པ་དེ་སྐུ་ངལ་ལ་འཛེམ་པ་མེད་པར་འབད་བརྩོན་བྱེད་ན་འོས་པར་སེམས།

    Reply
  11. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    རྒན་ཕག་སྣ་མཆོག་ལགས་། དགེ་ཕྲུག་ང་ཡི་སྙན་ངག་འདིར་གཟིགས་ཙམ་མཛད་དང།

    Reply
  12. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    དུས་ཚོད་ནི་དུས་ཚོད་རེད་མི་ལོ་ལྔ་བཅུ་ཕྱིན་ཚར་སོང་ངོ།

    ལྷོ་ཕྲུག་སྣ་བོ་ཆེན་གྱི་སྙན་ངག་ལ་དྲངས་ནས་གླུ་འདི་ལྟར་བླངས་སོ

    དུས་རབས་གསར་པའི་རིག་གནས་དང་ལག་ཤེས་དེ་ཤ་མོག་མོག་ཞིག་ཡིན་པ་ལ་མཚོན་ན། དངུལ་མེད་མཁས་དབང་ཀླད་རྙིང་ཚོས་ཤེལ་སྒོ་ནས་ཤ་མོག་ལག་ཏུ་ལེན་ནི་མ་རེད།
    གོ་ལའི་སྤྱི་ཚོགས་འདི་རྩྭ་ཐང་ཞིག་ཡིན་པ་ལ་མཚོན་ན། མཁས་དབང་ཀླད་རྙིང་ཚོས་བོད་འབུ་མགོ་ནག་ཚོ་ག་འགྲོ་ཤེས་ནི་མ་རེད།
    དཔལ་འབྱོར་གྱི་དགོས་མཁོ་དེ་མོ་ཊ་ཞིག་ཡིན་པ་ལ་མཚོན་ན། མཁས་དབང་ཀླད་རྙིང་ཚོས་ཁ་ལོ་ཤེས་ནི་མ་རེད།

    Reply
  13. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཡ་ཡ་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་དུ་མཁས་པའི་བགྲོ་གླེང་ཟེར་བ་དེ་འདི་འདྲ་ཞིག་ཡིན་པ་རེད་ཧཧཧཧཧཧཧཧཧཧཧཧཧཧཧ

    འདི་འདྲ་དང་འབྲས་སྤུངས་བློ་གསལ་གླིང་ཆོས་གྲྭ་ནང་དུ་རྒྱུན་རྩོད་ཀྱི་གླེང་གཞི་ཞིག་དང་འདས་པའི་ལོ་རྒྱུས་ལ་བསྐྱར་འགྲེལ་བྱས་པ་ཙམ་མ་གཏོགས་དུས་རབས་གསར་པའི་རིག་གནས་དང་ལག་ཤེས་རྣམས་བོད་ཀྱི་སྐད་ཡིག་ནང་དུ་ཇི་ལྟར་བསྒྱུར་དགོས་མིན་དང་བོད་མི་རིགས་ཀྱིས་བོད་ཡིག་ལ་བརྟེན་ནས་འཚོ་བའི་དཔལ་འབྱོར་སྒྲུབ་ཐུབ་མིན། དུས་རབས་གསར་པའི་རིག་གནས་བོད་ཡིག་ནང་དུ་བསྒྱུར་སྐབས་སུ་ཐ་སྙད་གསར་པ་རྣམས་ཇི་ལྟར་གཏན་འབེབ་བྱ་ཕྱོགས་སྐོར་དང། མ་ཟད་རྒྱལ་ཁབ་༣༨་ནང་དུ་གནས་ཡོད་པའི་མི་རིགས་འདི་བོད་ཀྱི་སྐད་ཡིག་ཐོག་ནས་མགོ་བསྡུ་སྟངས་ཞིག་དང་བོད་ཕྱི་ནང་གཉིས་ཀྱིས་བོད་སྐད་ཐོག་ནས་གོ་བརྡ་ཇི་ལྟར་འཕྲད་ཐུབ་མིན་ཐད་ཐག་བཅད་ཐུབ་པའི་བགྲོ་གླེང་ཞིག་བྱས་ཐུབ་མེད་པ་དེ་ཤུན་ཏུ་ནས་བློ་ཕམ་པ་ཞིག་རེད་དོ།

    Reply
  14. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཐོག་མ་དུས་བབ་རྩོམ་སྒྲིག་པ་རྣམས་ཀྱིས་དཀའ་ལས་མང་པོ་ཞིག་རྒྱག་ནས་གནད་དོན་མང་པོ་སྦེལ་ཐུབ་པ་དེ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    Reply
  15. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 15 སྔོན།

    བསྐྱར་འགྲེལ་ཡང་འགྲེལ་མིན་བསྐྱར་བཤད་ཡང་བཤད་ཀྱི་དོན་ལ་གོ་རོགས།

    Reply
  16. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 15 སྔོན།

    བགྲོ་གླེང་གི་བརྗོད་དོན་ཡོངས་རྫོགས་སྙིང་པོ་གཅིག་བསྡུས་ཀྱིས་འདིར་བཀོད་གནང་བར་ཐུགས་རྗེ་ཆེ་ཞེས་ཞུ།

    མཁན་པོ་འཇུ་བསྟན་སྐྱོང་ལགས་ཀྱིས་ཐུན་མོང་དབང་ལྔའི་ཡུལ་དུ་གྱུར་པའི་ཐུན་མོང་གི་ལོ་རྒྱུས་དང། དེའི་ཡུལ་དུ་མ་གྱུར་པའི་ཐུན་མོང་མ་ཡིན་པའི་ལོ་རྒྱུས་གཉིས་སུ་ཕྱེས་ནས་རྩོམ་སྒྲིག་དང་ཉམས་ཞིབ། སློབ་སྦྱོང་བྱེད་དགོས་པར་གསུངས་པའི་དགོངས་ཚུལ་འདི་སེམས་ལ་འཇུག་པོ་ཞིག་བྱུང་།
    རྒྱུ་མཚན་ནི་དེང་དུས་ཀྱི་སྐྱེ་བོ་དང་ཕལ་མིའི་བློས་མི་འཆུན་པའི་བྱུང་བ་ཡོངས་རྫོགས་དངོས་ཡོད་ཀྱི་འཚོ་བ་དང་མི་མཐུན་པ་དང་འཚམ་པོ་མེད་པའི་ལྟ་སྟངས་ཀྱི་འོག་ནས་དེ་བྱུང་རིག་པའི་སྒྲོམ་གཞིའི་ནང་ནས་ཕྱིར་འདོན་བྱེད་དགོས་པར་གཞན་ངོ་གཙོར་བསྟུན་གྱི་འུ་ཐུག་ཅིག་མ་གཏོགས་ཡང་དག་པའི་སྒྲུབ་བྱེད་ཅིག་མེད་པས་རེད།
    དངོས་ཡོད་ཀྱི་འཚོ་བ་ཞེས་པ་གཙོ་བོ་དབང་པོ་མངོན་སུམ་གྱི་ཡུལ་མྱོང་དང་འབྲེལ་བའི་འཇིག་རྟེན་ཕལ་མིའི་འཚོ་སྟངས་འདི་ག་ཙམ་ཞིག་ཡིན་གྱི་མ་རེད། འདི་ང་ཚོ་ཁ་བ་གངས་ཅན་པའི་སྲོལ་རྒྱུན་གྱི་ལྟ་སྟངས་རེད། ཁུངས་གཏུགས་ཀྱི་སྒྲུབ་བྱེད་ཀྱང་ཡོད་པ་རེད།

    རྒན་ནཱ་ག་མཆོག་ནས་བོད་ལ་བརྡ་སྤྲོད་རིག་པ་བཤད་པའི་སྐབས་སུ་ཆ་མ་ཚང་བ་ཡོད་ནའང་། ལག་ལེན་གྱི་ཐོག་ལ་དཀའ་ངལ་མེད་ཅེས་གསུངས་པའི་གནད་འགག་འདི་ང་ཚོས་མཉམ་འཇོག་ངེས་པར་བྱེད་དགོས་པའི་གནད་དོན་གལ་ཆེ་ཞིག་ཡིན།
    སྤྱིར་གནའ་བོའི་གཞུང་ལུགས་ཇི་འདྲ་ཞིག་ཡིན་ཀྱང་དེ་དང་དེའི་བསྟན་དོན་དང་རང་བཞིན། བྱེད་ལས་སོགས་ཀྱི་ཟུར་སུལ་དང་སྲུབས་ཀ་ཡོད་ཚད་བསྐྱར་བསྔོག་གིས་རྟོག་ཞིབ་བྱེད་པར་དགོས་ཕན་ངེས་པར་དུའང་ཡོད་འོས་པ་རེད།
    འོན་ཀྱང་ད་ལྟ་བར་གྱི་བོད་ཀྱི་བརྡ་སྤྲོད་པའི་གཞུང་ལུགས་ཀྱི་འཐུས་སྒོ་ཚང་མིན་གྱི་གནད་དོན་ཐད་དཔྱད་ཞིབ་བྱེད་མཁན་ཕལ་ཆེར་ཞིག་གིས་དཔྱད་འབྲས་ལ་བལྟ་དུས་སུམ་རྟགས་དག་གསུམ་གྱི་ཆད་པ་དང་ལྷག་པ་སོགས་སྐྱོན་གྱི་ཆ་སུས་མང་རྙེད་ལ་འགྲན་བསྡུར་བྱས་པའི་རྣམ་པ་ཞིག་མ་གཏོགས་ལྷག་སྐྱོན་གཅོད་འབྲེགས་དང་ཆད་པ་ཁ་གསབ་བྱེད་མཁན་གྱི་དཔྱད་ཞིབ་པ་ཞིག་ང་རང་མཐོང་རྒྱ་ཆུང་བས་ཡིན་ནམ་སྤྱིར་ནས་དེ་འདྲ་ཞིག་མ་བྱུང་བས་ཡིན་ནམ་གང་ལྟར་ངའི་ཤེས་རྟོགས་ཀྱི་ཡུལ་ལ་མ་བྱུང་།

    ཕྲད་དང་རྣམ་དབྱེའི་སྦྱོར་ཚུལ། དེ་བཞིན་དག་ཆ་སོགས་གཅིག་གྱུར་མེད་པའི་སྐྱོན་ཆ་མང་དག་ཅིག་ཡོད་པ་དངོས་བདེན་རང་ཡིན། འོན་ཀྱང་ད་འདི་དག་ལ་བསྐྱར་འགྲེལ་ཡང་འགྲེལ་བྱེད་ཀྱིན་བསྡད་ནས་ཅི་བྱེད། རྒན་ནྰ་ག་ལགས་ནས་གསུངས་པ་ལྟར་བེད་སྤྱོད་ཀྱི་སྐབས་སུ་གཞན་གྱི་གོ་བརྡ་གཏན་ནས་མི་འཕྲོད་པ་ལྟ་བུའི་སྐྱོན་ཆ་ཆེར་མི་འདུག
    ད་ང་ཚོར་དགོས་རྒྱུ་དེ་རིག་པ་གསར་པ་དང་རྣམ་གཞག་གསར་པའི་གཞུང་ལུགས་རྩོམ་དགོས་པ་འདི་ཡིན། གཞུང་ལུགས་གཅིག་ལ་བསྐྱར་འགྲེལ་ཡང་འགྲེལ། ཡང་འགྲེལ་ལ་ཡང་ཉིང་འགྲེལ་བྱས་ནས་ལོ་ངོ་སྟོང་ཕྲག་འདི་ལྟར་ཕུད་ཟིན་པ་རེད།
    ད་ཉོབ་ཀྱི་འདུག

    Reply
  17. བསེ་རུ། says:
    ལོ་ 15 སྔོན།

    མཁས་པ་ཚོའི་བགྲོ་གླེང་གི་བརྗོད་གཞི་ཁག་གི་སྐོར་འབྱུང་འགྱུར་དེབ་གཟུགས་ཐོག་པར་སྐྲུན་བྱ་ངེས་ལ། ཁོང་རྣམས་ཀྱི་བགྲོ་གླེང་གི་སྐབས་ཀྱི་གཏམ་བཤད་དང་དྲི་བ་དྲི་ལན་གྱི་ལན་འདེབས་ཁག་ཀྱང་སྒྲ་འཇུག་བྱས་ཏེ་ཡོད་ལ། བརྙན་ཕབ་ཀྱང་བླངས་ཡོད། དེ་དག་རིམ་པར་ཁྱབ་སྤེལ་ཡོང་ངེས།།

    Reply
  18. དབུས་ཕྲུག་ཚེ་རིང་། says:
    ལོ་ 15 སྔོན།

    ཡག་པོ་བྱུང་འདུག་ཕྱོགས་མང་པོ་ནས་བགྲོ་གླེང་ཞིབ་རྒྱས་བྱུང་ཡོད་པ་འདྲ། དམིགས་བསལ་ལོ་རྒྱུས་བྱིངས་དང་མི་མཐུན་པའི་ཏུན་ཧོང་གི་ཡིག་རྙིང་ལས་འཕྲོས་པའི་བོད་བཙན་པོའི་ཚེ་སྲོག་བསྡུ་སྟངས་ཀྱི་སྐོར་འདི་ཀོ་རེད།

    Reply
  19. བསྟན་པ་ཡར་འཕེལ། says:
    ལོ་ 15 སྔོན།

    བོད་ཡིག་ལ་སྲོག་དབུག་སྦྱིན་པའི་ས་རཱ་མཐོ་སློབ་ནས་ཞིབ་འཇུག་སློབ་མ་སྐྱེད་སྲིང་ཐུབ་པར་སྨོན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese