མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྷོ་ཕྱོགས་མོན་ཡུལ་གྱི་གསར་འགོད་པའི་ཟིན་ཐོ།

བོད་ཀྱི་དུས་བབ།
༢༠༠༩/༡༢/༠༢
Share on FacebookShare on TwitterShare on EmailShare on Whatsapp

ད་ལོའི་དགུན་ཟླ་བཅུ་གཅིག་པའི་ས་སྲོད་ཀྱི་གདུང་དབྱངས་དམར་པོ་དང་འགྲོགས་ཏེ། ང་བཞུགས་སྒར་ནས་ལྷོ་ཕྱོགས་མོན་ཡུལ་དུ་ལམ་ལ་ཆས་ཤིང་། འདི་ནི་ངའི་གསར་འགོད་འགྲུལ་བཞུད་ཐེངས་གཉིས་པའི་གོམ་པ་དང་པོ་དེ་ཡིན། ལམ་ཐག་རིང་ཞིང་འགྲུལ་བཞུད་སྟབས་མི་བདེ་བ། སྐད་རིགས་མི་འདྲ་ཞིང་། དམ་དྲག་རྙོག་འཛིང་ཆེ་བའི་ཡུལ་ལུང་དེར་གནས་ཚུལ་མཁོ་སྒྲུབ་བྱེད་དུ་འགྲོ་རྒྱུར་དེ་ཙམ་སྤྲོ་སྣང་མི་འདུག་ལ། རང་དབང་གི་གསར་འགོད་ཆ་ཚང་ཞིག་ཡོང་ཐུབ་མིན་གྱི་གདེང་སྤོབས་ཀྱང་ཆུང་། ཡིན་ནའང་མིག་རྒྱ་ཞིག་བསྐྱེད་ཆེད་དང་ཉམས་མྱོང་ཞིག་གསག་ཕྱིར། ལས་དོན་འདིར་འཇུག་རྒྱུ་ནི་ངའི་དང་བླངས་ཀྱི་དམ་བཅའ་ཡིན།

 

ཐོག་མ་ནས་ངའི་སེམས་པའི་གཏིང་སར་ཉར་བའི་རེ་འདུན་ཞིག་ནི། ཐེངས་འདིའི་ལྗོང་རྒྱུའི་གོ་རིམ་ཁྲོད། རྩ་སྦུབས་ཀྱི་ཁྲག་རྒྱུན་གཅིག་པའི་ངའི་མེས་པོའི་མི་རྒྱུད་གཙང་མའི་མིང་སྲིང་དེ་ཚོར་སེམས་གཏམ་ཚིག་གསུམ་བཤད་རྒྱུ་དང་། འཚོ་གནས་སུ་བདག་པའི་ས་རྒྱུད་འདྲེས་པའི་ངའི་ཕ་ཡུལ་གངས་ལྗོངས་ཕྱུག་མོའི་ལྷོ་ཟུར་དེ་ནས་གཙང་ཆབ་ཧུབ་གསུམ་འཐུང་རྒྱུ་དེ་ཡིན། རྒྱ་གར་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་ལྷོ་ཕྱོགས་སུ་འཕུར་སྐབས། ངའི་སེམས་སུ་རེ་དོགས་མང་པོ་ཞིག་གིས་ཁེངས་འདུག་ལ། གསར་འགོད་པའི་རྩ་དོན་ལྟར་འགྲོ་ཡུལ་དེའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་མང་པོ་ཞིག་ལ་བསམ་གཞིགས་བཏང་སྟེ། ཁ་གསལ་ཞིང་དོ་མཉམ་པ། དྲང་བདེན་གྱི་གསར་འགྱུར་འཐུས་སྒོ་ཚང་བ་ཞིག་ཇི་ལྟར་མཁོ་གཏོང་བྱ་རྒྱུའི་ཕྱོགས་ལ་སྔོན་འགྲོ་བསྒྲུབས།

 

སྤྱི་ཟླ་ ༡༡ ཚེས་ ༨ ནས་ ༡༥ བར་ཧི་མ་ལ་ཡའི་རི་རྒྱུད་སྤྱི་དང་། ཡང་སྒོས་ཨ་རུ་ན་ཅལ་མངའ་སྡེ་ལྷོ་མོན་རོང་གི་ས་ཆའི་དགོན་སྡེ་ཆེ་ཆུང་དང་གྲོང་ཁྱེར་གྲོང་རྡལ། གྲོང་གསེབ་ཁག་བཅས་ཟང་ཟིང་ལང་ལོང་གིས་མགོན་པོ་གང་ཉིད་ཚུར་བསུ་མ་དང་ཕར་སྐྱེལ་མ། ཟབ་གསལ་གསུང་གི་བདུད་རྩིའི་ཉིང་བཅུད་ལེན་པའི་སྐལ་བཟང་ཐོབ་ཅིང་། ཨ་རུ་ན་ཅཱལ་མངའ་སྡེ་སྤྱི་ཁྱབ་བློན་ཆེན་རྡོ་རྗེ་མཁའ་འགྲོ་དང་རྟ་དབང་རྫོང་དཔོན་གྷམ་ལེ་པ་ཏཱོ་སོགས་གནད་ཡོད་མི་སྣ་དག་གིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཏེ། མོན་རྟ་དབང་ཁུལ་གྱི་ཐེངས་ལྔ་བའི་རླབས་ཆེན་གྱི་མཛད་འཕྲིན་ཡོངས་བདེ་ལེགས་ངང་གྲུབ་ཡོད།

 

ཐེངས་འདིར་ཆོས་ཞུ་བ་རྣམས་ཀྱི་བདེ་འཇགས་ཆེད། རྟ་དབང་རྫོང་གི་ལས་ཁུངས་ཁག་དང་མཐའ་སྲུང་དམག་ཁུལ་ཁང་ཁག ས་གནས་སྐོར་སྲུང་ཚན་པ་བཅས་ཀྱིས་ལྟ་རྟོགས་དང་ཞིབ་བཤེར་ནན་ཏན་བྱས་ཤིང་། ས་གནས་མི་མང་ཡོངས་ནས་སྤྲོ་སེམས་ཁོལ་བའི་ངང་ཕེབས་ལམ་ཁག་ཉམས་གསོ་དང་གཙང་བཟོ། བོད་པའི་རིག་གཞུང་མཚོན་ཞིང་ས་གནས་མོན་པའི་ཁྱད་ཆོས་ལྡན་པའི་མཚོན་རིས་ཅན་གྱི་སྒོ་ཆེན་རིམ་པ་བཟོས་ཏེ། བཀྲ་ཤིས་པའི་སྨོན་ཚིག་དང་དགའ་བསུའི་ཤིས་བརྗོད་སྣ་ཚོགས་གང་སར་སྦྱར་འགྲེམས་བྱས་ཤིང་། ཁང་རྩེག་ཕར་ཚུར་བར་དར་ལྕོག་དང་བོད་པའི་རྒྱལ་དར་འཐེན་ཏེ། མི་མང་ཚང་མའི་གདོང་ལ་དགའ་དད་སྤྲོ་གསུམ་གྱི་བཀྲག་མདངས་རྒྱས་ཤིང་། སྐུ་ཉིད་སླར་ཡང་ལྷོ་མོན་རོང་ལ་ཞབས་སོར་འགོད་རྒྱུར་རེ་སྨོན་གྱི་མིག་ཟུང་ཅེར་འདུག

 

ཚེས་ ༨ ཉིན་ནས་བཟུང་རྟ་དབང་རྫོང་ཐོག་གི་བོད་པ་དང་མོན་པའི་ཚོང་ཁང་དང་ཟ་ཁང་། ཁྲོམ་ས་ཡོངས་རྫོགས་སྒོ་བརྒྱབས་ཏེ། བོད་པའི་ཕྱུ་པ་དང་གསེར་དངུལ་གཡུ་བྱུར་གྱི་རྒྱན་ཆ་བཏགས་ཏེ་གསུང་ཆོས་ཞུ་བར་བཅར་གྱིན་འདུག་ལ། ཕྱི་ཚེས་ ༩ ཉིན་གྱི་དགོང་མོར་མངའ་སྡེ་བློན་ཆེན་རྡོ་རྗེ་མཁའ་འགྲོ་མཆོག་གིས་བོད་པའི་སྐུ་མགྲོན་ཚོ་དང་གསར་འགོད་པ་ཡོངས་ལ་གསོལ་སྟོན་གཟབ་རྒྱས་བཤམ་སྟེ། ཐེངས་འདིར་བོད་པའི་སྐུ་མགྲོན་ཚོར་དམིགས་བསལ་གཟིགས་སྐྱོང་གནང་རྒྱུའི་ལས་འགན་ང་ཚོར་ཡོད། ཅེས་མོན་པའི་ཐུན་མོང་མ་ཡིན་པའི་ཞབས་བྲོ་དང་གླུ་གཞས་འཁྲབ་སྟོན་བྱས་ཤིང་། གླུ་ཚིག་གི་ནང་དོན་ཕལ་ཆེ་བ་སྐུ་མཆོག་ཉིད་ལ་བསྟོད་གླུ་དང་བསླར་ཡང་ལྷོ་མོན་རོང་དུ་ཕེབས་རྒྱུའི་སྨོན་ཚིག་རེད།  

 

རྟ་དབང་རྫོང་གི་སློབ་གྲྭའི་དགེ་རྒན་བོད་རིགས་བུ་མོ་བཀྲ་ཤིས་དཔལ་མོ་ལགས་ཀྱིས་གསར་འགོད་པར་བརྗོད་པ་ལྟར་ན། ད་ལྟ་རྟ་དབང་རྫོང་ཐོག་ཏུ་བོད་པ་ ༡༥༠ ཙམ་ཡོད་པ་དང་།ཁོང་ཚོས་ཚོང་ལས་གཉེར་གྱིན་ཡོད་འདུག་ཅིང་། རྟ་དབང་རྫོང་ཐོག་གི་ཚོང་ཁང་དང་ཟ་ཁང་ལེགས་གྲས་ཕལ་ཆེ་བ་བོད་མིའི་ཡིན་འདུག སྔར་མོན་པ་དང་བོད་པའི་བར་དཀའ་ངལ་ཕྲན་བུ་བྱུང་མྱོང་ཡང་། སྐུ་མདུན་མོན་ཁུལ་དུ་ཐེངས་འགར་ཕེབས་ཏེ། བོད་པ་སྐྱབས་བཅོལ་བར་རོགས་ཕན་ཡོང་བའི་འབོད་སྐུལ་ཞུས་རྗེས་འབྲེལ་ལམ་ཇེ་བཟང་དུ་ཕྱིན་ཡོད་འདུག མོན་པ་ཚོར་༧གོང་ས་མཆོག་གི་སྐོར་གླེང་མོལ་བྱེད་སྐབས། “རྒྱལ་བ་ཡིད་བཞིན་ནོར་བུ་” ཞེས་ཧ་ཅང་དད་འདུན་དྲག་པོའི་རྣམ་འགྱུར་སྟོན་ཞིང་། མི་རིགས་ཧིན་རྡུ་ཡིན་པའི་དམག་མི་ཞིག་གིས་ཀྱང་། “ this People of area, Dhalai Lama is God ” ཞེས་དབྱིན་སྐད་ཐོག་བརྗོད་བྱུང་།  

 

མོན་རྟ་དབང་གི་བྱང་ཕྱོགས་བོད་དང་ཤར་ཕྱོགས་ཨ་རུ་ན་ཅལ། ལྷོ་ནུབ་གཉིས་འབྲུག་ཡུལ་ཡིན་ཞིང་། རྫོང་ཡོངས་ཀྱི་ས་ཆའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་༢༠༨༥ དང་། རྒྱ་མཚོའི་ངོས་ནས་མཐོ་ཚད་ ༣༠༢༥ འདུག ས་ཁུལ་འདིར་གྲོང་སྡེ་ཁག་ ༡༩༦ དང་ཁྱོན་བསྡོམས་མི་འབོར་ ༤༠༠༠༠ ལྷག་ཡོད་ཅིང་། དེ་དག་ཚང་མ་ནང་པ་ཡིན་པ་མ་ཟད། བོད་པའི་ལོ་གསར་དང་དགའ་ལྡན་ལྔ་མཆོད། ས་ག་ཟླ་བ། གཏོར་རྒྱག་ཆེན་མོ་སོགས་དུས་ཆེན་ཁག་སྲུང་གཙི་བྱེད་ཕྱོགས་ཀྱང་བོད་པ་དང་གཅིག་མཚུངས་ཡིན་འདུག རྟ་དབང་རྫོང་ཐོག་ནས་བོད་ཀྱི་ས་མཚམས་བར་སྤྱི་ལེ་ ༣༥ ལས་མེད་པ་དང་། མོན་རྟ་དབང་གི་ས་འབྲེལ་ནི་ལྷ་ས་ལྷོ་ཁའི་ཁོངས་གཏོགས་མཚོ་སྣ་རྫོང་ཡིན་འདུག བཞུགས་སྒར་ངྷ་རམ་ས་ལ་ནས་མོན་རྟ་དབང་བར་སྤྱི་ལེ་ ༣༠༢༥ དང་། ཆུ་ཚོད་གཅིག་གིས་ས་རུབ་པ་དང་ནམ་གསལ་བ་སྔ་ཞིང་། བོད་ཀྱི་རྒྱལ་ས་ལྷ་སའི་བར་སྤྱི་ལེ་ ༥༠༨ དང་། ཆུ་ཚོད་གཅིག་གིས་ས་རུབ་པ་དང་ནམ་གསལ་བ་འཕྱི་བ་ཡོད་འདུག

 

ས་གནས་ཀྱི་ཐོན་ཁུངས་གཙོ་བོ་ཞིང་ལས་ཡིན་ཞིང་། གྲོ་དང་ནས། མ་རྨོས་ལོ་ཏོག ཀོང་བུ། ཉུང་མ་སོགས་འདེབས་ལས་བྱེད་ཀྱིན་ཡོད་པ་དང་། གཞན། པད་ལོག་དང་མེ་ཚལ་དཀར་པོ། སུར་པན་སོགས་སྔོ་ཚལ་གྱི་རིགས་དང་། ཀུ་ཤུ་དང་ཚ་ལུ་མ། ཁྲེ། སྲན་ཆེན། དབྱིན་སྐད་དུ་ Kiwi དང་ Gauva སོགས་ཤིང་ཏོག་གི་རིགས་ཀྱང་མང་པོ་ཡོད་འདུག ས་གནས་ལ་ལར་ལོ་རེར་སོ་ནམ་ཐེངས་གཉིས་རེར་འདེབས་ལས་བྱེད་ཀྱིན་ཡོད་པ་དང་། མོན་ཡུལ་སྟོད་ཕྱོགས་སུ་ཞིང་འབྲོག་འདྲེས་མ་ཡིན་ཞིང་། སྒོ་ཕྱུགས་རྟ་དང་ལུག ར། ནོར་ནག་བཅས་རེད། ཁ་ཟས་གཙོ་བོ་ཤ་མར་ཆུར་གསུམ་དང་། འབྲས། ཉུང་མ་སོགས་ཡིན་ཞིང་། མོན་རྩམ་ཟེར་བའི་ཁ་མདོག་ཅུང་ནག་ཅིང་རོ་ཁ་བ་ཞིག་ཀྱང་འདུག མོན་ས་རང་ནས་འདེབས་ལས་བྱས་བའི་འབྲས་རིགས་མདོག་དམར་སྐྱ་ཅན་ཞིག་འདུག་ལ། དེ་ནི་འབྲས་རིགས་གཞན་ལས་ཡག་པོར་རྩི་ཞིང་། རིན་གོང་ཡང་གཞན་ལས་ཅུང་མཐོ་བ་འདུག བོད་དབུས་གཙང་ཕྱོགས་ཀྱི་ལུགས་སྲོལ་ལྟར་ཆང་འཐུང་རྒྱུ་ས་ཁུལ་དེའི་ཞིང་འབྲོག་ཐུན་མོང་གི་འཚོ་བའི་རྒྱུན་སྲོལ་ལྟ་བུ་རེད།

 

མོན་པའི་སྐྱེས་པ་དག་གི་གཟིགས་བོངས་ཆུང་ཞིང་ཤ་ཁ་སྨུག་པ། ཁོག་སྟོད་དུ་སྣམ་བུ་དམར་པོའི་སྟོད་ཐུང་ཡུལ་སྐད་དུ་ ( ཚོད་མ་ཕྱུ་བ ) ཟེར་བ་ཞིག་གི་སྟེང་སྐ་རགས་བཅིངས་ཤིང་། སྣམ་བུའི་ཡུ་ཁ་རིང་པོ་ཅན་གྱི་ཀོ་ལྷམ་དང་རས་ཀྱི་དོར་མ་ནག་པོ་གྱོན་འདུག སྐེད་པར་གྲི་ཆུང་རེ་འདོག་པ་ལས་སྐྱེས་པ་ཚོར་རྒྱན་ཆའི་རིགས་གཞན་འདོགས་སྲོལ་མེད་པ་འདྲ། བུད་མེད་རྣམས་ཀྱི་ཤ་རྩ་དཀར་ཞིང་མཁུར་ཚོས་དམར་བ། བོད་པའི་སྲོལ་རྒྱུན་གྱི་མཛེས་དཔྱོད་ལྟར་ན། མོན་པའི་བུད་མེད་ཚོར་མཛེས་མའི་ཁྱད་ཚོས་ཡོངས་སུ་ཚང་ཞིང་། ལ་བ་རིང་པོ་( ཤིང་ཀཱ) ཟེར་བ་ཞིག་གི་སྟེང་དུ་སྐ་རགས་བཅིངས་ཤིང་། དེའི་སྟེང་ལ་( ལྗན་ལྗིན་སྟོད་ཐུང ) དང་། ལྷ་ས་ཀོང་པོ་ས་ཁུལ་གྱི་ཆས་གོས་ལྟར་( ཏེ་རྔ་བཅིངས་མ ) ཟེར་བའི་སྣམ་བུ་དམར་པོ་ཞིག་འཕོངས་མགོར་དཀྲིས་འདུག བུད་མེད་མང་ཆེ་བའི་བྱུ་རུའི་སྐེ་རྒྱན་རིང་པོ་རེ་བཏགས་འདུག་ལ། སྔར་བོད་པའི་བུད་མེད་ཚོར་དོར་མ་གྱོན་པའི་ལུགས་སྲོལ་མེད་པ་ལྟར། མོན་པའི་བུད་མེད་ཕལ་ཆེ་བས་ད་ལྟའང་དོར་མ་གྱོན་པའི་ལུགས་སྲོལ་མེད་པ་འདྲ། ཕོ་མོ་གཉིས་ཀར་ཐུན་མོང་གི་གྱོན་ཆས་ཤིག་ཡོད་པ་ནི། ཟུར་སྣེ་རིང་པོ་ལྔ་ཡོད་པའི་( རྔ་མ་ཞ་མོ )ཟེར་བ་དེ་ཡིན་ཞིང་། དེ་ནི་ནོར་གྱི་རྩིད་པ་ནག་པོས་བཟོས་པ་ཞིག་རེད།

 

མོན་པའི་མི་རྒྱུད་དེ་སྔར་བོད་བཙན་པོའི་སྐབས་ཀྱི་བོད་མིའི་མི་རྒྱུད་ལས་མཆེད་ཚུལ་བོད་པའི་ལོ་རྒྱུས་དག་ཏུ་གསལ་བ་ལྟར། ལ་དྭགས་རྒྱལ་རབས་དང་འབྲུག་པའི་ལོ་རྒྱུས། མོན་རང་གི་ངག་རྒྱུན་བཅས་སུའང་ཡོད་རབས་བརྗོད། མོན་པའི་ཡུལ་སྐད་ནང་བོད་པའི་བརྡ་རྙིང་མང་ཞིང་། སྐད་གདངས་མདོ་སྨད་མཐའ་མཚམས་ཁུལ་གྱི་སྐད་གདངས་དང་ཅུང་ཉེ་བའི་སྣང་བ་བྱུང་ལ། རྒན་མགོ་ཚོ་བོད་པར་ཤ་ཞེན་ཆེན་པོ་འདུག ༧རྒྱལ་དབང་ལྔ་བའི་སྐབས་བོད་པའི་ཁྱིམ་ཚང་བདུན་མོན་ཡུལ་དུ་བཏང་བའི་མི་རྒྱུད་ད་ལྟའང་འདུག་ལ། དེ་དག་འཕེལ་རྒྱས་སུ་ཕྱིན་ཏེ་ད་ལྟ་མོན་རྟ་དབང་དགོན་པའི་ཞོལ་དུ་གྲོང་ཚོ་ཆུང་ཆུང་ཞིག་ཆགས་འདུག གྲོང་ཚོ་དེར་ཞོལ་གྲོང་པ་ཞེས་འབོད་ཅིང་། ཁོང་ཚོར་ཁྱེད་ཅག་མོན་པ་ཡིན་ནམ་ཞེས་དྲིས་ན། ཅུང་མ་རངས་བའི་ཉམས་ཀྱིས་ “ང་ཚོ་མོན་པ་མིན། ང་ཚོ་ཞོལ་པ་ཡིན།” ཞེས་ལན་འདེབས་གནང་གིན་འདུག

 

མོན་པའི་ལ་ལུང་ཀུན་དུ་ཚང་ཚིང་ཤིང་ནགས་ཀྱིས་བརྒྱན་ཞིང་། རྫོང་གི་ཉེ་ཁོར་དུ་ལྷ་ཤིང་ཤུག་པའི་སྡོང་བོ་མང་པོ་འདུག་ལ། མདུན་རྒྱབ་ཀྱི་རི་མགོ་དག་ཏུ་རྫ་བྲག་དང་སྤང་རི་ཅུང་རེ་མཐོང་རྒྱུ་འདུག ས་ཁུལ་འདིའི་གནམ་གཤིས་དགུན་དུས་ཁ་བ་འབབ་པ་དང་། དབྱར་ཁ་ཚ་བ་ཆེ་ཞིང་རླན་གཤེར་རྒྱས་པ། དུས་རྒྱུན་སྨིག་རྒྱུ་དང་ན་བུན་འཁྲིགས་ཏེ། ལམ་ཁ་དང་ཁང་པ་ཞིག་རལ་དུ་འགྱུར་སླ་ཞིང་བསྐྱར་གསོ་ཡང་ཡང་བྱ་དགོས་ཀྱིན་ཡོད་འདུག དེ་བཞིན། སྔ་མོའི་རྟ་དབང་དགོན་པ་བསྐྱར་གསོ་ཡང་ཡང་བྱས་ཏེ། ད་ལྟ་དགོན་པའི་མདུན་ཐང་དུ་དཔར་ཁང་ངམ། དཔེ་མཛོད་ཁང་རྙིང་པ་ཞིག་མ་གཏོགས་ལྷ་ཁང་གཞན་དག་ཚང་མ་གསར་བརྗེ་བྱས་ཡོད་འདུག

 

མོན་ཡུལ་གྱི་ཕྱིའི་སྣོད་ཀྱི་ཆགས་སྟངས་སྐོར། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་༼ ལྔ་བ་དྲུག་པར་འཕོས་པའི་གཏམ་སྣ་བའི་བཅུད་ལེན ༽ ཞེས་པའི་ནང་། “བོད་ཁ་བ་ཅན་གྱི་ཡུལ་གྱི་མཐའ་མོན་བོད་གཉིས་ཀྱི་ས་མཚམས་སྦས་ཡུལ་སྐྱིད་མོའི་ལྗོངས་སམ་ལ་འོག་ཡུལ་གསུམ། ཚོ་གསུམ་དུའང་གྲགས་པ་ལུང་པ་ཕུ་ཆུང་ལ་མདའ་ཆེ་བ། དབྱིབས་པད་མ་འདབ་བརྒྱད་ཁ་ཕྱེ་བ་ལྟ་བུ། རྒྱབ་རི་དར་དཀར་གྱི་ཡོལ་བ་དང་། མདུན་རི་ཆོས་ཞུ་བ། གཡས་རི་དཔའ་བོ་ལྡན་ལ་བཞུགས་པ།གཡོན་རི་མཁའ་འགྲོས་གར་བྱེད་པ། རྩི་ཤིང་རྣམས་དམ་ཚིག་སེམས་དཔའ་ལས་ལ་གཤེགས་པ། བྲག་རི་ཐམས་ཅད་ཡེ་ཤེས་སེམས་པ་དབྱིངས་ནས་གཟིགས་པ་ལྟ་བུའི་དབུས་ས་གཞི་རྒན་པོའི་ངག་རྒྱུན་གསེར་གྱི་གཞོང་བ་ཟེར་ཡང་། མཆོད་པའི་མཎྜལ་ཕུལ་བ་ལྟར། ལ་ངོས་སུ་མ་རྨོས་ལོ་ཏོག་དང་། མཐིལ་དམའ་བ་ལ་རྒྱ་ཟས་ཀྱི་འབྲུ་བཅུ་གསུམ། བར་དུ་མོན་ཟས་ཀྱི་འབྲུ་བཅུ་གསུམ། རྩེར་བོད་ཟས་ཀྱི་འབྲུ་བཅུ་གསུམ་སྐྱེ་པ་སོགས་མ་བཏབ་པའི་ལོ་ཏོག་བསམ་གྱིས་མི་ཁྱབ། ,, ཞེས་བཀོད་འདུག

 

གནས་འདིར་རིག་འཛིན་ཚངས་དབྱངས་རྒྱ་མཚོའི་ཞབས་རྗེས་དང་ཕྱག་རྗེས། སློབ་དཔོན་པད་མ་འབྱུང་གནས་བྱོན་ཏེ་གྲུབ་རྟགས་སྣ་ཚོགས་བསྟན་པའི་ཤུལ་རྗེས་སོགས་གསལ་ཞིང་། བོད་ཀྱི་ཟློས་གར་ཆེན་མོ་བརྒྱད་ལས་༼ འགྲོ་བ་བཟང་མོ ༽ ཞེས་པའི་རྣམ་ཐར་གྱི་ཕ་སའང་ས་འདི་ཡིན་འདུག ད་ལྟའི་མོན་རྟ་དབང་དགོན་པའི་ས་ཆ་དེ་ནི། སྔར་ཡུལ་མཎྜལ་སྒང་གི་རྒྱལ་བོ་ཀ་ལ་དབང་པོའི་ཕོ་བྲང་གི་ཤུལ་ཡིན་ཞིང་། བཙོན་ཁང་དང་ཕོ་བྲང་གི་རྩིག་རྨང་། བདུད་མོ་ཧ་ཤིང་མའི་སྐྱེས་ཡུལ་སོགས་ད་ལྟའང་སྟོན་རྒྱུ་འདུག རྟ་དབང་དགོན་པའི་མདུན་ཕྱོགས་ཀྱི་སྐོར་ལམ་ཞེང་ཚད་ཆེ་ཞིང་ཁོད་ཡངས་ལ། རྒྱབ་ཕྱོགས་གུ་དོག་ཅིང་བྲག་གཡང་མཐོན་པོ་སྐྱི་གཡའ་བ་ཞིག་འདུག དེ་ནི་རྒྱལ་པོ་ཀ་ལ་དབང་བོའི་སྐབས་ཕྱིའི་དགྲ་བོ་འགོག་ཆེད། ཕོ་བྲང་གི་མདུན་ཕྱོགས་ཆུ་རྫིང་དང་། རྒྱབ་ཕྱོགས་གཡང་གཟར་ལ་གཏད་པ་རེད་ཟེར་བའི་ངག་རྒྱུན་འདུག

 

གཞན། ཡུལ་དེར་གཏེར་སྟོན་ཆེན་པོ་པད་མ་གླིང་པ་དང་། ཆོས་རྗེ་བླ་མ་བསྟན་པའི་སྒྲོན་མེ། ཆོས་རྗེ་བློ་བཟང་བསྟན་པའི་ཉིན་བྱེད། ༧རྒྱལ་དབང་ལྔ་བའི་ངེས་སློབ་མེ་རག་བླ་མ་བློ་གྲོས་རྒྱ་མཚོ་སོགས་སྐྱེས་ཆེན་དམ་པ་དུ་མས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་རླབས་ཡོད་པ་དང་། ཚེ་རིང་མཆེད་ལྔ་དང་བསྟན་མ་བཅུ་གཉིས། རིགས་གསུམ་མགོན་པོ། ལྷ་རྒྱལ་རི་སོགས་གནས་རི་འགངས་ཆེན་མང་པོས་མཐའ་ནས་སྐོར་ཡོད་ཚུལ་སེར་བྱེས་འཇམ་དབྱངས་ཆོས་འཁོར་གླིང་གི་འཛིན་སྐྱོང་འགན་འཛིན་ཐུབ་བསྟན་དབང་ཕྱུག་ལགས་ཀྱིས་འགྲེལ་བཤད་གནང་བྱུང་།

 

མོན་རྟ་དབང་ནི་ཁ་ཤར་ལྷོའི་ཕྱོགས་སུ་འཁོར་བའི་ལུང་གཞོང་ཆེན་པོ་ཞིག་གི་སྐེད་པར་ཆགས་འདུག་ལ། ལུང་གཞོང་དེ་ནས་ནུབ་བྱང་ཕྱོགས་སུ་གྱེན་ལ་སྤྱི་ལེ་ ༨༢ ཙལ་སྐྱོད་ན། སེ་ལ་ Sela ཟེར་བའི་རྒྱ་མཚོའི་ངོས་ནས་མཐོ་ཚད་ ༡༣༧༠༠ ཡོད་པའི་ལ་མགོ་མཐོན་པོ་ཞིག་ཏུ་སླེབས་ཤིང་། ལ་མགོ་དེར་གཡུ་ཡི་མེ་ལོང་ཕྱིས་འདྲའི་མཚོ་ཆུང་སྔོ་ལ་དྭངས་པ་ཞིག་དང་། དེའི་མཐའ་འཁོར་དུ་བོད་པའི་ཐུན་མིན་གྱི་སྒོ་ཟོག་ནོར་ནག་མང་པོ་མཐོང་རྒྱུ་འདུག མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་འབུམ་དུ། “གཡག་གིས་གར་ཁྱབ་བོད་པའི་ས་ཡིན” ཞེས་གསུངས་པ་ལྟར། ཧི་མ་ལ་ཡའི་རི་རྒྱུད་སྤྱིའི་ས་གཤིས་མཚུངས་ཀྱང་། བོད་མི་སུ་ཞིག་ཡིན་རུང་ས་འདིར་འབྱོར་ཚེ། བོད་དུ་སླེབས་པ་ལྟ་བུའི་ཚོར་སྣང་གསར་པ་ཞིག་འགོག་མེད་དུ་བསྟེར་ཞིང་། ལ་མགོ་དེ་ནས་ལྷོ་ནུབ་ཕྱོགས་ལ་ཐུར་དུ་བབ་པ་ནས་བཟུང་མོན་པ་དང་གློ་བ་འདྲེས་མའི་གྲོང་སྡེ་མང་པོར་ཐུག་ཅིང་། ས་གཤིས་དང་གནམ་གཤིས་ཀྱང་རྒྱ་གར་སྤྱི་མཚུངས་ལྟར། ས་བབ་དྲོ་ཞིང་རླན་གཤེར་ཆེ་བ། མཁའ་དབུགས་བཙོག་ཅིང་། དབྱིངས་དབུགས་ལ་འདམ་དྲི་དང་སོལ་རླངས་ཀྱི་དྲི་མ་ཁ་བ་སོགས་ཀྱིས་ཡུལ་གྱར་བའི་ཚོ་བ་སྐྱུར་མོ་སླར་ཡང་དྲན་གསོ་བྱས་ཏེ། བསམ་གཞིགས་དུ་མའི་མགོ་བོ་རྨང་ནས་བསླང་འོང་།

༼ སྤྱི་ལོ་ ༢༠༠༩ ཟླ་ ༡༡ ཚེས་ ༡༩ ཉིན་གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ཀྱིས་ཨ་སཱམ་གྱི་རྒྱལ་ས་གྷོ་ཧ་ཊེ་ནས་སྤེལ༽

འབྲེལ་ཡོད་གསར་འགྱུར།

Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༧ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

ཆུ་ཚོད་ ༧ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

ཆུ་ཚོད་ ༨ སྔོན་ལ།
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

ཆུ་ཚོད་ ༩ སྔོན་ལ།
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

ཆུ་ཚོད་ ༩ སྔོན་ལ།
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ། དྲ་ལམ་གྱི་པར།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ།

༢༠༢༦/༠༤/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese