མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རིན་པོ་ཆེར་ཟླ་རེར་ཐེངས་རེ་མཇལ་ཆོག་ཟེར།

བོད་ཀྱི་དུས་བབ།
༢༠༠༩/༡༢/༡༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་གྱི་གཉེན་ཉེ་རྣམས་ཟླ་རེར་ཐེངས་རེར་མཇལ་ཆོག་ཚུལ་བཤད་འདུག་ལ། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ལ་མཇལ་འཕྲད་དུ་ཕྱིན་པའི་བོད་མི་འགའ་ད་དུང་ཡང་བཀག་ཉར་འོག་བཅུག་འདུག 

ཚེས་ ༡༦ ཉིན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་དགེ་ཕྲུག་ཡིན་ཞིང་ད་ལྟ་ངྷ་སར་གནས་སྡོད་མིང་ལ་ཚེ་རིང་རྡོ་རྗེ་དང་ཉི་མ་དབང་ཕྱུག བདེ་ལེགས་གཡང་སྒྲོན། རྒ་བ་བློ་དོན། ཚེ་རིང་བཟང་པོ་སོགས་ཀྱིས་འདི་ག་གསར་ཁང་ལ་གནས་ཚུལ་ངོ་སྤྲོད་བྱས་པ་ལྟར་ན། ཁམས་ལི་ཐང་ཕྱོགས་སུ་ལི་ཐང་རྫོང་དང་ཉག་རྫོང་གཉིས་ཀྱི་མི་མང་གིས་ཞིང་ཆེན་སོགས་ལ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ལ་ནག་ཉེས་གང་ཡང་མེད་པས་ཁོང་མྱུར་ཏུ་གློད་དགོས་སྐོར་ཞི་བའི་འབོད་སྐུལ་ཞུ་བར་བཅར་བར་རྒྱ་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱས་པ་མ་ཟད། ཁོང་ཚོར་ཉེས་རྡུང་གིས་མནར་གཅོད་ཚད་ལས་བརྒལ་བ་བཏང་འདུག

གོང་གསལ་མི་སྣ་དག་གིས་བཤད་དོན། ཕྱི་ཚེས་ ༥ གོང་དུ་ཨོ་ཐོག་གི་མི་སྐྱ་བདུན་ཁྲིམས་རྩོད་རྒྱག་སར་ཁྲི་འདུར་འགྲོ་བའི་ལམ་བར་དུ་འཛིན་བཟུང་གིས་འགྲོན་ཁང་ཞིག་ཏུ་བཀག་འགོག་བྱས་པ་དང༌།  ཕྱི་ཚེས་ ༦ ཉིན་སྒྲོལ་དཀར་དང༌། བདེ་ཆེན་སྒྲོལ་མ། གཡུ་སྒྲོན་བཅས་བུད་མེད་གསུམ་ཀྲུང་དབྱང་དུ་འགྲོ་བའི་ལམ་བར་ནས་འཛིན་བཟུང་བྱས་འདུག་པར་བརྟེན། ཨོ་ཐོག་དང༌མགོ་ལོག་སྟོད་སྨད་སོགས་ནས་མི་མང་བརྒྱ་ཕྲག་མང་པོ་དུས་གཅིག་ཏུ་ཤང་དང་རྫོང་སོགས་སུ་གཅིག་འཇུག་གཉིས་འཐུད་དུ་སོང་ཞིང༌། ཁོང་ཚོས་ང་ཚོ་འདིར་འོང་དགོས་དོན་ནི། མི་བདུན་འཛིན་བཟུང་བྱས་པ་ཞིང་ཆེན་དུ་གཏོང་དགོས། ཁོང་ཚོ་མི་མང་གིས་འཐུས་མིར་བཏང་བ་ཡིན། ང་ཚོའི་རིན་པོ་ཆེར་ནག་ཉེས་ཡོད་ན་ཡོད་ཐག་ཆོད་པ་ཞིག་དང༌། མེད་ན་མེད་ཐག་ཆོད་པ་བྱ་རྒྱུའི་ཆེད་ང་ཚོ་ཐམས་ཅད་འདིར་འོང་བ་ཡིན། ད་རེབ་ཐག་འདི་འདྲ་ཞིག་ཆོད་སོང་ཟེར་བ་ཞིག་མ་བྱུང་གི་བར་དུ་ང་ཚོ་ཕྱིར་ལོག་རྒྱུ་མིན་ཞེས་ཨུ་ཚུགས་མཐར་སྐྱེལ་གྱིས་ཉིན་གང་ཤང་ནང་དང༌། རྫོང་ལམ་བར་སོགས་སུ་རྒྱ་དམག་གིས་བཀག་འགོག་བྱེད་ཞོར་དུ་འགྲོ་སྐྱོད་བྱས། ས་གནས་ལས་ཁུངས་སུའང་ཉིན་གང་མི་མང་བརྒྱ་སྐོར་ཞིག་གིས་ལས་ཁུངས་སྒོ་ཁར་སྒོ་ཉལ་བྱས་ཡོད་ཅིང༌། ལམ་ཆེན་གཡས་གཡོན་དུའང་ཉལ་བ་སོགས། དེ་ནུབ་མཚན་གང་ས་གནས་ལས་ཁུངས་སུ་སྒོ་ཉལ་བརྒྱབས་ཡོད་འདུག

རྫོང་ཐོག་ཏུ་མགོ་ལོག་སྟོད་པ་ནས་མི་བཞི་བརྒྱ་ཙམ་དང༌། ཨོ་ཐོག་ནས་ཀྱང་སྔ་ཕྱིར་གང་མང་འབྱོར་ཞིང༌། ཉ་ཐ་ངོ་སོགས་ནས་རྫོང་ཐོག་ཏུ་འོང་བ་ཉག་ཆུའི་སྨད་ཕྱོགས་སུ་དམག་མིས་བཀག་སྟེ་རྫོང་ཐོག་ཏུ་ཡོང་བཅུག་མེད་ཅིང༌། རྒྱས་ཚུག་གྲོང་ཡར་མར་ནས་རྫོང་ཐོག་ཏུ་ཡོང་བ་རྣམས་སྨྱུག་བྱིས་ལ་ཁར་རྒྱ་དམག་གིས་བཀག་འགོག་བྱས། ཉིན་དེར་འབྲོག་པའི་ས་ཁུལ་དང་རོང་བའི་ས་ཁུལ་སོགས་ནས་མོ་ཊ་དང་སྦག་སྦག་བཏང་ནས་རྫོང་ཐོག་ཏུ་འགྲོ་བ་ཐམས་ཅད་བཀག་འགོག་བྱས་ཏེ་རྫོང་ཐོག་ཏུ་ཡར་མར་འགྲོ་སྐྱོད་བྱེད་པ་ལ་དཀའ་ངལ་ཆེན་པོ་བྱུང་སྟེ་མི་མང་ཚོར་ཟས་གོས་སོགས་ཀྱི་དཀའ་ངལ་ཆེན་པོ་འཕྲད་ཡོད་ཅིང༌། མི་མང་ཚོ་རྫོང་ཐོག་ཏུ་སྐྱོད་སྐབས་གངས་བརྒྱབས་ཡོད་ཅིང༌། རླངས་འཁོར་དང་སྦག་སྦག་གང་ཡང་མ་རག་པར་གོམ་བགྲོད་བྱེད་མཁན་རྣམས་ཀྱིས་རྫོང་ཐོག་ཏུ་མ་ཐོན་པའི་ཉིན་མཚན་གཉིས་གསུམ་ཞིག་ཏུ་འཁྱག་ལྟོག་གི་དཀའ་སྡུག་དུ་མ་མྱངས་ཡོད་ཅིང༌། གོམ་བགྲོད་དུ་བསྐྱོད་མཁན་མི་མང་གི་ཁྲོད་དུ་རྒན་རྒོན་ལོ་ན་དྲུག་ཅུ་བདུན་ཅུ་བརྒྱད་ཅུར་སོན་ཡོད་པའང་མང་པོ་ཡོད་འདུག

ཕྱི་ཚེས་ ༥ ཉིན་རྫོང་ཐོག་ནས་འཛིན་བཟུང་བཙོན་འཇུག་བྱས་པ་དག་གི་མཚན་ཐོ་ཤེས་རྟོགས་བྱུང་བ་རྣམས་ནི་གདུགས་དཀར་ཚེ་རིང༌། ཇ་ལིའི་འཇམ་འཕྲིན། ངག་དབང་ཆོས་གྲགས། རྒ་བ་ཚེ་རིང་དོན་གྲུབ། ལུག་རྫི་ཨ་བྷེ། རྒྱ་མེ་ཨ་ཤེར། ཨ་ཀ་རྡོ་རྗེ། ཨ་ནེ་ཤེས་རབ་སྒྲོལ་མ། ཨ་ནེ་བདེ་བྷོ། ཨ་ནེ་གྲ་བྷེ། སྨད་ཐ་དབང་རྒྱལ། རྒ་རྗེ་དབང་ཕྱུག མཁས་བྷོ་ཚེ་རིང༌། རྡོ་རྗེ་མཁས་གྲུབ། འབྲུག་རྒྱལ་ཐར། ངག་རྡེ། ལྷ་མ་དོན་འདུས། སྙན་གྲགས། ཚེ་བཀྲ་བྷུ་བྷུ། ངག་དབང་ཤེས་རབ། ཨ་ཕ་ནོར་བུ། འོད་ཟེར། ཨ་སྒྲ་ཨུ་བྷོ། བསྟན་འཛིན་ཟླ་བ། སྦྱིན་པ། བཀྲ་ཤིས་ཚེ་འཕེལ། སྙན་གྲགས། བློ་བཟང་དོན་གྲུབ། སྐལ་བཟང་ལྷ་སྐྱིད། ཨ་ཞེས། བུ་མོ། བསྟན་འཛིན་འཕྲིན་ལས། ལྷ་མོ་ཆོས་འབྲུག་སོགས་ཡིན་ལ། མི་མང་འདི་དག་ནི་ལི་ཐང་རྫོང་དང་ཉག་ཆུ་རྫོང་གཉིས་ནས་རེད། ཉག་ཆུ་རྫོང་ཨོ་ཐོག་འབྲོག་སྡེ་ལ་ཤང་གཉིས་ཡོད་པའི་ཧོ་ལུང་ཤང་དང༌། ཁུ་ལ་ཤང་གཉིས་ཀྱི་སྡེ་ཁག་དྲུག་གི་མི་མང་དང༌། དེ་ཚ་སྟོད་སྨད་བར་གསུམ། ཉ་པ་གྲོང༌། ཐ་ངོ་གྲོང༌། རྐེ་ཆུ་ཁ་གྲོང༌། ལྷུང་ཞབས་གྲོང༌། འདུས་པུ་ཙི་གྲོང༌། འགོ་ལོག་སྟོད་གྲོང་སྡེ་གསུམ་གྱི་མི་མང་དང༌། འགོ་ལོག་བར་གྱི་རྒྱས་ཚུགས་ཡར་གྲོང་མར་གྲོང་དང་མགོ་ལོག་སྨད་དགོན་སེར་གྲོང་པ། དབུང་འདེན་འདོ་བ། སྤོ་བ་གྲོང་པ། འཇོང་རྐོག་རྡོ། མ་ར་ཚོ་པ་གྲོང༌། ཉག་རྐེ་གྲོང༌། ཐང་ཆུ་ཐང་རྒན་གྲོང༌། འབྲུ་པག་རྡུ། ག་ར་ཕྱིས་པ། སྤུན་ཟླ་གྲོང་པ། འོ་རུང་ཕྱིས་པ། པེ་མཛེས་གྲོང་སོགས་དང༌། དེ་བཞིན་དུ་ལི་ཐང་རྫོང་འོག་ནས། བདེ་སྐྱིད་གྲོང༌། ཚེ་མགོན་མ། མོ་ལ་སྟོད་སྨད། ཚོ་གསུམ་སོགས་ནས་འོང་ཡོད་འདུག       

མི་མང་གི་རེ་འདོན་ནི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་གློད་གྲོལ་གཏོང་དགོས་པ་དང༌། ཁོང་ལ་དྲང་བདེན་གྱི་ཁྲིམས་བཤེར་གནང་དགོས་པ། རྒྱ་གཞུང་གིས་འཛིན་བཟུང་བྱས་ནས་ལོ་བརྒྱད་ཙམ་སོང་ཡོད་ཀྱང༌། ད་བར་ཉེས་པ་ཡོད་པ་རེད་ཟེར་ནས་མ་ཉེས་ཁག་གཡོགས་བྱས་པ་ཞིག་ལས་ནག་ཉེས་ཡོད་པའི་དཔང་རྟགས་གང་ཡང་བསྟན་རྒྱུ་ཡོད་པ་མ་རེད།

ཉིས་སྟོང་བདུན་ལོའི་བོད་ཟླ་དྲུག་པར་མི་མང་གིས་སླར་ཡང་དྲང་བདེན་གྱི་ཁྲིམས་བཤེར་བྱ་དགོས། ཁོང་ལ་ནག་ཉེས་ཡོད་པའི་དཔང་རྟགས་སྟོན་རྒྱུ་མི་འདུག་ཅེས་མི་མང་སྟོང་ཕྲག་མང་པོས་རི་སྐྱབ་ཀྱི་སར་སྐད་འབོད་དུས་གཅིག་ཏུ་བརྒྱབས་ཡོད་ཀྱང༌། རྒྱ་གཞུང་གིས་མི་མང་གི་བདེ་སྡུག་ལ་ལྟ་རྒྱུའི་ཚབ་ཏུ་མི་མང་གང་བྱུང་གིས་འཛིན་བཟུང་བྱས་ཏེ་དཔང་རྟགས་སྟོན་རྒྱུ་ཡོད་ཅེས་སྐབས་དེར་གློག་བརྙན་རྫུན་མ་ཞིག་ཀྱང་བཟོས་ཏེ་མི་མང་ལ་བཙན་དབང་གིས་བསྟན་ཡོད་ནའང༌། རྫུན་སྒྲིག་འབའ་ཞིག་བྱས་པ་ལས་བདེན་དཔང་གང་ཡང་མེད་པ་མི་མང་གིས་ངོས་འཛིན་བྱས་ཡོད་པ་རེད། ད་རེབ་ཀྱང་ནག་ཉེས་ཡོད་པའི་དཔང་རྟགས་སྟོན་རྒྱུ་མི་འདུག་པས་གློད་གྲོལ་གཏོང་དགོས་པའི་བདེ་སྡུག་ཞུ་འབུལ་བྱེད་དུ་སོང་བ་ལས་ཁྲིམས་འགལ་གྱི་ལས་ཀ་གང་ཡང་བྱས་མེད། རྒྱ་དམག་གི་བཀག་འགོག་གི་སྐབས་སུའང་མི་མང་གི་ངོ་གདོང་མིག་ཆུས་གང་ཞིང༌། ངུ་སྐད་ཀྱི་སྐད་སྒྲ་དང་ལག་པས་ཐལ་མོ་སྦྱར་བ་དང༌། མཐེ་བོང་བསྟན་པ། པུས་མོ་ས་ལ་བཙུགས་ནས་རྒྱལ་ཁབ་ཀྱིས་མི་མང་གི་བདེ་སྡུག་ལ་ལྟ་གི་ཡོད་ན་རིན་པོ་ཆེ་གློད་གྲོལ་གཏོང་རོགས། ང་ཚོ་འདིར་ངོ་ལོག་རྒྱག་ཏུ་འོང་བ་མིན། ང་ཚོ་བདེ་སྡུག་ཞུ་རུ་འོང་བ་ཡིན། བདེ་སྡུག་ཞི་བའི་སྒོ་ནས་ཞུས་ཡོད་ཀྱང་དྲག་པོའི་དཔུང་དམག་བཏང་ནས་ཉེས་རྡུང་མནར་གཅོད་ཚད་ལས་བརྒལ་བ་བཏང་སྟེ། ཁྲག་གི་འཁོར་ལོ་བསྐོར་ཡོད་པ་རེད་ཟེར།

མི་མང་འཛིན་བཟུང་བྱས་ཤུལ་གྱི་ས་ཆ་ཁྲག་གིས་གཡོག་པ་དང༌། སྐྲ་དང་བཅའ་དངོས་གཏོར་བ། རྦག་རྦག་མང་པོ་འཕྲོག་བཅོམ་བྱས་པ་སོགས་གཏོར་བཅོམ་བཏང་འདུག་ཅིང༌། རྒྱ་དམག་གིས་རྫོང་ཐོག་གི་ཟ་ཁང་དང་ཚོང་ཁང་ཐམས་ཅད་སྒོ་བརྒྱབ་དུ་བཅུག་སྟེ་མི་མང་ལས་འགུལ་བ་ཚོར་བཟའ་བཏུང་རག་ཐབས་མེད་པའི་ཐབས་ཤེས་བཏང་བ་མ་ཟད། མི་མང་ཞུ་གཏུགས་པ་ཚོར་བཟའ་བཏུང་རག་གི་མེད་སྟབས་ཉ་ཐ་ངོའི་ཚོང་པ་མང་པོས་མགྱོགས་ཐུག་མོ་ཊ་གང་མང་ཚོགས་སུ་བཀྲམས་ཏེ་དཀའ་ངལ་སེལ་ཐབས་བྱས་ཡོད་པ་རེད། དེ་བཞིན་དུ་རྩམ་པ་དང་བག་ལེབ་སྤྲད་དེ་རྒྱབ་སྐྱོར་བྱས་མཁན་ཡང་མང་པོ་འདུག

ཕྱི་ཚེས་ ༩ ཡི་ཉིན་རྒྱབ་ཏུ་མི་མང་ཕྱིར་ལོག་མ་བྱས་ཚེ། འཛིན་བཟུང་བྱ་རྒྱུའི་བཀའ་ཁྱབ་བསྒྲགས་ཡོད་ཅིང༌། རྫོང་ཐོག་གང་སར་མོ་ཊ་བརྒྱུད་ནས་རྒྱ་སྐད་དུ་རྒྱང་བསྒྲགས་སྒྲོག་བཞིན་འདུག མི་མང་གི་ནང་དུ་ད་གང་འདྲ་བྱེད་དགོས་མིན་གྱི་གྲོས་མོལ་བྱེད་བཞིན་ཡོད་ཅིང༌། མང་ཆེ་བས་གང་འདྲ་བྱུང་ནའང་བྱུང་ཟེར་བཞིན་འདུག སྐབས་དེར་རྫོང་ཡར་མར་དུ་མི་མང་མཉམ་འཛོམས་ཀྱི་གྲངས་ནི་ ༡༠༠༠ ལྷག་ཡིན་པའི་ཚོད་དཔག་བྱས་ཡོད་འདུག

མི་མང་གི་འཐུས་མི་ཞིང་ཆེན་དུ་གྱོད་གཏུགས་བྱེད་དུ་ཕྱིན་པ་རྣམས་དཀར་མཛེས་ཁུལ་དུ་ཁྲིད་ཡོང་ནས་རྫོང་དང་ཁུལ། ཞིང་ཆེན་གསུམ་གྱི་ཆེས་མཐོའི་མགོ་ཁྲིད་རྣམས་མཉམ་དུ་ཚོགས་འདུ་བགྲོ་གླེང་དང་བདེ་སྡུག་གང་འདྲ་ཡོད་པ་བཤད་དུ་བཅུག་ཡོད་ཅིང༌། འཐུས་ཚབ་དག་གིས་བླ་མ་གློད་གྲོལ་གཏོང་དགོས་པ་དང༌། འཛིན་བཟུང་གི་སྐབས་ནག་ཉེས་ཡོད་པར་བྱས་པ་དེ་དག་ལ་དཔང་རྟགས་གང་ཡང་བསྟན་རྒྱུ་མེད་ཚུལ་དང༌། འཛིན་བཟུང་བྱས་ནས་ལོ་ ༨ སོང་ཡོད་ཅིང་དགུང་ལོ་ ༦༠ ལ་ཉེ་བ་དང་སྙིང་རླུང་གི་ན་ཚ་ཡོད་པར་བརྟེན། རབ་ཡིན་ན་གློད་གྲོལ་དང་དེ་མིན་ཁག་ཐེག་འགན་ལེན་གྱི་འོག་བཙོན་དུ་བཞུགས་མི་དགོས་པར་ཕ་ཡུལ་དུ་རང་དབང་གིས་བཞུགས་ཆོག་པའི་བདེ་སྡུག་སོགས་མང་པོ་བཤད་ཡོད་ཅིང༌། རྫོང་ནས་ཞུ་གཏུགས་པ་དག་ཁུལ་ལ་ཁྲིད་འོང་མཁན་གྱི་རྫོང་དཔོན་ཞིག་ཡོད་པ་དེས་དང་པོར་འཐུས་ཚབ་ཚོར་འཇིགས་སྐུལ་བྱས་ཡོད་ཀྱང༌། ཁོང་ཚོས་ང་ཚོ་འདིར་ཡོང་བ་རང་ཐག་ཆོད་ནས་འོང་བ་ཡིན་པས་ད་རེབ་ཐག་བཅོད་ལེགས་པོ་ཞིག་མ་བྱས་ན་ང་ཚོ་ཕྱིར་གཏན་ནས་ལོག་རྒྱུ་མིན་ཚུལ་སོགས་མང་པོ་བཤད་པས། རྫོང་དཔོན་དེས་ཁུལ་དང་ཞིང་ཆེན་གྱི་མགོ་ཁྲིད་ཚོར་ང་རང་ས་གནས་འདིར་སྡོད་དགོས་ན་འདིར་ཡོད་དཔོན་རིགས་རྣམས་ཀྱིས་ཐག་གཅོད་ལེགས་པོ་ཞིག་བྱེད་དགོས། རྒྱུ་མཚན་ནི་བླ་མ་འཛིན་བཟུང་གི་རྐྱེན་གྱིས་མི་མང་གི་སེམས་ལ་རྨ་ཁ་ཆེན་པོ་བཟོས་ཏེ་ས་ཆ་འདིར་ལས་དོན་གང་བྱེད་དགོས་ཀྱང་དཀའ་ལས་ཧ་ཅང་ཁག་པོ་འདུག་ཟེར་བ་སོགས་ཡར་བཤད་མར་བཤད་ཀྱི་མཐར་ནག་ཉེས་ཡོད་ཀྱང་སྐད་ཆ་བཤད་དེ་ཐག་གཅོད་ལེགས་པར་བྱེད་ཆོག་གི་རེད་ཅེས་ཁྲིམས་ཐག་གི་དཔང་ཡིག་སོགས་སྤྲད་ནས་མི་མང་འཐུས་ཚབ་རྣམས་རླང་འཁོར་དུ་བཅུག་སྟེ་ཕྱིར་རང་གནས་སུ་སྐྱལ་ཡོད་པ་རེད་འདུག

ཕྱི་ཚེས་ ༡༠ ཉིན་རྒྱ་གཞུང་གིས་བླ་མ་དང་གྲྭ་པ་རྒན་པ་དྲུག་བདུན་ཙམ་ལ་མི་མང་རྣམས་ཕྱིར་རང་རང་གི་སར་ལོག་དགོས་པའི་བསླབ་བྱ་རྒྱག་དགོས་པའི་བཙན་བཀའ་བཏང་བར་ཁོང་རྣམས་ཀྱིས། སྐུ་ཞབས་རིན་པོ་ཆེའི་གནད་དོན་དེ་ཐག་གཅོད་ལེགས་པོར་བྱ་ངེས་ཡིན་ན་ང་ཚོས་བསླབ་བྱ་བརྒྱབ་ཆོག་ཀྱང་མི་མང་གི་བསམ་འཆར་སྣང་མེད་དུ་བཏང་ན་བསླབ་བྱ་གཏན་ནས་རྒྱག་རྒྱུ་མིན་ཅེས་ཆུ་ཚོད་གསུམ་བཞི་ཞིག་ལ་རྒྱ་དཔོན་དག་གི་མཉམ་དུ་གྲོས་མོལ་གྱི་མཐར་ཐག་གཅོད་བྱུང་བ་ནི། ཁྲིམས་གཏུགས་ཀྱི་དོན་དུ་མི་རེ་གཉིས་ཤིག་གིས་རིམ་པ་འོག་མ་ནས་གོང་མར་རིམ་གྱིས་ཡར་ཞུ་བྱས་ཆོག་པ་མ་ཟད། མི་རིང་བར་ཞིང་ཆེན་དང་ཁུལ་ནས་འདིར་ཞིབ་འཇུག་བྱེད་དུ་འོང་རྒྱུ་ཡིན་པས་ང་ཚོས་རྒྱབ་སྐྱོར་དང་རོགས་པ་བྱ་ཆོག་ལ། ཁྱེད་རང་ཚོས་ཀྱང་གནས་ཚུལ་དང་བདེ་སྡུག་བཤད་ཆོག་གི་རེད། སྔར་ཁྲིམས་གཅོད་ཀྱི་དཔང་ཡིག་གཉེན་ཉེ་དག་ལ་སྤྲད་མེད་ནའང་ད་རེབ་དཔང་ཡིག་སྤྲད་ཡོད་པ་དང༌། ཕྱིན་ཆད་ཟླ་རེའི་ནང་ལི་རྫོང་དང་ཉག་རྫོང་རེ་མོས་ཀྱིས་གཉན་ཉེ་གཉིས་རེ་རིན་པོ་ཆེར་ཐུག་འཕྲད་དུ་འགྲོ་ཆོག་པའི་ཆོག་མཆན་སྤྲོད་རྒྱུ་བྱས་པ་དང་། བཙོན་དུ་བཅུག་ཡོད་པ་དེ་དག་ལས་འགའ་ཤས་མ་གཏོགས་བཏང་ཡོད་པ་དང༌། འགའ་ཤས་ཉིན་བདུན་གྱི་རྗེས་སུ་བཏང་རྒྱུ་བྱས་ཡོད་འདུག

ཕྱི་ཚེས་ ༡༡ ཉིན་ཉག་ཆུ་རྫོང་དུ་ཤང་དང་ཞིང་ཆེན་དང་དཀར་མཛེས་ཁུལ་གྱི་རྫོང་གསུམ་གྱི་ཁྲིམས་ཁང་གི་ལས་བྱེད་དང་ཤང་དང་སྡེ་དཔོན། མི་མང་གི་འཐུས་མི་བཅས་མཉམ་འཛོམས་ཀྱིས་ཚོགས་འདུ་འཚོགས་ཡོད་ཅིང༌། སྐབས་དེར་མི་མང་གིས་བསམ་འཆར་ཤུགས་ཆེར་བཤད་ཡོད་ཅིང༌། ཤང་གི་མགོ་ཁྲིད་ཚོས་ཀྱང་མི་མང་དང་མཉམ་དུ་ཞུ་འབུལ་བྱེད་ཁུལ་གྱིས་གྱོད་དོན་འདི་མི་མང་གི་བསམ་འཆར་ལྟར་ཐག་གཅོད་ལེགས་པོ་ཞིག་བྱ་རོགས་ཞེས་བཤད་ཡོད་པ་རེད། ཞིང་ཆེན་དང་ཁུལ། རྫོང་གི་ཁྲིམས་ཁང་སོགས་ནས་འོང་བའི་དཔོན་རིགས་ཚོས་རིན་པོ་ཆེ་ལ་ནག་ཉེས་མེད་པ་མ་རེད། ཚན་རིག་དང་མཐུན་པའི་བརྟག་དཔྱད་བྱས་འབྲས་སུ་ནག་ཉེས་ཡོད་པ་ར་སྤྲོད་བྱུང་བའི་དཔང་རྟགས་གསལ་བོ་བསྟན་རྒྱུ་ཡོད་ཅེས་འཇིགས་སྐུལ་དང་བཅས་བརྗོད་ཡོད་པ་རེད། ཉིན་དེར་མང་པོ་བཤད་མཐར་ཟླ་རེའི་ནང་རིན་པོ་ཆེར་ཐུག་འཕྲད་རེ་བྱ་ཆོག་ཚུལ་དང༌། མང་ཚོགས་ཁྲོད་མགོ་དང་རྐང་ལག་སོགས་སུ་ཁབ་ཚུག་བརྒྱད་དགུ་ཙམ་རྒྱག་དགོས་པ་མང་པོ་བྱུང་ཡོད་པ་དེ་དག་སྨན་བཅོས་བྱ་རྒྱུའི་འགན་ལེན་བྱས་ཡོད་པ་དང༌། སྦག་སྦག་བཅག་གཏོར་བྱས་ཡོད་པ་དེ་དག་བཟོ་བཅོས་བྱ་རྒྱུ་བྱས་ཡོད་འདུག དེ་བཞིན་འཛིན་བཟུང་ཉེས་རྡུང་གི་སྐབས་སུ་དངུལ་ཁུག་འགའ་བོར་རླག་ཏུ་སོང་ཡོད་པ་དེ་དག་གི་སྐྱིན་ཚབ་སྤྲོད་རྒྱུ་བྱས་འདུག ཕྱིས་སུ་མི་ལྔ་དྲུག་རེ་ཤང་དང་རྫོང་སོགས་ཀྱི་རྒྱབ་སྐྱོར་གྱིས་རིམ་པ་འོག་མ་རིམ་བརྒྱུད་ཀྱིས་ཐག་གཅོད་ཡག་པོ་ཞིག་བྱ་ཆོག་གི་རེད་ཅེས་བཤད་ནས་ཚོགས་འདུ་གྲོལ་ཡོད་པ་རེད།

གནས་ཚུལ་སྤྲོད་པས་བཤད་ན། གནད་དོན་འདི་ནི་འཇིགས་སྣང་དང་མགོ་བསྐོར་གཉིས་ལ་བརྟེན་ནས་ཕྱིར་ལོག་བྱེད་དགོས་བྱུང་ཡོད་པར་སྙམ་སྟེ། སྐབས་དེར་རྒྱ་གཞུང་གིས་སྐད་ཆ་གཉིས་བཤད་ཡོད་པ་ནི། ཕྱོགས་གཅིག་ནས་ག་ལེར་སྐད་ཆ་བཤད་ཆོག་ཚུལ་དང་རིན་པོ་ཆེའི་གཉེན་ཉེ་རྣམས་ཁོང་ལ་ཟླ་རེར་ཐུག་འཕྲད་རེ་བྱེད་དུ་འཇུག་རྒྱུ། མི་མང་གི་རེ་འདོད་ལྟར་ཁྲིམས་བཅད་ཀྱི་དཔང་ཡིག་སྤྲད་པ་དང༌། མི་ཉུང་ཤས་ཤིག་རིམ་པ་འོག་མར་རིམ་བརྒྱུད་ཀྱིས་བདེ་སྡུག་ཞུ་རུ་འགྲོ་བ་ལ་གཤམ་ནས་རྒྱབ་རོགས་བྱེད་ཆོག་ཚུལ་སོགས་ཀྱི་མགོ་བསྐོར་དང༌། ཕྱོགས་གཞན་ཞིག་ནས་དུས་ཚོད་འདི་འདྲ་ཞིག་ཏུ་ཕྱིར་ལོག་མ་བྱས་ཚེ་དྲག་གནོན་བྱེད་ཀྱི་ཡིན་ཞེས་རྫོང་ཐོག་ཏུ་རྒྱང་གྲགས་ཐོག་ནས་བསྒྲག་གཏམ་ཤུགས་ཆེར་སྤེལ་བཞིན་པ་མ་ཟད། རྫོང་སྟོད་སྨད་བར་གསུམ་ནས་དྲག་དམག་འཕར་སྣོན་བཏང་སྟེ་ཛ་དྲག་གི་དུས་མཚམས་དེར། བླ་མ་སོགས་གནད་ཡོད་ཀྱི་མི་སྣ་འགའ་བར་སྡོད་བྱེད་དུ་བཅུག་ཡོད་ཅིང༌། རྒྱ་གཞུང་གིས་ཁྱེད་ཚོས་སློབ་གསོ་བརྒྱབས་ཏེ་མི་མང་ཕྱིར་འཐེན་བྱས་ན་ང་ཚོས་རིམ་གྱིས་ཐག་གཅོད་ལེགས་པོར་བྱ་ཆོག དེ་མིན་ཆུ་ཚོད་དགུ་བར་སོན་ན་ཁྲིམས་ལུགས་བསྟར་ཐག་གཅོད་བྱ་རྒྱུ་ཡིན་ཅེས་དུས་བཅད་བཟོས་ཡོད་འདུག རྒྱུ་མཚན་དེ་དག་ལ་བརྟེན་ནས་ཛ་དྲག་གི་གནས་སྟངས་དེ་དག་ལས་སྐྱོབས་རྒྱུའི་ཆེད་དུ་མི་མང་གི་ཡིད་ཆེས་བྱ་སའི་གནད་ཡོད་ཀྱི་མི་སྣ་དག་གིས་མི་མང་ཕྱིར་འཐེན་བྱེད་དུ་བཅུག་པ་ཞིག་ལས། མི་མང་གི་རེ་བ་འགྲུབ་ནས་ཕྱིར་ལོག་བྱས་པ་ཞིག་གཏན་ནས་མ་རེད། མི་མང་གི་ཡིད་ཆེས་བྱ་སའི་གནད་ཡོད་ཀྱི་མི་སྣ་དེ་དག་གིས་འཇིགས་བསྐུལ་གྱི་ཉེན་ཁར་གཟིགས་ནས་མི་མང་ཕྱིར་ལོག་བཏང་བ་ཞིག་ལས་མི་མང་རང་འགུལ་གྱིས་ཕྱིར་ལོག་བྱས་པ་ཞིག་མ་རེད། སྐབས་དེར་དཀར་མཛེས་ཁུལ་གྱི་དཔོན་རིགས་ཁག་གཅིག་མི་མང་དང་དངོས་སུ་ཐུག་འཕྲད་ཀྱིས་སྐད་ཆ་བཤད་ཡོད་ཀྱང༌། མི་མང་གིས་ངུ་འབོད་དང་མཐེ་བོང་བསྟན་ནས་རིན་པོ་ཆེར་ནག་ཉེས་མེད་ཚུལ་དང་ཡོད་པའི་དཔང་རྟགས་གང་ཡང་བསྟན་རྒྱུ་མེད་པའི་སྐད་འབོད་ཤུགས་ཆེན་བརྒྱབས་པས་སྐད་ཆ་ར་འཕྲོད་ཐབས་མ་བྱུང་བར་ཁུལ་གྱི་དཔོན་པོ་རྣམས་འགྲོ་དགོས་བྱུང་ཡོད་པ་རེད།

ཕྱི་ཚེས་ ༡༣ ཉིན་མི་བཅུ་ཙམ་གློད་གྲོལ་བཏང་ཡོད་ཀྱང་ད་དུང་མི་ཉི་ཤུ་གློད་གྲོལ་བཏང་མེད་པ་རེད། མི་བཅུ་བཏང་བ་དེ་དག་ལ་ཉེས་རྡུང་ཚབས་ཆེན་བཏང་ཡོད་པ་རེད་ལ། མགོ་ལུས་རྐང་གསུམ་དུ་སྔོ་ཐིག་དང་ཁབ་ཤུལ་ལྔ་དྲུག་རེ་ལེན་དགོས་པའི་ཉེས་རྡུང་བཏང་ཡོད་འདུག བཙོན་ཁང་དུ་ཟས་གོས་སྤྲད་མེད་པ་དང༌། ཉེས་རྡུང་ཡང་བཟོད་དུ་མེད་པ་བཏང་འདུག་ལ། གློད་མེད་པའི་མི་སྣ་དེ་དག་ལས་མི་བརྒྱད་ཀྱི་མིང་ཤེས་རྟོགས་བྱུང་བ་ནི་ཇ་ལིའི་འཇམ་འཕྲིན་དང༌། རྒ་བ་ཚེ་རིང་དོན་གྲུབ། ཨ་ནེ་ཤེས་རབ་སྒྲོལ་མ། ཨ་ནེ་གྲ་རྦེ། མཁས་པོ་ཚེ་རིང༌། སྦྱིན་པ། བསྟན་འཛིན་འཕྲིན་ལས། བློ་བཟང་དབང་འདུས་བཅས་རེད་འདུག་ཅེས་བརྗོད་བྱུང་།

འབྲེལ་ཡོད་གསར་འགྱུར།

Some Chinese students celebrate graduation in New York. Photo: IC
Mobile App

རྒྱ་ནག་དང་འབྲེལ་འདྲིས་ཡོད་པའི་ཨ་རིའི་སློབ་ཆེན་ཁག་ལ་རོགས་དངུལ་སྤྲོད་ལེན་མི་ཆོག་པའི་ཁྲིམས་འཆར་བཏོན།

ཆུ་ཚོད་ ༥ སྔོན་ལ།
Volker Türk, High Commissioner for Human Rights, welcomes the journalist at the Palais Wilson. 17 October 2022. UN photo by Violaine Martin
Mobile App

གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་རྩིས་མེད་གཏོང་བའི་སྲིད་ཇུས་རྣམས་མཚམས་འཇོག་དགོས་པ་ནན་བརྗོད་གནང་།

ཆུ་ཚོད་ ༨ སྔོན་ལ།
མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་རིང་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས། དྲ་ལམ་གྱི་པར། ༢༠༢༦།༦།༡༨
Mobile App

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་མཚམས་འཇོག་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༢
རྒྱ་ནག་གིས་བཀག་སྡོམ་བྱས་པའི་ཨ་རིའི་དམག་དོན་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ ཡི་ལས་རྟགས། ༢༠༢༦།༦།༢༢ པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

རྒྱ་ནག་གིས་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ བཀག་སྡོམ་བྱས།

༢༠༢༦/༠༦/༢༢
Mobile App

ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱལ་ལགས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༦/༢༢
ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩

མཆན། 3

  1. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    གནམ་འོག་འདི་་སྔར་ལས་དར་རྒྱས་དང་འཆམ་མཐུན་དུ་འབོད་པའི་དུས་རབས་ཉེར་གཅིག་འདིའི་ནང་དུ་བོད་མི་མང་གིས་སྡུག་བསྔལ་འདི་འདྲ་མྱོང་དགོས་པ་ནི་དངོས་ནས་བསམ་ན་དྲན་མི་འཕོད་པ་དང་། ཉན་ན་སེམས་ཀྱི་མི་བཟོད་པ་འདི་འདྲ་ནི་གང་ཡིན་ནམ། བོད་མི་ཚོ། རང་གིས་རང་ལ་ཤ་ཚ་བྱེད་ལུགས་ཀྱི་འདང་གི་མེད་པ་རེད་དམ་ལགས།

    Reply
  2. བདེ་བ་ཅན། says:
    ལོ་ 17 སྔོན།

    ལི་ཐང་ཁུལ་གྱི་སེར་སྐྱ་མང་ཚོགས་ཚོས་ལི་ཐང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་བཙོན་བཅུག་མྱོང་བཞིན་ཡོད་པར་གདུང་སེམས་མཉམ་སྐྱེད་མཚོན་སླད་ད་བར་ལས་འགུལ་མུ་མཐུད་སྤེལ་གནང་བ་དེར་ཐུགས་རྗེ་ཆེ་ལན་བརྒྱར་ཞུ་རྒྱུ་ཡིན། ཕྱི་ལོ་ 2002་ ལོ་ནས་བཟུང་ད་བར་མི་ལོ་དེ་དག་རིང་ཁྱེད་རྣམས་ནས་རིན་པོ་ཆེ་མཆོག་ལ་བཅངས་པའི་དུང་སེམས་ངོ་མ་འདི་ནི་ཧ་ལས་པའི་ཡི་རངས་ཞུ་དགོས་པ་ཞིག་འདུག དེ་སྔ་ཁོང་འཛིན་བཟུང་བྱས་རྗེས་ན་གཞོན་བློ་བཟང་དོན་གྲུབ་ལགས་སུ་རྒྱ་ནག་གཞུང་གིས་མ་ཉེས་ཁ་གཡོག་བྱས་ཏེ་ཁྲིམས་གཏུགས་དང་འགྲོ་ལུགས་གང་ཡང་བྱེད་དབང་མེད་པར་སྲོག་ཐོག་བཏང་བ་འདི་ནི་བློ་ཕམ་ཚད་མེད་བྱེད་དགོས་པ་ཞིག་ཡིན། ད་ལྟ་ང་ཚོར་མུ་མཐུད་རྩོད་ཐུབ་པ་འདི་ནི་རིན་པོ་ཆེ་བཙོན་དུ་ཡོད་མུས་ནས་སྔ་ཙམ་གློད་ཐབས་དང་བཙོན་ཁང་ནང་ཞུགས་རིང་སྐུ་གཟུགས་ལ་ནད་གཅོང་དང་རྡུང་རྡེག་མ་ཕོག་པར་གང་མགྱོགས་ལི་ཐང་ས་གནས་གཙོས་པའི་གདུལ་བྱའི་མགོན་དུ་སྔ་ཙམ་ཕེབས་ཐུབ་ཐབས་ཞུ་རྒྱུ་འདི་ཡིན། རིན་པོ་ཆེ་མཆོག་ནས་བཙོན་དུ་མ་ཚུད་པའི་ལོ་ངོ་དེ་དག་རིང་ས་གནས་མི་མང་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་བདེ་བསྐྲུན་པའི་མཛད་བཟང་དེ་ཚོའི་རིན་ཐང་ས་གནས་མི་མང་ཚོས་ལོ་ངོ་དེ་དག་རིང་སེམས་ཤུགས་ཉམས་པ་མེད་པར་ཁོང་གི་གནས་སྟངས་ལེགས་ཙམ་ཡོང་ཐབས་སུ་འབད་བརྩོན་གནང་བཞིན་པ་ལས་ང་ཚོར་སེམས་འགུལ་ཚད་མེད་ཐེབས་བྱུང༌། ད་དུང་ཡང་ཁྱེད་རྣམ་པས་སེམས་ཤུགས་མི་ཉམས་པར་རིན་པོ་ཆེ་མཆོག་སྔ་ཙམ་མུན་དོང་གི་བཙོན་ར་ལས་ཐར་ཏེ་ས་གནས་མང་ཚོགས་རྣམས་ལ་སྔར་བཞིན་ཕན་བདེ་བསྐྲུན་པའི་མཛད་བཟང་ལ་མྱུར་དུ་ཞོལ་རྒྱུར་སྐྱབས་འཇུག་ཞུ་རྒྱུ་འདི་ཡིན།

    Reply
  3. བསེ་རུ། says:
    ལོ་ 17 སྔོན།

    བདེན་གསོལ་སྨོན་ཚིག་ལས།

    བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད།།
    གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ།།
    དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེས་བུ་རྣམས།།
    གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese