མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ནོར་འཁྲུལ་གྱི་ལམ་ཁ་འདི་ནས་ཕྱིར་མིག་བལྟས་དུས།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༡༢/༢༡
Share on FacebookShare on TwitterShare on EmailShare on Whatsapp

ང་རང་ནི་དེང་སང་རང་དབང་མེད་པར་སྒོར་མོའི་བྲན་གཡོག་དུ་འདུར་ཁུལ་བྱེད་ཀྱི་ཡོད་ཀྱང་། འདུར་ཁུལ་བྱེད་བཞིན་པའི་སྒོར་མོ་འདི་དག་གིས་ང་རང་གི་དམིགས་ཡུལ་གང་ཡང་སྒྲུབ་ཐུབ་ཀྱི་མེད་ལ། ཐ་ན་རང་གི་ཕ་མ་དག་ལ་རོགས་རམ་ཕྲན་པུ་ཞིག་ཀྱང་བྱེད་ཐུབ་ཀྱི་མེད།

འདི་ནི་ང་རང་གི་ནོར་འཁྲུལ་བྱེད་སའི་ལམ་ཁ་ཞིག་འདེམ་པ་ལས། རང་གི་དམིགས་ཡུལ་འགྲུབ་སའི་ལས་ཀ་ཞིག་མིན་ན་ཡང་། ད་ནི་བྱེད་ཐབས་མེད་པ་ནི། མུ་མཐུད་དུ་སྒོར་མོའི་བྲན་གཡོག་བྱས་དེ་འགྲོ་རྒྱུ་ལས། སྒོར་མོ་ལ་གཡོག་བྱས་པའི་ངོ་གསོ་ཞིག་གཏན་ནས་མེད་པ་མ་ཟད། ཐ་ན་སྒོར་མོ་འདི་དག་ནི་རང་གི་ཁ་རྒྱབ་ཙམ་ལས་བེད་སྤྱོད་བྱེད་ས་ཞིག་མི་འདུག་པར། ཐག་རིང་གི་དམིགས་ཡུལ་དེར་འགྲུབ་པའི་ཆ་རྐྱེན་ཞིག་ལ་གཏན་ནས་ཡོང་ས་མེད་པ་གསལ་བོ་ཤེས་སུ་བཅུགས་སོང་།

སྒོར་མོ་ཡོད་ན་ཐམས་ཅད་འགྲུབ་འདོད་ཀྱི་བློ་ཡོད་མཁན་གྱི་སྤུན་ཟླ་མི་ཉུང་བ་ཞིག་གིས་ཀྱང་། རང་གི་རིགས་རུས་དང་རང་གི་རིགས་ཀྱི་བདེན་དོན་ལ་འགན་མ་འཁུར་བར། ང་དང་འདྲ་བའི་སྒོར་མོ་ཡོང་སའི་ལམ་ཁ་ཞིག་གི་ཆེད་དུ། རང་གི་རིགས་རྒྱུད་གཙང་མ་ཞིག་སྤེལ་བར་ཡང་བློས་གཏོང་བྱེད་ཀྱི་ཡོད་པ་དང་། རང་གི་རིགས་ཀྱི་མི་རིགས་ལ་བཟའ་ཚང་བྱེད་པ་ལས། ཕྱི་རྒྱལ་ཡུལ་གྲུ་ཁག་གི་མི་ལ་རེ་བ་བྱས་དེ། རང་གི་མདུན་ལམ་ཡོད་ཚད་སྒོར་མོའི་བསླུ་བྲིད་འོག་ལ་སོང་ནས། སྒོར་མོ་འཚོལ་སའི་ལམ་ཁ་ཞིག་འཚོལ་བཞིན་ཡོད་པ་རེད།

དེ་ལྟར་ལམ་ཁ་དེར་ཞུགས་ནས་རང་གི་ཉེ་མི་དང་སྤུན་མཆེད། གྲོགས་པོ་སོགས་ལ་རོགས་རམ་བྱེད་པའི་ཀུན་སློང་ཡོད་མཁན་ཡང་མི་ཉུང་བ་ཞིག་ཡོད་པའི་སྤུན་ཟླ་ང་དང་འདྲ་བ་དག་གིས་ཕྱི་རྒྱལ་གྱི་སྒོར་མོ་གསོག་སའི་ལམ་ཁ་འདི་འདེམ་བཞིན་ཡོད་པ་རེད། ལམ་ཁ་འདི་ལ་ཞུགས་རྗེས་སུ། རང་ཉིད་གནས་སའི་ཁོར་ཡུག་ནས་སྒོར་མོ་ཕྲན་པུ་རེ་ཐོབ་ཀྱི་ཡོད་ཀྱང་། དེ་ནི་རང་གི་དམིགས་ཡུལ་གྱི་ཕྱོགས་སུ་གཏོང་རྒྱུར་ཕར་ཞོག ནང་གི་ཟ་འཐུང་འགྲོ་བསྡོད་ཀྱི་འགྲོ་སོང་ཟླ་རེ་བཞིན་གཏོང་བཞིན་སོང་དུས། ད་གཟོད། སྒོར་མོ་རེག་སའི་ཁོར་ཡུག་ནས་ཕྱིར་སྒོར་མོ་དེ་དག་ཡང་ཁོར་ཡུག་དེ་ལ་འཐིམ་འགྲོ་རྒྱུ་ལས། གསོག་དངུལ་ཞིག་ཟུར་འཇོག་བྱེད་རྒྱུ་དཀའ་བ་དེ་ནི། ཡོང་ས་ཡོད་ཀྱང་འགྲོ་ས་མང་བའི་དཀའ་ངལ་གྱིས། ད་གཟོད་ང་དང་འདྲ་བའི་སྤུན་ཟླ་མི་ཉུང་བ་ཞིག་གིས་རང་གི་སྔར་བྱས་ཀྱི་དམིགས་ཡུལ་དེ་དག་ནི་ནམ་མཁའི་འཇའ་མཚོན་མཛེས་ཀྱང་གོན་པ་མི་ཉན་པའི་ངེས་ཤེས་ཟབ་མོ་དེ་སྐྱེ་བཞིན་ཡོད།

འོན་ཀྱང་། ད་དུང་ཐག་རིང་གི་ཕ་མ་དང་སྤུན་མཆེད། དགའ་ཉེ་སྤུན་གྲོགས་དག་གིས་ང་དང་འདྲ་བའི་ཕྱི་རྒྱལ་ཡུལ་གྲུ་ཁག་དུ་གནས་བསྡོད་བྱེད་མཁན་དག་ནི་ཕྱུག་བདག་ལྟ་བུ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ལ། ཁོང་ཚོ་ཡི་ཉིན་རེའི་འཚོ་བའི་ནང་གི་དཀའ་ངལ་ནི་ནམ་ཡང་ཚོད་དཔག་བྱེད་ཐུབ་ཀྱི་མེད་ལ། བྱེད་པའི་ཕྱོགས་སུ་བསམ་བློ་གཏོང་རྒྱུའི་རྒྱུ་ཆ་ཡང་རེག་གི་མེད་པ་རེད། དེ་ལྟར་ཕན་ཚུན་བར་གྱི་དཀའ་ངལ་ནི། མཐར་ཐུག་ན་སྒོར་མོ་འདིས་བཟོ་བཞིན་ཡོད་ལ། ཁྱིམ་ཚང་གི་བདེ་སྐྱིད་དང་། ཕ་མ་སྤུན་མཆེན་བར་གྱི་དཀའ་ཁག་ཡང་སྒོར་མོ་འདི་ཡིས་བཟོ་བཞིན་ཡོད་པ་རེད། སྒོར་མོ་མེད་ན་འཚོ་ཐབས་དཀའ་བར་རློམ་བཞིན་པའི་སྤྱི་ཚོགས་འདིས་ནང་དུ། ང་དང་འདྲ་བའི་སྤུན་ཟླ་མི་ཉུང་བ་ཞིག་གིས་སྒོར་མོའི་བྲན་གཡོག་བྱས་དེ། རང་གི་དམིགས་ཡུལ་དེ་ཕར་ཞོག ཐ་ན་རང་གི་རིགས་རུས་ཀྱང་གཙང་མ་གཉར་ཐུབ་ཀྱི་མེད་པ་དེ་ནི་སྒོར་མོ་ལས་ཀྱང་གལ་ཆེ་བ་དེ་ངོས་ཟིན་མ་ཐོབ་པར། ད་དུང་ཡང་། སྤུན་ཟླ་ཆེས་མི་ཉུང་བ་ཞིག་གིས་ལམ་ཁ་འདི་བཟང་རབས་དང་རྒྱན་རབས་ཀྱི་རྨི་ལམ་གཏོང་བ་དང་། སྤུན་ཉེ་དགའ་གྲོགས། ངོ་ཤེས་དང་མི་ཤེས་པའི་སྤུན་ཟླ་དག་ལ་ལམ་ཁ་འདི་འདེམ་དགོས་པར་སྐུལ་ལོངས་བྱེད་ཀྱི་ཡོད་པ་རེད།

དོན་དངོས་སུ་ལམ་ཁ་འདི་ཉིད་འདེམ་པ་ནི། མི་རིགས་ཤིག་གི་ཆག་འཇིག་དང་། རིག་གཞུང་ཉམས་ཉེས་འགྲོ་བྱེད་ཀྱི་ལམ་ཁ་དང་བོ་དེ་ཡིན་པར་གླེང་ཆོག་པ་ཡིན། དེས་ན་དེ་རིང་བདག་གི་རང་གི་ནོར་འཁྲུལ་འདི་གཞིར་བཟུང་དེ། སྤུན་ཟླ་མི་ཉུང་བ་ཞིག་ལམ་ཁ་འདིར་ཞུགས་རྩིས་ཡོད་པ་དག་ལ་སེམས་ཁོང་རུས་པའི་གཏིང་ནས་ཞུ་འབོད་ཅིག་བྱེད་འདོད་ཡོད་པ་དེ་ནི། གལ་ཏེ། སྐུ་ཉིད་ཕྱི་རྒྱལ་གང་རུང་ཞིག་ལ་འགྲོ་རྩིས་བྱེད་ཀྱི་ཡོད་ན་ནི། རང་གི་རིགས་ཀྱི་སྤུན་ཟླ་དང་ཤ་ཉེ། དགའ་གྲོགས་ཀྱི་རོགས་རམ་ལ་བརྟེན་ཕྱི་རྒྱལ་དུ་འགྲོ་བཞིན་ཡོད་ན་ནི་མ་འགྲིག་པ་མེད་ཀྱང་། མི་རིགས་གཞན་དང་གཉེན་སྒྲིག་བྱས་དེ་འགྲོ་འདོད་བྱེད་པ་ནི་ནོར་འཁྲུལ་ཡིན་པར་ཐག་བཅད་དེ་བཤད་འདོད་བྱུང་།

ནོར་འཁྲུལ་དང་བོ་དེ་ནི་རང་གི་རིགས་རུས་ཀྱི་འགན་མ་ཆགས་པའི་ནོར་འཁྲུལ་དང་། ནོར་འཁྲུལ་གཉིས་པ་རང་གི་རང་དབང་ཡོད་ཚད་གཞན་དབང་དུ་འགྲོ་དགོས་པའི་ནོར་འཁྲུལ། ནོར་འཁྲུལ་གསུམ་པ་རང་གི་རིག་གཞུང་གོམས་གཤིས་ལ་འགན་མི་ཆགས་པའི་ནག་ཉེས་སོགས་ནོར་འཁྲུལ་ཆེས་མི་ཉུང་བ་ཞིག་གི་ལམ་ཁ་ཡིན་པར་ཤེས་དགོས་པ་དེ་ནི་གལ་ཆེན་ནང་གི་དོན་ཆེན་ཡིན། སྒོར་མོ་མེད་ན་འགྲོ་བ་མི་འཚོ་ཐབས་མེད་ཀྱང་། སྒོར་མོ་ལས་ཀྱང་གལ་ཆེ་བ་ཞིག་ཡོད་ན་མི་རིགས་རེ་ལ་རང་རང་གི་རིགས་གཞུང་ལས་ཀྱང་གལ་ཆེ་བ་དང་རང་གི་རིགས་རྒྱུད་ལས་ཀྱང་གལ་ཆེ་བ་ཞིག་མེད་པ་སེམས་ཁོང་ནས་ངེས་ཟིན་ཐོབ་དགོས་རྒྱུ་དེ་ནི་རང་ཉིད་སྒོར་མོའི་བྲན་གཡོག་བྱེད་རྒྱུ་དེ་ལས་ཀྱང་གལ་ཆེན་ཡིན་པ་ཤེས་པར་གྱིས་ཤིག་ཟེར་ནས་སེམས་ཁོང་རུས་པའི་གཏིང་ནས་འགྱོད་གཤེགས་དང་། ནག་ཉེས་དང་ནོར་འཁྲུལ་གྱི་ལམ་ཁ་ན་འགྲོ་བཞིན་སྤུན་ཟླ་ངས། སྤུན་ཟླ་ཁྱེད་ཅག་ལ་འབོད་སྐུལ་ཞུས་པ་ཡིན།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 20

  1. danzenglaba says:
    ལོ་ 15 སྔོན།

    བོད་ཤ་ཁྲག་རུས་གསུམ་ལགས། ང་རང་གིས་དྲ་ཚིགས་ལས་ཤེས་པ་ལྟར་ན་ཁྱེད་ནི་ཇི་འདྲའི་ཕ་ཡུལ་ལ་ལྷག་བསམ་ཆེ་བ་ཞིག་རེད་བསམ་གྱིན་ཡོད། ཁྱེད་རང་བུ་་རྒྱུད་ཀྱི་རིགས་རྒྱུད་གཞན་དང་འདྲེས་པར་ཅུང་ཟད་འགྱོད་ཡོད་པ་འདྲ། དེ་ལ་སྐྱོན་ཆེར་མི་འདུག ཉིད་ཀྱིས་བུ་ཕྲུག་ལ་བོད་ཀྱི་སྐད་དང་ཡི་གེ་ཆོས་དད་སོགས་བོད་པ་ཇི་ལྟ་བུ་ཞིག་སློབ་རྒྱུ་གལ་ཆེན་ནང་གི་དོན་ཆེན་རེད།

    Reply
  2. sha tak ri sim says:
    ལོ་ 15 སྔོན།

    བློ་བཟང་ལགས། སྐུ་ཉིད་སླར་ཡང་ཕེབས་ནས་རང་གི་གང་བསམ་པ་སེམས་ཁོང་དུ་མ་སྤས་པར་གསུངས་པ་དེར་དགའ་ནི་ཡིན་ལགས། འོན་ཀྱང་། ལས་ངན་གསོག་མཁན་དག་ལ་བལྟས་པ་ཡིན་ན་རང་རང་ཡང་ལས་ངན་གསོག་མཁན་གྱི་རྗེས་སུ་མི་འགྲོ་བའི་ངེས་པ་མེད་དུས། སྐུ་ཉིད་ཀྱི་གསུངས་པ་ལྟར་རྒྱ་མཚོའི་ནང་དུ་སྤྲུལ་དང་སྤ་བ་གཉིས་ཀ་ཡོད་པ་རེད་ལགས། དེ་ཡིན་དུས། འུ་ཅག་གི་རྒྱ་མཚོའི་གཏིང་དུ་ནོར་བུ་ལ་ཡིད་ཆེས་བྱེད་རྒྱུ་དེ་ནི་གལ་ཆེན་ནང་གི་དོན་ཆེན་ཡིན་ལ། རང་རང་གིས་དངོས་ནས་ཀྱང་བྱ་བ་སྣ་གཅིག་ཡིན་ཡང་ཁ་ནག་བསམ་ནག་མེད་པར་བྱེད་ཨེ་ཐུབ་ལ་འབད་པ་ཡིན་ན། རང་གི་ཁོར་ཡུག་ནས་ཅུང་ཙམ་ལྟ་མཁན་ཉན་མཁན་རེ་ཡོང་སྲིད་པ་ཡིན་ལགས།

    Reply
  3. tseringdhorjee says:
    ལོ་ 15 སྔོན།

    གོང་དུ་བླ་མ་དང་གྲྭ་པ། དགེ་བཤེས་ཟེར་དུས་སྐྱབས་ཡུལ་དགེ་འདུན་གྱི་སྡེ་ཚང་མ་ལ་ཟེར་གྱི་མེད། དེ་ཡང་ཧ་གོ་དགོས།

    Reply
  4. tseringdhorjee says:
    ལོ་ 15 སྔོན།

    ཤ་ཁྲག་རུས་གསུམ་ལགས། དེང་སང་མགོ་བླ་མ་གྲྭ་བ་ནས་བཟུང་སྒོར་མོའི་ཆེད་དུ་རྒྱུགས་བཞིན་ཡོད་པ་དང༌། ད་དུང་མི་ལ་མགོ་སྐོར་བཏང་ནས་བླ་མ་མིན་ཀྱང་བླ་མར་རྫུས་པ་དང༌། དགེ་བཤེས་མིན་ཀྱང་དགེ་བཤེས་ཡིན་ཁུལ་བྱས་ནས་སྒོར་མོའི་ཆེད་དུ་མི་ཆོས་བླ་མའི་རྫུན་ག་འདྲ་བཤད་ཀྱི་འདུག འཇིག་རྟེན་གྱི་འདུ་འཛི་ལ་སྙིང་པོ་མེད་པར་རྟོགས་མཁན་བླ་མ་གྲྭ་བ་ཚོས་འདི་འདྲ་ཆུ་ངན་ལམ་འཇུག་བྱས་ཡོང་དུས། ཉིད་ཀྱིས་རེ་འདོད་བཞིན་རེ་བ་ཆུང་ས་ནས་དོན་ཆེན་འགྲུབ་རྒྱུ་ཁག་པོ་རེད་ཡ། སྤྱིར་འཇིག་རྟེན་འདིར་འཚོ་དགོས་དུས་སྒོར་མོ་ལོས་དགོས་ཏེ་དགོས་ན་དགོས་སྟངས་ཞིག་དང་། བཙལ་ན་བཙལ་སྟངས་ཞིག་ཡོད་རྒྱུ་རེད་སྙམ། འདི་འདྲ་བྱས་ནས་སྒོར་མོ་བཙལ་བ་ལས་ང་ཚོས་སྤྱི་ཚོགས་ནང་གཞང་འཚོང་མ་ཟེར་དུས་ངན་པ་ཞིག་ལ་རྩི་བཞིན་འདུག་སྟེ། སོ་སོའི་ལུས་བཙོང་ནས་སྒོར་མོ་བཙལ་བ་ལ་ཉེས་པ་ཆེར་ཨེ་ཡོད་སྙམ།

    Reply
  5. sha tak ri sim says:
    ལོ་ 15 སྔོན།

    བློ་བཟང་ལགས། སེམས་གསོ་སླར་ཡང་གནང་བ་དེར་ཐུགས་རྗེ་ཆེ་ལགས། དངོས་ནས་མི་མི་ལ་བསམ་ཤེས་བྱེད་པའི་དུས་ཤིག་འུ་ཅག་གིས་རང་གི་རིགས་ནས་བཟུང་དེ་མགོ་བརྩམ་པ་ཡིན་ན། ཆུ་ཐིགས་བསགས་པའི་རྒྱ་མཚོ་འགྱུར་བའི་དཔེ་ལྟར། རང་རང་ས་ནས་འཇིག་རྟེན་ན་སྒོར་མོ་ལས་ལྷག་པའི་གལ་ཆེན་པོ་ཆེས་མང་བོ་ཞིག་ཡོད་པ་ཕན་ཚུན་ལ་ངོ་སྤྲོད་བྱས་པ་ཡིན་ན། རེ་བ་ཆུང་ས་ནས་དོན་དག་ཆེན་པོ་རེ་མི་འགྲུབ་པའི་ངེས་པ་མེད་པར་འདོད་ལགས། སྐུ་ཉིད་ཀྱིས་སེམས་གཏམ་གསུངས་པ་དེར་སླར་ཡང་བཀའ་དྲིན་ཆེ་ཞུས་པ་ཡིན་ལགས།

    Reply
  6. tseringdhorjee says:
    ལོ་ 15 སྔོན།

    ཤ་ཁྲག་རུས་གསུམ་ལགས། དེ་ནི་ཁྱེད་རང་གཅིག་པོའི་དཀའ་ངལ་ཞིག་མ་རེད།དཀའ་ངལ་འདི་ཚང་མ་ལ་ཡོད། ཡིན་ན་ཡང་དེ་ནི་སྤྱི་ཚོགས་ཀྱི་འགྱུར་བ་ཞིག་ཡིན་པ་ལས་ཁྱེད་རང་སོགས་མི་གཅིག་གཉིས་ཞིག་གི་དཀའ་ངལ་ཞིག་གཏན་ནས་མ་རེད། ད་དུང་མི་མཐུད་དུ་འགྱུར་གྱི་རེད། དེ་ལ་སེམས་ཤུགས་ཆགས་མི་ཉན་ཞེས་གོང་ཞུས་བཞིན་ཡིན་ལགས།

    Reply
  7. sha tak ri sim says:
    ལོ་ 15 སྔོན།

    ཆུ་ཐིགས་ཕོ་ཉ་ལགས། སྐད་ཆ་དེ་ལྟར་གསུངས་དེ་བསམ་བློ་དེ་ལྟར་གཏོང་མཁན་གྱི་འུ་ཅག་གི་དུས་ཚོད་རྫོགས་བཞིན་ཡོད་པ་འདྲ་ལགས།

    དབུས་ཕྲུག་ཚེ་རིང་ལགས། སྐུ་ཉིད་ཀྱིས་སེམས་གསོ་གནང་བ་དེར་ཐུགས་རྗེ་ཆེ་ལགས། རེད་དེ། སྐུ་ཉིད་ཀྱིས་བདག་ལ་་དཔེར་འཇོག་བྱེད་ས་དེ་ནི་བོད་མི་རིགས་ཀྱི་སེམས་ཁོང་གི་བདག་ཉིད་ཆེན་པོ་ཞིག་ཡིན་པས། ལྟ་ཚུལ་ཡང་དེ་ལས་གཞན་ཞིག་རེད་ལགས།

    ལྷ་ཆབ་ལགས། མི་སྐྱིད་ཀྱངི་སྐྱིད་ཁ་འདྲ་འདྲ་ཞིག་དང་མི་སྡུག་རང་སྡུག་སྡུག་འདྲ་བའི་མི་ཚེ་འདིར། བདག་གིས་ཀྱང་སྐུ་ཉིད་ཀྱི་གསུངས་པའི་སེམས་གཏམ་དེ་དག་ལ་བསམ་བློ་གཏོང་ངེས་ཡིན་ལགས། སྐད་ཆ་དེ་དག་རེ་རེ་བཞིན་སེམས་ཁོང་དུ་འཛིན་ཆོག

    སྐར་ཁྲི་བཙན་ལགས། སྒོར་མོ་མེད་ན་གང་ཡང་མེད་པར་བསམ་མཁན་གྱི་སྤྱི་ཚོགས་འདིའི་ནང་དུ་འུ་ཅག་གིས་ག་ཚོད་བར་དུ་སྒོར་མོའི་ཆེད་དུ་རྒྱུགས་དགོས་མིན་དེ་ཡང་བཤད་ཚོད་མི་ཐིགས་ཀྱང་། ཉིད་ཀྱིས་བདམས་པ་དེ་དག་སེམས་ཁོང་དུ་གཉར་ངེས་ཡིན་ལགས།

    དུག་ཚེར་ལགས། ཆོས་ཉིད་ལ་དེ་ལ་ཡིད་ཆེས་བྱེད་མཁན་ཡང་མི་ཡིན་ལ། ཆོས་ཉིད་ཟེར་ནས་ཕར་མིང་དེ་འདོག་མཁན་ཡང་མི་ཡིན་དུས། མིས་ག་རེ་ཡིན་ཡང་བྱེད་ཐུབ་པ་ཡིན་དུས། གཉན་འཕྲེང་གི་དུས་ཚོད་འདིར་འུ་ཅག་གིས་འུ་ཅག་གི་མི་རིགས་འདིའི་གདོང་བ་གསལ་བོ་ཞིག་མཐོང་རྒྱུར་རང་གི་ནག་ཉེས་ནས་ཁས་ལེན་བྱས་དེ་ལམ་ནོར་ལྡོག་ཤེས་བྱེད་ཐུབ་པ་ཡིན་ན། ད་གཟོད་རེ་བ་ཡོད་པར་སྙམ་ལགས།

    བློ་བཟང་ལགས། སྒོར་མོ་ཡོད་ན་གང་ཡང་བྱེད་ཆོག་པའི་འཇིག་རྟེན་དེར་ང་ཚོ་ད་དུང་སྐྱེ་བ་བླངས་པ་ནས་ལུས་ངག་ཡིད་གསུམ་དེ་ལ་དབང་མེད་པའི་ས་མཚམས་འདིར་ད་གཟོད་འུ་ཅག་གིས་རང་གི་གདོང་བ་འདི་གསལ་བོ་ཞིག་མཐོང་རྒྱུར་འབད་དགོས་ཀྱི་འདུག་ལགས།

    ཟ་ལེ་རྒྱལ་ལགས། སྒོར་མོས་རང་བཙན་ཉོ་དུས་སུ་ངས་ཁྱེད་རང་ཞལ་འདེབས་ཤ་ཁྲག་གིས་བྱེད་ཆོག་ལགས།

    ཅོ་རི་ཉི་མ་ལགས། ཉིད་ཀྱིས་བྲན་གཡོག་ལ་འགྲེལ་བཤད་བྱས་པ་དེར་བཀའ་དྲིན་ཆེ་ལགས། བྲན་གཡོག་གི་ནང་དོན་ཡང་ངས་ཀྱང་གང་ཙམ་ཞིག་ཤེས་ཀྱི་ཡོད་ཀྱང་། འུ་གཉིས་ཀྱི་བྲན་གཡོག་བྱེད་དོན་རང་གི་ཆེད་དུ་ཡིན་མིན་དེ་ཡང་རང་རང་གི་སེམས་ཁོང་དུ་ཞིབ་མོ་ཞིག་འདྲི་དགོས་ཀྱི་འདུག་ལགས།

    སྤོབས་པ་མཐའ་ཡས་ལགས། དྲ་ཐོག་གི་སྤུན་ཟླ་ཟིན་བྲིས་པ་རྙིང་ཤོས་ཤིག་དེ་རིང་འདི་རུ་ཕེབས་ནས་གསུངས་ཐུང་ཐུང་ཞིག་གནང་དེ་ཕེབས་པ་དགའ་བོ་བྱུང་། རྗེས་ཕྱོགས་ཀྱང་གནད་འགག་རེ་མཐོང་དུས་གསུང་རེ་གནང་རྒྱུ་མ་བརྗེད་ཅིག་ལགས།

    ཁྲ་གླག་སྤྱང་གསུམ་ལགས། སྐུ་ཉིད་གསུངས་པ་ལྟར། འུ་ཅག་གིས་ད་དུང་གཟབ་གཟབ་མ་བྱས་པ་ཡིན་ན། ནམ་ཞིག་དེ་བས་ཀྱང་སྟབས་བདེ་རུ་འགྲོ་བཞིན་པའི་གོ་ལ་འདིར་ཤོག་དངུལ་ལས་ཨང་གྲངས་དར་བཞིན་པའི་གློག་འཕྲིན་སྟེང་གི་ཨང་གྲངས་གཅིག་ནོར་བ་ཡིན་ན། ངལ་རྩོལ་བ་ཁྲི་སྟོང་མང་བོ་ཞིག་གི་འཚོ་གནས་ལ་གོད་ཆག་ཐེབས་རྒྱུ་དེ་ཡིན་པ་རེད་ལགས།

    ཁ་བ་སྐམ་པོ་ལགས། ངེས་འབྱུང་ཡིན་མིན་དང་། ངེས་ཤེས་ཡིན་མིན་དེ་ཡང་ང་རང་གི་སེམས་ཁོང་ནས་རང་གི་སེམས་ནང་གི་ཚོར་བ་འདི་ལ་ཞིབ་དུ་འདྲི་དགོས་པའི་གནད་དོན་གལ་ཆེན་ཞིག་རེད་ལགས། ཡིན་ཡང་། སྐུ་ཉིད་ལ་བསམ་བློ་དེ་འདྲ་འཁོར་བ་དེ་ཙམ་གྱིས་དགའ་བོ་བྱུང་། བཀའ་དྲིན་ཆེ་ལགས།

    གཅན་བཟོད་རྒྱམ་ལགས། ཧིན་སྒོར་མང་བོ་ཞིག་ཡོད་ན་ང་ལ་རྩམ་པ་ཁུག་མ་བཀང་སྐུར་རྒྱུ་བརྗེད་ཅིག་ཧཧཧཧ
    བསམ་བློ་ག་འདྲ་གཏོང་མིན་དེ་ནི་རང་དབང་རེད། འོན་ཀྱང་། འུ་ཅག་གི་བསམ་བློ་འདི་ལ་ཚད་ཅིག་མེད་པ་ཡིན་ན། ལད་ཟློས་ཀྱི་སྨྱོ་བཞིན་པའི་དུས་རབས་གསར་བའི་གཡོ་སྐྱོམས་འདིས། ནམ་ཞིག་འུ་ཅག་གི་རེ་བ་ཡོད་ཚད་མེད་པར་འགྲོ་ས་མ་རེད་དམ་ལགས།

    Reply
  8. chentsasopa says:
    ལོ་ 15 སྔོན།

    ང་ར་སྒོར་མོ་ཆ་ཅིག་ད་ཡོད་དྲ། པར་ཆས་མེད་ལ་བོ་འདྲ་པར་ལེན་མ་ཐུབ་ནི་རེད།་ དེ་མིན་ངས་ར་ཐོག་ཏུ་ཧིན་སྒོར་བརྩེགས་མ་འགའི་འདྲ་པར་ཞིགད་་བཞག་ན་འདོད་ཀི་ཡ། ཧ་ཧ་ཧ། རྩེད་མོ་ཡིན། དེང་སང་ཧིན་སྒོར་གྱི་ཤུགས་ཆགས་སོང་ནས་གྲོ་ཕྱེ་སྤྱི་རྒྱ་གང་ལ་ཧིན་སྒོར་ཉེར་གསུམ་རེད་འདུག ད་བསྡད་ཀིན་བསྡད་ཀིན་ངས་གོ་རེ་ར་ཟ་ཐུབ་རྒྱུ་མ་རེད། ད་དཔྱིད་མགོ་ཚེས་མ་ཐག་ཁུ་ནུ་ལ་སོང་ནས་ཁུ་ནུའི་ནས་སྔོན་དེ་ཕོ་འདྲ་བོ་སྒྱོ་བ་འགའ་ཉོས་ཡོང་ནས་རྩམ་པ་ཞིམ་ཐག་ཆོད་ཅིག་འཐག་རྗེས། ཉིན་མཚན་དབྱེར་མེད་དང་། ནངས་དགོང་དབྱེར་མེད་དུ་་རྩམ་པ་རྐྱང་ཟ་ནས་འདུག་གི་ཡིན།

    Reply
  9. kawakampo says:
    ལོ་ 15 སྔོན།

    དྲ་གྲོགས་ཤ་ཁྲག་ལགས། ངེས་ཤེས་དེ་འདྲ་ཡི་སྣེ་ནས།།
    གནས་ལུགས་བདེན་གཏམ་རེ་བརྗོད་པ།།
    སེམས་ཚོར་རགས་རིམ་ཞིག་མ་རེད།།
    བཅུད་བཙག་དྲན་འཛིན་གྱི་ཁུ་བ།།
    ཁྱོད་ལ་ཁྱོད་ཀྱི་ལམ་ཁ་ཡོད་པར་མ་ཟད་ཧ་ཅང་རྒྱ་ཆེ་མདུན་སྐྱོད་བྱོས་ཡ།
    གནས་ལུགས་ངོ་མ་་་་་་་བདེན་གཏམ་དག་མ་་་་་་་་སྙག་ངག་རྣལ་མ་ཞིག་་་་་

    Reply
  10. sherabt says:
    ལོ་ 15 སྔོན།

    ནོར་བཅོས། མགོ་བདེ་སླུ་ཚོང་བྱེད་མཁན

    Reply
  11. sherabt says:
    ལོ་ 15 སྔོན།

    ནོར་འཁྲུལ་ཆེ་ཤོས་ནི་མི་ཡི་རིགས་ཀྱིས་སྟབས་བདེ་བར་བསམས་ནས་སྒོར་མོ་ཟེར་བ་ཞིག་བཟོས་པ་དེ་རེད། སྒོར་མོ་ནི་ཤོག་བུ་རེད། དེ་ནས་ལྕགས་དང༌། ཟངས་ཀྱི་ཁ་ཤས་འདུག དེ་དག་གིས་དོན་ངོ་མར་ཕན་གང་ཡང་མི་ཐོགས། ཟ་ཡ་གི་ཟས་དང་འཐུང་ཡ་གི་ཆུ། རྔུབ་ཡ་གི་རླུང་སོགས་མེད་ན་སྒོར་མོ་ལུང་པ་ཞིག་གི་གང་ཡོད་ཀྱང་ཉིན་ཤས་ནས་ཤི་ངེས་རེད། སྒོར་མོ་ཟེར་བའི་ལམ་ལུགས་འདི་མེད་པར། མི་ལ་དགོས་པའི་ཟ་གྱོན་གཉིས་ཕར་ཚུར་སྤྲད་ནས་ཚོང་བརྒྱབ་པ་དང༌། དེ་དག་གསོག་འཇོག་བྱེད་པའི་ལམ་ལུགས་ཞིག་བྱུང་བ་ཡིན་ན། ད་ལྟའི་དབུལ་པྱུག་གི་ཁྱད་པར་དང༌། དངུལ་ཁང་སྒོ་བརྒྱབ་པ། ལས་ཀ་ཤོར་བ་ལ་སོགས་པ། དཔལ་འབྱོར་ཉམ་ཉེས་དེ་དག་ཡོང་དོན་མེད། སྒོར་མོས་སྟབས་བདེ་སྐྲུན་ས་ངོ་མ་དེ་མགོ་སླུ་ཚོང་བྱེད་མཁན་དེ་ཚོ་སྟབས་བདེ་སྐྲུན་འདུག

    Reply
  12. Pobpathaye says:
    ལོ་ 15 སྔོན།

    ཤ་ཁྲག་རུས་གསུམ་ལགས། ཁྱེད་ཀྱི་བསམ་བློ་གཏོང་སྟངས་དེ་ཡང་དག་པ་རེད་ཟེར་མི་ཐུབ་མོད། ང་ཚོར་ཡང་བསམ་བློ་རེ་གཏོང་འཇུག་གིན་འདུག

    Reply
  13. chokri nyima says:
    ལོ་ 15 སྔོན།

    དུས་བབ་ཟིན་བྲིས་ཀྱི་སྒོ་སྲུང་པ་ཤ་ཁྲག་རུས་གསུམ་ལགས།
    ཁྱེད་ཀྱིས་བྲན་གཡོག་གི་དོན་མ་གོ་བ་འདྲ། དེ་འདྲ་ཡིན་དུས་ངས་ཁྱེད་ཀྱི་རྨོངས་པ་སེལ་བའི་འགྲེལ་བཤད་ཤིག་མ་རྒྱག་ན་ཤ་ཁྲག་གཅིག་པའི་སྤུན་ཟླ་ཡི་དམ་ཚིག་འགལ་ཡོང་བསམ་ནས་བྲན་གཡོག་གི་དོན་དག་བཤད་རྒྱུ་ཡིན།
    དཔེ་ན་བྲན་གཡོག་ཞེས་པ་ནི་རང་ལ་རང་དབང་མེད་པའི་གཞན་གྱིས་ཅི་ཟེར་སྒྲུབ་དགོས་པ་དང་སྒྲུབ་པ་དེ་ཡང་རང་ཉིད་ལ་ཁེ་ཕན་མེད་པ་གཞན་གྱི་དོན་དུ་ཡིན་པའི་མི་ལུས་ཤིག་ལ་བྲན་གཡོག་ཟེར།
    དེ་མིན་ཁྱེད་དང་ང་ལྟ་བུས་སྒོར་མོ་ཡི་ཆེད་དུ་དཀའ་ལས་རྒྱག་པ་དེ་ནི་ངེད་གཉིས་སྒོར་མོ་ཡི་བྲན་གཡོག་ཡིན་ཟེར་ན་ག་ལ་འགྲིག
    མ་ཟད་དང་པོ་སྒོར་མོ་ཡི་ཆེད་དུ་དཀའ་ལས་རྒྱག་གཉིས་པ་སྒོར་མོ་རང་གི་ལག་ན་ཐོབ་དུས་སྒོར་མོ་བེད་སྤྱོད་བྱེད་དབང་ཡོད་པ་དེ་ནི་ངེད་གཉིས་སྒོར་མོ་ཡི་བྲན་གཡོག་མིན་པའི་དཔའ་རྟགས་རེད་ལྭོ།
    དེ་རིང་སྒོར་མོ་ཐོབ་ཡང་སང་ཉིན་མེད་འགྲོ་བ་དེ་ནི་མི་རྟག་པའི་ཆོས་ཉིད་རེད་དེའི་རྒྱུ་མཚན་གྱིས་ཐུགས་ཕམ་མ་གནང་ཞུ་རྒྱུ་དང་མི་མཐུད་ནས་སྒོར་མོ་ཡི་ཆེད་དུ་དཀའ་ལས་རྒྱག་དགོས།
    སྒོར་མོ་མེད་ན་དེང་སང་གི་འཛམ་གླིང་འདི་ན་ཅི་ཡང་མེད་ཁུ་ཡ།
    ལྟས་ན་སྐྱིད་སྐྱིད་འདྲ་བའི་ཡུང་རོ་ཡི་གནས་བབ།
    ཐོབ་ན་རང་རང་སྐབས་ཀྱི་སྡུག་ངལ་རེ་ཡོད་པས།
    སྐྱིད་སྣང་བདེ་བའི་གནས་བབ་དཀའ་ངལ་ལ་འགྱུར་དུས།
    ཅི་ཀྱང་རང་སེམས་སྐྱོ་བའི་བསླབ་བྱ་རེ་རྒྱག་འདུགཧཧཧཧཧཧཧཧཧ

    Reply
  14. salygyal says:
    ལོ་ 15 སྔོན།

    ང་ལ་སྒོར་མོ་གང་འདོད་བཞིན་ཡོད་ན་ངས་བོད་རང་བཙན་ཉོ་རྒྱུ་ཡིན། ད་དུང་རྒྱ་མིར་ཁ་བཟང་ཞིག་དགོས་ཀྱང་སྤྲོད་ཀི་ཡིན།

    Reply
  15. tseringdhorjee says:
    ལོ་ 15 སྔོན།

    ཨ་རོགས། ཤ་ཁྲག་རུས་གསུམ་ཁྱོད་སེམས་ཤུགས་ཆགས་མི་ཉན་ཡ། སྒོར་མོའི་ཆེད་ལ་དཀའ་ལས་རྒྱག་དགོས། སྒོར་མོ་དགོས་ནི་རེད་ཡ། སྒོར་མོ་ཡོད་ན་མཁས་པ་བྱེད་ཆོག་ལ། སྒོར་མོ་ཡོད་ན་དཔོན་པོ་ཡང་བྱེད་ཆོག་ལ་བླ་མ་ཡང་བྱེད་ཆོག དེང་སང་སྒོར་མོ་མེད་ན་མི་གྲལ་ལ་མི་ཚུད་ཀི་ཡ།

    Reply
  16. tenphel says:
    ལོ་ 15 སྔོན།

    ཤ་ཁྲག་རུས་གསུམ་གྱིས་བཤད་པར་གནས་ལུགས་དང་ལྡན་ཁུ། ཡིན་ན་ཡང་འཇིག་རྟེན་འདིར་མི་ཕལ་ཆེར་དཔལ་འབྱོར་གྱི་བྲན་གཡོག་དུ་གྱུར་འགྲོ་བའི་རྒྱུ་རྐྱེན་ནི་དུས་རབ་འདིས་སྤྲད་པའི་ཆོས་ཉིད་ཤིག་ལས་མ་འདས་པས་ཕལ་ཆེར་བྱེད་ཐབས་མེད་པ་ལྟ་བུ་ཞིག་རེད་བསམ་ཁུ།

    Reply
  17. Baichung says:
    ལོ་ 15 སྔོན།

    དྲ་གྲོགས་ཁྱེད་ཀྱི་ལྷག་བསམ་དང་ཀུན་སྤྱོད་ལ་ཡི་རང་ཡོད། ཡིན་ན་སྒོར་མོ་གསོག་སར་སླེབས་ཡོད་དུས་དུས་ཚོད་དམ་འཛིན་བྱེད་པ་གལ་ཆེ་ལས། སྒོར་མོ་མེད་ན་མི་ཡུལ་ལུང་བ་ནས་ཁྱོད་ལ་སྙིང་རྗེ་ཟེར་མཁན་དང་རོགས་རམ་བྱེད་མཁན་ཧ་ཅང་ཉུང་ཉུང་ཡིན་རེད། ངས་ཀྱང་ཁྱེད་ཀྱི་འདོད་པ་ལྟར་ཕྱི་རྒྱལ་ལ་འགྲོ་སའི་ལམ་ཁ་མང་པོ་ཞིག་རང་གིས་རང་ལ་མེད་པ་བཟོས་མྱོང་མོད། དེ་ནི་ནོར་འཁྲུལ་ནང་གི་ནོར་འཁྲུལ་ཞིག་རེད། དང་པོར་ང་ཚོ་སྐྱབས་བཅོལ་ལ་ཡོང་བ་འདི་ནོར་འཁྲུལ་ཆེ་ཤོས་ཤིག་རེད། ད་ཕྱི་རྒྱལ་དུ་མ་སོང་བར་རྒྱ་གར་དང་བལ་ཡུལ་ནང་གནས་་སྡོད་བྱས་པ་དེ་བས་ཀྱང་ནོར་འཁྲུལ་ཆེ་བ་ཞིག་རེད། རྗེ་གོང་ས་༸མཆོག་གཅིག་པོ་མ་གཏོགས་ལྟ་ས་བརྟེན་ས་མེད་པ་དངོས་ཡོད་རེད། ཁྱེད་ཀྱིས་ཀྱང་རྗེས་མར་སྒོར་མོ་བསོག་ནས་ནང་མི་ཉེ་འབྲེལ་དང་དེ་མིན་རང་སྡེའི་ནང་གི་འཚོ་བ་སྐྱོ་བའི་རིགས་སོགས་ལ་ཕན་རེ་ཐོགས་པའི་རེ་བ་ཡོད། མ་གཏོགས་ཁྱོད་ཀྱི་མི་ཚེ་འདིར་དཀའ་ལས་རྒྱབ་པ་གཅིག་པོས་བོད་སྤྱི་བའི་དོན་དག་ལ་ཕན་ཐོགས་ཟེར་ན་ཁག་པོ་རེད། དྲང་བདེན་མེད་པའི་སྤྱི་ཚོགས་འདི་ལ་ཇེ་ལྟར་སུན་ཀྱང་།
    མཁས་ཧོར་གཙང་འཇིག་མེད་ཀྱི་དགོངས་པ་བཞིན།

    ས་དང་བྲལ་ཞིང་ནམ་མཁར་འཕུར་བའི་གཤོག་པ་མེད།།
    ས་ཡི་འོག་གི་ཀླུ་ཡུལ་འགྲིམ་པའི་ནུས་རྩལ་མེད།
    ས་མཐའ་འདི་ནས་ལས་ངན་ནང་གི་ལས་ངན་ཡང་།།
    ས་ཆ་འདི་ནས་རེ་ཞིག་མི་སྡོད་རང་སྡོད་རེད།།

    Reply
  18. lhachapjinpa says:
    ལོ་ 15 སྔོན།

    གྲོགས་པོ།ད་ཁྱོད་སྐྱོ་གི་འདུག་གམ།ངས་བལྟས་ན་སྐྱོན་ཡོད་པ་མ་རེད།རྗེས་མ་བུ་མོ་ཐར་མ་འཚོ་ཅུང་ཆེ་རུ་སོང་རྗེས།ཕྱིར་རྒྱ་གར་དུ་ལོག་ཆོག་གི་རེད།ཁྱོད་ནམ་རྒྱ་གར་དུ་ཡོང་ནའང་ང་རྒད་པོ་ལྷ་ཆབ་ཁྱོད་ཀྱི་འདུག་རོགས་དང་སྐྱོ་རོགས་ཉན་གི་རེད།ཨེ་གོ་ཐལ།ད་ལྟ་ཁྱོད་ལ་འགན་ཞིག་ཡོད་པ་དེ་རང་གི་ཤ་ཁྲག་ལས་མཆེད་པའི་བུ་མོ་དེ་གསོ་སྐྱོང་ཡག་པོ་ཞིག་བྱེད་རྒྱུ་དེ་ཡིན།

    གྲོགས་པོ།ང་ལའང་མཚམས་ལན་རེར་ཁྱོད་ཀྱི་སྐྱོ་བ་དེ་འདྲ་ཡོང་གི་འདུགཡིན་ནའང་རང་གིས་བདམས་པ་དང་ལས་ཀྱིས་བསྐོས་པའི་ཐོད་པའི་ཁ་ཡིག་འདི་དུས་ནམ་ཡང་ནོག་ཐབས་མེད་པས།འདི་ལྟར་རྨི་ལམ་འདྲ་བའི་མི་ཚེ་མཐར་མི་བསྐྱེལ་ཐབས་མེད་ཡིན།གྲོགས་པོ་ལགས།ཁྱོད་ལ་གསལ་བ་བཞིན་འདི་ནས་བརྩིས་པའི་ལོ་ངོ་ལྔའི་ཡར་སྔོན་ལ་ནམ་རྒྱུན་ང་ལ་ཆང་འཐུང་རོགས་དང་འུར་རྒྱག་རོགས།ཐ་ན་ཉིན་གཅིག་ལ་མ་ཐུག་ན་མི་སྐྱིད་པའི་གྲོགས་པོ་དུ་མ་ཞིག་ཡོད་མོད།ད་ལྟ་ང་གཅིག་བུ་ལས་སུ་ཡང་མ་ལྷག་པར་ཚང་མར་གཤོག་པ་ཐོགས་ནས་འཕུར་ཚར་བ་རེད།ད་ནི་ཕལ་ཆེར་མི་ཚེ་འདིར་ཕན་འཛོམས་མི་སྲིད་པ་འདྲ།མཚམས་ལ་རེར་འདི་ནི་འཇིག་རྟེན་གྱི་མི་རྟག་པ་ཞེས་པའི་མཚན་ཉིད་ཡིན་པར་བསམ་ན་རང་གི་ཡིད་ཀྱི་སྐྱོ་བའང་རེ་ཞིག་སངས་སངས་འདྲ་ཞིག་རེད།གྲོགས་པོ།འགྲོ་མཁན་རང་ཉིད་ལས་འདུག་མཁན་དཀའ་བ་ཡོད།དེའི་ཉམས་མྱོང་དེ་ང་གཏོགས་སུས་ཀྱང་མི་ཤེས།

    གྲོགས་པོ།རང་ཉིད་ཀྱིས་ནམ་ཡང་བྲན་གཡོག་ཡིན་སྙམ་པ་སེམས་ལ་མ་འཛིན།དེས་ལྷག་ཏུ་རང་ཉིད་ལ་མི་སྐྱིད་པ་བཟོ་ངེས།དེ་བས་རང་ཉིད་ནི་ཐམས་ཅད་ལས་རྒྱལ་བའོ་སྙམ་པའི་དམིགས་པ་དེ་ཟུངས།དེས་ཁྱོད་ཀྱི་མ་སྐྱིད་པ་ཐམས་ཅད་འགོག་ངེས་ཡིན།ཨེ་གོ་ཐལ།གང་ལྟར་འུ་གཉིས་མ་ཤི་བར་དུ་ལྷན་འཛོམས་ཤིག་བྱུང་ན།དེ་དུས་ངས་ཁྱོད་ལ་ངའི་སེམས་པའི་གཏིང་སར་ཉལ་བའི་སྐད་ཆ་དག་བཤད་ངེས་ཡིན།

    གྲོགས་པ་ཨེ།འཇིག་རྟེན་འདི་ནས་སྐབས་ལ་ལར་མི་སྐྱིད་ཀྱང་སྐྱིད་ཁ་འདྲ་འདྲ་དང་།མཚམས་ལན་རེར་མི་སྡུག་རུང་སྡུག་རུང་སྡུག་ཁ་འདྲ་ཞིག་ཡོང་གི་རེད།དེ་དུས་《སྤྱོད་འཇུག》དང་《ཆེད་དུ་བརྗོད་པའི་ཚོམས་》སོགས་ལ་མཇལ་ན་ཕན་པོ་ཞེ་དྲག་འདུགདེ་ལྟ་བུ་ཞིག་བྱེད་ཐུབ་ན་རང་གི་སེམས་མགོ་ཅུང་གནོན་ཐུབ་པ་ལ་ཕན་པ་འདུགའདི་ནི་བདག་གི་ཉམས་མྱོང་ངོ་།།

    Reply
  19. tsering says:
    ལོ་ 15 སྔོན།

    དྲ་གྲོགས་ལགས། ཁྱེད་ཀྱི་རིན་ལྡན་ཅན་གྱི་སྐད་ཆའམ་རྩོམ་ཡིག་འདི་ཀློག་གིན་ཀློག་གིན། ངས་ཡུད་ཙམ་རིང་ཁྱེད་ཀྱི་ཤ་གསེང་རུས་གསེང་དུ་འཛུལ་ཐུབ་བྱུང་། འདི་ནི་ཁྱེད་དང་ང་ཡི་ན་ཟུག་རེད་ལ། གངས་ཅན་པ་ཀུན་གྱི་ན་ཟུག་ཀྱང་ལོས་ཡིན། གང་ལྟར་རང་ཉིད་ལ་ལ་ཞེན་དང་མི་གཤིས་དང་གཙང་མ་ཞིག་ཡོད་ན་དེས་ཆོག ཁྲི་སྲོང་ལྡེའུ་བཙན་ཡང་རྒྱ་ཚ་རེད་ཟེར། རྒྱལ་མཆོག་ལྔ་པ་ཡང་རྒྱ་གར་ཟ་ཧོར་གྱི་རིགས་ཡིན་པར་འདོད། མ་རེད་དམ།

    Reply
  20. mekor says:
    ལོ་ 15 སྔོན།

    དེ་འདྲ་རེད། འཇིག་རྟེན་གྱི་མི་ཕལ་མོ་ཆེ་དེ་འདྲ་རེད། གང་ལྟར་རང་ཉིད་ཀྱི་མི་ཚེ་འདི་སྐྱིད་པོ་ཞིག་གཏོང་མ་ཐུབ་ན་སྒོར་མོ་ཅི་ཙམ་བསགས་ཀྱང་ཕན་འབྲས་མ་ཡོད་པ་རེད

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese