རིག་འབྱུང་དོན་གྲུབ་བཀྲ་ཤིས། ཨ་རི།
སྤྱི་ལོ་ ༢༠༠༩ ཟླ་ ༡༢ ཚེས་ ༣༠ ཉིན།
ང་ཕོད་ངག་དབང་འཇིགས་མེད་ཀྱི་སྐུ་ཚེའི་འཕེན་པ་རྫོགས་པའི་རྗེས་སུ། བོད་པའི་སྤྱི་ཚོགས་ཁྲོད་དུ་ཁོང་གི་མི་ཚེའི་སྐོར་ལ་བསམ་ཚུལ་གླེང་མཁན་ཇེ་མང་དུ་ཕྱིན། བསམ་ཚུལ་གླེང་མཁན་ཚོའི་ལྟ་ཚུལ་མི་འདྲ། དེ་རིང་ཕྱི་དྲོར་ཆེད་དུ། ཨ་རིའི་མངའ་སྡེ་ཨིན་རྡུ་ཡ་ནར་རྟེན་གཞི་བྱས་བའི་སྐུ་འབུམ་བྱམས་བརྩེ་གླིང་དུ་ཕྱིན། ང་ཕོད་ཀྱི་མི་ཚེའི་སྐོར་ལ་ཨ་ཀྱཱ་རིན་པོ་ཆེ་དང་གླེང་མོལ་བྱས། གླེང་མོལ་བྱས་བ་རྣམས་སྒྲ་ཐོག་ལ་བཅུག སྒྲ་ཐོག་ནས་ཡིག་ཐོག་ལ་ཕབ་སྟེ་བོད་རིགས་ཀློག་མཁན་ཚོའི་མདུན་ལ་འཇོག་འདོད་ཞིག་ཡིད་ལ་འཁོར། བོད་རིགས་ཀློག་མཁན་རེ་གཉིས་ལ་ཕན་པའི་རེ་བ་ཞིག་དང་མཉམ་དུ་གླེང་མོལ་འདི་ཡིག་ངོར་ཕབ་པ་ཡིན། ངེད་ཀྱིས་གང་བྲིས་བ་དེའི་ཁོངས་སུ། གོ་རིམ་འཁྲུགས་པ་དང་བརྗོད་པ་ནོར་བ་འདྲ་ཡོད་ན། ཨ་ཀྱཱ་རིན་པོ་ཆེ་གཙོས་བའི་བོད་རིགས་ཀློག་མཁན་ཚོར་དགོངས་དག་ཞུ།
ང་ཕོད་ངག་དབང་འཇིགས་མེད་ཀྱི་མི་ཚེའི་སྐོར་ལ། ཨ་ཀྱཱ་རིན་པོ་ཆེས་འདི་ལྟར་བརྗོད། ང་ཐོག་མར་ང་ཕོད་ལ་ཐུག་པའི་ལོ་དེ་ ༡༩༦༢ ལོ་རེད། དེ་དུས་ཕལ་ཆེར་ཁོང་ལོ་ན་བཞི་བཅུའི་ནང་ལ་ཡོད་པ་དེ་འདྲ་རེད། ང་པཎ་ཆེན་རིན་པོ་ཆེའི་རྗེས་ལ་དེད་ནས་ལྷ་སར་ཕྱིན་པ་ཡིན། ང་ཕོད་ཁོང་ཡང་ལྷ་སར་འགྲོ་གི་འདུག དེ་དུས་ཐོག་མར་ཁོང་ངོ་ཤེས་བ་ཡིན། དེའི་རྗེས་སུ་རིག་གནས་གསར་བརྗེ་སོགས་སླེབས་ནས་ཐུག་ཡོད་མ་རེད། ཡང་རྗེས་སུ་ཀྲུང་དབྱང་ལ་ཚོགས་འདུར་ཕྱིན་པའི་སྐབས་སུ་མང་པོ་ཐུག་མྱོང་ཡོད། ཐོག་མའི་ངོ་ཤེས་ཀྱི་རིམ་པ་དེ་འདྲ་ཞིག་རེད། སྤྱིར་བཏང་ནས། ང་ཕོད་ངག་དབང་འཇིགས་མེད་ཀྱི་མི་ཚེའི་སྐོར་ལ་ལྟ་ཚུལ་འདྲ་མིན་ཡོད་ཀྱི་རེད། ང་སྒེར་གྱི་ལྟ་ཚུལ་ཡིན་ན། ང་ཕོད་ཁོང་མི་སྣ་གལ་ཆེན་ཞིག་རེད། ལོ་རབས་ལྔ་བཅུའི་ནང་ལ་གྲོས་མཐུན་དོན་ཚན་བཅུ་བདུན་ལ་མིང་རྟགས་བཀོད་པའི་སྐབས་སུ། ང་ཕོད་ཁོང་བོད་གཞུང་གི་བཀའ་བློན་རེད། ད་དུང་དམག་སྤྱི་ཡང་རེད། དེ་དུས་དམག་ཇི་འདྲ་ཞིག་རྒྱག་ཐུབ་ཀྱི་ཡོད་མེད་ངས་མི་ཤེས། གལ་སྲིད་དམག་གི་ནུས་ཤུགས་ཆེན་པོ་འདྲ་ཡོད་ན། གནས་ཚུལ་རྣམས་མ་འདྲ་བ་ཆགས་ཡོད་སྲིད། གྲོས་མཐུན་དོན་ཚན་བཅུ་བདུན་ལ་མིང་རྟགས་བཀོད་པའི་སྐབས་སུ། ང་ཕོད་གཅིག་པོའི་ཐག་གཅོད་མ་ཡིན་པར་བོད་གཞུང་དང་སྐད་ཆ་ཡོད་ཀྱི་རེད་འདོད། གང་ལྟར། རྗེས་སུ་བོད་ཀྱི་གནད་དོན་ཐོག་ཁོང་གི་སྒང་ལ་འགན་ལྕི་མོ་ཞིག་ལྷུང་བ་རེད། དེ་གཅིག་རེད། ང་བཅུ་ད་དགུ་ལོར་ངས་གོ་ཐོས་བྱས་ན། ལྷ་ས་ནས་མི་མང་ཡར་ལངས་བྱས་བ་རེད། ཡར་ལངས་བྱེད་དོན་གཙོ་བོ་དེ་༧གོང་ས་མཆོག་གི་སྐུ་ཕྱའི་ཆེད་དུ་རེད། དེའི་སྐབས་ཀྱི་མི་མང་ལ་མཚོན་ན། ཆབ་སྲིད་ཀྱི་ཐོག་ལ་ཉམས་མྱོང་དེ་འདྲ་ཡོད་མ་རེད། ཡར་ལངས་བྱས་བ་དེ་རྒྱ་གཞུང་གི་སྲིད་ཇུས་དང་ཁ་གཏད་ཆགས་པ་རེད། སྐབས་དེ་དུས་ང་ཕོད་རྒྱ་གཞུང་གི་དམག་སྤྱི་ཚོའི་ཁྲོད་དུ་ཕྱིན་ནས་བོད་མི་ཚོར་ དེ་ལྟར་ངོ་རྒོལ་བྱེད་མི་ཉན་ཚུལ་དང་ཡར་ལངས་མ་བྱེད་ལབ་ནས་རྒྱང་བསྒྲགས་བརྒྱུད་སྐད་ཆ་མང་པོ་བཤད་འདུག་ཟེར། མི་མང་ཁ་ཤས་ཁོང་ཁྲོ་ལངས་ནས་རྒྱང་བསྒྲགས་ལ་རྡོ་དང་མེ་མདས་བརྒྱབ་པ་རེད་ཟེར་བའི་སྐད་ཆ་དེ་འདྲ་ངས་གོ་མྱོང་། དེའི་སྐབས་སུ། ང་ཕོད་ཁོང་རྒྱ་ནག་གཞུང་གི་ཕྱོགས་སུ་བརྟན་པོར་ལངས་ཏེ་སྐད་ཆ་བཤད་མཁན་གྱི་གྲས་ཡིན་པ་འདྲ། དེ་གནད་དོན་གཅིག་རེད།
དེའི་རྗེས་ནས། བོད་ཀྱི་ས་ཆ་མང་པོར། སློབ་གསོ་ཆེན་པོ་གསུམ་ཟེར་བ་འདྲ་བོ། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོ་ཟེར་བ་འདྲ་བོ། རིག་གནས་གསར་བརྗེ་སོགས་ཆབ་སྲིད་ཀྱི་ལས་འགུལ་མང་པོ་སླེབས་པ་རེད། དེའི་སྐབས་སུ། ས་གནས་སྲིད་གཞུང་གི་དཔོན་པོ་དང་བླ་མ་ཆེ་ཁག་ཚང་མ་སྐྱོན་ལ་ཐོགས་པ་རེད། འོན་ཀྱང་། དུས་ཚོད་དེའི་ནང་ལ་ང་ཕོད་སྐྱོན་ལ་དམིགས་བསལ་ཐོགས་མི་འདུག རིག་གནས་གསར་བརྗེའི་སྐོར་དེ་ངས་གསལ་བོ་ཞིག་མི་ཤེས། སྤྱི་ཡོངས་ནས་ང་ཕོད་སྐྱོན་ལ་ཐོགས་མེད་པ་འདྲ། གནས་སྟངས་དེ་ཚོར་བལྟས་ན། ང་ཕོད་ཀྱིས་སྐབས་དེའི་རྒྱ་ནག་གཞུང་ལ་བོད་ཀྱི་རིག་གཞུང་དང་སྐད་ཡིག་སོགས་སྲུང་སྐྱོབ་དང་ཉར་ཚགས་ཀྱི་སྐོར་ནས་དམིགས་སུ་བཀར་ནས་སྐད་ཆ་བཤད་མེད་པ་འདྲ། ངའི་ལྟ་ཚུལ་ཅུང་ཙམ་མ་འདྲ་བ་ཞིག་རེད། པཎ་ཆེན་རིན་པོ་ཆེ་ལྟ་བུར་མཚོན་ན། རྒྱ་ནག་གཞུང་གིས་སློབ་གསོ་སྤྲད་པས་མ་ཚད་གོ་གནས་ཀྱང་ཆེན་པོ་སྤྲད་པ་རེད། འོན་ཀྱང་། པཎ་ཆེན་རིན་པོ་ཆེ་ཁོང་ཉིད་སྐུ་ན་ཕྲ་རུང་། འཚར་ལོངས་བྱུང་བ་དང་མཉམ་དུ། སོ་སོའི་ཆོས་དང་རིག་གཞུང་། སྐད་ཡིག ཡུལ་སྲོལ་གོམས་གཤིས་སོགས་སྲུང་སྐྱོབ་བྱེད་རྒྱུ་གལ་ཆེར་གཟིགས་ནས། དེའི་ཆེད་དུ་རྒྱ་ནག་གཞུང་ལ་ཡིག་ངག་གཉིས་ཐོག་ནས་ཞུ་སྐུལ་ལན་མང་བྱས་བར་མ་ཟད་སྐུ་ངལ་ཚད་མེད་བསྐྱོན་པ་རེད། དེའི་རྐྱེན་བྱས་ནས་མཐའ་མར་བཙོན་ལ་བཅུག་པ་རེད། པཎ་ཆེན་རིན་པོ་ཆེ་དང་བསྡུར་ན། ང་ཕོད་ཁོང་ལོ་ན་ཆེ་བ། ཉམས་མྱོང་ཆེ་བ། རྒྱ་གཞུང་དང་མཉམ་དུ་སྐད་ཆ་བཤད་ཐུབ་མཁན་དེ་འདྲ་ཡིན་རུང་བཤད་མི་འདུག ང་སྒེར་གྱི་བསམ་ཚུལ་ལ། ང་ཕོད་ཁོང་སོ་སོའི་མི་རིགས་ཀྱི་གནད་དོན་ཐོག་ལ་ཤུགས་རྒྱག་མཁན་ཞིག་ཨེ་ཡིན་ན་བསམ། དེ་གནད་དོན་གཅིག་རེད།
ལོ་རབས་བརྒྱད་ཅུའི་ནང་ལ། ང་ཚོ་པེ་ཅིང་ལ་སོང་ནས་མི་རིགས་གནད་དོན་དང་ཆོས་ལུགས་གནད་དོན་སོགས་ཀྱི་ཆེད་དུ་ཀྲུང་དབྱང་ལ་སྐད་ཆ་མང་པོ་བཤད་དགོས་ཐུག་པ་རེད། ང་ཡང་དེ་དུས་འགྲོ་མྱོང་། སྤྲུལ་སྐུ་འཚོལ་བའི་གནད་དོན་དེ་གཅིག་རེད། སྔོན་ལ་སྤྲུལ་སྐུ་བཙལ་མི་ཆོག་ཟེར་བ་དང་རྗེས་སུ་བཙལ་ཆོག་ཟེར་བ་སོགས་འགྱུར་བ་མང་པོ་ཕྱིན་པ་རེད། དེར་བརྟེན། པེ་ཅིང་ལ་སོང་ནས་ཀྲུང་དབྱང་ལ་དེའི་སྐོར་ནས་སྐད་ཆ་མང་པོ་བཤད་དགོས་ཐུག་པ་རེད། སྤྲུལ་སྐུ་འཚོལ་བ་དང་དགོན་པ་ཁག་གི་ཆོས་སྒོ་འབྱེད་པ། དགོན་པ་བསྐྱར་གསོ་བྱེད་པ་སོགས་ཀྱི་གནད་དོན་དེ་ཚོའི་རིགས་ཀྲུང་དབྱང་ལ་ཞུས་བ་རེད། དེའི་སྐབས་སུ་པཎ་ཆེན་རིན་པོ་ཆེ་དང་འབའ་བ་ཕུན་ཚོགས་དབང་རྒྱལ་། བཀྲ་ཤིས་དབང་ཕྱུག་སོགས་གཙོས་བའི་རྒྱ་རིགས་ལས་བྱེད་ཚོའི་ནང་ན་ཡང་དེའི་ཐོག་ལ་རོགས་རམ་བྱེད་མཁན་འདུག འོན་ཀྱང་། ང་ཕོད་ནས་དེ་ཙམ་བྱེད་ཀྱི་མི་འདུག ད་དུང་རྒྱ་རིགས་ལས་བྱེད་ཚོའི་ནང་ལ་ཁོང་གི་བྱེད་སྟངས་ལ་ཡིད་ཆད་མཁན་ཡང་བྱུང་འདུག དཔེར་ན། སྐུ་འབུམ་དགོན་པ་བསྐྱར་གསོའི་སླད་དུ་ང་པེ་ཅིང་ལ་སོང་ནས་ཀྲུང་དབྱང་ལ་ཞུས་བ་ རེད། དེ་དུས་ང་ཕོད་ལ་ཐུག་ཐབས་བྱས་བ་ཡིན། ཐོག་མའི་ཆར་ཐུག་བཅུག་མ་སོང་། རྗེས་སུ་ཐུག་བཅུག་སོང་། དེ་དུས་ཁོང་ལ་དེའི་སྐོར་ནས་ཞུས་བ་ཡིན། ཁོང་ནས་དམིགས་བསལ་རོགས་རམ་འདྲ་གནང་མ་སོང་། དེའི་སྐབས་སུ་རྒྱ་རིགས་ལས་བྱེད་དེ་འདྲས་འདི་འདྲ་ཟེར། ང་ཕོད་འདིས་ཁྱེད་ཚོར་རོགས་རམ་བྱེད་ཀྱི་མི་འདུག་ཟེར། སྔོན་གྱི་གནས་ཚུལ་ཚོ་ངས་གོ་བ་མ་གཏོགས་མི་ཤེས། ཡིན་ན་ཡང་། དེའི་སྐབས་ཀྱི་གནས་སྟངས་དེ་ཚོར་བལྟས་ན། ང་ཕོད་ཁོང་སོ་སོའི་མི་རིགས་ཀྱི་གནད་དོན་དང་ཆོས་རིག་གི་གནད་དོན་སོགས་ཀྱི་སྒང་ལ་ཤ་ཞེན་ཡོད་མཁན་ཞིག་ཡིན་མིན་བཤད་དཀའ་བ་འདུག དེ་གནད་དོན་གཅིག་རེད།
དེ་ནས་གནད་དོན་གཞན་ཞིག་ལ། ང་ཕོད་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཨུ་ཡོན་ཀྲང་གཞོན་པ་ཆགས་པ་རེད། དེའི་སྐབས་སུ་མི་རིགས་ཀྱི་གནད་དོན་སྐོར་ལ་སྐད་ཆ་མང་པོ་བཤད་མཁན་ཞིག་མ་རེད་ལབ་ནས་མང་པོས་བཤད་ཀྱི་འདུག འོན་ཀྱང་། རྗེས་སུ་ཁོང་རྒྱལ་ཡོངས་མི་དམངས་ཆབ་སྲིད་གྲོས་ཚོགས་ཀྱི་ནང་ལ་སླེབས་རྗེས། ཅུང་ཙམ་ངར་མ་ཆགས་སོང་ཟེར་གྱི་འདུག ང་ཚོ་ཚོགས་འདུར་སོང་ན་ཡང་ཚོགས་ཆུང་གཅིག་པ་མ་རེད། ང་ཆོས་ལུགས་ཀྱི་སྡེ་ཚན་དེའི་ནང་ལ་རེད། ཁོང་མི་རིགས་ཀྱི་སྡེ་ཚན་ནང་ལ་རེད། པཎ་ཆེན་རིན་པོ་ཆེའི་མ་ཡུམ་གྱིས། ང་ཕོད་ཆབ་སྲིད་གྲོས་ཚོགས་ཀྱི་ནང་ལ་སོང་ནས་ཇེ་ངར་ལ་སོང་འདུག་ལབ་ནས་གསུངས་མྱོང་ཡོད། མི་མང་འཐུས་མི་ཚོགས་ཆེན་གྱི་ནང་ལ་ཡོད་དུས་དབང་ཆ་དེ་ཡང་ཆབ་སྲིད་གྲོས་ཚོགས་ལས་ཆེ་བ་ཡོད་པ་རེད། དེ་དུས་ཁོང་ནས་མི་རིགས་ཀྱི་གནད་དོན་སྐོར་ལ་སྐད་ཆ་དམིགས་བསལ་བཤད་མེད་པ་འདྲ། རྗེས་སུ་ཆབ་སྲིད་གྲོས་ཚོགས་ཀྱི་ནང་ལ་སླེབས་རྗེས་སྐད་ཆ་བཤད་ཡོད་པ་འདྲ། སྐད་ཆ་ག་རེ་བཤད་ཡོད་མེད་ངས་གོ་མ་མྱོང་། གཞན་གྱིས་དེ་འདྲ་བཤད་ཀྱི་འདུག གང་ལྟར། ངས་གོང་ནས་ཞུས་བ་ཚང་མ། རྒྱང་ནས་བལྟས་ན་གནས་ཚུལ་དེ་འདྲ་རེད་བསམ་པ་མ་གཏོགས་ང་རང་སྒེར་ངོས་ནས་གནད་དོན་ཚང་མ་ལ་ཐད་ཀར་འབྲེལ་བ་ཡོད་པ་མ་རེད། འདི་སྒེར་གྱི་བསམ་ཚུལ་ཡིན།
འགྲིག་མི་འགྲིག་མི་ཤེས། ཡང་པཎ་ཆེན་རིན་པོ་ཆེ་ཡིས་བློ་མཐུན་ང་ཕོད་དང་ངེད་གཉིས་ཀྱིས་ཟེར་བའི་སྐད་ཆ་མང་པོ་གསུངས་ཡོད་པ་རེད། པཎ་ཆེན་རིན་པོ་ཆེ་ཡིས་དེ་ལྟར་གསུངས་དོན་ནི། ལས་དོན་གལ་ཆེན་ཞིག་ཐག་བཅད་ནས་འགོ་འཛུགས་བྱེད་པ་ལ། གོ་གནས་མཐོན་པོ་ཡོད་མཁན་གྱི་རོགས་པ་ཞིག་ཡོད་ན་ནུས་ཤུགས་ཆེ་བ་ཡོང་གི་ཡོད་སྲིད། དཔེར་ན། པཎ་ཆེན་རིན་པོ་ཆེ་ཡིས། བོད་ལ་ལྕགས་ལམ་རྒྱག་བཅུག་གི་མིན་ལབ་ནས་དེའི་ཐོག་ལ་སྐུ་ངལ་བསྐྱོན་པ་རེད། ད་དུང་ཡར་འབྲོག་གཡུ་མཚོའི་ཐོག་ལ་ཆུ་མཛོད་རྒྱག་བཅུག་གི་མིན་ལབ་ནས་དཀའ་ལས་བརྒྱབས་པ་རེད། པཎ་ཆེན་རིན་པོ་ཆེ་གཅིག་པོས་བྱས་ན་ནུས་བ་ཞེ་དྲག་ཐོན་གྱི་མེད་པ་འདྲ། འབའ་བ་ཕུན་ཚོགས་དབང་རྒྱལ་དང་བཀྲ་ཤིས་དབང་ཕྱུག ང་ཕོད། འབྲུག་རྒྱལ། བློ་བཟང་སོགས་པེ་ཅིང་ན་ཡོད་པའི་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་ཚོ་ཁོང་གི་ཕྱོགས་སུ་འཐེན་ནས་དཀའ་ལས་བརྒྱབས་པ་རེད། དེར་བརྟེན། ཁོང་གིས་བློ་མཐུན་ང་ཕོད་དང་ངེད་གཉིས་ཀྱིས་དེ་འདྲ་བྱས་ཡིན་ཟེར་བ་དེའདྲ་ཡོད་རེད། འདི་གནད་དོན་གཅིག་རེད།
དེ་རིང་སང་ཉིན་། གསར་འགྱུར་བརྒྱུད་ལམ་ཁག་ན་ང་ཕོད་ཀྱིས་དེབ་ཞིག་བྲིས་ཡོད་རེད་ཟེར་བའི་སྐད་ཆ་ཞིག་གོ་ཡ་འདུག ངས་ཀྱང་དེ་ལ་དོ་སྣང་བྱས་བ་ཡིན། དེབ་དེ་ལ་རྒྱ་གཞུང་གིས་ཇུས་གཏོགས་བྱས་ཚར་བའི་རྗེས་ལ་ཡག་པོ་ཞིག་ཡོང་མིན་བཤད་དཀའ་རྒྱུ་རེད། ངས་ཀྱང་དེབ་དེའི་སྐོར་གྱི་འདྲ་པར་འགའ་མཐོང་སོང་། འདྲ་པར་མང་ཆེ་བ་ང་ཕོད་ཁོང་གཅིག་པོ་དང་པཎ་ཆེན་རིན་པོ་ཆེ་གཉིས་ཀ་ཡོད་པའི་འདྲ་ པར་། གཞན་ས་ཆ་གཞན་པར་འགྲོ་བསྐྱོད་བྱས་བའི་འདྲ་པར་རིགས་མ་གཏོགས་རྒྱལ་བ་རྣམ་གཉིས་ཡོད་པའི་འདྲ་པར་འདྲ་བོ་དང་རྒྱལ་བ་རིན་པོ་ཆེ་དང་འབྲེལ་བའི་འདྲ་པར་འདྲ་མཐོང་མ་སོང་། གང་ལྟར། ང་ཕོད་ཁོང་གིས་གང་བསམ་པ་དེ་སྟོན་ཐུབ་སའི་དེབ་ཞིག་བྲིས་ཡོད་ན་ཡག་པོ་ཡོད་རེད་དྲན། དེབ་དེ་འདྲ་ཞིག་ཡོད་ན་དཔར་བསྐྲུན་བྱེད་ཐུབ་མིན་ཡང་མི་ཤེས། དེ་དཀའ་མོ་ཞིག་རེད། ངས་གོང་དུ་ཞུས་བ་བཞིན། འབའ་བ་ཕུན་ཚོགས་དབང་རྒྱལ་ལྟ་བུར་མཚོན་ན། བཙོན་ཁང་ནང་ལོ་མང་བཞུགས་དགོས་བྱུང་བ་རེད། བཙོན་ཁང་ལ་བསྡད་ཚར་བའི་རྗེས་ལ་ཅུང་ཙམ་འདྲ་གི་མ་རེད། གང་ལྟར་དཀའ་ངལ་དེ་འདྲ་ཞིག་སོ་སོའི་མགོར་ལྷུང་ཚར་བ་ཡིན་ཙང་། སེམས་ལ་གང་ཡོད་པ་དེ་མ་བཤད་ནས་ཅི་བྱེད་བསམ་པའི་བསམ་ཚུལ་དེ་ཡོད་རེད། དཀའ་ངལ་དེ་འདྲའི་རིགས་གཅིག་ཀྱང་མ་བྱུང་ན། སོ་སོའི་གོ་གནས་སྲུང་སྐྱོབ་ལབ་ན་ཡང་འདྲ། གང་ལྟར། བཤད་མི་ཐུབ་པ་དེ་འདྲ་ཞིག་རེད་སྙམ། དེ་འདྲའི་གནས་ཚུལ་འདུག ང་ཕོད་ལྟ་བུར་མཚོན་ན། ཀྲུང་དབྱང་གི་ཁ་ལེན་ཚིག་བརྩི་བྱེད་མཁན་གྱི་བཟོ་འདྲ་ཞིག་ཡོད་རེད་དེ། ཁོང་གི་བུ་ང་ཕོད་འཇིགས་མེད་ཕྱི་རྒྱལ་ལ་སླེབས་པ་རེད། སླེབས་པས་མི་ཚད་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ན་ཕྱག་ལས་གནང་གི་ཡོད་པ་རེད། ཕ་བུ་གཉིས་ཀྱི་བར་ན་སྐད་ཆ་ག་རེ་ཡོད་མེད་ངས་མི་ཤེས། གང་ལྟར། བུའི་ཕྱག་ལས་གནང་སྟངས་ལ་ཕ་ཡི་ངོས་ནས་རྒྱབ་སྐྱོར་མཐའ་གཅིག་ཏུ་ཡོད་མེད་མི་ཤེས་ལ། ངོ་རྒོལ་ཡོད་རེད་ཟེར་བའི་སྐད་ཆ་ཡང་གོ་རྒྱུ་མི་འདུག དེ་ལ་བསམ་བློ་བཏང་ན། ཀྲུང་དབྱང་ནས་བསྡད་ན་ལས་ཀ་བྱེད་རྒྱུ་དཀའ་མོ་རེད་འདོད་གི། ང་སྒེར་གྱི་བསམ་ཚུལ་འདི་འདྲ་ཡིན།
འདི་ལྟར། ང་ཕོད་ཀྱི་མི་ཚེ་དང་འབྲེལ་བའི་གླེང་མོལ་དེ་། སྐུ་འབུམ་བྱམས་བརྩེ་གླིང་གི་ཨ་ཀྱཱ་རིན་པོ་ཆེའི་གཟིམ་ཤག་ཏུ་མཇུག་བསྡུས་བ་ཡིན།
དྲ་གྲོགས་ལྷན་རྒྱས་ལ།
ཁྱེད་རྣམ་པས་ངའི་མིང་དངོས་འདི་གང་ཡིན་པ་ཤེས་འདོད་
ཆེན་པོ་ཞེ་དྲག་ཡོད་ས་རེད། དོན་ངོ་མ་ནི་ང་ཕོད་ས་དབང་དམ་པར་རྒྱབ་སྐྱོར་བྱས་པ་འདི་རྒྱ་མིའི་སོ་པ་དང་རྒྱ་མགོ་བསྟེན་མཁན། བོད་མིའི་དབར་དབྱེན་སྦྱོར་བྱ་མཁན། ཁ་ཕྱི་བསྐོར་གྲོད་པ་ནང་བལྟས་ཡིན་པའི་སྐྱོན་འཛུགས་བྱ་གི་ཡོད་ཚེ་རྒྱ་ཆེའི་མི་མང་གིས་བློས་འགེལ་ཡིད་ཆེས་ཀྱིས་རེ་བ་བཅོལ་སའི་སྤྱི་འཐུས་རྣམ་པས་གནས་ཚུལ་ཆུང་ངུ་ཞིག་གི་དོན་དུ་གྲོས་ཚོགས་མཇུག་བསྒྲིལ་མ་ཐུབ་པའི་ཐབས་སྐྱོའི་གནས་ཚུལ་དང༌། ཕན་ཚུན་ངར་ཤ་དོད་པོས་སྐྱོན་འཛུགས་བྱ་རེས་བྱས་ཏེ་བོད་མི་སྤྱི་ཚོགས་དང་རྒྱལ་སྤྱིའི་སྟེང་བོད་དོན་ལ་དོ་སྣང་ཅན་ཚོར་བག་ཆགས་ངན་པ་ཅི་འདྲ་ཞིག་བཞག་སོང་ངམ། དེ་ཚོ་མིང་ཡོད་ལ་གདོང་དངོས་སུ་མཐོང་རྒྱུ་ཡོད་པ་ཞིག་རེད་འདུག་པས་དེ་ཚོ་གང་འདྲ་ཞིག་ཏུ་ངོས་འཛིན་བྱ་དགོས་པ་རེད་དམ། གལ་སྲིད་དེ་ཚོ་མང་གཙོའི་ལུགས་སྲོལ་དང་མཐུན་པའི་ཐོབ་ཐང་ལོངས་སྤྱོད་དང༌། གནས་ཚུལ་ཆུང་རྩག་ཞིག་ཏུ་བརྩི་གི་ཡོད་ཚེ། ངས་མིང་དངོས་སུ་མ་སྨྲོས་པར་རང་ཉིད་ཀྱི་རྒྱབ་སྐྱོར་ཞུ་རྒྱུར་མོས་མཐུན་ཡོད་པའི་གལ་ཆེའི་ལོ་རྒྱུས་ཀྱི་མི་སྣ་ཞིག་ལ་སྐྱོན་འཛུགས་བྱ་མཁན་ཚོར་དེ་ལྟར་བརྗོད་མི་ཉན་པའི་ཚིག་འགའ་ཞིག་འབྲི་སྐབས་དེ་ལྟ་བུའི་དཔུང་བསྒྲིལ་ཏེ་གཉའ་གནོན་བྱ་ཐབས་བྱ་གི་ཡོད་ན་དེ་ནི་ཡ་མཚན་ཆེ་བ་དང་ངོ་ཚ་དགོས་པ་ཞིག་མཐོང་གི་མི་འདུག་གམ། ང་ལའང་མང་གཙོའི་རང་དབང་ཐོག་ནས་མིང་དངོས་སུ་བཤད་དང་མི་བཤད་ཀྱི་ཐོབ་ཐང་ཡོད་པ་མ་རེད་དམ། གང་ལྟར་ང་ཡང་ཁྱེད་ཚོ་དང་འདྲ་བར་རྒྱ་མི་དམར་པོའི་བཙན་གནོན་འོག་ཏུ་ཉིན་མཚན་མ་འཁྱོལ་བར་ཡོང་དགོས་བྱུང་བའི་བོད་མི་སྐྱབས་བཅོལ་བ་ཚུལ་ལྡན་ཞིག་ཡིན། སུ་ཞིག་གིས་ངོས་ལེན་བྱས་དང་མི་བྱས་ལ་ཁྱད་པར་སྤུ་ཙམ་ཡང་མེད། སྐྱབས་བཅོལ་བོད་མའི་ཐོབ་ཐང་ལོངས་སྤྱོད་བྱ་གི་ཡོད་ལ། ཁྲིམས་དང་སྒྲིག་གཞིར་བསྟེན་ཏེ་འཚོ་བ་སྐྱེལ་ཐུབ་པའི་བོད་མི་ཚད་ལྡན་ཞིག་ཡིན། བསྡོམས་རྩིས་དེའི་ཐོག་ནས་སུ་ཞིག་རྒྱ་མིར་སོ་པར་གྲུབ་མིན་དེ་ངས་དེ་སྔ་ནས་བཤད་ཟིན་པ་ལྟར་ལག་ལེན་དངོས་ཀྱི་ཐོག་ལྟ་རྒྱུ་ལས། བོད་གཞུང་གི་བཀའ་ཟུར་དམ་པ་ང་ཕོད་ས་དབང་ཆེན་མོའི་ལོ་རྒྱུས་ཀྱི་དགེ་མཚན་བགྲང་པ་ཙམ་གྱིས་རྒྱ་མི་སོ་པ་དང་བོད་མིའི་དབར་དབྱེན་སྦྱོར་བྱ་མཁན་ཞིག་ཏུ་གྲུབ་ཀྱི་ཡོད་ཚེ། ༸གོང་ས་མཆོག་གི་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་བཀའ་ཤག་ལའང་ཁྱད་གསོད་དང་ཟུར་ཟ་བྱ་གི་ཡོད་པས་དོན་དངོས་སུ་མི་དེ་དག་ནི་ཁ་ནང་བལྟས་བགྲོད་པ་ཕྱི་བལྟས་བྱ་མཁན་ངོ་མ་དེ་ཡིན་པར་ངས་ངོས་འཛིན་བྱ་རྒྱུ་ཡིན་ནོ༎
ང་ཕོད་ལགས་ཀྱིས་དེབ་ཅིག་ཕྱག་བྲིས་གནང་ཡོད་པ་འདྲ་ཞེས་པ་དེ་
ཁ་སྣོན་བཅོས་བསྒྱུར་སོགས་མ་བྱས་པར་ང་ཚོས་ཀློག་ཐུབ་རྒྱུ་བྱུང་ན་
ཁོང་གི་མི་ཚེའི་གོམས་འགྲོས་ཀྱི་ལོ་རྒྱུས་ལ་གཞིགས་ཐུབ་པར་ཕན་པས་
རེ་སྒུག་བྱས་ཡོད།
དྲ་གྲོགས་བདེ་བ་ཅན་ལགས།
ཁྱོད་ཀྱིས་ལག་བསྟར་འདེབས་ཐུབ་པར་གྱིས་དང། ལ་ཕར་རྒྱབ་ཀྱི་དགྲ་བོ་རྒྱ་དམར་ལ་འགྲན་པའི་ཐབས་ཤེས་རྨད་དུ་བྱུང་བ་དེ་ངས་ཁྱོད་ལ་ངོ་སྤྲོད་བྱེད་དགོས། ལ་ཕར་རྒྱབ་ཀྱི་དགྲ་བོ་རྒྱ་དམར་ལ་འགྲན་པའི་ཐབས་དང་ནུས་པ་རླབས་ཆེ་ཤོས་ང་ཚོར་༧གོང་ས་མཆོག་གིས་གསོལ་བསྩལ་གནང་བའི་མང་གཙོའི་ལམ་བཟང་འདི་རང་རེད། འདི་ནི་ང་ཚོར་ཡོད་ཅིང་རྒྱ་མིར་མེད་པའི་ང་ཚོ་བོད་མི་རིགས་འཕྲལ་དུ་སྲུང་བྱེད་ཀྱི་ལྕགས་རི་དང། ཕུགས་སུ་ང་ཚོའི་བདེན་མཐའ་གསལ་བྱེད་ཀྱི་ལྡེ་མིག་རང་རེད། དེའི་ཕྱིར་མང་གཙོར་བདག་གཉེར་ཚུལ་མཐུན་བྱེད་པར་འགྲོ་བ་མིའི་ཐོབ་ཐང་སྲུང་བརྩི་ཚད་ལྡན་དགོས་ཤིང་དེ་ལྟར་འབྱུང་བར་སྨར་བརྗོད་རང་དབང་ཡང་དག་པར་བེད་སྤྱོད་དགོས་པ་འདི་མང་གཙོའི་རིག་པའི་གཞུང་ལུགས་ཆགས་ཡོད། འགྲོ་བ་མིའི་ཐོབ་ཐང་ནང་དུ་སོ་སོ་གང་ནས་ཡིན་དང། མིང་ངོ་མ་ཅི་ཡིན་དང། གར་ཡོད་སོགས་ཕྱི་གསལ་ནང་གསལ་བྱེད་པའི་ཐོབ་ཐང་རང་ཉིད་ལ་ཡོད་ཅིང། དེ་ལྟར་སྨར་བརྗོད་རང་དབང་ལ་ལོངས་སྤྱོད་དགོས་པ་ཡིན། རྒྱུ་མཚན་དེར་བརྟེན་གོང་དུ་གཟུར་གནས་དྲ་གྲོགས་རྣམ་དཔྱོད་ལྷག་བསམ་གྱིས་ཕྱུག་པ་གང་མང་ཞིག་གིས་བདེ་བ་ཅན་ཟེར་བ་དེ་གང་ནས་ཡིན། ད་ལྟ་གར་ཡོད། མིང་ངོ་མ་ཅི་ཟེར་གསལ་བཤད་བྱེད་དགོས་འདུག དེ་མིན་བདེ་བ་ཅན་ཟེར་བས་བཤད་སྟངས་སོགས་ལ་བལྟས་ན་མི་དེ་ལ་ང་ཚོ་རང་བཞིན་གྱིས་དོགས་པ་ཟ་དགོས་ཆགས་སོང་། ཞེས་ཅི་ཙམ་གསུངས་སོང། ཁྱོད་ཀྱིས་ད་དུང་ཁོང་ཚོར་རང་ཉིད་ངོ་སྤྲོད་ཙམ་བྱེད་པའི་སྨར་བརྗོད་རང་དབང་ལ་རང་གིས་རང་ལ་འགོག་སྡོམ་བྱེད་བཞིན་སྨར་བརྗོད་རང་དབང་ཁྲི་ལོར་བརྟན་པར་ཤོག་ཅེས་སྨོན་ལམ་བརྒྱབ་ནས་ག་རེ་བྱེད་རྩིས་ཡིན་ནམ།
དེ་བཞིན་ང་ཕོད་ལ་ཁ་བཏང་རྒྱུ་ཤུགས་ཆེ་དྲག་ན་ང་ལྟ་བུས་ནམ་ཡིན་ཡང་མགོ་སྒུར་གྱི་མ་རེད། དེ་ཐུགས་ལ་བཞག་རོགས། ཞེས་དྲ་གྲོགས་ཚོའི་སྨར་བརྗོད་རང་དབང་ལ་ཁྱོད་ཀྱིས་འཇིགས་སྐུལ་བྱས་རྗེས་དེ་མ་ཐག་ཏུ་སྨྲ་བརྗོད་རང་དབང་ཁྲི་ལོར་བརྟན་པར་ཤོག་ཅེས་རང་ཚིག་སྔ་ཕྱི་འགལ་བ་ལྟག་སྤྲོད་དུ་སོང་བའི་སྐད་ཆ་བཤད་དགོས་པ་ག་རེས་ཉེས་སོང་ངམ།
དེའི་ཕྱིར་ད་ནི་ཁྱོད་ལ་རང་ཉིད་མིང་རྫུན་འོག་ཡིབ་ནས་སྤྱི་ཚོགས་ཕུ་དཀྲུགས་མདའ་དཀྲུགས་དགོས་པའི་ལས་འགན་དམིགས་བསལ་བ་རེ་མེད་ན་གོང་གསལ་གཟིར་གནས་དྲ་གྲོགས་ཚོའི་ཐུགས་འདོད་ལྟར་ང་ཚོར་ཡོད་ཅིང་ལ་ཕར་རྒྱབ་ཀྱི་དགྲ་བོ་རྒྱ་དམར་ལ་མེད་པའི་ང་ཚོའི་ལག་ཆ་འགྲན་ཟླ་མེད་པ་སྨར་བརྗོད་རང་དབང་འདི་བེད་སྤྱོད་ཡག་པོ་ཐོངས་ལ། རང་ཉིད་གར་ཡོད་དང་སུ་ཡིན་སྤོབས་པ་དང་བཅས་ཏེ། གསལ་པོ་བཟོ་རོགས་གནང་དང། སྐབས་དེར་ང་ཚོ་ཚང་མས་མཐོང་སར་བདེ་བ་ཅན་ཟེར་བ་ཁྱེད་རང་ཁ་ཕྱིར་འཁོར། གྲོད་པ་ནང་བསྟན་ཞིག་ཡིན་མིན་གསལ་བོ་ཆགས་ངེས་ཡིན།
གལ་སྲིད་ཁྱོད་ཀྱིས་རང་ཉིད་འགྲེལ་བཤད་གསལ་བོ་བྱེད་མ་ནུས་ན་ཕྲན་གྱིས་ད་ནས་ཁྱོད་ལ་དམིགས་བསལ་གྱི་ལས་འགན་ཞིག་ཡོད་པ་དང། ལས་འགན་དེ་དག་བསྒྲུབ་ཕྱིར་ཁྱོད་ནི་མིང་རྫུན་འོག་ཡིབ་སྡོད་བྱེད་བཞིན་པ་ཞིག་ཏུ་ངོས་འཛིན་གསལ་བོ་བྱེད་ངེས་ཡིན།
བདེན་བདེན་
བོད་མགོ་ནག་རིགས་སུ་སྐྱེས་ཀྱང་། །
བོད་སྤྱི་བའི་རྩ་དོན་བསྐྱུར་ནས། །
བོད་བསྟན་སྲིད་དགྲ་བོ་རྒྱ་དམར། །
བོད་འགའ་རེས་སྐྱབས་སུ་བཟུང་མྱོང།།
བདེ་བ་ཅན་ལགས།
བདེ་ཅན་ཞེས་པའི་གང་ཟག་དེ་སུ་ཡིན་བརྩད་དགོས་དོན་ནི་ལ་ཕར་རྒྱབ་ཀྱི་དགྲ་བོ་རྒྱ་ནག་གིས་བདེ་བ་ཅན་ཞེས་པའི་མིང་ཐོག་ནས་བཙན་བྱོལ་སྤུན་ཟླའི་བར་དཀྲུག་ཞིང་རྒྱག་གིན་འདུག་བསམ་པས་ཡིན། དེ་འདྲ་དོགས་པ་བསལ་ཐུབ་མིན་ནི་ཁྱེད་ཀྱི་ལག་ཏུ་འདུག
ཁྱེད་ཀྱིས་རང་ཉིད་ངོ་སྤྲད་བྱེད་ན་ང་ཚོ་བློ་བདེ་འགྲོ་དེ་ལས་དོན་ཅི་ཡང་མེད། དོགས་པ་རྣམ་རྟོག་བསལ་བའི་ཆེད་དུ་རང་ཉིད་ངོ་སྤྲད་གནང་ཞེས་རེ་བ་ཞུ་རྒྱུ་ཡིན་ལགས།
ཨ་རོ་བདེ་བ་ཅན་ཁྱེད་ལ་སྤྱི་འཐུས་གསེར་རྟ་དགྲ་ཆེ་བ་འདུག་གམ་ལ་ཕར་རྒྱབ་རྒྱ་མི་དགྲ་ཆེ་བ་འདུག་གམ།
ལ་ཕར་རྒྱག་དགྲ་བོའི་གཏུལ་དགོས་ན།
སྔོན་དང་པོ་ནང་དགྲ་རྩ་མེད་བཟོ།
དགྲ་ཕྱི་དགྲ་སླ་ཏེ་ནང་དགྲ་དཀའ།
དེ་གནའ་མི་བོད་ཀྱི་གཏམ་དཔེ་རེད་།
ཐུབ་བསྟན་ལགས་ཁྱེད་བདེན་ནོ།
དྲ་གྲོགས་བདེ་བ་ཅན་གྱིས་ལ་ཕར་རྒྱབ་ཀྱི་དགྲ་བོ་རྒྱ་མི་མ་གསུངས། ཁྱེད་ཀྱིས་ང་ཕོད་ཡག་པོ་ཡོད་གསུང་བཞིན་པ་རེ། ང་ཕོད་ཡག་པོ་ཡོད་ན་ང་ཕོད་ལ་ཕར་རྒྱབ་ཀྱི་རྒྱ་མིས་དཔོན་པོ་རེད། དེས་ན་ལ་ཕར་རྒྱབ་ཀྱི་རྒྱ་མི་ཅིས་ལ་ཡག་པོ་མེད། ང་ཚོས་རྒྱ་མི་ཡག་པོ་ཡོད། ང་ཕོད་ཡག་པོ་ཡོད། ང་ཚོ་ཡག་པོ་ཡོད། ཚང་མ་ཡག་པོ་ཡོད་ཅེས་ད་མཇུག་བསྡོམས་ན་ཡག་ས་རེད་ད།
གསེར་རྟ་ཚུལ་ཁྲིམས་ལགས། གང་ཟག་བདེ་བ་ཅན་ཟེར་བ་དེ་སུ་ཡིན་བརྩད་ཆོད་གནང་སྟེ་དོན་ལ་མ་བལྟ་བར་གང་ཟག་གང་ནས་ཡིན་པར་བལྟས་ཏེ་སྐྱོན་བརྗོད་དང་ཁ་རྩོད་སྐྱོན་རྩིས་ཡོད་དམ། སྔོན་ལ་བདེ་བ་ཅན་བརྩད་མ་བཅད་གོང་དགྲ་བོ་རྒྱ་མི་ལ་ཕར་རྒྱབ་ན་འདུག་པས་དེ་དག་ལ་འགྲན་པའི་འཐབ་དང་ནུས་པ་གསར་པ་འདྲ་ཡོད་ན་གསུངས་དང༌། བོད་ཀྱི་དུས་བབ་ཀྱི་དྲ་གནས་དེ་དུས་བབ་ཚང་གི་ང་ཚོ་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་བྱ་མཁན་ཚོར་ལོངས་སྤྱོད་བྱ་རྒྱུར་གནང་བའི་ཐོབ་ཐང་རེད་ལ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་ནང་དུའང་སྨྲ་བརྗོད་རང་དབང་བཀོད་འདུག་པས་ཁྲིམས་བཟོ་ལྷན་ཚོགས་ནས་དེ་ཕྱིར་བསྡུ་གནང་བ་རེད་དམ། དེ་འདྲ་རྩ་བ་ནས་མ་གསུངས། རྒྱུ་མཚན་ཡོད་ན་མུ་མཐུད་ནས་འབྲི་རྐྱང་གནང་ན་འགྲིག་པ་ལས། གང་ཟག་བརྩད་གཅོད་གནང་སྟེ་གང་ཟག་ལ་སྡིགས་ར་བསྐུལ་ནས་སུས་ཀྱང་འཁུར་འགན་ཡོང་གི་མ་རེད། གལ་སྲིད་ད་དུང་ཆོལ་ཁའི་སྐད་ཆ་ཡོང་བ་འདུག་སྙམ་ན་ང་ཕོད་ལ་ཁ་བཏང་རྒྱུ་ཤུགས་ཆེ་དྲག་ན་ང་ལྟ་བུས་ནམ་ཡིན་ཡང་མགོ་འགུར་གྱི་མ་རེད། དེ་ཐུགས་ལ་བཞག་རོགས། སྨྲ་བརྗོད་རང་དབང་ཁྲི་ལོར་བརྟན་པར་ཤོག
དྲ་གྲོགས་ཀུན་ཀྱིས་གཟིགས་དང།
བདེ་བ་ཅན་ཟེར་བས་བོད་ཀྱི་དུས་བབ་ཀྱི་སྐབས་དོན་བརྗོད་གཞི་འདི་ཁ་ཕྱོགས་གཞན་དུ་བསྒྱུར་ཐབས་བྱེད་བཞིན་པ་ནི་ཧ་ཅང་ཡ་མཚན་རེད། ཁོས་ཐེངས་གཅིག་ཙམ་མ་རེད། ཡང་ཡང་རང་ཉིད་དབུས་པ་ཞིག་ཡིན་ཁུལ་གྱིས་དྲ་གྲོགས་ཚོའི་བར་དཀྲུགས་ཤིང་སློང་བཞིན་འདུག་པ་དང། ལྷག་དོན་གསེར་རྟ་ཚུལ་ཁྲིམས་འོད་ཟེར་ལ་ཆོལ་ཁའི་ཞེན་ཁོག་འདུག་ཅེས་ཕྲན་ནག་པོ་བཟོ་ཐབས་བྱེད་བཞིན་པ་བཅས་ཀྱིས་མི་འདི་ང་ཚོ་མང་ཆེ་བས་ཚོད་དཔག་བྱེད་ཐུབ་པ་ཞིག་རེད་ལ་ཁོང་དབུས་པ་ཞིག་མིན་ཐག་ཆོད་ཡིན།
བདེ་བ་ཅན་སུ་ཡིན་ཁ་སང་དྲ་གྲོགས་ཅོ་རི་ལགས་ཀྱིས་རྩད་བཅད་སོང་བས་ཅོ་རི་ལགས་ཀྱིས་ད་བར་བདེ་བ་ཅན་ཁོ་སུ་ཡིན་དང་། གར་ཡོད་ངོས་ཟིན་སོང་ངམ། ད་དུང་ངོས་ཟིན་མེད་ན་ཕལ་ཆེར་ངས་ངོས་ཟིན་ས་རེད།
སྤྱི་འཐུས་མཆོག་ཕལ་ཆེར་ཟེར་བའི་ཚིག་དེ་བེད་སྤྱོད་བྱེད་ས་འདིར་མ་རེད།
རྒྱ་ཆ་100ཡིན་ན་གསུངས་རོགས་དེ་མིན་ན་དགུག་རོགས།
ང་ལ་དུས་ཚོད་མི་འདུག་རྗེས་སུ་མཇལ་ཡོང་།
དྲ་གྲོགས་ཀུན་ཀྱིས་གཟིགས་དང། བདེ་བ་ཅན་ཟེར་བས་བོད་ཀྱི་དུས་བབ་ཀྱི་སྐབས་དོན་བརྗོད་གཞི་འདི་ཁ་ཕྱོགས་གཞན་དུ་བསྒྱུར་ཐབས་བྱེད་བཞིན་པ་ནི་ཧ་ཅང་ཡ་མཚན་རེད། ཐེངས་གཅིག་ཙམ་མ་རེད། ཡང་ཡང་རང་ཉིད་དབུས་པ་ཞིག་ཡིན་ཁུལ་གྱིས་དྲ་གྲོགས་ཚོའི་བར་དཀྲུགས་ཤིང་སློང་བཞིན་འདུག། ལྷག་དོན་བོད་མི་མང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་འོད་ཟེར་ལགས་ལ་ཆོལ་ཁའི་ཞེན་ཁོག་འདུག་ཅེས་ཁོང་ནག་པོ་བཟོ་ཐབས་བྱེད་བཞིན་པ་བཅས་ཀྱིས་མི་འདི་ཚོད་དཔག་བྱེད་ཐུབ་པ་ཞིག་རེད། ཁོ་དབུས་པ་མིན་པ་ཐག་ཆོད་རེད།
བདེ་བ་ཅན་སུ་ཡིན་ཁ་སང་དྲ་གྲོགས་ཅོ་རི་ལགས་ཀྱིས་རྩད་བཅད་སོང་། ཅོ་རི་ལགས་ཀྱིས་ད་བར་བདེ་བ་ཅན་ཁོ་སུ་ཡིན་དང་། གར་ཡོད་ངོས་ཟིན་སོང་ངམ། ད་དུང་ངོས་ཟིན་མེད་ན་ཕལ་ཆེར་ངས་ངོས་ཟིན་ས་རེད།
བདེན་རྫུན་ཤན་འབྱེད་བྱམས་རྒྱལ་ཅོ་རི་སོགས།།
བདེན་དོན་རྒྱལ་ས་སྲུང་བར་འབད་པ་འདི།།
བདེན་པའི་གཏེར་གྱུར་ཁ་བ་གངས་ཅན་པའི།།
བདེན་མཐའ་མྱུར་དུ་གསལ་བའི་སྔ་ལྟས་ཡིན།།
རྗེས་དྲན་རྡོ་རྗེའི་ལྷུན་པོ།
གངས་ཅན་དམག་སྤྱི་སྟག་སྦྲ་ཀླུ་གོང་གིས།།
གངས་སེང་དམག་གིས་ཁྲང་ཨན་རྒྱལ་ས་བླངས།།
གངས་ལྗོངས་རང་བཙན་གཙང་མའི་བདེན་རྟགས་སུ།།
གངས་ཕྲུག་དཔའ་བོས་རྩེ་ཞོལ་རྡོ་རིང་བསླངས།།
གངས་ཕྲུག་མི་ངན་སྡར་མ་ང་ཕོད་ཀྱིས།།
གངས་རིའི་སྣོད་བཅུད་རྒྱ་དམར་དཔོན་ལ་བཙོང།།
གངས་ལྗོངས་རྒྱ་ཡི་ཆ་ཤས་ས་ཡིག་བརྒྱབས།།
གངས་རིའི་གཟི་དཔལ་ལོ་རྒྱུས་ནག་པོ་བཟོས།།
དྲ་གྲོགས་ཅོ་རི་ལགས།
ཁོ་བོའི་དྲ་ལམ་ལ་སྐྱོན་ཞུགས་ཏེ་ཉིན་ཤས་རིང་ཟིན་བྲིས་ལ་བལྟས་ཐུབ་མ་སོང་བས་དགོངས་དག་ཞུ།
༢༠༡༠ ལོ་གསར་ཚེས་ལ་སེམས་ཁམས་མཐུན་པའི་ དྲ་གྲོགས་ཁྱེད་ཀྱིས་ཁོ་བོར་འཚམས་འདྲི་ཞུ་བ་འདི་དགའ་སྤྲོ་རབ་ཏུ་བརྟས།
༢༠༡༠ ལོ་འདི་ནང་ཁོ་བོས་ཁྱེད་ཀྱི་རྣམ་དཔྱོད་དེ་མེ་ཤུགས་འཕུར་ཟླ་་ལྟར་འཕུར་འཆོང་ཡོང་བའི་བཀྲ་ཤིས་པའི་མེ་ཏོག་ཕུལ་རྒྱུ་ཡིན་ལགས། མ་ཟད་ཁྱེད་ཀྱི་དགོངས་དོན་ལྟར་འདི་ལོ་དུས་བབ་ཀྱི་ཟིན་བྲིས་དྲ་ཁང་ཞིག་སྒོ་དབྱེ་ཐུབ་པའི་སྨོན་ལམ་རྒྱག་གི་ཡོད་ འོན་ཀྱང་ཁོ་བོ་རྕོམ་ལ་བྱང་ཆ་མེད་པ་འདིའི་རྐྱེན་བྱས་ད་ལྟ་ཏན་ཏན་རང་མེད་ལ།
ཁྱེད་ཀྱི་དག་ནོར་དེ་ཚོ་ལ་ཏོག་ཙམ་གཟབ་ན་གཟབ་རྒྱུ་ཡོད་ས་རེད་ལགས་མ་ཤེས་ནས ནོར་བ་དང་ཤེས་ནས་ཡིད་གཟབ་མ་བྱས་པ་གཉིས་བསྡུར་ན་ ཤེས་ནས་ཡིད་གཟབ་མ་བྱས་པའི་ཆ་དེ་མང་བ་འདྲ་གཅིག་འདུག་ལགས།
ཁྱེད་ཀྱི་འདུན་པ་དེ་མངོན་དུ་འགྱུར་བའི་སྨོན་ལམ་ཡང་ཡང་ཞུའོ།།
འོན་ཀྱང་དུས་བབ་ཟིན་བྲིས་ནང་མཁས་དབང་རེ་ཟུང་ཞིག་མ་གཏོགས་གཞན་ཚང་མ་ཧ་ལམ་འདྲ་པོ་རེད་འདུག་།
དེར་བརྟེན་བོད་ཀྱི་རིག་གཞུང་ལ་ཞབས་འདེབས་མ་གཏོགས་གནོད་པའི་ཆ་རྐྱེན་དུ་འགྲོ་བ་འཐོང་གི་མི་འདུག་ལགས།
དྲ་གྲོགས་ཅོ་རི་ལགས།
ཁོ་བོའི་དྲ་ལམ་ལ་སྐྱོན་ཞུགས་ཏེ་ཉིན་ཤས་རིང་ཟིན་བྲིས་ལ་བལྟས་ཐུབ་མ་སོང་བས་དགོངས་དག་ཞུ།
༢༠༡༠ ལོ་གསར་ཚེས་ལ་སེམས་ཁམས་མཐུན་པའི་ དྲ་གྲོགས་ཁྱེད་ཀྱིས་ཁོ་བོར་འཚམས་འདྲི་ཞུ་བ་འདི་དགའ་སྤྲོ་རབ་ཏུ་བརྟས།
༢༠༡༠ ལོ་འདི་ནང་ཁོ་བོས་ཁྱེད་ཀྱི་རྣམ་དཔྱོད་དེ་མེ་ཤུགས་འཕུར་ཟླ་་ལྟར་འཕུར་འཆོང་ཡོང་བའི་བཀྲ་ཤིས་པའི་མེ་ཏོག་ཕུལ་རྒྱུ་ཡིན་ལགས། མ་ཟད་ཁྱེད་ཀྱི་དགོངས་དོན་ལྟར་འདི་ལོ་དུས་བབ་ཀྱི་ཟིན་བྲིས་དྲ་ཁང་ཞིག་སྒོ་དབྱེ་ཐུབ་པའི་སྨོན་ལམ་རྒྱག་གི་ཡོད་ འོན་ཀྱང་ཁོ་བོ་རྕོམ་ལ་བྱང་ཆ་མེད་པ་འདིའི་རྐྱེན་བྱས་ད་ལྟ་ཏན་ཏན་རང་མེད་ལ།
ཁྱེད་ཀྱི་དག་ནོར་དེ་ཚོ་ལ་ཏོག་ཙམ་གཟབ་ན་གཟབ་རྒྱུ་ཡོད་ས་རེད་ལགས་མ་ཤེས་ནས ནོར་བ་དང་ཤེས་ནས་ཡིད་གཟབ་མ་བྱས་པ་གཉིས་བསྡུར་ན་ ཤེས་ནས་ཡིད་གཟབ་མ་བྱས་པའི་ཆ་དེ་མང་བ་འདྲ་གཅིག་འདུག་ལགས།
ཁྱེད་ཀྱི་འདུན་པ་དེ་མངོན་དུ་འགྱུར་བའི་སྨོན་ལམ་ཡང་ཡང་ཞུའོ།།
བཀུར་འོས་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་འོད་ཟེར་མཆོག་གིས་ཁོ་བོར་མཁས་དབང་དགེ་ཆོས་ཀྱི་གསུངས་ཤིག་གིས་བྱིན་གྱིས་བརླབས་བྱུང་བས་དགའ་སྤྲོ་དཔལ་དུ་ཆེ། ཐུགས་རྗེ་བླ་ལྷག་ཏུ་ཆེ་ཞུ།
ཁྱེད་ཀྱི་རྣམ་དཔྱོད་ཀྱི་ཉི་ཟེར་ལ་ཆ་ཤས་ཙམ་ཡང་འགྲན་མི་བཟོད་པའི་ལྟས་ངན་འབྱུང་བྱ་ཉིན་མོ་ལུང་བ་འགས་ཐན་ལྟས་ངན་པ་སྒྲོག་བཞིན་འདུག་བ་འདི་དག་ལ་ལུང་རིག་གི་འོད་སྟོང་རབ་ཏུ་སྤྲོས་ཤིག་གུ་།
བདེན་པའི་དཔང་པོ་བཀུར་འོས་སྤྱི་འཐུས་མཆོག་རྒྱལ་ལོ།
དྲ་གྲོགས་བདེ་ཡངས་ལགས། ཐུགས་རྗེ་ཆེ། ད་ལྟའི་ང་ཚོའི་དྲ་ལམ་སྤྱི་ཚོགས་དང་བོད་པའི་སྤྱི་ཚོགས་ནང་ཁྱེད་རང་ལྟ་བུའི་དྲ་གྲོགས་མང་ཙམ་དགོས་ཀྱི་འདུག གནས་ཚུལ་གང་ཞིག་ཡིན་ཡང་ཕྱོགས་ལྷུང་དང་ཉེ་རིང་ཆགས་སྡང་ནས་འགོ་མི་རྩོམ་པར་དངོས་ཡོད་གནས་ཚུལ་གཞིར་བཞགས་ཐོག་བསམ་ཚུལ་སྤེལ་རྒྱུ་ནི་ཧ་ཅང་གི་གལ་ཆེན་རེད་བསམ་གྱི་འདུག།མི་རེ་གཉིས་ཀྱིས་དངོས་ཡོད་གནས་ཚུལ་དང་དེའི་རྒྱབ་ལྗོངས་ཅི་ཞིག་ཡིན་མིན་གྱི་སྐོར་ལ་ཤེས་འདོད་ཙམ་ཡང་མི་བྱེད་པར་དགའ་མིན་དགའ་ཕྱོགས་ཀྱི་བསམ་བློའི་རྨང་གཞི་བྱས་ཏེ་མཆན་འདེབས་མཁན་གྱི་དྲྭ་གྲོགས་ཀྱང་མི་ཉུང་བ་ཞིག་འདུག།དེ་དག་གིས་ཀྱང་དྲྭ་གྲོགས་བདེ་ཡངས་ལྟ་བུར་མིག་དཔེར་བྱས་རྗེས་ཕྱོགས་སུ་མཆན་འདེབས་སྐབས་བསམ་བློ་རྒྱ་ཆེ་ས་དང་རྒྱུ་མཚན་དང་ལྡན་པའི་ཐོག་སྐྱོན་བརྗོད་དང་བསམ་ཚུལ་སྤེལ་རྒྱུར་རྦད་བརྩོན་བྱེད་དགོས་པར་མཐོང༌།
ད་རྒྱུགས་ཁྱི་ཚོས་རྔ་མ་དབྱུག་དང་བཀའ་ཤག་གིས་གུས་འདུད་ཞུ་གི་རེད་ད།
དྲ་གྲོགས་བོད་པ་ལགས། སྲིད་ཀྱི་འགྲོ་སྟངས་མི་ཤེས་པའི་བཀའ་ཤག་ཞིག་བོད་མི་མང་ནས་ལན་གཉིས་བསྟུད་མར་འདེམས་སྲིད་ཀྱི་རེད་དམ། ཅི་སྟེ་དེ་འདྲ་ཞིག་ཡིན་པའི་དབང་དུ་བཏང་ན་བོད་མི་མང་ནས་འདེམས་སྟངས་ནོར་ཡང་༸གོང་ས་ཡིད་བཞིན་ནོར་བུ་ཞལ་བཞུགས་ཡོད་པས་གང་ཉིད་དེ་ལྟར་ཐུགས་བློས་གཏོང་གི་རེད་དམ། སྡོད་ས་དཔྲལ་བར་བསྡད་ནས་མིག་ལ་ཐལ་བ་བཤོ་མི་ཉན། གང་ལྟར་འཛམ་གླིང་སྟེང་སེམས་མ་བདེ་བའི་སྒེར་པ་རེ་གཉིས་ཀྱི་བསམ་ཚུལ་ལས། སྒྲིག་འཛུགས་ཤིག་གི་རྒྱུ་མཚན་ལ་ཡིད་ཆེས་དང་ཚད་འཕེར་བར་འཛིན་གྱི་ཡོད་པས་ཁྱེད་རང་ག་ཚོད་སྡུག་སྐད་བརྒྱབ་ཀྱང་བཀའ་ཤག་གི་མྱ་ངན་ཞུ་ཚིག་དེ་གཞུང་གི་འཚམས་འདྲི་ཞིག་ཡིན་པས་ལོ་རྒྱུས་སྟེང་བཀོད་ཟིན་པ་རེདད། བྱས་ཙང་བུད་མེད་ཁ་ངན་དེ་འདྲ་ལྟ་བུ་ངུ་ཤར་བརྒྱབ་ཀྱང་ཕན་ཐོགས་ཡོད་མ་རེད། ད་ང་ཚོ་འདིར་རྩོད་པ་མང་པོ་མི་དགོས་པ་བྱེད།་ བཞུགས་གདན་འཇགས། རྗེས་སུ་མཇལ་ཡོང་།
བོད་མི་རྒྱ་ལ་གྱུར་བའི་ངག་ཕོད་དང་། །
ཤ་མར་མི་གཙང་གྱུར་པའི་སྐྱག་པ་གཉིས། །
བཀའ་ཤག་ངོ་རུ་ཁྱད་པར་མེད་པ་འདི། །
གཞན་གྱིས་མཐོང་ན་ཞེན་ཁ་སྡིངས་ནས་ལོག །
བཟང་པོའི་མི་ལ་དཔའ་དར་རྟགས་པ་དང་། །
ངན་པའི་མི་ལ་སྐྱོན་བརྗོད་བྱེད་པ་སོགས། །
སྲིད་ཀྱི་འགྲོ་སྟངས་ཙམ་ཡང་མི་ཤེས་པའི། །
བཀའ་ཤག་གླེན་པས་སྐྱག་པ་ཟོ་སྟེ་ཉོལ།
བདེ་གཡང་ལགས་ཐུགས་རྗེ་ཆེ་ཁྱེད་འདྲ་བའི་མཉམ་མྱོང་ཡོད་མཁན་ཚོས་མ་གསུངས་ན་དེང་སང་གསར་བུ་རྒྱ་ནག་གི་རྒྱུག་ཁྱི་ཚོས་ཧམ་འགྲེལ་བྱས་ནས་ང་ཕོད་བོད་ཀྱི་དཔའ་བོ་ཞིག་དང་བོད་རྒྱལ་ཁབ་ལ་དགའ་བའི་མི་ཞིག་སྒྲུབ་གང་ཐུབ་བྱས་པར་མ་ཟད་སྤྱི་འཐུས་འགའ་རེས་དྲང་གཏམ་དུས་ཁ་རྡུང་དང་སྡུག་ར་སྐུལ་ནས་སྡོད་ཆུགས་ཀྱིན་མི་འདུག
ཐུགས་རྗེ་ཆེ་ཞུ།
༥༽ ལོ་རབས་བདུན་ཅུའི་རྗེས་ནས་བརྒྱད་ཅུའི་རིང་དུ་པན་ཆེན་དང་ཕུན་དབང་སོགས་པ་དཀར་འདོན་བྱས་པ་དང་གཅིག བཙན་བྱོལ་བོད་གཞུང་དང་རྒྱ་ནག་བར་གྲོས་མོལ་འགོ་ཚུགས་པ་དང་གཉིས། མི་རིགས་རང་སྐྱོང་གི་སྲིད་ཇུས་དོན་ལ་གནས་འདོད་པའི་ཧུ་ཡོ་པང་གི་གུ་ཡངས་བའི་སྲིད་ཇུས་དང་གསུམ། བོད་རྒྱའི་གནད་དོན་ལ་འགྱུར་བ་ཆེན་པོ་ཞིག་འབྱུང་ངེས་པའི་དུས་ལ་སླེབས་དང་བཞི། ཆ་རྐྱེན་བཞི་འཛོམས་པའི་གནས་སྐབས་དེར་ང་ཕོད་ཀྱིས་མི་རིགས་ལ་ཕན་པ་སྒྲུབ་མཁན་ཞིག་ཡིན་པའི་རྣམ་པའི་ཐོག་ནས་བོད་མི་རིགས་ཀྱི་དོན་དུ་སྐད་ཆ་མང་པོ་བཤད་པ་སོགས་རང་གི་གོ་གནས་དེས་བྱེད་འོས་པ་དང་བྱེད་དགོས་པའི་ལས་ཀ་ཁ་ཤས་བསྒྲུབས་ཡོད།
༦༽ 89ལོར་རྒྱ་ནག་ཏུ་སློབ་མའི་ལས་འགུལ་ཚུགས་པ་དང་མཐར་དྲག་གནོན་གྱི་རྨེག་མེད་བཏང་མོད། རྒྱལ་སྤྱིའི་ཐོག་ནས་རྒྱ་ནག་ལ་བཀག་སྡོམ་བྱས་པ་དང་མི་དམངས་ཀྱིས་རྒྱ་ནག་དམར་ཤོག་ལ་སྙིང་རླུང་ལངས་ནས་བསྡད་ཡོད། རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་དབང་དེ་ཕྱི་ནང་གཉིས་ནས་བསྡམས་དཀྱིགས་བྱས་ནས་ཆར་རླུང་ནང་ཚུད་པ་དང་ཉིན་ཞིག་ཐོར་ཞིག་འགྲོ་ཉེན་ཆེ་བའི་རྣམ་པ་ཞིག་ཤར། 89ལོར་རྒྱལ་བ་རིན་པོ་ཆེར་ནོར་ཝེའི་བྱ་དགའ་ཐོབ་དུས་རྒྱ་ནག་གཞུང་གིས་ང་ཕོད་ལ་རྒོལ་གཏམ་འཕངས་སུ་བཅུག་མོད། ཁོང་གིས་རང་ཉིད་ལ་ལམ་ཞིག་བཞག་ཕྱིར་གཏམ་བཤད་ཀྱི་བར་དུ་དོན་ཚན་བཅུ་བདུན་པའི་སྐབས་ཀྱི་ལོ་རྒྱུས་ངོ་མ་གསལ་བཤད་བྱས་པ་དང་། མི་རིགས་ཁེ་དབང་རྣོ་ངར་ཆེན་པོས་རྩོད་མཁན་པན་ཆེན་མཆོག་གློ་བུར་དུ་སྐུ་གཤེགས་པ་དང་གཅིག། བོད་ནང་དུ་འོས་ལངས་བྱུང་བར་དྲག་གནོན་བྱས་པ་དང་གཉིས། རྒྱ་ནག་དམངས་གཙོའི་ལས་འགུལ་དྲག་གནོན་བྱས་པ་དང་གསུམ། རྒྱལ་སྤྱིའི་ཐོག་ནས་བོད་དོན་ལ་རྒྱབ་སྐྱོར་བླ་ལྷག་བྱུང་བ་དང་བཞི། རྒྱ་ནག་གི་སྲིད་དབང་ཕྱི་སྡོམ་ནང་འགལ་གྱི་རྣམ་པར་ལྷུང་བ་དང་ལྔ་བཅས་ཀྱི་མི་རིགས་ཀྱི་ཁེ་དབང་རྩོད་དྲག་པའི་དབང་གི་89ལོར་་རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་མཆོག་ཁྲི་འདོན་གྱི་ལོ་རྒྱུས་ལ་འཁྱོག་བཤད་བྱས་པར་ཁུངས་ལུང་བཙན་པའི་བསེད་དཀྲོལ་བྱས་པ་དང༌། བོད་ནི་རྒྱ་ནག་དབུས་གཞུང་དང་གྲོས་མཐུན་བཞག་པའི་གྲངས་ཉུང་མི་རིགས་གཅིག་པུ་དེ་ཡིན་པའི་དམིགས་བསལ་གནས་བབ་ངོས་འཛིན་དགོས་པའི་ཞུ་སྐུལ། 91ལོར་དབུས་གཞུང་ལ་གྲོས་མཐུན་དོན་ཚན་བཅུ་བདུན་གྱི་དོན་ཚན་སྤྱི་དང༌བོད་ཀྱི་ཆབ་སྲིད་ཀྱི་གནས་བབ་ལ་འགྱུར་བ་མི་གཏོང་བའི་དོན་ཚན་ཁག་ལག་བསྟར་དགོས་པའི་ཞུ་སྐུལ་བྱས་ལ། དེའི་རིང་དུ་རང་གི་བུ་གཅིག་རྒྱ་གར་དུ་བཏང་ནས་བོད་གཞུང་ལ་ལས་ཀ་བྱེད་དུ་བཅུག་པ་རེད། དེ་ནི་ལོ་རྒྱུས་ཀྱི་ཁ་ཕྱོགས་ལ་བལྟ་མཁས་ལ་སྔ་ཕྱི་བར་གསུམ་དུ་རང་འཚོ་རང་སྐྱོབ་ཐུབ་པ་གཙོར་འཛིན་པའི་ང་ཕོད་ལགས་ཀྱིས་རྒྱ་གཞུང་ལ་གདོང་གཏུག་བརྒྱབ་ནས་ལས་ཀ་རྩོམ་པ་ཐེངས་གཉིས་པ་རེད་ལ། དེ་ཡང་ཕྱིས་སུ་རང་ལ་ཕྱིར་བཤོལ་བྱེད་ས་ཡོད་པ་ཞིག་བཟོས་པ་རེད།
༧༽ ལོ་རབས་དགུ་བཅུ་པ་དང་ད་བར་དུ་རྒྱ་ནག་དམར་ཤོག་ཚོགས་པས་བློ་རྒུ་རྩལ་སྤྲུགས་ཀྱིས་རང་སྲིད་བརྟན་པོ་ཡོང་ཕྱིར་བསླུ་དགོས་པ་བསླུས། ཁེ་ཕན་གཏོང་དགོས་པ་བཏང་བ་སོགས་བྱས་ནས་མཐར་རུལ་སུངས་ཀྱི་རྣམ་པའི་ཐོག་ནས་མི་དམངས་ཕོངས་ལ་སྲིད་གཞུང་ཕྱུག་པའི་ལམ་ལ་བསྐྱོད་པ་དང་། རྒྱལ་སྤྱིའི་བཀག་སྡོམ་མང་པོ་ལས་སྒྲོལ་ནས་རྒྱ་ནག་དཔལ་འབྱོར་ཁེ་ཕན་སྟོབས་འབྱོར་རྒྱལ་ཁབ་དག་དང་མཉམ་དུ་ལོངས་སུ་སྤྱད་བཞིན་ཡོང་བ་རེད། དེའི་རིང་སྲིད་དབང་ཅུང་བརྟན་པ་དང་རྒྱ་ནག་དམར་གཞུང་གིས་བོད་དོན་ཟུར་དུ་བཞག་ནས་ཐག་གཅོད་བྱེད་འདོད་མེད་པའི་གནས་བབ་དེ་འདྲའི་འོག རྒྱ་ནག་གིས་རྒྱལ་སྤྱིའི་ངོ་སྲུང་ཕྱིར་རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་དང་ཁ་ཙམ་གྱི་གྲོས་མོལ་བྱེད་རིང་དུ་གོ་གནས་གལ་ཆེན་བཟུང་བའི་ང་ཕོད་ཀྱིས་ནུས་པ་གང་ཡང་བཏོན་མེད། པན་ཆེན་གཤེགས་རྗེས་རྒྱ་གཞུང་གིས་གྲང་བསང་བཏང་བའི་འབའ་པ་ཕུན་དབང་གིས་བོད་དོན་གྲོས་མོལ་ཐད་ལ་རང་ནུས་གང་ལྕོགས་ཀྱིས་རྒྱ་ནག་དབུས་གཞུང་གི་གཙོ་བདག་ལ་འཕྲིན་ཡིག་སྤྲིངས་བ་དང་། དཔོན་རིགས་ཁག་ལ་འཕྲིན་ཡིག་བཏང་ནས་བོད་དོན་ཐག་གཅོད་བྱེད་དགོས་པའི་ཧུར་བརྩོན་ཆེན་པོས་སྐུལ་ལྕག་བཏང་མོད། ང་ཕོད་ནི་དོན་གང་ཞིག་ལ་མགོ་འཁོར་གྱིན་ཡོད་པ་སུ་ལ་ཡང་བཤད་རྒྱུ་མེད་ལ། བོད་དོན་ཐད་བཀའ་བློན་ང་ཕོད་ལགས་ཀྱི་བཀའ་མོལ་གང་ཡང་ཐོས་རྒྱུ་མི་འདུག
༨༽08ལོར་བོད་དུ་འོས་ལངས་59ཚུན་གྱི་ཤུགས་དྲག་ཆེ་ཤོས་དེ་བྱུང་བ་དང་། ང་ཕོད་མི་མཐོང་རྒྱུ་མེད་ཀྱང་རྒྱ་གཞུང་གིས་ཁོང་གི་མིང་ཐོག་ནས་རྒོལ་གཏམ་ཚ་ཐག་ཆོད་ཅིག་བཏང་སོང་། ཀུན་གྱིས་ཟེར་ན་སྐབས་དེ་དུས་ང་ཕོད་བསྙུན་གཞི་བཞེས་ནས་མི་ངོ་མི་ཆོད་པའི་གནས་སུ་ལྷུང་ཡོད་པར་གྲགས་པ་དང་། རྒྱ་ནག་གཞུང་གིས་ཁོང་གི་མིང་གཡར་སྤྱོད་བྱས་པར་བཤད་ཡོད། དོན་དེ་ལས་ང་ཕོད་ཡང་རྒྱ་གཞུང་གི་ཆབ་སྲིད་ཀྱི་ལག་ཆ་སྤྱོད་བདེ་པོ་ཞིག་ལ་འགྱུར་བ་དང་ཁོང་རང་ལ་ཡང་བཤོད་དཀའ་བའི་སྙིང་ནད་ཅིག་ཡོད་ངེས་པ་རེད།
༩༽ 09ལོའི་ལོ་མཇུག་ཏུ་ང་ཕོད་སྐུ་ཞིང་ལ་ཕེབས་པ་རེད། པན་ཆེན་རིན་པོ་ཆེ་གློ་བུར་གཤེགས་པས་ཁོང་གི་རང་རྣམ་མཐོང་རྒྱུ་མེད་མོད། ཁོང་གི་ཕྱག་ལས་ཁག་ལས་ཁོང་ནི་བོད་ལ་ཤ་ཞེན་ཆེ་བ་དང་ལ་རྒྱ་བརྩི་མཁན་རྒྱ་གཞུང་ལ་གཉའ་མི་གུག་མཁན་ཐུགས་དྲང་པོ་ལྷག་བསམ་དཀར་བ་ཞིག་ཡིན་པ་ཚང་མས་ཤེས་ཀྱི་ཡོད། འབའ་པ་ཕུན་དབང་གིས་རང་ཉིད་ལོ་རྒྱུས་ཀྱི་མི་སྣ་ཞིག་ཡིན་པའི་ཐོག་ནས། རང་གི་གང་བྱས་གང་བསམ་རང་ཉིད་རིག་པ་གསལ་དུས་རང་དབང་རྒྱལ་ཁབ་ཀྱི་ལོ་རྒྱུས་འབྲི་མཁན་ཞིག་བརྒྱུད་ནས་ལེགས་པར་བཤད་ཡོད། འོན་ཀྱང་ང་ཕོད་ཀྱིས་རང་གི་ལོ་རྒྱུས་ཟེར་བའི་དེབ་ཅིག་བཞག་མེད། ཀུན་གྱིས་བཤད་པར་བལྟས་ན། ང་ཕོད་ཀྱིས་རང་གི་རྟོགས་བརྗོད་བྲི་ཡི་ཡོད་པར་བརྗོད་མོད། ཁོ་རང་གི་ཐུགས་ལ་རང་གི་ལོ་རྒྱུས་བྲི་འདོད་པའི་བསམ་པ་བྱུང་ནས་ཁོང་རང་རང་གིས་ལོ་རྒྱུས་བྲི་འགོ་བརྩམས་པ་ཡིན་ནམ་ཡང་ན་རྒྱ་ནག་དམར་གཞུང་གིས་ཁོང་རང་རིག་པ་གསལ་དུས་རྒྱ་ནག་དམར་གཞུང་ལ་ཕན་པའི་ལོ་རྒྱུས་ཤིག་བཞག་ཐུབ་ན་བསམས་ནས་སྐུལ་སློང་བྱས་ནས་བྲི་འགོ་བརྩམས་པ་ཡིན་པ་ད་ཆ་སུ་ཡིས་ཀྱང་བཤད་དཀའ། དོན་དུ་ཁོང་སྐུ་གཤེགས་ཚར་ཀྱང་ཁོང་གི་རྟོགས་བརྗོད་དེབ་མི་རྣམས་ཀྱི་མིག་མདུན་དུ་མཐོང་རྒྱུ་མེད། དེ་ཡང་ང་ཕོད་ཀྱིས་རྒྱ་ནག་གཞུང་དང་བོད་གཞུང་གཉིས་ཀར་ཕན་པ་མ་སྒྲུབ་ལ་གནོད་ཡང་མི་བསྐྱལ་བའི་བྱེད་སྟངས་ཤིག་རེད། ལངས་ཕྱོགས་མི་གསལ་བའི་དོན་དེས་ཀུན་གྱིས་ཁོང་གི་བྱེད་སྟངས་ལ་རང་ལ་དཔགས་པའི་ཚོད་དཔག་དང་འགྲེལ་བརྗོད་རེ་བྱེད་བཞིན་ཡོད་ལ། དེས་ཁོང་དང་ཁོང་གི་བུ་རབས་ཚ་རྒྱུད་ལ་ཕན་པ་ཞིག་ཡིན་པ་བརྗོད་མི་དགོས་པ་ཞིག་རེད།
མདོར་ན་ང་ཕོད་ངག་དབང་འཇིགས་མེད་ནི་ལོ་རྒྱུས་ཀྱི་འགག་རྩ་མང་པོ་ཞིག་བརྒྱུད་མྱོང་བའི་མི་དྲག་གལ་ཆེན་ཞིག་ཡིན་པ་དང་། བོད་གཞུང་དུས་སུ་བཀའ་བློན་གནང་མྱོང་བ་དང་། རྒྱ་ནག་གཞུང་གི་འོག་ཏུ་གྲངས་ཉུང་མི་རིགས་ལ་སྟེར་བའི་གོ་གནས་མཐོ་ཤོས་ཐོབ་མྱོང་བ། དགུང་གྲངས་བརྒྱ་ཡི་རིང་དུ་ཆབ་སྲིད་ཀྱི་འགྱུར་བ་མང་པོ་འཕྲད་ཡང་སྡུག་གཅོད་ཆེན་པོ་མྱངས་མེད་ལ་རང་མགོ་ཡག་པོ་ཐོན་པ། ལོ་རྒྱུས་ཐོག་མི་དེ་གང་འདྲ་ཞིག་ཡིན་པའི་ཐད་ལ་རྩོད་གླེང་དང་དོགས་གཞི་མང་པོ་བཞག་ནས་ཁ་ངོ་མི་གསལ་བ་ཞིག་རེད། དེས་ན་ཁོང་ནི་གང་འདྲ་ཞིག་ཡིན་མིན་ང་ཚོས་རང་སྣང་གང་བཤད་བྱེད་མི་ཉན་པར་ལོ་རྒྱུས་ཀྱི་དོན་དངོས་ལ་གཞིགས་ནས་བཤད་དགོས། ལེགས་པ་རྐྱང་རྐྱང་བཤད་ན་མི་འགྲིག་ལ་ཉེས་པ་རྐྱང་རྐྱང་བགྲང་ཡང་ཐལ་ཆ་ཆེ། དུས་ཀྱི་གནས་བབ་དང་མི་སྣའི་གཤིས་ཚུགས་བསམ་སྤྱོད་ལ་དཔྱད་དཔོག་གིས་གདེང་ཞིག་བརྒྱབ་ན་ཅུང་འཚམ་པ་ཡོད་ངེས། མ་མཐར་ཡང་གཞན་གྱི་ཟེར་སྒྲོས་རྗེས་ལ་རང་བློ་ཤོར་གྱི་མ་རེད།
ང་ཕོད་གྲོངས་པའི་གཏམ་དེ་བོད་ཕྱི་ནང་ཀུན་ཏུ་གྲགས་པ་དང་བོད་མི་དག་གིས་དེ་ལ་གདེང་འཇོག་སྣ་ཚོགས་བྱེད་བཞིན་འདུག་ལ། ཐོག་མར་ཁོང་ལ་དམའ་འབེབས་དང་ཚིག་མཚོན་འདེབས་མཁན་མང་མོད། ཕྱིས་སུ་ཁ་ལོ་ཡོངས་སུ་བསྒྱུར་ནས་ཆེ་བསྟོད་དང་བྱས་རྗེས་ཁོ་ན་བཤད་མཁན་གྱིས་ཁེངས་པ་མ་ཟད། ཐ་ན་ད་ཆ་ཁོང་ལ་ཉེས་པའི་ཆ་ཕྲན་བུ་བཤད་པ་ཙམ་གྱིས་ཀུན་གྱིས་ཁ་རྡུང་གཏོང་གིན་འདུག
དོན་ངོ་མར་ད་ཆ་དཔྱད་པ་བྱེད་མཁན་མང་པོ་ཞིག་གིས་ཁོང་ནི་བོད་མིའི་དཀྱིལ་ནས་ཤེས་རབ་ཆེ་བ་དང་། དཔའ་སྟོབས་ཆེ་བ། ལ་རྒྱ་ཆེ་བ། སྔ་ཕྱི་བར་གསུམ་དུ་བོད་ཀྱི་ཁེ་ཕན་ཁོག་ཏུ་བཅངས་ནས་བོད་མིའི་དོན་ཁོ་ནར་འབད་པ་མཛད་མཁན། ལོ་རྒྱུས་ཀྱི་འགག་རྩའི་དུས་སྐབས་གང་ན་ཐུག་ཀྱང་བོད་ཀྱི་དོན་དུ་དྲང་གཏམ་བརྗོད་ནུས་མཁན། བོད་ཀྱི་དོན་དུ་རྒྱ་གཞུང་ལ་ཅོག་ཙེ་བརྡུང་ཕོད་མཁན། བོད་ཀྱི་དོན་དུ་ཆབ་མདོར་གོ་མཛོད་མེ་བསྲེགས་བཏང་མཁན་སོགས་སུ་བཤད་ནས་ཆེ་བསྟོད་ནམ་མཁར་མི་གཤོང་བ་བྱེད་པ་མ་ཟད། ཐ་ན་59འོས་ལངས་སྐབས་སུ་རྒྱ་མིའི་དམག་ཁང་ལ་རྒྱབ་རྟེན་བཅོལ་དུས་རྒྱལ་བ་རིན་པོ་ཆེར་ཡི་གེ་ཞིག་སྤྲིངས་པ་དེ་ཡང་གོང་ས་དབུས་པའི་བོད་གཞུང་ལ་གསང་བརྡ་སྐྱེལ་བར་བརྗོད་པ་སོགས་ང་ཕོད་ཀྱིས་གང་བྱས་ཚང་མ་བོད་ལ་ཕན་པ་དང་བོད་ལ་བསམ་པ། བོད་པ་གཅེས་པ་ཁོ་ནར་སྒྲུབ་པ་དེ་ནི་ཅི་འདྲའི་དགོད་ཤོར་དགོས་པ་ཞིག་རེད་ཨང་།
ཉིན་ཤས་གོང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་གྱི་གཏམ་གླེང་ལེ་ཚན་ནང་དུ་ཡང་ཟླ་བ་ཚེ་རིང་དང་གཞན་གཅིག་གིས་དོན་ལ་སྨིན་པའི་དཔྱད་པ་འོས་འཚམ་ཞིག་གནང་བ་དང་ཕུད། ང་ཕོད་ལ་བསྟོད་བསྔགས་ཁོ་ནས་ཁེངས་པ་དང་། སྐུ་མགྲོན་གྱིས་རང་གི་དཔོག་ཚོད་བཞིན་དཔྱད་པ་འཚམ་པོ་ཞིག་བྱས་ནས་དགོས་ངེས་ཀྱི་བསམ་གཞིགས་བྱ་གཞི་དང་དོགས་གཞི་འཇོག་བསམས་རུང་། ལེ་ཚན་གཙོ་སྐྱོང་པས་དོན་ཁ་བསྟོད་པའི་ཕྱོགས་སུ་ཁྲིད་གང་ཐུབ་བྱས་(ང་ཕོད་འཇིགས་མེད་རང་དབང་རླུང་འཕྲིན་གྱི་འགོ་ཁྲིད་ཡིན་པའི་དབང་གིས་སྒེར་གྱི་ངོ་སྲུང་ཆེད་དུ་ཡིན་གྱི་མ་རེད་པཱ)པས་མཐའ་མཇུག་གདེང་འཇོག་དེ་ཆེ་བསྟོད་ཐལ་ཆ་ཆེ་བའི་རྗེས་སུ་རྒྱུགས་པས། སྐུ་མགྲོན་གྱི་ཐོག་མའི་སྐུལ་སློང་དང་གདེང་འཇོག་ཆུ་ཚད་ལེགས་པོ་ཡོད་མོད་ཀྱང་། ལེ་ཚན་འགོ་ནས་མཇུག་བར་བསྟོད་པ་ཁོ་ན་བྱ་རྒྱུ་དམིགས་པ་བྱས་པའི་རྐྱེན་གྱིས་དཔྱད་གླེང་གི་ཆུ་ཚད་དེ་ཡང་རིམ་པ་ཁ་ཤས་མར་ཆག་པས་ཡིད་ཕམ་དགོས་པ་ཞིག་ཆགས་སོང་།
ང་ཕོད་ཀྱི་བྱས་རྗེས་ཇི་ཙམ་ཞིག་ཁས་ལེན་དགོས་པ་ནི་བོད་གཞུང་གི་གསལ་བསྒྲགས་ནང་དུ་ཁ་གསལ་འཁོད་ཡོད་པ་དང་། དེ་ལས་ལྷག་པའི་མཛད་རྗེས་བོད་གཞུང་གིས་མ་མཁྱེན་པ་ཡོད་ན། གསལ་འདེབས་དང་ཡོངས་གྲགས་བྱས་ཆོག རང་དབང་རླུང་འཕྲིན་ལྟ་བུ་དོན་དངོས་སུ་གཞུང་ཕྱོགས་ཀྱི་ལངས་ཕྱོགས་དང་དཔྱད་གདེང་མ་ཡིན་པས་སྐུ་མགྲོན་རང་རང་སོ་སོའི་ལྟ་བ་གཙིགས་ཆེར་འཛིན་གལ་ཆེ་ལ། བོད་མིའི་ཁྲོད་དུ་ཡང་ང་ཕོད་ལ་ལྟ་སྟངས་ཐ་དད་ཕྱོགས་གཉིས་སུ་ལྷུང་བའི་རྣམ་པ་ཞིག་མངོན་སུམ་དུ་གནས་ཡོད་པ་དེ་དོན་དངོས་ཡིན་པས་ཕྱོགས་དེ་གསལ་སྟོན་ཐོག ཅུང་ཟད་གཙོ་འཛིན་གྱི་ལྟ་བས་ཁ་ལོ་སྒྱུར་བ་ཙམ་གྱི་ཆོག་པ་ཡིན། ཡིན་ནའི་དོན་དངོས་གང་ཡིན་མ་ཤེས། རང་དབང་རླུང་འཕྲིན་གྱིས་ཐལ་ཆ་ཆེ་བའི་གདེང་འཇོག་བྱས་པ་དེ་ཡིས་བོད་མི་ཕྱི་ནང་ཀུན་གྱི་ཀླད་པ་རྙོག་ཏུ་འཇུག་འདུག
ང་ཕོད་གང་འདྲ་ཞིག་ཡིན་མིན་ཐད་སྲིད་ཕྱོགས་ཀྱི་མི་སྣ་གལ་ཆེན་དང་སྲིད་དོན་ལ་སྣང་འཇོག་ཆེ་བ་ཚོ་ཕུད་པའི་ཕྱི་བཞུགས་བོད་མི་ཕལ་མོ་ཆེ་ལས་ང་ཕོད་དང་འབྲེལ་འདྲིས་ཆེ་ཕྲ་བྱུང་མྱོང་བའི་བོད་ནང་དང་རྒྱ་ནག་ཏུ་ཞུགས་མཁན་ཚོས་གསུང་བའི་བཀའ་མོལ་ལ་བདེན་ཁ་ཆེ་བ་ཡོད་པ་ནི་བརྗོད་མེད་རེད། ང་རང་བོད་དུ་ཡུན་རིང་བསྡད་མྱོང་ལ། རྒྱ་གཞུང་གི་སྲིད་ཀྱི་འགྱུར་བ་མང་པོ་ཡང་བརྒྱུད་མྱོང་བའི་མི་ཞིག་ཡིན། ཕྱི་བཞུགས་བོད་མི་ཕལ་མོ་ཆེས་རྒྱ་ནག་གཞུང་དེ་49ལོར་བཙུགས་པ་ནས་ད་ལྟ་བར་དུ་ངོ་བོ་གཅིག་ལ་ངོས་འཛིན་གྱིན་ཡོད་མོད། དོན་དངོས་ཐོག་རྒྱ་ནག་གཞུང་དེ་ནི་ངོ་རིས་དང་ངོ་བོ་མང་པོ་བརྗེས་པའི་སྲིད་གཞུང་དཔྱིད་ཀའི་གནམ་ལྟ་བུ་ཞིག་ཡིན་པ་གོ་གཏན་ནས་ཚོས་ཀྱི་མི་འདུག མི་རྣམས་ཀྱིས་རྒྱ་ནག་གི་སྲིད་ཀྱི་ཁོར་ཡུག་འགྱུར་བ་བྱུང་བར་གཏན་ནས་མ་བལྟས་པར་ང་ཕོད་ཀྱི་གཏམ་དེ་ཚོ་ཉན་དུས་ཁོང་རང་དཔའ་ཆེ་མདོག་དང་ལ་རྒྱ་ཆེ་མདོག་ཐ་ན་བོད་མིའི་དོན་དུ་རྩོད་ནུས་མཁན་འཛིང་ཕོད་མཁན་ཞིག་ཏུ་མཐོང་བ་རེད། འོན་ཀྱང་དོན་དངོས་ཐོག་ང་ཕོད་ཀྱི་གཏམ་སྤྱོད་མང་པོ་ཞིག་སྲིད་ཀྱི་རླུང་བུའི་འགྱུར་བ་དང་བསྟུན་ནས་བྱུང་བ་ཞིག་རེད། དེས་ན་ངས་འདིར་རྒྱ་གཞུང་གི་སྲིད་ཇུས་འགྱུར་བ་སྐོར་མདོ་ཙམ་བཤད་པར་འདོད།
དེང་གི་རྒྱ་ནག་དམར་ཤོག་སྲིད་གཞུང་དེ་ནི་1949ལོར་སྐྱེས་པ་དང་། མའོ་ཙེ་ཏུང་གིས་གཙོ་བདག་བྱས་ནས་རྒྱུ་ནོར་མཉམ་བདག་གི་ལྟ་བ་བཟུང་སྟེ་འབྱོར་མེད་གྲལ་རིམ་གྱིས་སྲིད་དབང་འཛིན་པ་རེད། ལོ་རབས་ལྔ་བཅུ་པའི་དུས་དཀྱིལ་ནས་འགོ་ཚུགས་ཏེ་སྲིད་དབང་སྒེར་འཛིན་ཐུབ་ཕྱིར། དམར་ཤོག་ཚོགས་པས་ཁ་སྔོན་རྒྱལ་ཁབ་བཙུགས་པར་རྒྱབ་སྐྱོར་དང་ནུས་པ་ཆེན་པོ་བཏོན་པའི་དམངས་གཙོའི་ཤོག་ཁག་དག་ལ་རྡུང་རྡེག་བཏང་བ་དང་། དམངས་གཙོ་དང་འདྲ་མཉམ་རང་དབང་ལ་དད་མོས་ཆེ་བའི་ཤེས་ལྡན་པའི་དཔུང་ཁག་ལངས་རྒྱུ་མེད་པ་ཞིག་བཟོས་པ་རེད། དེ་རྗེས་དམར་ཤོག་ཚོགས་པའི་ནང་ཁུལ་དུ་དབང་ཆ་འཕྲོག་རྩོད་ཆེན་པོ་ཞིག་བྱུང་བས་མའོ་ཙེ་ཏུང་གིས་རང་གི་རྒྱལ་པོའི་གོ་གནས་མི་ཤོར་བའི་ཆེད་དུ་1966ལོར་རིག་གནས་གསར་བརྗེ་ཆེན་པོ་བསླངས་ནས་ནང་ཁུལ་གྱི་རང་ལ་ངོ་ལོག་འདོད་མཁན་དང་དབང་ཆ་ཆེ་བ་ཚང་མ་གསོད་དགོས་པ་བསད། གནས་དབྱུང་གཏོང་དགོས་པ་གནས་དབྱུང་བཏང་། སྡུག་ཐང་གཅོད་དགོས་པར་སྡུག་པོ་བཏང་བ་རེད། འོན་ཀྱང་མའོ་ཡིས་རྡིབ་འདོད་པའི་ཀྲོའུ་ཨེན་ལེ་སྲིད་ཕྱོགས་ནས་གནས་དབྱུང་བཏང་མ་ཐུབ་པས་མཐར་འཆི་བདག་གི་ཞགས་པ་མའོ་ཡིས་བཟུང་ནས་གཤིན་རྗེའི་དྲུང་དུ་བསྐྱལ་རྗེས་1976ལོར་མའོ་ཡང་རང་གི་ལས་འགན་སྒྲུབ་པ་བཞིན་ཀྲོའུ་ཤི་རྗེས་བློ་ཁ་ཚིམ་པོའི་ངང་ནས་དབང་ཆ་ཧྭ་གོ་ཕེང་ལ་བཞག་ནས་ཀྲོའུ་ཡི་རྗེས་སུ་འབྲངས། མའོ་ཡིས་གཙོ་བདག་བྱས་པའི་རིང་དུ་རྒྱ་ནག་དེ་ནི་སྲིད་དབང་སྒེར་གཅོད་དང་མང་ཚོགས་འཚོ་བ་སྐྱོ་བ། སྲིད་ཇུས་གཡོན་ཐལ་ཆེ་བ། ལས་གང་ཞིག་བྱས་ཀྱང་མགོ་འབུར་བ་ཙམ་གྱིས་ཞྭ་མོ་ཆེ་ཐག་ཆོད་ཅིག་གིས་སྒུག་བསྡད་ཡོད་པའི་དུས་ཤིག་ཡིན། 1978ལོར་ཏེང་གིས་གཙོས་པའི་མའོ་ཡི་མགོ་གནོན་བྱས་པའི་དཔོན་ཧྲག་རྙིང་པ་དག་གིས་བསྐྱར་དུ་དབང་ཆ་ཚུར་འཕྲོག་པ་དང་བསྒྱུར་བཅོས་སྒོ་འབྱེད་ལ་བརྟེན་ནས་སྲིད་ཀྱི་ཁ་ལོ་འཛིན། ལོ་རབས་བརྒྱད་ཅུའི་སྐབས་དེར་ཧུ་ཡོ་པང་གིས་གཙོ་བདག་བྱས་པ་དང་ཁོ་པས་གུང་ཁྲན་ལྟ་བ་གཙང་མ་ཞིག་སྐྱོང་འདོད་པ་དང་དམངས་གཙོ་དང་མི་རིགས་རང་སྐྱོང་སོགས་པ་དོན་དུ་གནས་པ་ཞིག་བྱེད་འདོད་པའི་བསམ་སྤྱོད་མང་པོ་སྤེལ། ཁོ་པས་དབང་ཆ་འཛིན་པའི་རིང་དུ་སྲིད་ཇུས་ལྷུག་ཆ་ཆེ་ཤོས་དང་། དམངས་དང་མི་རིགས་ལ་ཕན་པའི་སྐད་ཆ་བཤད་མཁན་ལ་ཆ་འཇོག་ཆེ་བ། བོད་ཀྱི་གནད་དོན་ལ་ཡང་གྲོས་མོལ་དང་ཐག་གཅོད་བྱེད་པའི་ལྷག་བསམ་ཡོད་ལ་དོན་དུ་བབ་པའི་བྱ་བ་ཡང་མང་པོ་སྒྲུབ་ཡོད། དེ་རྗེས་ཧུ་ཡོ་པང་གི་ལས་ཀ་སྤེལ་ཚུལ་དེར་དཔོན་ཧྲག་རྙིང་པ་ཏེང་ལ་སོགས་པ་མ་འདོད་པར་ཁོ་པ་གནས་དབྱུང་བཏང་ལ་ཀྲོ་ཙེ་དབྱང་གཙོ་བདག་ལ་བསྐོས། སྐབས་དེར་དམར་ཤོག་ཚོགས་པའི་ནང་དུ་དམངས་གཙོའི་ལམ་དུ་འགྲོ་འདོད་པའི་སྟོབས་ཤུགས་ཆེན་པོ་ཞིག་དང་སྔར་གྱི་དབང་ཆ་སྒེར་གཅོད་ལ་བློ་གཏོད་པའི་སྟོབས་ཤུགས་ཆེན་པོ་ཞིག་ཆགས་ནས་ཁྱོད་ཤི་ང་གསོན་གྱི་འགལ་ཟླ་རྣོ་ངར་ཞིག་གྲུབ། མཐའ་མཇུག་89ལོའི་སློབ་མའི་ལས་འགུལ་ཐོག་འགལ་ཟླ་དེ་མངོན་གསལ་ཕྱིར་ཐོན་པ་དང་ངོ་གཏུག་གདོང་ལེན་གྱི་འཐབ་རྩོད་བྱས་མཐར་ཏེང་གིས་གཙོས་པའི་དཔོན་རྙིང་རྒན་གྲས་ཕྱོགས་ཀྱིས་དྲག་དམག་སྤྱད་ནས་དམངས་གཙོའི་སྲོག་ཁ་བཅད། ལོ་རབས་དགུ་བཅུའི་རིང་དང་ཉིས་སྟོང་ལོའི་རིང་དུ་རྒྱ་ནག་སྲིད་གཞུང་སླར་ཡང་གོམ་པ་ཕྱིར་བཤོལ་གྱིས་དཔལ་འབྱོར་འཕེལ་རྒྱལ་གཏོང་བའི་ལས་ཁོ་ནར་ཞུགས་ནས་སྲིད་དབང་སྒེར་གཅོད་ལ་སྲུང་སྐྱོབ་བྱས་ནས་ད་བར་བསྡད་པ་རེད། དེའི་རིང་དུ་རྒྱ་ནག་དམར་ཤོག་ཚོགས་པ་ནི་རང་འཚོ་གནས་དང་སྲིད་དབང་སྒེར་འཛིན་ཐུབ་ཕྱིར། རང་ལ་ཕོག་ཐུག་དང་ཉེན་ཁ་ཕྲན་བུ་བཟོ་མཁན་ཡོད་ཚད་ཐམས་ཅད་འཆམ་ལ་ཕབ་ནས་སྙིང་རྗེ་སྤུ་ཙམ་མེད་པར་སྨྱོ་ཧམ་ཆེན་པོས་རྡུང་རྡེག་དང་རྩ་མེད་བཟོ་བ་རེད། དེ་ནི་རྒྱ་ནག་དམར་ཤོག་དབུས་གཞུང་དེའི་ལོ་རྒྱུས་མདོར་བསྡུས་ཤིག་རེད། དེ་ནས་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལ་དཔགས་ནས་ང་ཕོད་ཀྱི་གཏམ་སྤྱོད་ལ་གདེང་འཇོག་བྱས་ན་ང་ཕོད་ཀྱི་ངོ་རིས་ཅུང་ཁ་གསལ་བ་ཞིག་མཐོང་ཐུབ་པ་རེད། འདིར་གཙོ་དོན་ཁ་ཤས་ཤིག་གླེང་རྒྱུ་ཡིན།
༡༽51ལོར་ཆབ་མདོའི་དམག་ཤོར་བ་དང་དེ་རྗེས་བོད་གཞུང་གི་བཀའ་བློན་ཡིན་པའི་ཐོག་ནས་པེ་ཅིང་དུ་གྲོས་མོལ་བྱེད་པར་ཕྱིན། སྐབས་དེ་དུས་ང་ཕོད་གཙོས་པ་ནི་བོད་གཞུང་གི་སྐུ་ཚབ་ཡིན་པ་དང་པེ་ཅིང་དུ་གྲོས་མོལ་བྱེད་རིང་དུ་བོད་ལ་ཁེ་ཕན་གང་ཆེ་རྩོད་པའི་ལས་བརྩམས་པ་དང་། རྒྱ་ནག་གཞུང་གིས་མགོ་གནོན་དང་ཁ་དང་ཞལ་ཐུག་པའི་ལས་གཏུམ་པོ་རྩོམ་དུས། ཁོང་ཚོས་ཐམ་ག་གསར་པ་བརྒྱབ་པ་དང་མིང་འབྲི་ནོར་བྱས་པའི་མི་འདོད་པ་དང་ཕྱིས་སུ་གྲོས་མཐུན་རྩིས་མེད་གཏོང་བར་རྩོད་གཞི་བཞག་པ་རེད། འོན་ཀྱང་སྐབས་དེ་དུས་ང་ཕོད་ཀྱིས་རྒྱལ་བ་རིན་པོ་ཆེ་རྒྱ་གར་དུ་བཙན་བྱོལ་ཕེབས་ངེས་པ་དང་བོད་དེ་རྒྱ་ནག་གཞུང་གིས་དབང་འོག་ཏུ་ཡོངས་སུ་བཙན་གྱིས་འཇུག་ངེས་པ་སོགས་གཏན་ནས་ཤེས་ཀྱི་མེད་པར། དེ་ལས་ལྡོག་ཏེ་སྐབས་དེའི་ང་ཕོད་ཀྱིས་གྲོས་མཐུན་དེ་བཞག་ཡང་བོད་དེ་རྒྱ་མིས་བཙན་ལེན་བྱས་པ་ཞིག་དང་བོད་དེ་ད་དུང་རྒྱ་ནག་གཞུང་དང་གོ་བབ་འདྲ་བའམ་ཅུང་དམའ་ཡང་སྐད་ཆ་བཤད་ས་དང་ལངས་ས་རྩོད་ས་ཞིག་ཡོད་ལ། རང་རང་ལ་བདག་པའི་སྲིད་གཞུང་ཞིག་ཡོད་པར་སྙམ་བཞིན་ཡོད། དེ་སྔོན་བོད་ཀྱི་ལོ་རྒྱུས་ཐོག་ཏུ་རྒྱ་ནག་གཞུང་གིས་བོད་ཡོངས་སུ་དབང་དུ་བསྡུས་ནས་རྒྱ་ནག་གཞུང་གི་ལས་མིས་སྲིད་དབང་གི་ཁ་ལོ་སྒྱུར་མྱོང་གཏན་ནས་མེད་པས། ཕྱིས་སུ་ལོ་རྒྱུས་ཀྱི་འཕེལ་ཕྱོགས་དེང་གི་འདི་འདྲ་ཞིག་ཡིན་པ་ནི་ང་ཕོད་སྐྱེས་ཕལ་དེས་ག་ལ་བསམ་ཚོད་བྱེད་ཐུབ། དེས་ན་ང་ཕོད་ཀྱི་ཐམ་ག་དངོས་མ་བཏབ་པ་དེས་ཕྱིས་སུ་བོད་དོན་རྩོད་པར་ཕན་པ་དང་གླེང་གཞི་ཞིག་ཡོད་མོད། དེ་ནི་ཁོང་རང་ཆབ་སྲིད་པ་ཞིག་གི་སྤྱང་གྲུང་དང་བློ་རིག་ཡིན་ལ། སྐབས་དེ་དུས་གྲོས་མོལ་ལ་ཕེབས་མཁན་སྐུ་ཚབ་ཚོགས་པ་ཀུན་གྱི་བྱས་པ་ཞིག་ལ་དྲངས་ཆོག་པ་ཡིན།
༢༽59ལོར་ང་ཕོད་རྒྱ་མིའི་དམག་ཁང་ལ་རྒྱབ་རྟེན་བཅོལ་རྗེས་རྒྱལ་བ་རིན་པོ་ཆེར་ཕྱག་ཡིག་ཅིག་སྤྲིངས་ནས་རང་ཉིད་གང་དུ་བསྡད་ཡོད་མེད་དང་ས་ཁྲ་བཅས་པ་གོང་ས་མཆོག་ལ་ཞུས་པ་རེད། སྐབས་དེར་རྒྱ་ནག་གཞུང་གིས་རྒྱལ་བ་རིན་པོ་ཆེ་རྒྱ་ཕྱོགས་འཐེན་ཐུབ་པ་བྱུང་ན་བོད་ཀྱི་མང་ཚོགས་རྒྱ་ཕྱོགས་སུ་འཐེན་ཐུབ་པར་ངོས་འཛིན་པ་དང་། དེ་ནས་རྒྱ་ལ་རྒྱབ་གཏོད་བྱེད་མཁན་བོད་གཞུང་གི་ལས་སྣ་དང་བོད་མི་དག་གཙང་མ་བཟོ་རྩིས་ཡོད། གནས་བབ་དེ་འདྲ་ཞིག་གི་འོག་ཏུ་ང་ཕོད་ཀྱིས་རྒྱལ་བ་རིན་པོ་ཆེ་ལ་ཡི་གེ་དེ་འདྲ་ཞིག་བཏང་བ་ནི་རྒྱ་གཞུང་གི་སྐུལ་སློང་འོག་བཏང་བ་ཡིན་པ་བསམ་པ་ཙམ་གྱིས་ཤེས་ནུས་ཏེ། ང་ཕོད་ཀྱིས་རང་དང་ནང་མིའི་སྲོག་འགོ་རྒྱ་དམག་ལ་བཅོལ་ཡོད་པའི་འཆི་གསོན་གྱི་གནས་བབ་ཛ་དྲག་དེ་འདྲ་ཞིག་གི་འོག་ཏུ། རྒྱ་གཞུང་ལ་རྒྱབ་གཏོད་ཀྱིས་རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་ལ་གསང་བརྡ་བཏང་བ་རེད་ཟེར་བ་ནི་ཁུངས་ལུང་མེད་པ་ཞིག་རེད། ང་ཕོད་ཀྱིས་འཕྲིན་འདི་གཏོང་བའི་དམིགས་ཡུལ་ནི་ང་བདེ་འཇགས་ཆེ་ས་འདི་ལ་བསྡད་ཡོད། གོང་ས་མཆོག་ཉེན་གཡོལ་དུ་ཕེབས་འདོད་ན་ང་སྡོད་སར་ཕེབས་ཤོག་ཟེར་བ་དེ་ཡིན། རྒྱ་ནག་གཞུང་གིས་ཐོག་མཐའ་བར་གསུམ་དུ་རྒྱལ་བ་རིན་པོ་ཆེ་རྒྱ་ཕྱོགས་སུ་འཐེན་གང་ཐུབ་བྱེད་བཞིན་ཡོད་ལ། ཐ་ན་མཐའ་མའི་གདོང་གཏུག་མ་བྱས་གོང་དུ་ཡང་ང་ཕོད་བརྒྱུད་ནས་རང་གི་ཧམ་སེམས་དེ་འགྲུབ་ཐབས་བྱས་པ་ཞིག་རེད།
༣༽ལོ་རབས་དྲུག་ཅུའི་ནང་དུ་པན་ཆེན་མཆོག་གིས་བོད་མིར་སྡུག་པོ་འདི་འདྲ་ཐུག་པ་དང་བོད་མིའི་ཁེ་དབང་ཐམས་ཅད་ཤོར་བ་མཐོང་དུས་རང་གི་བདེ་སྡུག་ལ་མ་བསམས་པར་ཡིག་འབྲུ་ཁྲི་བདུན་བྲིས་ནས་ཡིག་ཐོག་ནས་རྒྱ་ནག་དབུས་གཞུང་ལ་རྩོད་པ་གནང་བ་རེད། སྐབས་དེར་ང་ཕོད་ཀྱིས་པན་ཆེན་ལ་གོ་བསྐོན་བསླབ་བྱ་བྱས་པ་ལས་བོད་དོན་ལ་རྒྱབ་སྐྱོར་ཙམ་ཡང་བྱས་མེད། ང་ཕོད་ནི་རང་གི་སྲོག་འགོ་ཐོན་ན་ཆ་ལུགས་ཉེས་ཀྱང་ཉེས་པའི་བསམ་བློ་དེ་རང་སེམས་ལ་ངེས་ཡོད། པན་ཆེན་མཆོག་འདི་ལྟར་མི་རིགས་རིང་ལུགས་ཀྱི་བསམ་པ་ཆེ་དྲག་པས་བཙོན་ལ་ལྷུང་། འབའ་པ་ཕུན་དབང་ཡང་ཚོགས་ཆེན་ཐོག་མི་རིགས་རིང་ལུགས་ཀྱི་སྐད་ཆ་བཤད་འདུག་ཟེར་བའི་ཉེས་པ་ཕོག་ནས་བཙོན་དུ་འཕེན། འབའ་པ་ཕུན་དབང་གི་ལོ་རྒྱུས་ནང་དུ་ཁོང་རང་ལ་མ་ཉེས་ཁ་གཡོགས་བྱ་བྱེད་ཀྱི་ཚོགས་ཆེན་དེའི་ནང་ང་ཕོད་ཀྱང་ཡོད་པ་གསུངས་ཡོད། དེ་ལས་ང་ཕོད་ཀྱིས་འབའ་པ་ཕུན་དབང་ལ་དཀར་འདོན་བྱེད་རོགས་བྱས་མེད་པ་དང་ཐ་ན་དྲང་པོའི་གཏམ་ཞིག་ཀྱང་བཤད་ཕོད་མེད་པ་རེད། དེ་ལས་ང་ཕོད་ཀྱིས་རྒྱ་ནག་དབུས་གཞུང་གི་ངོ་ལ་བལྟས་ནས་རང་མགོ་གང་ཐོན་གྱི་ལས་ཀའི་ཚུགས་ཀ་འཛིན་པ་གསལ་པོ་རེད།
༤༽ རིག་གནས་གསར་བརྗེའི་རིང་དུ་བོད་ཀྱི་དབང་གྲགས་ཆེ་བའི་མི་དྲག་ཚང་མར་རྡུང་རྡེག་དང་སྡུག་གཅོད་ཕོག་པའི་རིང་དུ་ང་ཕོད་གཅིག་པུ་གོད་ཆག་དེ་ལས་ཐར་བ་རེད། བཤད་ཡམས་ལ་ང་ཕོད་ནི་ཀྲོ་ཨེན་ལེས་སྐྱོབ་སོང་བར་གྲགས། དེ་འདྲ་ཡིན་ན་ཀྲོ་ཡིས་ང་ཕོད་གཅིག་པུ་སྐྱོབ་པ་ལས་བོད་ཀྱི་མི་དྲག་གཞན་པ་ཚོ་མི་སྐྱོབ་དོན་གང་ཡིན་ནམ། བོད་ནང་དུ་ཡོད་པའི་སྲིད་ཕྱོགས་ཀྱི་ལོ་རྒྱུས་མི་སྣ་ཆེ་བ་གསུམ་ལས་ཁོང་གཅིག་པུ་སྐྱོན་གང་ཡང་མེད་པར་བདེ་བར་གནས་ཐུབ་དོན་གང་ཡིན་ནམ།
༥༽ ལོ་རབས་བདུན་ཅུའི་རྗེས་ནས་བརྒྱད་ཅུའི་རིང་དུ་པན་ཆེན་དང་ཕུན་དབང་སོགས་པ་དཀར་འདོན་བྱས་པ་དང་གཅིག བཙན་བྱོལ
བོད་རང་བཙན་ལགས་ཀྱིས་གསུངས་དེར་བདེན་མི་འདི་སུ་ཡིན་ཤེས་མཁན་དང་ས་ཕྱོགས་ག་ན་ཡོད་མེད་ཤེས་མཁན་འདྲ་ཡོད་ན་གསུངས་རོགས་གནང་ཞེས་རེ་བ་ཞུ་རྒྱུ་ཡིན།
གོང་ཏུ་རྒྱ་ཁྱི་ནག་པོ་ང་ཕོད་ལ་རྒྱབ་སྐྱོར་བྱས་མཁན་མི་ངན་དབུས་ཕྲུག་བདེ་བ་ཅན་ཟེར་བ་དེས་སྐུ་འོས་བོད་མི་མང་སྤྱི་འཐུས་དགའ་ཤར་སོག་པོ་ཚུལ་ཁྲིམས་འོད་ཟེར་ལ་སྐྱོན་བརྗོད་ཁ་རྡུང་དང་རྒྱལ་ཚོང་ང་ཕོད་ལ་བསྟོད་བསྔགས་བྱས་དགོས་དོན་གང་ཡིནཟེར་ན། ཅིག་ནི་དྲ་གྲོགས་ཅོ་རི་ཉི་མས་བཤད་པ་བཞིན་རྒྱ་མགོ་མཐོ་དུས་རྒྱ་དང་བོད་མགོ་མཐོ་དུས་བོད་ལ་དགའ་བའི་མི་ངན་བདེ་བ་ཅན་ཟེར་བ་འདིའི་ང་ཕོད་ལ་དྲན་ལེན་བཇལ་རྒྱུ་སྡོད་ཡོད་པ་འདྲ། མ་གཞི་ང་ཕོད་ཟེར་བ་དེ་བོད་རིགས་ཙམ་ཡིན་པའི་རྒྱུ་མཚན་བཟུང་ནས་དྲ་གྲོགས་རྣམས་པ་ཚོས་ཕྱོགས་རེས་མེད་པར་དྲང་བདེན་བྱས་རྒྱུ་གལ་ཆེན་པོ་རེད་སྙམ། ངས་འདི་ན་ལྟས་ན་དྲ་གྲོགས་ཚང་མས་སོ་སོའི་ཆོལ་ཁའི་ཞེན་ཡོད་པ་འདྲ་པོ་འདུག། བདེ་བ་ཅན་ཟེར་མཁན་དེ་སུ་རེད། དྲ་གྲོགས་སུའི་ཤེས་
མགོ་གཉིས་མ་བདེ་བ་ཅན་ཁྱེད་ཀྱིས་རྒྱ་ནག་གི་རྒྱུག་ཁྱི་ང་ཕོད་དང་ང་ཅོ་རི་གཉིས་ལ་གདོང་སེམས་མཉམ་བསྐྱེད་བྱས་རྒྱུ་ཡིན་ཞེས་བྲིས་འདུག་པས་ཁྱེད་ཀྱིས་ང་ཕོད་ཡང་ང་ཅོ་རི་འདྲ་པོ་ཕྱི་རྒྱལ་དུ་སྐྱབས་བཅོལ་བ་རེད་བཤད་ཀྱིན་ཡོད་དམ།
ད་དུང་ཁྱེད་ཀྱིས་ང་ཅོ་རི་བོད་མ་གཙང་ཞིག་མ་རེད་ཕྱི་རྒྱལ་ཡི་ལག་ཁྱེར་ཞུ་པའི་མི་ཞིག་རེད་ཟེར་བ་སོགས་དོན་མེད་དགོས་མེད་སྐད་ཆ་བཤད་སྟངས་ལྟས་ན་ཁྱེད་ཀྱི་ཁོག་ན་རྒྱ་འདྲེ་ཡོད་པར་གསལ་པོ་རེད།
ཡང་བསྐྱར་ཁྱེད་ཀྱིས་ས་དབང་ང་ཕོད་དཔའ་བོར་གྲུབ་དགོས་པ་ངས་སྔ་ཕྱིའི་མཆན་འགོད་ནང་ཕལ་ཆེར་བཀོད་མེད་བསམ་གྱི་འདུག བྱས་ཙང་ང་ཕོད་དཔའ་བོ་ཞིག་ཡིན་པར་ཁས་ལེན་བྱ་དགོས་དོན་མེད། ཞེས་བྲིས་འདུག་པས་འོ་ན་ང་ཕོད་བོད་ཀྱི་སྡར་མ་རྒྱ་ནག་གི་རྒྱུག་ཁྱི་ཞིག་ཡིན་པ་༧གོང་ས་མཆོག་དང་རྒྱལ་བ་སྐལ་མ་པའི་ལུང་གིས་ཟིན་པའི་བདུད་རྒན་ཞིག་ཡིན་པ་སྒྲུབ་ཀྱིན་ཡོད་པས།
དེ་འདྲ་ནི་ཡིན་ས་མ་རེད་ཁྱེད་ཀྱིས་བཀའ་ལས། ཡིན་ནའང་ས་དབང་ང་ཕོད་ནི་བོད་གཞུང་གི་ལས་གནས་ཐེག་པ་རིམ་འཛེགས་བརྒྱུད་མྱོང་བའི་བཀའ་ཟུར་ཞིག་དང་། བོད་དུ་རྒྱ་དམར་གྱི་དྲག་པོའི་བཙན་འཛུལ་སྐབས་རྒྱའི་ལག་འོག་ཏུ་ཚུད་པའི་གལ་ཆེའི་ལོ་རྒྱུས་ཀྱི་མི་སྣ་ཞིག་ཡིན་པ་འདི་སུས་ཀྱང་ནག་བསུབ་གཏོང་ཐུབ་ཀྱི་མ་རེད། ཞེས་པར་གཞི་ན་རྒྱུག་ཁྱི་ནག་བསུབ་གཏོང་གིན་འདུག་དེ་འདྲ་མ་རེད་རྒྱུག་ཁྱི་ང་ཕོད་འདི་བོད་ཀྱི་ལོ་རྒྱུས་ཐོག་སྣ་རླབས་ཆེན་གྱི་རྒྱལ་ཞེན་པ་བོད་མི་ཀུན་གྱིས་གུས་བྱ་འོང་བའི་བོད་ཀྱི་དཔའ་བོ་ཞིག་ཏུ་ཁྱེད་ཀྱིས་ངོས་འཛིན་བྱས་མ་ཡིན་ནམ།
ངས་བྱས་ན་ཚུལ་ཁྲིམས་འོད་ཟེར་གྱི་ལུས་ལ་སངས་རྒྱས་ཀྱི་ན་བཟའ་བཞེས་པ་དང་མིང་དུ་བོད་མི་མང་གི་སྤྱི་འཐུས་ཀྱི་མིང་འཁུར་ཏེ་དོན་དངོས་ཐོག་ཁྱིམ་པ་ཕལ་པ་ཞིག་ལས་ལོས་པར་བཟང་ངན་དབྱེ་འབྱེད་དང་ཡིན་མིན་བརྟག་དཔྱད་མེད་པར་དགེ་སྡིག་གི་ཡང་ལྗི་མ་བལྟ་བར་མི་གཞན་གྱི་ལོ་རྒྱུས་ནག་བསུབ་གཏོང་བ་དང༌། བླ་མའི་ལུང་བསྟན་རྫུན་མ་རྒྱུ་མཚན་དུ་དྲངས་ཏེ་དད་ལྡན་མང་ཚོགས་ལ་མགོ་སྐོར་བཏང་བའི་བྱེད་སྟངས་དེ་ཚོས་ཁོང་ཉམ་ཆུང་ཞིག་ཡིན་པ་རྩ་བ་ནས་ཁས་ལེན་བྱ་ཐུབ་ཀྱི་མི་འདུག
ཞེས་བྲིས་པའི་བླ་མའི་ལུང་བསྟན་རྫུན་མ་ཟེར་བ་འདི་༧གོང་ས་མཆོག་གི་ལུང་ངོས་ཀྱི་ཡུལ་ངོས་ཀྱི་མི་དམངས་ལ་ཟེར་གྱིན་ཡོད་དམ། རྒྱལ་བ་སྐལ་མ་པའི་ལུང་བསྟན་ལ་ཟེར་གྱིན་ཡོད་དམ།
འདི་ཁ་གསལ་པོ་བཟོ་དགོས་ལས་བོད་མི་མང་སྤྱི་འཐུས་ཚུལ་ཁྲིམས་འོད་ཟེར་གྱིས་ལུང་འདི་གཉིས་མ་གཏོགས་འབྲང་མ་སོང། དབེ་བ་ཅན་མགོ་གཉིས་མ་ཁྱེད་ཀྱིས་མགོ་གཅིག་གིས་རྩྭ་རྒྱ་ནག་ང་ཕོད་ཚང་ནས་ཟ་མགོ་གཅིག་གིས་རྩྭ་བཙན་བྱོས་ནང་དུ་ཟ་ནས་སྡོད་པ་ལས་ང་ཅོ་རི་ནང་བཞིན་དྲང་བདེན་ཐོག་ནས་ཐྭ་ལུ་བཀྲེས་ནས་མི་ཚེ་སྐྱེལ་ན་དགའ་ལེ་རེད།
ངས་ང་ཕོད་རྒྱུག་ཁྱི་མ་ཤི་བའི་སྔོན་ནས་ཁྱེད་དབེ་བ་ཅན་མགོ་གཉིས་མ་ཞིག་འདུག་ཞེས་ལབ་མྱོང་ཡོད་ད།ཧཧཧཧཧཧཧཧཧཧཧཧ
ངས་ལས་ཚར་ནས་འབྲི་གིན་ཡིན་ཆ་ཞིག་བྱུང་མ་སོང་།
ཨ་ལ་ལ་ བོད་མི་སྐད་གྲགས་ཅན། ང་ཕོད་ངག་དབང་འཇིགས་མེད། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། རག་སྡེས་སོགས་དབུས་ཕྱོགས་ཀྱི་མི་བྱས་རྗེས་ཅན་ཚོའི་ཆེད་དུ་བོད་མི་ཡུར་གྱར་བ་ཚོས་སེམས་ཁྲལ་བྱེད་བཞིན་པ་ལ་ཐུགས་རྗེ་ཆེ་ཞུ།
བདེན་པ་དམར་གསོད་གཏོང་བའི་བདེ་བ་ཅན།།
གནས་ལུགས་ནག་བསུབ་གཏོང་བའི་བདེ་བ་ཅན།།
ལུང་རིགས་གཉིས་ཀྱིས་མི་འདུལ་བདེ་བ་ཅན།།
ཀུན་རྫོབ་བདེན་པའི་ཁ་གཏད་བདེ་བ་ཅན།།
རང་མགོར་མུན་ནག་འཐུབ་པའི་བདེ་བ་ཅན།།
གཞན་མགོར་མ་ཉེས་ཁག་གཡོག་བདེ་བ་ཅན།།
འཁྱོག་པོ་དྲང་བར་རློམས་པའི་བདེ་བ་ཅན།།
དྲང་པོ་འཁྱོག་པོར་འཛིན་པའི་བདེ་བ་ཅན།།
དགྲ་ལ་ངོ་བསྡོད་བྱེད་པའི་བདེ་བ་ཅན།།
གཉེན་ལ་སྡང་མིག་ལྟ་བའི་བདེ་བ་ཅན།།
དྲང་པོར་ངོ་རྒོལ་བྱེད་པའི་བདེ་བ་ཅན།།
ལོག་ལམ་འབའ་ཞིག་འཕྱན་པའི་བདེ་བ་ཅན།།
བདེན་དོན་ཕ་རྒན་གསོད་རོགས་བདེ་བ་ཅན།།
ལོ་རྒྱུས་ཕ་ཁྲག་འཐུང་རོགས་བདེ་བ་ཅན།།
མ་ཡུམ་གངས་ལྗོངས་ཚོང་ཕྲུག་བདེ་བ་ཅན།།
བསྟན་སྲིད་ལག་དམར་བདུད་ཕྲུག་བདེ་བ་ཅན།།
དགྲ་ལ་གུས་ཞབས་ཆེ་བའི་ང་ཕོད་པ།།
གཉེན་སར་མགོ་འཕང་མཐོ་བའི་ང་ཕོད་པ།།
བདེན་དོན་ཕ་རྒན་གསོད་པའི་ང་ཕོད་པ།།
མ་ཡུམ་གངས་ལྗོངས་ཚོང་ཆེན་ང་ཕོད་པ།།
རང་ཡུལ་དགྲ་ལ་བསྐྱལ་བའི་ང་ཕོད་པ།།
གཞན་ཡུལ་སྐྱིད་ཉལ་བྱེད་པའི་ང་ཕོད་པ།།
བསྟན་སྲིད་ལག་དམར་བདུད་སྤྲུལ་ང་ཕོད་པ།།
ངན་པ་དགུ་འཛོམས་ཚང་བའི་ང་ཕོད་པ།།
དྲ་གྲོགས་ཅོ་རི་ཉི་མ་ལགས། ཅི་སྟེ་་ང་རང་ཁྱེད་ནས་གསུངས་པ་བཞིན་རྒྱ་མགོ་བོད་མགོ་གཉིས་ཀ་ཐོན་པ་ཞིག་ཡིན་ཚེ་ང་ཚོ་ཕལ་ཆེར་བཙན་བྱོལ་དུ་ཡོང་དགོས་བྱ་གི་མ་རེད། གལ་སྲིད་དེ་འདྲ་ཞིག་ཡིན་ཚེ། ཁྱེད་རང་དངོས་གནས་སྙིང་རྗེ་དགོས་པ་ཞིག་འདུག རྒྱ་མགོ་བོད་མགོ་གཉིས་ཀ་མ་ཐོན་པར་ཡོ་རོབ་ཡུལ་དུ་བྱོལ་དགོས་པའི་ཐབས་སྐྱོའི་གནས་སྟངས་ཤིག་བྱུང་འདུག་པས་ངས་ང་ཕོད་ས་དབང་དམ་པར་གདུང་སེམས་མཉམ་སྐྱེད་ཞུ་བ་དང་ཆབས་ཅིག་ཁྱེད་ལའང་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན། ཁྱེད་ ནས་ཕྲན་ལ་འཁང་ར་བྱ་གི་ཡོད་ཀྱང༌། ལས་བྲེལ་ཆེ་བའི་དུས་ཚོད་འདི་འདྲ་ཞིག་བློས་བཏང་སྟེ་ང་ཚོར་ཁ་བརྡུང་གཏོང་རྒྱུའི་གོ་སྐབས་འཚལ་ཐུབ་པ་འདི་ནི་ཧ་ཅང་གི་བྱ་བ་བཟང་པོ་ཞིག་རེད། ལྷག་པར་དུ་ཁྱེད་རང་ནས་ཚུལ་ཁྲིམས་འོད་ཟེར་ནི་གྲྭ་པ་ཉམ་ཆུང་ཞིག་ལ་སྡུག་ར་དང་ཁ་རྡུང་གཏོང་གི་འདུག་ཅེས་ང་ལ་སྐྱོན་འཛུགས་གནང་གི་ཡོད་རེད། ངས་བྱས་ན་ཚུལ་ཁྲིམས་འོད་ཟེར་གྱི་ལུས་ལ་སངས་རྒྱས་ཀྱི་ན་བཟའ་བཞེས་པ་དང་མིང་དུ་བོད་མི་མང་གི་སྤྱི་འཐུས་ཀྱི་མིང་འཁུར་ཏེ་དོན་དངོས་ཐོག་ཁྱིམ་པ་ཕལ་པ་ཞིག་ལས་ལོས་པར་བཟང་ངན་དབྱེ་འབྱེད་དང་ཡིན་མིན་བརྟག་དཔྱད་མེད་པར་དགེ་སྡིག་གི་ཡང་ལྗི་མ་བལྟ་བར་མི་གཞན་གྱི་ལོ་རྒྱུས་ནག་བསུབ་གཏོང་བ་དང༌། བླ་མའི་ལུང་བསྟན་རྫུན་མ་རྒྱུ་མཚན་དུ་དྲངས་ཏེ་དད་ལྡན་མང་ཚོགས་ལ་མགོ་སྐོར་བཏང་བའི་བྱེད་སྟངས་དེ་ཚོས་ཁོང་ཉམ་ཆུང་ཞིག་ཡིན་པ་རྩ་བ་ནས་ཁས་ལེན་བྱ་ཐུབ་ཀྱི་མི་འདུག ་ཁྱེད་རང་ནས་གསུངས་པ་ལྟར་དགྲ་གཉེན་ངོ་ཤེས་པའི་ཐོག་ནས་བསམ་ཚུལ་བཤད་རྒྱུའི་སྨྲ་བརྗོད་རང་དབང་འདི་ནམ་ཡིན་ཡང་༸གོང་ས་མཆོག་གི་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་གི་བཅའ་ཁྲིམས་རིན་པོ་ཆེའི་ནང་གཏམ་འབེབས་བྱས་ཟིན་ཡོད་ལ། རང་ཉིད་བོད་མི་སྐྱབས་བཅོལ་བ་ཚད་ལྡན་ཞིག་ཡིན་པ་ལས། ཕྱིའི་རྒྱལ་ཁབ་ཀྱི་མི་སེར་པཱ་སེ་ཞུས་ཏེ་ཕྱི་མགོ་མཐོང་དུས་ཕྱི་མགོ། བོད་མགོ་མཐོང་དུས་བོད་མགོ་མ་ཡིན་པར་རང་ཚུགས་ཟིན་པོས་སྔ་ཕྱི་བར་གསུམ་དུ་གནས་ཡོད་པས་བཅའ་ཁྲིམས་རིན་པོ་ཆེའི་ཁེ་དབང་ཁག་ཀྱང་ལོངས་སྤྱོད་ཀྱིས་བོད་ཀྱི་དུས་བབ་དྲ་རྒྱའི་སྟེང་བསམ་ཚུལ་བཀོད་ཀྱི་ཡོད་པས་དེར་གང་ཞིག་འབྲི་དང་མ་འབྲི་རང་ཉིད་ཀྱི་འདོད་པ་ཡིན་པས་ཁྱེད་རང་དེ་ཙམ་ང་རྒྱལ་གནང་དགོས་མེད། ས་དབང་ང་ཕོད་དཔའ་བོར་གྲུབ་དགོས་པ་ངས་སྔ་ཕྱིའི་མཆན་འགོད་ནང་ཕལ་ཆེར་བཀོད་མེད་བསམ་གྱི་འདུག བྱས་ཙང་ང་ཕོད་དཔའ་བོ་ཞིག་ཡིན་པར་ཁས་ལེན་བྱ་དགོས་དོན་མེད། ཡིན་ནའང་ས་དབང་ང་ཕོད་ནི་བོད་གཞུང་གི་ལས་གནས་ཐེག་པ་རིམ་འཛེགས་བརྒྱུད་མྱོང་བའི་བཀའ་ཟུར་ཞིག་དང་། བོད་དུ་རྒྱ་དམར་གྱི་དྲག་པོའི་བཙན་འཛུལ་སྐབས་རྒྱའི་ལག་འོག་ཏུ་ཚུད་པའི་གལ་ཆེའི་ལོ་རྒྱུས་ཀྱི་མི་སྣ་ཞིག་ཡིན་པ་འདི་སུས་ཀྱང་ནག་བསུབ་གཏོང་ཐུབ་ཀྱི་མ་རེད།
ལར་ནས་ཁྱེད་ནས་ཕྲན་ལ་བོད་མི་རིགས་མཉམ་དུ་སྡོད་ནས་སྐྱིད་སྡུག་མཉམ་མྱོང་ཐུབ་ན་དགའ་བའི་ཡོད་པའི་བསླབ་བྱ་གནང་འདུག ཕངས་པ་ཞིག་ལ་ང་ལྟ་བུར་མི་ཁྱེད་ནང་བཞིན་གྱི་རང་མགོ་གང་ཐོན་དུ་འགྲོ་མཁན་བོད་མི་རིགས་ཀྱི་རྒྱུད་པ་ཡིན་ཟེར་བའི་མི་དེ་འདྲའི་བསླབ་བྱ་ཞུ་དགོས་ཡས་མེད། མི་རབས་རྒྱུས་བཅས་པ་གཞུང་ས་དགའ་ལྡན་ཕོ་བྲང་པའི་བཀའ་དྲིན་འོག་དགྲ་གཉེན་ངོ་ཤེས་པའི་སྤྱི་ཚོགས་ཤིག་ནང་འཚར་ལོངས་བྱུང་བ་ཞིག་ཡིན། ད་ལྟའང་༸སྐྱབས་མགོན་ཕྱག་ན་པདྨོའི་དབུ་ཁྲིད་པའི་བཙན་བྱོལ་བོད་མི་སྤྱི་ཚོགས་ནང་བོད་རིགས་སྤྱི་མཚུངས་ཀྱིས་སྐྱབས་བཅོལ་བའི་འཚོ་བ་སྐྱིད་སྡུག་མཉམ་རོལ་དུ་ཡོད་པ་ལས་བོད་རིགས་འདུས་སྡོད་ཆེ་བའི་སྤྱི་ཚོགས་ལས་ཁ་བྲལ་ཏེ་གཞན་ཡུལ་གྱི་ཡུལ་མིའི་ཐོབ་ཐང་ལག་འཁྱེར་བྲང་ཁར་བཟུང་སྟེ་བོད་རིགས་གཙང་མ་ཞིག་མིན་ཡང་བོད་རིགས་གཙང་མ་ཞིག་ལ་ཁ་གཏོང་བའི་སྨོན་ལམ་ལོག་པ་དེ་འདྲར་སྐྱེས་མ་བྱུུང་ཞེས་སྤོབས་པ་ཆེན་པོས་ཞུ་འདོད་བྱུང༌། རིང་ཙམ་ཆགས་སོང་། དགོངས་པ་མ་འཚོམས།
རིན་འབྱུང་བཀྲ་ཤིས་དོན་གྲུབ་ཀྱིས་འདི་ལྟར་བསམ་འཆར་བསྡུ་ལེན་བྱས་པ་བཟང་གི་ཐུགས་རྗེ་ཆེ་ཞུ།
སྐབས་འདིར་ངས་གནས་ཚུལ་རྙིང་པ་ཞིག་དྲན་སོས་བྱུང་། དགུ་བཅུ་གོ་གྲངས་ཞིག་ལ་༧སློབ་དཔོན་པཎ་ཆེན་རིན་པོ་ཆེའི་རྗེས་དྲན་འཚོགས་འདུའི་སྐབས་བཏོན་པའི་མཛད་རྣམ་སྙིང་བསྡུས་དེའི་ནང་དུ་ཡང་བཙན་བྱོལ་ནས་ཐེངས་དང་པོར་བོད་གཞུང་གི་སྐུ་ཚབ་ཚོགས་པ་པེ་ཅིན་བརྒྱུད་བོད་ལ་གཟིགས་སྐོར་དུ་ཕེབས་སྐབས་༧པཎ་ཆེན་རིན་པོ་ཆེ་མཆོག་དང་ང་ཕོད་རྣམ་པ་གཉིས་ཀར་༧གོང་ས་མཆོག་གིས་ཕྱག་འཕྲིན་ཞིག་བསྐུར་གནང་བ་༧པཎ་ཆེན་རིན་པོ་ཆེ་མཆོག་གིས་ཕྱག་འཕྲིན་དེ་དང་པོ་དབུ་ལ་ཅིག་བཞག་རྗེས་སྐུ་ཚབ་རྣམས་ཡོད་སར་ཞིབ་གཟིགས་གནང་རྗེས། ༧གོང་ས་མཆོག་གི་སྐུ་གཟུགས་བདེ་ཐང་རེད་དམ་ཞེས་ཡང་ཡང་བཀའ་འདྲི་གནང་སོང་། ང་ཕོད་ལ་ཐུག་ཕྲད་བྱེད་སྐབས་ཕྱག་འཕྲིན་དེ་ཕར་མདུན་ཅོག་སྒང་ལ་བཞག་ནས་སྐུ་ཚབ་ཚོགས་པ་ཡོད་ས་ནས་ཀློག་མ་སོང་ཞེས་བྲིས་ཡོད་པ་ཞིག་དྲན་ངོགས་ན་འདུག སྐབས་དེའི་སྐུ་ཚབ་རྣམས་པ་ད་དུང་ཞལ་བཞུགས་མཁན་མང་པོ་ཡོད་པ་རེད།
མི་མཁས་མཁས་པར་རྫུ་བའི་བདེ་བ་ཅན།།
མི་བདེན་བདེན་རྗུན་གོ་ལྡོག་བདེ་བ་ཅན།།
མི་ཤེས་ཤེས་མདོག་བྱེད་པའི་བདེ་བ་ཅན།།
མི་སྨྱོན་སྨྱོན་པའི་ངང་ཚུལ་བདེ་བ་ཅན།།
ང་ཕོད་ཕོད་པ་ཆུང་བའི་རྒྱལ་ཚོང་འདིས།།
བོད་དོན་དོན་གཉེར་མེད་པའི་ལོ་རྒྱུས་སོགས།།
སྡར་མ་མ་རབས་ཡིན་པ་ཡོངས་གྲགས་ཀྱི།།
ལོ་རྒྱུས་རྒྱུས་ཡོད་གཟུར་གནས་རྒྱས་ཀྱང་བཤད།།
ས་དབང་ཆེན་མོས་མགོ་བཏགས་ཞུས་རབས་མང།།
ས་དབང་ཆེན་མོས་གོ་མཛོད་བསྲེགས་རབས་མང་།།
ས་དབང་ཆེན་མོས་རང་ཡུལ་སྤྲད་རབས་མང།།
ས་དབང་ཆེན་མོས་ཞབས་འདྲེན་ཞུས་རབས་མང།།
མི་ངན་མིང་ཆེ་འབོད་མཁན་ངོ་ཚ་ཞེས།།
གངས་ཅན་བོད་ཀྱི་གཏམ་དཔེར་ཡོངས་གྲགས་ལྟར།།
ད་ནས་རྒྱལ་ཚོང་ང་ཕོད་སྡར་མ་ཞེས།།
འདོགས་པ་ལས་གཞན་ས་དབང་ཅིའི་ཕྱིར་འདོགས།།
སྙིང་རྗེ།
ག་རེ་ས། མཁས་དབང་བདེ་བ་ཅན་གྱིས་བཀའ་བསྩལ་པ་གསུང་གི་མི་འདུག་གམ།
ཨ་ལཱེ།
ཨོ་རེད་རེད།
ང་ཕོད་ངག་དབང་འཇིགས་མེད་ཀྱི་ད་ཡོད་ལོ་རྒྱུས་དང་སྐད་ཆ་དག་གི་ནང་ན། བོད་ལ་ཕན་བཏགས་པ་ཞིག་ཧ་ལམ་མཇལ་དུ་མེད། དཔེར་ན། བཙན་བྱོལ་ནང་འདིར། ཁོང་ལ་ཡང་ནས་ཡང་དུ་ཐུག་འཕྲད་ཀྱི་རྒྱུས་མྱོང་ཅན། ཨ་ཀྱཱ་རིན་པོ་ཆེས་ཕྱོགས་བསྡོམས་ལྟ་བུས་གསུངས་པ་ལྟར་རེད། བོད་པ་ཚོ་ཡིད་ཐང་ཆད་པས་མ་ཚད། རྒྱ་མི་ཚོའང་ཡིད་ཐང་ཆད་པ་ཞིག་བྱུང་འདུག བོད་ཞེན་རྒྱ་ཞེན་གང་ཞིག་ཆེ་བ་ཡོད་མེད་ཀྱི་གཏིང་ཐག་ནི་ ད་ལྟ་ཕན་ལ་གང་དུ་གཏིང་ཐག་ཆོད་ཡོད་པ་དེ་ག་རང་ལས་འདའ་གཞི་ཞིག་ཧ་ལམ་མེད་པར་འདོད།
ང་ཕོད་ལ་རྒྱུས་མངའ་ཡོད་འདྲའི་ཨ་ཀྱཱ་རིན་པོ་ཆེས་ཀྱང་དམིགས་བསལ་ཅན་ཅི་ཡང་བཤད་མི་འདུག ད་དུང་ཁོ་ཡིས་བཤད་པའི་སྐད་ཆ་ཐུང་ཐུང་དེ་ན་ཡང་ནང་འགལ་རེ་ཟུང་འདུག་ག གང་ལྟར་ང་ཕོད་དང་། འཕགས་པ་ལྷ། སེང་ཆེན་བློ་རྒྱན། འབྲོག་མི་བྱམས་བློ་ལྟ་བུ་སོགས་གུང་ཁྲན་བུ་ཆེན་རྣམས་ལ་ངོ་སོ་གཏོང་རྒྱུ་ཅི་ཡང་མེད།
རྒྱ་མགོ་བོད་མགོ་གཉིས་ཀ་ཐོན་པའི་དྲ་གྲོགས་བདེ་བ་ཅན་ལགས།
ཁྱེད་ཀྱིས་རྟག་ཏུ་སྤྱི་འཐུས་ཚུལ་ཁྲིམས་འོད་ཟེར་གྲྭ་པ་ཉམ་ཆུང་ཞིག་ལ་སྡུག་རྭ་དང་ཁ་རྡུང་གཏོང་བ་དེར་ཅི་མཚར་ཁུ། དེ་ལས་དགྲ་གཉེན་ངོ་ཤེས་པའི་ཐོག་ནས་བསམ་ཚུལ་རེ་དང་ལུང་རིག་ཁུར་ནས་ཡོང་ན་དགའ་ལེ་རེད།
ཁྱེད་ཀྱིས་ཨུ་ཚུགས་ཅི་ཙམ་བྱས་ཀྱང་ང་ཕོད་བོད་ཀྱི་དཔའ་བོ་སྒྲུབ་མི་ཐུབ་ཁུ་དེ་ལས་ཁྱེད་རང་བོད་མི་རིགས་མཉམ་དུ་སྡོད་ནས་སྐྱིད་སྡུག་མཉམ་མྱོང་བྱ་ཐུབ་ན་དགའ་ལེ་རེད།
དྲ་གྲོགས་ཚུལ་ཁྲིམས་འོད་ཟེར་ལགས། མཁས་དབང་བདེ་བ་ཅན་གྱིས།
འཁྱོག་པོས་རང་ཉིད་འཁྱོག་ཅིང་གཞན་ཡང་འཁྱོག་ལ་འདྲེན༎
འཁྱོག་པོའི་སྙིང་ལ་དུག་རྩའི་ཡལ་འདབ་རྒྱས་རྩ་ན༎
ཁྲིམས་ལ་མི་གུས་ཁྲེལ་དང་ངོ་ཚར་ག་ལ་གུས།
ཚུལ་ཁྲིམས་ཤོར་ཡང་ད་དུང་ཁྲེལ་མེད་དམ་པོར་འཇུ༎
ཞེས་གསུངས་པའི་གཤིས་ཀ་ཞིག་ཁྱེད་ལ་འཇགས་འདུག་སྙམ་པས་ག་དུས་ཡིན་ནའང་རང་གཤིས་ངན་པ་དེ་ལ་ངོ་རྒོལ་ཡོད་དོ༎
སྐུ་འབུམ་དགོན་པའི་མཁན་པོ་ཨཀྱཱ་རིན་པོ་ཆེའི་མཚན་དེ་ཚོ་དེ་སྔ་དེ་ཙམ་གྲགས་ཆེ་བ་གོ་མྱོང་མེད། ཡིན་ནའང་གང་ཉིད་ཨ་རི་ཡུལ་དུ་སྐྱབས་བཅོལ་དུ་ཞུགས་རྗེས་རིམ་པས་གང་ཉིད་ཀྱི་བོད་ནང་རྒྱ་ནག་གཞུང་ནས་སྤྲད་པའི་ཐོབ་དགའ་ས་ཆེན་པོ་དེ་ལྟ་བུ་བློས་གཏོང་གནང་སྟེ་ཨ་རི་ཡུལ་དུ་སྐྱབས་བཅོལ་ཞུས་པ་སོགས་མཛད་འཕྲིན་ཁག་ཅིག་ལན་མང་པོར་གོ་མྱོང་ཡོད། དེ་བས་ཀྱང་ཁྱེད་ལ་ཨ་རིའི་རླུང་འཕྲིན་ཁག་སོགས་ནས་བཅར་འདྲི་ཞུ་སྐབས་ལན་འདེབས་གནང་སྟངས་སོགས་ལ་དངོས་གནས་ཡིད་སྨོན་ཞུ་མྱོང་ཡོད། འོན་ཏེ་ད་ལྟ་ཁྱེད་ཀྱང་དེ་ཙམ་དྲང་པོ་གནང་འདོད་མེད་པའམ་ཕྱོགས་གཅིག་ལ་གཞོལ་བའི་རྣམ་པ་འདི་མཇལ་དུས་དངོས་གནས་སེམས་གཏིང་ནས་སྐྱོ་སྣང་ཞིག་ཀྱང་སྐྱེས་བྱུང༌། ཁྱེད་ཉིད་ཀྱང་རཔཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཐད་གཏམ་བཤད་བྱས་པའི་གནས་ཚུལ་ཡིག་ཐོག་ཏུ་ད་ལྟའང་མཐོང་རྒྱུ་ཡོད་པ་དེ་འདྲ་ཡོད་པ་གོ་མྱོང་ཡོད། ཆ་ཚང་ཁྱེད་ནས་གསུང་ཡོད་མེད་མི་ཤེས་ཀྱང་དེ་ཚོའི་ནང་ལའང་ཐེངས་གཅིག་གཟིགས་དགོས་ཀྱི་འདུག ང་ཕོད་ས་དབང་དམ་པའི་སྐྱོན་གནད་མང་པོ་ཞིག་གོ་བྱུང་ཟེར་བ་དང༌། རྒྱ་རིགས་ཚོས་ཀྱང་དེ་འདྲ་བཤད་ཀྱི་འདུག་ཅེས་སོགས་མིང་མེད་དོན་རྩ་སྒྲོགས་ཏེ་ཤི་པོ་ཞིག་ལ་རྡུང་རྡེག་གཏོང་ཐབས་བྱེད་པ་ནི་ཡག་པོ་ཞིག་རྩ་བ་ནས་མཐོང་མ་སོང་། ལྷག་པར་དུ་སེམས་པ་སྐྱོ་ཤོས་ཤིག་སྟེ་ཁྱེད་ནས་པཎ་ཆེན་རིན་པོ་ཆེ་མཆོག་ནས་ང་ཕོད་ས་དབང་དམ་པ་རོགས་སྐྱོར་དུ་བསྟེན་པ་ཙམ་ལས་ང་ཕོད་ནས་ནུས་པ་རྩ་བ་ནས་མ་བཏོན་པར་ཡོད་ཚད་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས་གནང་བ་ལྟ་བུའི་བཀའ་སློབ་ཐལ་ཆ་ཆེ་དྲག་པ་གསུངས་ཀྱི་ཨེ་ཡོད་བསམ་བྱུང་ཡང་དེ་རིང་ཡིག་ཐོག་ནས་མཇལ་དུས་དངོས་གནས་སེམས་པ་སྐྱོ་བྱུང༌། ང་ཕོད་ས་དབང་དམ་པས་སྐད་ཆ་བཤད་པའི་བརྙན་འཕྲིན་མཐོང་མྱོང་ལ། སྒྲ་འཛིན་གོ་མྱོང་ཞིང༌། ཡིག་ཐོག་ཏུའང་འགའ་རེ་མཐོང་མྱོང་ཡོད། ཁོང་ནི་མི་རྦད་དེ་བསམ་མེད་དེ་འདྲ་ཞིག་ཡིན་པར་ད་དུང་ཡིད་ཆེས་སླེབས་ཀྱི་མི་འདུག དུས་ཀྱི་སྙིགས་མའི་སྐབས་སུ་བླ་མ་སྐྱེ་ཆེན་རྣམ་པ་ཚོས་ཀྱང་ཕྱོགས་ཞེན་བཀའ་སློབ་ཀྱི་རྡོག་རྩ་བསྒྲིལ་ཏེ་ཤི་པོ་ཞིག་ལ་འདི་ལྟའི་རྡུང་རྡེག་གཏོང་དགོས་པ་དེ་གང་རེད་དམ། གང་ཉིད་ང་ཕོད་དངོས་སུ་མཇལ་མྱོང་ཡོད་པ་ཙམ་དུ་མ་ཟད། རྒྱ་མི་དམར་པོའི་ལག་འོག་ཏུ་ལས་འགན་འཁུར་ཏེ་གདོང་གཏུགས་བྱ་དགོས་སྐབས་དཀའ་ངལ་ཁྱད་གསོད་མ་ཐུབ་པར་ཉེན་གཡོལ་ཕེབས་དགོས་བྱུང་བའི་སྐྱོ་སེམས་དེ་ཚོ་ཐུགས་ལ་ཡང་ཡང་དྲན་པ་གནང་སྟེ་བོད་གཞུང་གི་དེ་སྔའི་རིམ་པ་མཐོ་ཤོས་ཀྱི་བཀའ་ཟུར་ཞིག་དང༌། མི་རབས་རིམ་བྱུང་བོད་གཞུང་གི་ཞབས་སྣེར་གཏོགས་པའི་ཁྱིམ་རྒྱུད་ཀྱི་མི་སྣ་གལ་ཆེ་ཞིག་ལ་ད་ལྟ་ཤི་མ་ཐག་དེ་ལྟའི་སྡང་ཟུང་གཏོང་དགོས་པ་དེ་སུའི་གོམས་གཤིས་སུ་གྲུབ་པ་རེད་དམ། ང་ཕོད་ས་དབང་དམ་པ་སྐུ་འཚོ་ཞུགས་སྐབས་ཁྱེད་ཉིད་རང་དབང་ལུང་པར་ཕེབས་ཚར་རྗེས་དོན་གནད་དེ་ཚོ་གསལ་པོ་བཟོས་ཏེ་མ་གསུངས་པར་ད་ལྟ་གྲོངས་ཚར་རྗེས་སྡེབས་གཅིག་ཏུ་ཁོང་གི་གཉའ་སྟེང་དུ་གཡུག་པ་དེ་ཆོས་དང་འཇིག་རྟེན་གཉིས་ཀའི་ལས་འབྲས་ཀྱི་རྣམ་གཞག་དང་ཡང་མཐུན་གྱི་ཡོད་པ་རེད་དམ། བླ་མ་རིན་པོ་ཆེ། ཤེས་དམན་བདག་དང་བདག་འདྲ་བའི་ཉམས་ཆུང་ཚོར། ཡར་འདྲེན་གྱི་ལམ་སྣེ་དང་། སྙིང་རྗེའི་བྱང་སེམས་གོམས་པའི་བསྐལ་བ་མི་གནང་ཡང་། དྲང་པོས་གཞུང་བསྲངས་པ་དང༌། འཁྱོག་པོ་ཡོ་བསྲངས་ཀྱིས་ཤི་པོའི་བེམ་རོའི་སྟེང་། དགའ་མཆོངས་ཀྱིས་རྡོག་བརྫིས་བསྣོན་པའི་ལམ་སྲོལ་ངན་པའི་རིགས་ལ། མཐུ་དང་ནུས་པས་བཀག་པར་མཛོད་པར་ཞུ༎ བླ་མ་མཁྱཻན༎
ད་ཡིན་ན་ང་ཕོད་ལགས་ཀྱིས་སྐུ་ཚེའི་ལོ་རྒྱུས་ཇི་གསལ་རེ་འགྲོ་གིན་འདུག ཚང་མས་འདི་ཡིན་དེ་མིན་གྱིས་བརྩོད་པའི་མཚམས་ཀྱང་འདི་ནས་ཕྱེ་སོང་ཨ་།
དངོས་གནས་ཨ་ཀྱྰ་རིན་པོ་ཆེ་དང་དོན་བཀྲ་གཉིས་ལ་དམིགས་བསལ་བཀའ་དྲིན་ཆེ་ཞུའོ།
ད་ཡིན་ན་ང་ཕོད་ལགས་ཀྱིས་སྐུ་ཚེའི་ལོ་རྒྱུས་ཇི་གསལ་རེ་འགྲོ་གིན་འདུག ཚང་མས་འདི་ཡིན་དེ་མིན་གྱིས་བརྩོད་པའི་མཚམས་ཀྱང་འདི་ནས་ཕྱེ་སོང་ཨ་།
དངོས་གནས་ཨ་ཀྱྰ་རིན་པོ་ཆེ་དང་དོན་བཀྲ་གཉིས་ལ་བཀའ་དྲིན་ཆེ་ཞུ་འོས།
གྲོགས་པོ་བྱམས་རྒྱམ་ལགས་སུ་ལོ་གསར་པའི་བཀྲ་ཤིས་བདེ་ལེགས་ཞུ། ངེད་གཉིས་ལ་དུས་བབ་ནང་དུ་ཟིན་བྲིས་ཁང་མིག་མེད་པས་འདི་ནས་མི་ཞུ་དཀའ་མེད་བྱུང་།
མ་ཟད་བྱམས་རྒྱམ་ལགས་ངེད་གཉིས་ཀྱིས་ཀྱང་དུས་བབ་ནང་དུ་ཟིན་བྲིས་དྲ་ཁང་རེ་ལོ་གསར་པའི་ནང་སྒོ་ཕྱེ་ན་བསམ་པའི་འདུན་པ་རེ་ཡོང་གིན་འདུག་ལགས།
ཁྱེད་ཀྱིས་བསམ་ཚུལ་བྱེད་ན་ངའི་ཡིག་ནོར་གྱིས་བོད་ཀྱི་རིག་གཞུང་ལ་གནད་པ་བྱ་མི་ཡོང་ངམ།
བཀུར་འོས་དྲ་གྲོགས་བྱམས་རྒྱལ་ལགས།
ཇི་སྐད་དུ། མཁས་དབང་དགེ་ཆོས་ཀྱིས།
བླུན་པོ་རང་གི་རྗེས་སུ་མི་འབྲང་ཡང། །
རང་ཉིད་བླུན་པོའི་རྗེས་སུ་མི་འབྲང་བ།།
འདི་ནི་མཁས་པའི་དམ་ཚིག་དང་པོ་དེ།།
སྲོག་ལ་བབས་ཀྱང་འབད་པས་སྲུང་བར་གྱིས།།
ཞེས་གསུངས་པའི་གཤིས་ཀ་ཞིག་ཁྱེད་ལ་འཇགས་འདུག་སྙམ་པས་རྗེས་སུ་ཡི་རང་ཡོད། དེ་འདྲ་ཞིག་དགོས་ངེས་ཡིན།
ཨ་ཨ་ཨ་ཨ་ངོ་མ
རྒན་པོ་ང་ཕོད་འདི་ཅི་འདྲའི་མྱི་གདར་མ་ཞིག་ཡིན་ནམ། ལོ་བརྒྱ་ལོན་ནས་བསམ་གཅིག་མི་ཤེས་ཟེར་བ་འདི་མིན་ནམ།
རྒྱ་རིགས་ལས་བྱེད་ཀྱིས་ཀྱང་ ང་ཕོད་འདིས་ཁྱེད་ཚོར་རོགས་རམ་བྱེད་ཀྱི་མི་འདུག་ཟེར་ དེ་ངོ་མ་རེད་། པན་ཆེན་རིན་པོ་ཆེས་ང་ཕོད་འདི་དང་མཉམ་ལས་བྱེད་འདོད་ཤུགས་ཆེར་བྱུང་འདུག་ཀྱང་མི་ངན་འདིས་གཡོལ་གང་ཐུབ་བྱས་འདུག་།
རིན་པོ་ཆེ་དང་ དོན་བཀྲ་གཉིས་ལ་ཐུགས་རྗེ་ཆེ་ཞུའོ།
མི་རྒན་ཚོའི་སྐད་ཆ་གོ་རྒྱུ་ཆེན་པོའི་འདུག
བཀླགས་ཟིན། དུས་བབ་ཚང་གིས་ང་ཕོད་འདས་པོ་རང་མི་རིགས་ཐོག་ཞེན་པ་དཀར་མིན་བསམ་འཆར་ཞིག་བསྡུས་ན་གང་འདྲ་འདུག།