མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཏན་སློབ་ཁག་གི་གནས་སྟངས་ཀྱི་ཟུར་ཅིག

བོད་ཀྱི་དུས་བབ།
༢༠༡༠/༠༡/༡༧
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་ཟླ་འདིའི་ཚེས་ ༧ ཉིན་རྡོ་རྗེ་གདན་དུ་གསུང་ཆོས་ཀྱི་སྐབས་སུ། བོད་པའི་གཏན་སློབ་ཁག་ཏུ་བོད་ཕྲུག་ཉུང་དུ་འགྲོ་བཞིན་ཡོད་པ་དང༌། སློབ་གྲྭ་དེ་དག་ཏུ་བོད་དང་ཆོས་རིག་གཅིག་པའི་ཧི་མ་ལ་ཡའི་རི་རྒྱུད་དུ་གནས་སྡོད་མི་རིགས་ཀྱི་ཕྲུ་གུ་ཚོ་སློབ་འཇུག་གནང་འོས་སྐོར་བཀའ་སློབ་ཕེབས་ཡོད་པའི་ཐད་ལ། ཕྱི་ཚེས་ ༡༣ ཉིན་བོད་ཀྱི་དུས་བབ་གསར་ཁང་གིས་ཤེས་རིག་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས་ལགས་སུ་བཀའ་འདྲི་ཞུས་པ་ཁག་གཤམ་དུ་བཀོད་ཡོད།

དུས་བབ། ༧གོང་ས་མཆོག་གིས་ཉེ་ལམ་ནས་བཀའ་སློབ་རིམ་བཞིན་ཕེབས་ཡོད་པ་དང༌། ཐེངས་འདིར་ཡང་རྡོར་གདན་གྱི་གསུང་ཆོས་སྐབས་སུ་ཐུགས་འཚབ་ཆེན་པོའི་ངང་ནས། ད་སྐབས་གཏན་སློབ་ཁག་ཏུ་བོད་པའི་སློབ་ཕྲུག་ཉུང་དུ་ཕྱིན་ཡོད་པ་དང༌། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཕྲུ་གུ་ཚོ་སློབ་གྲྭ་འདི་དག་གི་ནང་འཛུལ་ཞུགས་བྱ་རྒྱུའི་ལམ་སྟོན་གནང་ཡོད་པ་དེར་དགོངས་ཚུལ་ག་རེ་ཡོད་དམ།

ཤེས་རིག་དྲུང་ཆེ།༽ ༧གོང་ས་མཆོག་ནས་དེ་སྐོར་བཀའ་སློབ་སྔ་རྗེས་རིམ་སྩལ་ཡོད་པ་དེར་འཕྲལ་ཕུགས་གཉིས་དང་འབྲེལ་བའི་དགོས་པ་དང་རྒྱུ་མཚན་ཁྱད་པར་ཅན་ཞིག་ཡོད་པ་དེ་རང་ཅག་ཚང་མས་ཕྱིན་ཅི་མ་ལོག་པར་གོ་རྟོགས་ཐུབ་པ་བྱ་རྒྱུ་དང༌། བཀའ་སློབ་དགོངས་དོན་ཇི་བཞིན་ལག་ལེན་དོན་འཁྱོལ་ཐུབ་པ་བྱ་རྒྱུ་གལ་ཆེན་རེད་སྙམ་པ་བྱུང༌། ༧གོང་ས་མཆོག་ཐུགས་འཚབ་གནང་ཡུལ་ལྟེ་བ་ནི་སློབ་གྲྭར་འཛུལ་ཞུགས་བྱེད་མཁན་བོད་ཕྲུག་ཉུང་དུ་འགྲོ་བའི་རང་བཞིན་གྱི་གནས་ཚུལ་དེ་མིན་པར། བོད་ཀྱི་ཆོས་དང་རིག་གཞུང་མ་ཉམས་རྒྱུན་འཛིན་གྱི་སླད་དུ་སྐུ་ངལ་ཆེན་པོས་ཆེད་འཛུགས་གནང་བའི་སློབ་གྲྭ་དེ་དག་རིམ་བཞིན་བེད་མེད་དུ་གྱུར་ན་ཤིན་ཏུ་ཕངས་པོ་རེད་དགོངས་པ་དེ་ཡིན་སྙམ། བཀའ་སློབ་འདིས་བཙན་བྱོལ་དུ་བོད་པའི་སློབ་གྲྭ་མང་པོ་ཆེད་འཛུགས་གནང་བའི་དགོས་དོན་སྙིང་པོ་གཅིག་གང་ཡིན་པའང་གསལ་པོར་བསྟན་འདུག་སྙམ་པ་བྱུང༌།

དུས་བབ།༽ གཏན་སློབ་ཁག་ཏུ་ལོ་རེ་བཞིན་བོད་པའི་སློབ་ཕྲུག་བརྒྱ་ཆ་ག་ཚད་ཅིག་ཉུང་དུ་འགྲོ་བཞིན་ཡོད་དམ།

ཤེས་རིག་དྲུང་ཆེ།༽ སྐབས་འདིའི་གཏན་སློབ་ཅེས་པ་རྒྱ་གར་གཞུང་གིས་འཛིན་སྐྱོང་བྱེད་པའི་གཏན་སློབ་ཁག་དྲུག་ཡོད་པ་དེ་དག་ལ་གཙོ་བོར་གོ་དགོས། ལོ་རེའི་བརྒྱ་ཆའི་ཚད་ལ་ངེས་གཏན་ཆེར་མེད། གཏན་སློབ་དེ་དག་ཏུ་ཕྱི་ལོ་ ༢༠༠༡ ནས་ ༢༠༠༩ བར་གྱི་ལོ་དགུའི་ནང་བོད་ཕྲུག་བརྒྱ་ཆ་ ༡༦་༡༤ ཉུང་དུ་སོང་ཡོད་ཅིང༌། གཏན་སློབ་བྱེ་བྲག་རེ་ཟུང་ནང་བརྒྱ་ཆ་ ༢༥ ལྷག་ཉུང་དུ་སོང་བའང་ཡོད། བོད་པའི་སློབ་གྲྭ་སྤྱི་ཡོངས་ནས་བརྗོད་ན། ཕྱི་ལོ་ ༢༠༠༡ ནས་ ༢༠༠༩ བར་གྱི་ལོ་དགུའི་ནང་བོད་ཕྲུག་བརྒྱ་ཆ་ ༡༠་༣༥ ཉུང་དུ་སོང་འདུག

དུས་བབ།༽ སློབ་ཕྲུག་ཉུང་དུ་ཕྱིན་པའི་རྒྱུ་རྐྱེན་གཙོ་བོ་གང་ཡིན་ནམ།

ཤེས་རིག་དྲུང་ཆེ།༽ རྒྱུ་རྐྱེན་གཙོ་བོ་གསུམ་ཡོད། ཤེས་ཡོན་ཅན་གྱི་ཁྱིམ་ཚང་ཁྲོད་དུ་འཛམ་གླིང་སྤྱི་འགྲོས་ལྟར་ཕྲུ་གུའི་སྐྱེ་ཚད་དམའ་རུ་ཕྱིན་པ་དང་གཅིག དཔལ་འབྱོར་གནས་སྟངས་བཟང་དུ་སོང་བའི་ཁྱིམ་ཚང་མང་པོས་ཕྲུ་གུ་རྒྱ་གར་གྱི་སྒེར་སློབ་སོགས་སུ་བཏང་བ་དང་གཉིས། བོད་མི་མང་པོ་ཨ་རི་སོགས་ཕྱི་རྒྱལ་དུ་གནས་སྤོ་བྱས་དང་བྱེད་བཞིན་ཡོད་པ་དང་གསུམ་རེད།

དུས་བབ།༽ སློབ་ཕྲུག་ཉུང་དུ་ཕྱིན་ཏེ་སློབ་གྲྭ་སྒོ་བརྒྱག་དགོས་འཁེལ་བ་དེ་འདྲ་བྱུང་ཡོད་དམ།

ཤེས་རིག་དྲུང་ཆེ།༽ སློབ་ཕྲུག་ཉུང་དུ་ཕྱིན་པ་ལ་བརྟེན་ནས་སློབ་གྲ་སྒོ་བརྒྱག་དགོས་བྱུང་བ་དེ་འདྲ་འགའ་ཤས་བྱུང་ཡོད། འོན་ཀྱང་ད་ཕན་གཏན་སློབ་ཆེ་གྲས་སྒོ་བརྒྱག་དགོས་པ་དེ་འདྲ་བྱུང་མེད།

དུས་བབ།༽ སློབ་གྲྭ་སྒོ་བརྒྱབས་པ་དེ་ཚོ་ས་གནས་གང་གི་སློབ་གྲྭ་གང་གང་ཡིན་ནམ། སྒོ་བརྒྱབས་པའི་སློབ་གྲྭ་དེ་དག་གི་དགེ་ལས་དང་སློབ་ཕྲུག་དེ་ཚོ་སློབ་གྲྭ་གང་དུ་གོ་སྒྲིག་བྱས་ཡོད་དམ།

ཤེས་རིག་དྲུང་ཆེ།ས༽ ཕྱི་ལོ་ ༡༩༨༩ ནས་ ༢༠༠༩ བར་གྱི་ལོ་ཉི་ཤུའི་ནང་སློབ་ཕྲུག་ཉུང་བའི་རྐྱེན་གྱིས་སློབ་གྲྭ་སྒོ་བརྒྱབས་དགོས་པ་གྲངས་ ༡༦ བྱུང་འདུག་ཅིང༌། དེ་དག་ནི་རྒྱ་གར་དུ་ཁར་ཤངས་དང༌། མི་རིག གུམས། ཁ་ར་པ་ཐར། ཀམ་རའོ། ས་རྟོན། བཀྲ་ཤིས་ལྗོངས། ལ་ཁན་ཝ་ལ། ནེ་ནི་ཏལ། སྤོན་ཌོ། སུན་དར་ན་གར། སྤི་ཐུབ་བཅས་དང༌། བལ་ཡུལ་དུ་རྡོར་པ་ཊན། འབྲུག་ཡུལ་དུ་དཀར་ཆེ་དང༌། ཁ་ས་ཁ། ལྷོང་མཚོ་བཅས་སུ་ཡོད་པའི་དམའ་རིམ་སློབ་གྲྭ་རྣམས་རེད། སློབ་གྲྭ་དེ་དག་གི་སློབ་ཕྲུག་ལྷག་མ་དང་དགེ་ལས་རྣམས་འབྲེལ་ཁུངས་སློབ་གྲྭ་གཞན་དུ་གནས་སྤོར་བྱས་ཡོད་པ་རེད།

དུས་བབ།༽ སློབ་གྲྭ་སྒོ་བརྒྱབས་ཟིན་པའི་ས་གནས་དེ་དག་གི་ཕྲུ་གུ་ཚོར་ད་ལྟ་སློབ་གྲྭར་འགྲོ་རྒྱུའི་དཀའ་ངལ་ཡོད་དམ། རྗེས་ཕྱོགས་གནས་ཚུལ་དེ་འདྲ་མི་ཡོང་བའི་ཐབས་ལམ་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་ག་རེ་གནང་གི་ཡོད་དམ།

ཤེས་རིག་དྲུང་ཆེ།༽ གོང་གསལ་ས་གནས་ཁག་གི་ཕྲུ་གུ་ཚོར་ད་ལྟ་སློབ་གྲྭ་འགྲོ་ས་མེད་པའི་དཀའ་ངལ་རྩ་བའི་ཆ་ནས་མེད་ཀྱང༌། སོ་སོའི་སྡོད་གནས་རང་དུ་བོད་པའི་སློབ་གྲྭ་མེད་པའི་དཀའ་ངལ་ཡོད། སྤྱིར་མིའི་སྤྱི་ཚོགས་དང་བྱེ་བྲག་སྐྱབས་བཅོལ་བའི་སྤྱི་ཚོགས་ནང་ཚོད་དཔག་མི་ཐུབ་པའི་འགྱུར་ལྡོག་མང་པོ་ཡོང་སྲིད་པ་ཞིག་ཡིན་གཤིས། སྔོན་ཡོད་སློབ་གྲྭ་ཞིག་སྒོ་བརྒྱབས་པ་ཙམ་གྱིས་མ་འགྲིགས་པར་བྱས་པར་ངོས་འཛིན་བྱེད་མི་ཐུབ་པས། སླད་གནས་ཚུལ་དེ་འདྲ་མི་ཡོང་བའི་ཐབས་ལམ་ཞེས་པར་ལན་འདེབས་ཞུ་གལ་མ་མཐོང༌། ད་སྐབས་སློབ་གྲྭ་གསར་རྒྱག་གི་ལས་འཆར་ཁག་ལ་ཐོག་མར་དགོས་གལ་ཡོད་མེད་དང༌། བར་དུ་འཛིན་སྐྱོང་ཐུབ་མིན། མཐར་རྒྱུན་གནས་ཐུབ་མིན་སོགས་ཞིབ་འཇུག་གཟབ་ནན་བྱེད་བཞིན་པ་དང༌། ཕྱི་ལོ་ ༢༠༠༡ ཙམ་ནས་སློབ་གྲྭ་གསར་རྒྱག་དང་རྒྱ་བསྐྱེད་ཀྱི་ལས་གཞི་ཁག་ལ་ཤེས་རིག་ལས་ཁུངས་ནས་རྒྱབ་གཉེར་མི་དགོས་པར་གཙོ་འདོན་ཞུ་བཞིན་ཡོད།

དུས་བབ།༽ སློབ་ཕྲུག་ཉུང་དུ་ཕྱིན་པ་བཞིན་དགེ་ལས་ཀྱི་གྲངས་འབོར་ཡང་ཉུང་དུ་འགྲོ་བཞིན་ཡོད་དམ།

ཤེས་རིག་དྲུང་ཆེ།༽ སློབ་ཕྲུག་ཉུང་དུ་ཕྱིན་པ་བཞིན་དགེ་རྒན་ལས་ཀྱི་གྲངས་འབོར་ཉུང་དུ་ཕྱིན་མེད། གཅིག་བྱས་ན་ཕྲན་བུས་མང་དུ་སོང་ཡོད་སྲིད། དེ་ནི་སྔོན་མེད་དགོས་གལ་གསར་པ་མི་ཉུང་བ་ཞིག་འཐོན་བཞིན་ཡོད་པས་ཡིན།

དུས་བབ།༽ ཉེ་ཆར་དུས་བབ་དྲ་རྒྱའི་སྟེང་བསམ་ཤོག་བསྡུས་སྐབས་ཕལ་ཆེ་བས་སོ་སོའི་བུ་ཕྲུག་གཏན་སློབ་ཁག་ལས་བོད་ཁྱིམ་སློབ་གྲྭར་འཇུག་འདོད་ཡོད་པ་བཤད་འདུག་པ་དེའི་ཐད་བསམ་ཚུལ་གང་འདྲ་ཡོད་དམ།

ཤེས་རིག་དྲུང་ཆེ།༽ དུས་བབ་དྲ་རྒྱའི་སྟེང་བསམ་ཤོག་བསྡུས་པའི་གྲུབ་དོན་ལྟར། ཕ་མ་ཕལ་ཆེ་བས་སོ་སོའི་ཕྲུ་གུ་གཏན་སློབ་ཁག་ལས་བོད་ཁྱིམ་སློབ་གྲྭར་འཇུག་འདོད་བྱས་དང་བྱེད་བཞིན་ཡོད་པ་བདེན་པ་རེད། གཞིས་ཆགས་ཀྱི་སློབ་གྲྭ་མང་པོར་སློབ་ཕྲུག་ཉུང་དུ་འགྲོ་བཞིན་ཡོད་པའི་རྒྱུ་རྐྱེན་གཅིག་ཀྱང་དེ་རེད། ཕ་མ་སུ་ཡིན་རུང་སོ་སོའི་ཕྲུ་གུ་མཐུན་རྐྱེན་དང་ལྟ་རྟོག་བཟང་སའི་སློབ་གྲྭ་ཞིག་ལ་གཏོང་འདོད་བྱ་རྒྱུ་དེ་རང་བཞིན་ཡིན་པས། དེར་བསམ་ཚུལ་དམིགས་བསལ་གང་ཡང་མེད། འོན་ཀྱང་གནས་ཚུལ་དེ་གཞིས་ཆགས་སྲ་བརྟན་གྱི་སྲིད་བྱུས་དང་དོན་འགལ་འགྲོ་
གཞི་ཡོད་མེད་བརྟག་དགོས་པ་ཞིག་རེད་སྙམ།

དུས་བབ།༽ ཤེས་རིག་ལས་ཁུངས་ཀྱི་ངོས་ནས་འདིར་ཁ་གསབ་དང་ཉམས་པ་སླར་གསོ་གང་འདྲ་བྱེད་ཀྱིན་ཡོད།

ཤེས་རིག་དྲུང་ཆེ།༽ ཕྲུ་གུ་ཉུང་དུ་འགྲོ་བའི་རང་བཞིན་གྱི་རྒྱུ་རྐྱེན་ཁག་ལ་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་ཁ་གསབ་དང་སླར་གསོ་གང་ཡང་གནང་ཐབས་མེད། ད་ཡོད་སློབ་གྲྭ་ཁག་གཅིག་གི་ཕྱི་ནང་གི་མཐུན་རྐྱེན་བཟང་དུ་གཏོང་རྒྱུ་སོགས་ཀྱི་སྒོ་ནས་རྒྱ་བལ་འབྲུག་གསུམ་དུ་བོད་ཕྲུག་གང་ཡོད་པ་རྣམས་བོད་པའི་སློབ་གྲྭ་ཁག་ཏུ་སློབ་འཇུག་ཡོང་ཐབས་འབད་བརྩོན་སྔར་མུས་བཞིན་བྱ་རྒྱུ་ཡིན། འདིའི་ཐད་ཤེས་རིག་ལས་ཁུངས་གཅིག་པུ་མིན་པར་ཕྲུ་གུའི་བདག་པོ་ཁྱིམ་ཚང་སོ་སོའི་ངོས་ནས་ཀྱང་༧གོང་ས་མཆོག་གི་ཐུགས་དགོངས་ལྟར་ཕྲུ་གུ་རྣམས་བོད་ཀྱི་སྐད་ཡིག་
དང་རིག་གཞུང་གི་ཤེས་ཡོན་དང་མ་འབྲལ་བ་ཞིག་དགོས་ན་ཁོང་ཚོ་སློབ་གྲྭ་གཏོང་ཡུལ་མ་ནོར་བ་ངེས་པར་གནང་དགོས་སྙམ། གོང་བརྗོད་གཏན་སློབ་ཁག་ཏུ་ཧི་མ་ལ་ཡའི་རི་རྒྱུད་མི་རིགས་ཀྱི་ཕྲུ་གུ་གསར་འཇུག་བྱ་རྒྱུའི་སྐོར་རྒྱ་གར་གཞུང་གི་འབྲེལ་ཡོད་ལས་ཁུངས་ལ་འབྲེལ་བསྡུར་ཞུ་མུས་ཡིན་ཞིང༌། ད་ལྟ་བོད་སློབ་ཁག་ཏུ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཕྲུ་གུ་གྲངས་ ༡༤༥༠ ལྷག་ཙམ་ཡོད་མུས་ཡིན།

འབྲེལ་ཡོད་གསར་འགྱུར།

 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༩ སྔོན་ལ།
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

ཆུ་ཚོད་ ༩ སྔོན་ལ།
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

༢༠༢༦/༠༨/༢༦
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

༢༠༢༦/༠༨/༢༥
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༢༥
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

༢༠༢༦/༠༨/༢༥

མཆན། 3

  1. karma dorje says:
    ལོ་ 17 སྔོན།

    ཧི་མ་ལའི་ནང་པའི་བསྟན་པ་ནི་གལ་གནད་ཤིན་ཏུ་ཆེ་བ་ནི།

    དེང་གི་ཆར་ཡང་ཁུ་ནུ་༸བླ་མ་བསྟན་འཛིན་རྒྱལ་མཚན་དང་བ་ཀུ་ལ་རིན་པོ་ཆེ་མཆོག ༸སྐྱབས་རྗེ་དགའ་ལྡན་ཁྲི་ཐོག་པ་འདི་དང་ལོ་ཙཱ་བ་རིན་ཆེན་བཟང་པོ་མཆོག ༸སྐྱབས་རྗེ་སེར་ཀོང་སྤྲུལ་སྐུ་དང་བདག་གི་དགེ་བའི་བཤེས་གཉེན་ཆེན་མོ་༸རྒན་བློ་བཟང་རྒྱ་མཚོའི་ཡང་སྲིད་མཆོག་སྤྲུལ་མར་སྤྲུལ་བསྟན་འཛིན་ཚེ་བརྟན་ལ་སོགས་པའི་སྐྱེས་ཆེན་དམ་པ་མང་པོའི་འཁྲུངས་ཡུལ་ཡིན་པས་ནང་བསྟན་དར་ཤིང་རྒྱས་ལ་ཡུན་རིང་དུ་གནས་པའི་སྨོན་ཡིག་ཏུ། །

    སངས་རྒྱས་བསྟན་པ་རྟག་ཏུ་རྒྱས་འགྱུར་ཅིག །

    Reply
  2. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 17 སྔོན།

    ཉེ་སྔོན་ཕྲན་ས་ཆ་གང་མང་ཞིག་ཏུ་སོང་ནས་ཚུར་འབྱོར་འཕྲལ་རྒས་གསོ་ཁང་དུ་འཁྱུག་ཙམ་ཕྱིན་ནས་ཚུར་གཞིས་གྲོང་གསུམ་པའི་སུམ་མདོར་སླེབས་སྐབས་གཞིས་ཆགས་ཀྱི་མི་ཞིག་གིས་ཕྲན་ལ་ང་སྐུ་ངོས་ཁྱེད་ཀྱི་མདུན་ལ་ཞིག་བཅར་དགོས་ཡོད་ན་དུས་ཚོད་ཅིག་སྤྲད་རོགས་གནང། ཞུ་ཡ་ཞིག་ཡོད་ཟེར། ཕྲན་གྱིས་མང་པོ་གསུང་ཡ་ཡོད་དམ། ཁྱེད་རང་དགའ་ལྡན་བར་དུ་ཕེབས་རྒྱུ་དཀའ་ལས་རེད། ངེད་གཉིས་ལམ་ཟུར་དུ་ཕར་འགྲོ་ལ་ད་ལྟ་གསུངས་དང་འགྲིགས་ས་རེད། ཞུས་པར་ཁོང་གིས་ཕྲན་ལ་འདི་ནས་ཞུས་ན་མ་གུས་པའི་བཟོ་འདྲ་ཞིག་འདུག་ཟེར། ཕྲན་གྱིས་ཉེན་ཁ་གང་ཡང་མི་འདུག་གསུངས་རོགས་གནང། ཞུས་པར། ཁོང་གིས་ཕྲན་ལ་ངའི་ཕྲུ་གུའི་འདི་ལོའི་ཡིག་ཚད་སྐབས་བརྒྱ་ཆ་གཅིག་གིས་མ་འདང་ནས་འདི་ལོའི་ཡིག་ཚད་མ་འཕྲོད་པ་ཆགས་འདུག བརྒྱ་ཆ་རེ་ཟུང་དམིགས་བསལ་གྱིས་སྤྲད་ཆོག་པའི་དབང་ཚད་རྒྱ་གར་སློབ་སྤྱི་ལ་ཡོད་པར་བརྟེན་ང་ཚོ་སོང་ནས་རྒྱ་གར་སློབ་སྤྱིར་ཞུས་ཀྱང་ངོས་ལེན་བྱེད་ཀྱིན་མི་འདུག་ན་སྐུ་མཁྱེན། སྐུ་ངོས་ཁྱེད་ཀྱིས་རྒྱ་གར་སློབ་སྤྱི་ལ་ཕྲུ་གུ་དེར་བརྒྱ་ཆ་གཅིག་སྤྲད་རོགས་ཞེས་གསུངས་རོགས་གནང་ཟེར། དེར་ཕྲན་གྱིས་ངས་སློབ་སྤྱི་ལ་བོད་པའི་སློབ་ཕྲུག་ཚོས་ཡིག་ཚད་མ་འཕྲོད་ཀྱང་བརྒྱ་ཆ་སྤྲད་དགོས། ཞེས་ཞུ་བདེ་བོ་མི་འདུག མ་གཞི་སློབ་སྤྱི་ལ་བརྒྱ་ཆ་ཁ་ཤས་རེ་དམིགས་བསལ་གྱིས་སློབ་ཕྲུག་ཚོར་སྤྲད་ཆོག་པའི་དབང་ཚད་ཡོད་མེད་ཧ་གོ་གི་མེད། གལ་སྲིད་སློབ་སྤྱི་ལ་དེ་ལྟའི་དབང་ཚད་ཡོད་ན་ཁྱོད་རང་གིས་ད་དུང་ཞུ་བ་འཐེན་ན་ཡག་པོ་ཡོད་པ་ལས་ཕྲན་གྱིས་ཞུ་རྒྱུ་སྟབས་བདེ་བོ་ཡོད་མ་རེད། གལ་སྲིད་ངས་དེ་འདྲ་ཞུས་ན་སང་ཁོང་ཚོས་བོད་མི་མང་སྤྱི་འཐུས་འདི་གར་ཡོང་ནས་ཁོང་ཚོར་དབང་ཡོད་བཤད་ཀྱིན་འདུག་དགོངས་ངེས་རེད། ཅེས་བཤད་པར་མི་དེས་ཕྲན་ལ་མ་དགའ་མདོག་མདོག་གིས་ཕྱིན་སོང།
    དངོས་གནས་ང་ཚོའི་བུ་ཕྲུག་ཚོའི་ཕ་མ་འདིའི་རིགས་ཀྱིས་དང་པོ་ནས་སོ་སོའི་བུ་ཕྲུག་ལ་སློབ་སྦྱོང་ཚད་ལྡན་བྱེད་མ་བཅུག་པར་སང་ཉིན་ཡིག་ཚད་མ་འཕྲོད་སྐབས་སྔ་ཕྱི་ལ་བསམ་བློ་མ་བཏང་བར་འདྲ་མིན་འཁྲབ་ཡོང་གིན་འདུག སྤྱི་འཐུས་ཁྱེད་རང་སོང་ལ་ཡིག་ཚད་མ་འཕྲོད་པའི་སློབ་ཕྲུག་ཚོར་བརྒྱ་ཆ་དམིགས་བསལ་སྤྲད་བཅུག་ནས་ཡིག་ཚད་འཕྲོད་པ་བྱེད་དགོས་ཡོད། གསུང་གིན་ཡོད་པ་རེད། དེ་འདྲ་ཡོང་ཐབས་ཡོད་དམ།

    Reply
  3. ཧོར་བུ་ཡེ་ཤེས says:
    ལོ་ 17 སྔོན།

    གཏན་སློབ་ཁག་ཏུ་བོད་ཕྲུག་ཡག་པོ་དགོས་ན་འཛིན་སྐྱོང་བཟོ་མཁན་ནམ་དབུ་འཛིན་གཙོ་བྱེད་པའི་བོད་དགེ་རྣམས་རང་གི་མི་རིགས་ལ་ཤ་ཞེན་དང་སེམས་ཤུགས་ཡོད་མཁན་དགོས་པ་ལས་ཉི་མ་གང་ཁྱོག་བྱས་མཁན་ཤག་སྟག་བཞག་ན་སྒོ་བརྒྱབ་རྒྱུ་རང་རེད་དྲན་གྱིན།མ་ཟད་ཕ་མས་ཀྱང་སོ་སོའི་ཕྲུ་གུ་ལ་ལག་འཁྱེར་ཁ་པར་དང་སྒོར་མོ་མང་པོ་ལག་ཏུ་བཞག་ཡག་ཐད་བསམ་བློ་གཏང་དགོས།
    དཔེ་ན།ད་ལོའི་སིམ་ལ་གཏན་སློབ་ཀྱི་འཛིན་གྲྭ་དགུ་པའི་ཡིག་རྒྱུགས་ཡག་པོ་ཆགས་མེད་ཙང་བསྐྱར་རྒྱུགས་གཏང་དགོས་པ་རེད་ཟེར།ད་དུང་དེ་ཡི་ག་ལ་ཚོད་འཛིན་གྲྭ་གཞན་རྣམས་ཀྱང་དགེ་རྒན་གྱི་རོགས་པ་མ་བྱས་ན་ཡིག་རྒྱུགས་ཡག་པོ་མི་ཡོང་བ་སིམ་ལ་མི་མང་པོ་ཞིག་གིས་བཤད་ཀྱིན་ཡོད་པ་རེད།དེ་ལྟར་རོགས་བྱས་དགོས་ན་ཡིད་སྐྱོ་བ་ཞིག་མ་རེད་དམ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese