མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་བཙན། བོད་ཀྱི་གནད་དོན། འཇམ་དབྱངས་ནོར་བུ།

བོད་ཀྱི་དུས་བབ།
༢༠༡༠/༠༣/༡༡
Share on FacebookShare on TwitterShare on EmailShare on Whatsapp
རང་བཙན། བོད་ཀྱི་གནད་དོན།

འཇམ་དབྱངས་ནོར་བུ།
མི་ནག་ཚང་ལུང་རིགས་རྒྱལ་གྱིས་བསྒྱུར།

བོད་རང་བཙན་སློབ་ཕྲུག་ཚོགས་པས་དཔར་སྐྲུན་དང་འགྲེམས་སྤེལ་བྱས།

དཀར་ཆག

བོད་མི་རིགས་ཀྱི་གདོད་མའི་ངོ་རྟགས།
རང་བཙན་གྱི་ཁྲིམས་མཐུན་ངོ་བོ།
ད་ལྟའི་བོད་ནང་།
རང་བཙན་ཅིའི་ཕྱིར་གནད་འགག་ཏུ་གྱུར།
ད་ལྟ་ག་རེ་བྱས་ནས་བློས་གཏོང་དགོས་པ་རེད།
རང་བཙན་གྱི་རྒྱལ་སྤྱིའི་ཁྱབ་རྒྱ།
དམངས་གཙོ་དང་རང་བཙན།
རང་བཙན་གྱི་རེ་བ་ཙམ་ཡང་གལ་ཆེན་ཆགས་ཡོད།

བོད་མི་རིགས་ཀྱི་གདོད་མའི་ངོ་རྟགས།

འཛམ་གླིང་སྟེང་ན་བོད་པ་ནང་བཞིན་རང་གི་གནས་ཡུལ་གྱི་ཆ་ནས་ཐུན་མོང་མ་ཡིན་པར་དགར་ཐུབ་པའི་མི་རིགས་ཤིག་མི་འདུག བོད་མི་རིགས་ཀྱི་ངོ་རྟགས་ནི་ལོ་རྒྱུས་ཀྱིས་བསྐྲུན་པ་མིན་ལ། ཆོས་ལུགས་ཀྱི་ཐོག་ནས་ཀྱང་མིན། འདིའི་རྩ་བ་ནི་བོད་མི་རིགས་ཀྱི་ཕ་ས་དང་མ་སའི་གཏིང་དུ་ཟུག་ཡོད། བོད་མི་རིགས་ནི་གནའ་ནས་ད་བར་དུ་མདོ་དབུས་མཐོ་སྒང་སྟེ། འཛམ་གླིང་གི་ཡུལ་གྲུ་གཞན་ལས་མཐོ་ཞིང་ཡན་གར་དུ་ཆགས་པའི་ཡུལ་འདིར་འཚོ་ཞིང་གཞིས་པའི་མི་རིགས་ཤིག་ཡིན། བལ་ཡུལ་དང་རྒྱ་གར། རྒྱ་ནག་བཅས་མཐའ་འཁོར་གྱི་ས་བབ་དམའ་སའི་ལུང་པ་ནས་བོད་མི་གནས་སྡོད་ཀྱི་ས་ཁུལ་དག་ལ་འཛུལ་སའི་ལམ་ཁ་དག་ནི་ཁྱད་ཆོས་ལྡན་པ་དང་ཡ་མཚན་ཡིན་པ་ཙམ་ཁོ་ན་མིན་པར། ཐུན་མོང་མ་ཡིན་པའི་འཇིག་རྟེན་གཞན་ཞིག་ལ་འཕོ་སའི་འགྱུར་རིམ་གསལ་བོ་ཞིག་ཡིན།

བོད་མི་རིགས་ཀྱི་ངོ་རྟགས་ནི་གནའ་མི་བོད་པ་ཚོས་རང་རང་གི་མངའ་ཁུལ་སོ་སོ་ནས་ངོས་འཛིན་བྱས་ཡོད་པའི་རི་བོ་འགངས་ཆེན་དག་སྟེ། ཡར་ཀླུང་གི་ཡར་ལྷ་ཤམ་པོ། མདོ་སྨད་ཀྱི་ཨ་མྱེས་རྨ་ཆེན། བྱང་གི་གཉན་ཆེན་ཐང་ལྷ། ཁམས་ཀྱི་ཁ་བ་བློ་རིང་དང་མི་ཉག་གངས་དཀར་སོགས་རང་རང་གི་ཡབ་མེས་དང་ཕ་མེས་ཡང་མེས་ཀྱི་ལྷ་སྲུང་དག་ལ་ངོས་འཛིན་བྱེད་པའི་རི་བོ་གཞན་མང་པོར་འབྲེལ་ཡོད། དད་འདུན་འདི་ནི་ལོ་དུས་ཚེས་གྲངས་མ་དར་བའི་སྔོན་ཏེ། བོད་མི་རིགས་ཀྱི་ཕ་བརྒྱུད་དུ་གྲགས་པའི་སྤྲེའུ་བྱང་ཆུབ་སེམས་དཔའི་ལྷ་སྒྲུང་བར་དུ་ཡོད་ལ། འདི་རྗེས་སོར་ནང་པ་སངས་རྒྱས་པའི་འདུ་ཤེས་ཤིག་ཏུ་གྱུར་བར་སྙམ། བོད་རིག་པའི་མཁས་དབང་སྐུ་ཞབས་མཁར་རྨེ་བསམ་གཏན་ལགས་ལྟར་ན། རི་བོ་ལ་དད་གུས་བྱེད་པའི་ལུགས་སྲོལ་ཏེ། བོད་མི་རྣམས་ཀྱིས་དེང་སྐབས་ཀྱང་ཉིན་རེའི་བསངས་གསོལ་དང་རླུང་རྟ་དར་འཛུགས་སོགས་ཀྱི་སྐབས་བློ་སེམས་འགྱུར་མེད་དང་། དྲན་པས་མ་ཟིན་པའི་སྒོ་ནས་ཕྱག་བྱེད་པ་འདི་ནི་བོད་མི་རིགས་ཀྱི་ངོ་རྟགས་ཀྱི་མཚོན་བྱེད་ཐོག་མ་དེ་ཡིན་པར་གསུངས།

ཨིན་ཡོ་ཚུ། བྷེ་ཌུ་ཝུན། ཕོ་ལེ་ནེ་ཤིན་གླིང་ཕྲན་པ་དག་དང་། ཁ་ལ་ཧ་རིའི་བྷུ་ཤུ་མན་སོགས་མ་གཏོགས་ས་ཁམས་དང་གནམ་གཤིས་ཀྱི་ཐོག་ནས་ངོ་རྟགས་གསལ་བོར་ཆོད་པའི་མི་རིགས་ཤིག་མེད། ཡིན་ཡང་། བོད་མི་རྣམས་ཀྱིས་རང་གི་ལོ་རྒྱུས་ཀྱི་མགོ་ཁུངས་ནས་བཟུང་ཁོར་ཡུག་ཁོ་ནའི་སྟེང་ནས་འཇོག་པའི་འཚོ་སྡོད་ཀྱི་ལམ་ལུགས་འདི་བརྒྱུད་སྤྲོད་བྱེད་ཐུབ་ཡོད་ལ། འདི་ལ་བརྟེན་ནས་ཁོང་ཚོས་མདོ་དབུས་མཐོ་སྒང་དུ་ཡོད་པའི་ཚོ་ཁག་དང་རྒྱལ་ཕྲན་མཐའ་དག་གཅིག་གྱུར་གྱིས་མི་རིགས་ཀྱི་ངོ་རྟགས་བཙན་པོ་ཞིག་བསྐྲུན་ཡོད་པ་རེད། བོད་གཅིག་གྱུར་སྐབས་ཀྱི་མི་རབས་ཐོག་མ་དེ་དག་གིས་རང་གི་རྒྱལ་ཁབ་གསར་པ་དང་གོང་མ་ལ་གཟི་བརྗིད་དང་སྤོབས་པ་གང་འདྲ་ཞིག་ཁྱེར་ཡོད་པའི་བསམ་བློ་དེ་ནི་བོད་ཀྱི་རྒྱལ་བོ་ཐོག་མས་བླངས་པའི་གནའ་བོའི་གཞས་ཚིག་འདི་ལས་ཁུངས་སྐྱེལ་བྱས་ཡོད།

གནམ་གྱི་ནི་དབུས།
ས་ཡི་ནི་དཀྱིལ།
གླིང་གི་ནི་སྙིང་པོ།
གངས་ཀྱི་ནི་ར་བ།
ཆུ་བོ་ཀུན་གྱི་ནི་མགོ་བོ།
རི་མཐོ་ས་གཙང་།
ཡུལ་བཟང་།
མི་མཛངས་ཤིང་དཔའ་དུ་སྐྱེ།
ཆོས་བཟང་དུ་བྱེད།
རྟ་མགྱོགས་སུ་འཕེལ་བའི་གནས།

བོད་ཀྱི་བཙན་པོའི་དུས་སྐབས་དེ་དུས་རབས་བཅུ་བ་ཙམ་ནས་མཇུག་སྒྲིལ་ཡོད་ནའང་། བོད་རྒྱལ་ཁབ་ཀྱི་ངོ་བོ་ནི་རྟག་བརྟན་རང་བཞིན་དུ་གནས་ཡོད། རྗེས་ཀྱི་རྒྱལ་རྒྱུད་དག་གིས་སྔོན་མའི་བཙན་པོའི་དུས་སྐབས་ཀྱི་ཉམས་མྱོང་ལས་སླར་ཡང་གཅིག་གྱུར་དང་རང་དབང་གི་བོད་ཅིག་བསྐྲུན་པར་འབད་བརྩོན་བྱས་ཡོད། སྤྱི་ལོ་ ༡༣༠༢ ནས་ ༡༣༦༤ ལོ་བར་བྱོན་པའི་ཕག་མོ་གྲུ་བའི་རྒྱལ་རྒྱུད་ཀྱི་བྱང་ཆུབ་རྒྱལ་མཚན་གྱིས་སོག་པོ་ཡོན་རྒྱལ་རབས་ཀྱི་དབང་བསྒྱུར་བོད་ནས་ཕྱིར་འབུད་བྱས་ཤིང་། ༼འདི་ནི་ཡོན་རྒྱལ་རབས་མཇུག་མ་སྒྲིལ་གོང་གི་ལོ་བཅུ་ཙམ་ནས་ཡིན།༽ བོད་མི་རྣམས་རྒན་མོ་གསེར་འཁུར་ཞེས་འབོད་པའི་གསེར་མདོག་གི་དུས་སྐབས་ཤིག་ལ་ཁྲིད། སྐབས་དེར་བོད་ས་ཁུལ་ཧ་ཅང་བདེ་འཇགས་དང་ཞི་བདེ་ཡིན་པའི་རྐྱེན་གྱིས་རྒན་མོ་ལོ་ལོན་ཞིག་གིས་གསེར་ཁུག་མ་གང་རྒྱབ་ལ་ཁུར་ཏེ་བོད་ཀྱི་སྟོད་ཕྱོགས་ནས་སྨད་ཕྱོགས་བར་དུ་ཕྱིན་ཡང་འཕྲོག་བཅོམ་བྱེད་མཁན་མེད་ཅེས་བཤད་སྲོལ་དར་བ་རེད།

སྤྱི་ལོ་ ༡༦༡༧ ནས་ ༡༦༨༢ བར་བྱོན་པའི་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་བ་ཆེན་པོ་མཆོག་གིས་དུས་རབས་ ༩ པ་ནས་བོད་ཀྱི་བཙན་པོའི་རྒྱལ་རྒྱུད་མཇུག་སྒྲིལ་རྗེས་ནས་ཐེངས་དང་པོར་སྟོད་མངའ་རིས་ནས་སྨད་དར་རྩེ་མདོ། བྱང་ཤར་མཚོ་སྔོན་པོ་བར་བཅས་སླར་ཡང་བོད་གཅིག་གྱུར་བཟོས། ཉེ་བའི་ཆར་ཏེ། སྤྱི་ལོ་ ༡༨༧༦ ནས་ ༡༩༣༣ བར་བྱོན་པའི་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་མུ་མཐུད་བོད་གཅིག་གྱུར་དང་རང་དབང་གི་དོན་དུ་རླབས་ཆེའི་ཐུགས་སྐྱེད་འབད་བརྩོན་གནང་བ་བརྒྱུད་རྗེས་སོར་བོད་རང་བཙན་ཁྱབ་བསྒྲགས་གནང་། འདི་དག་ནི་བོད་མི་རིགས་ཀྱིས་རང་གི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཁྲོད་རྒྱལ་ཁབ་རང་དབང་དེ་ཕ་ཤུལ་བུ་འཛིན་ལྟར་གནང་བ་བསྟན་པ་རེད།

རང་བཙན་གྱི་ཁྲིམས་མཐུན་ངོ་བོ།

ང་ཚོ་བོད་མི་ཚོས་རང་གི་རྒྱལ་ཁབ་རྩོད་པ་འདི་ལ་ཇི་འདྲའི་རྒྱུན་རིང་ཞིང་ཁྲིམས་མཐུན་གྱི་ངོ་བོ་ཞིག་ཡོད་པ་རྟོགས་རྒྱུ་ནི་མཐའ་གཅིག་ཏུ་གལ་ཆེན་དུ་གྱུར་འདུག འཛམ་གླིང་འདིའི་སྒང་གི་རྒྱལ་ཁབ་མང་པོ་ཞིག་ནི་ཕྱོགས་གཅིག་ནས་བསམ་ན་ལོ་རྒྱུས་ཀྱི་ཐོན་དངོས་ཆེན་པོ་རེ་རེད། དོན་ངོ་མར་བཤད་ན། ཨ་རི་དང་ཁེ་ན་ཌ། ཨོ་སི་ཊོ་ལི་ཡ་སོགས་ལ་བོད་ལ་ཡོད་པ་ནང་བཞིན་གྱི་ས་ཆའི་འབྱུང་ཁུངས་ཡོད་པ་མ་རེད། དེ་བཞིན་ཁུ་ཝེ་ཐུ། རྗོར་ཌན། སིན་གྷ་པོར། ཨབ་རི་ཀའི་རྒྱལ་ཁབ་ཁག་ཅིག་ནི་ནུབ་ཕྱོགས་མི་སེར་སྤེལ་ཡུལ་རིང་ལུགས་པའི་སྲིད་བྱུས་ཀྱི་གྲུབ་དོན་ནམ་ཡང་ན། མི་སེར་སྤེལ་བའི་དབང་སྒྱུར་གྱི་སྙིགས་རོ་རེད། ཉེེ་བའི་ཆར། ཨུ་རུ་སུའི་རྒྱལ་ཁབ་ཁ་འཐོར་དུ་ཕྱིན་པ་དང་བསྟུན་བྷེ་ལ་རུ་སུ་དང་། ཊུར་ཀི་མེ་ནི་སི་ཐན། ཨུར་བྷེ་ཀི་སི་ཏན། ཁ་ཛ་ཀུ་སི་ཐན་ལ་སོགས་པ་སྔོན་ཆད་རྒྱལ་ཁབ་མ་ཡིན་པ་སྐོར་ཞིག་གསར་དུ་རྒྱལ་ཁབ་དུ་གྱུར་བ་རེད།

རྒྱལ་སྤྱིའི་དོ་སྣང་འཛམ་གླིང་གི་ཡུལ་ཕྱོགས་དུམ་བུ་འདིར་འཁོར་ཡོད་སྐབས། ང་ཚོས་ད་དུང་སྣོན་པ་རྒྱག་ཆོག་པ་ཞིག་ལ་སྔོན་ཆད་པཱ་ལི་སི་ཐན་ཞེས་པའི་རྒྱལ་ཁབ་ཅིག་ཀྱང་མེད། ལོ་རྒྱུས་ཀྱི་ཐོག་ནས་སྔོན་ཆད་གང་ཡོད་པ་རེད་ཟེར་ན། ཨོ་ཊོ་མན་རྒྱལ་རྒྱུད་(Ottoman Empire) འོག་གི་ཝི་ལ་ཡེ་ཊི་ (Vilayet) ཞེས་པའི་མངའ་སྡེ་ཆུང་ཆུང་ཞིག་ཡིན་ལ། རྗེས་སོར་དབྱིན་ཇིའི་སྲུང་སྐྱོབ་འོག་གི་རྒྱལ་ཕྲན་ཞིག་ཏུ་གྱུར། ཨི་རག་ཀྱང་འཛམ་གླིང་དམག་ཆེན་དང་པོའི་རྗེས་སུ་ཨོ་ཊོ་མན་རྒྱལ་རྒྱུད་ལས་ཐར་བའི་མངའ་སྡེ་ཆུང་ཆུང་གསུམ་སྟེ། མོ་སུལ། བྷག་ཌ་ཌུ། བྷ་སུ་ར་བཅས་དབྱིན་ཇིས་མཉམ་སྦྲེལ་གྱིས་བཙུགས་པའི་རྒྱལ་ཁབ་ཅིག་ཡིན། དེང་སྐབས་རྒྱལ་ཁབ་དེའི་ནང་དུ་མི་རིགས་དང་ཚོ་ཁག ཆོས་ལུགས་བཅས་མགོ་བསྡུ་མི་ཐུབ་ཅིང་དྲག་སྤྱོད་ཀྱིས་སོ་སོར་གྱེས་ཡོད་པ་དེས་ཁོང་ཚོ་མཉམ་བསྡུ་བྱེད་སྟངས་ཀྱི་ཉམས་ང་བའི་ངོ་བོ་དེ་བསྟན་ཡོད།

འདི་ནི་གོང་དུ་དྲངས་པའི་རྒྱལ་ཁབ་དང་ཡུལ་ལུང་དག་ལ་བསྡུར་ན་བོད་ལ་རྒྱལ་ཁབ་ཅིག་གི་ངོ་བོར་གནས་པར་ཐོབ་ཐང་མང་བ་ཡོད་པར་རྩོད་སྒྲུབ་བྱེད་པ་མིན་པར། བོད་འདི་རྒྱལ་ཁབ་ཅིག་གི་ངོ་བོར་གནས་ཆོག་པའི་ཁྲིམས་མཐུན་གྱི་གནས་བབ་ནི་འཛམ་གླིང་རྒྱལ་ཁབ་གཞན་དག་ལས་ལྷག་ཅིག་མིན་ནའང་འདྲ་མཉམ་ཡིན་པའི་དངོས་ཡོད་གནས་ཚུལ་དེ་གསལ་སྟོན་བྱེད་ཆེད་ཡིན། ལར་ནས་རང་གི་འཚོ་བའི་ལམ་ལུགས་ལ་རང་ཐག་རང་གིས་གཅོད་པ་ནི་མི་ཚང་མའི་གཞི་རྩ་དང་ལྷན་སྐྱེས་ཀྱི་ཐོབ་ཐང་རེད། ང་ཚོ་མཉམ་འབྲེལ་རྒྱལ་ཁབ་བམ། ཡང་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་སུ་མ་ཞུགས་པ་དང་། ཡང་ན། སྟོབས་ཆེན་རྒྱལ་ཁབ་ཁག་ཅིག་གིས་རྒྱ་ནག་དང་མཉམ་དུ་རང་གི་ཚོང་འབྲེལ་གཅོད་མི་འདོད་པའི་རྐྱེན་གྱིས་བོད་འདི་རྒྱལ་ཁབ་ཅིག་གི་ངོ་བོར་ངོས་ལེན་མི་བྱེད་པ་ཙམ་གྱིས་ཁྲིམས་མཐུན་གྱི་ངོ་བོ་འདི་གསུབ་ཐུབ་གི་མ་རེད།

རྒྱ་ནག་གི་ཚོང་འབྲེལ་ནི་དབྱིན་ཇི་དང་ཨ་རི་གཉིས་ཀྱིས་འདས་པའི་དུས་རབས་གཉིས་རིང་བོད་རང་བཙན་ལ་རྒྱབ་སྐྱོར་དང་། ཐ་ན་ངོས་ལེན་ཙམ་མེད་པའི་རྒྱུ་མཚན་གསལ་ཤོས་དེ་ཡིན། གཤམ་གྱི་སྐད་ཆ་འདི་ནི་ ༡༩༣༠ སོ་གྲངས་ནང་བོད་དུ་དབྱིན་ཇིའི་སྲིད་བྱུས་འདིང་མཁན་ སིར་ ཆལ་སི་ བྷེལ་ གྱིས་སྤེལ་བ་ལས་གཞན་སུ་ཡིན།

༼དབྱིན་ཇི་དང་ཨ་རི། དེ་བཞིན་ཡུ་རོབ་རྒྱལ་ཁབ་ཕལ་ཆེ་བས་བོད་ནི་རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པར་ངོས་འཛིན་བྱས་ཡོད་པ་རེད། ཕྱོགས་གཞན་ནས་བཤད་ན། ང་ཚོས་རྒྱུན་དུ་རྒྱ་ནག་མཉམ་དུ་འབྱུང་སྲིད་པའི་ཚོང་འབྲེལ་ཆེན་པོ་ཞིག་བཤད་བསྡད་པ་རེད། ངའི་དྲན་ཚོད་ལྟར་ན། ང་ཚོས་འདི་ལོ་ལྔ་བཅུའི་སྔོན་ནས་བཤད་པ་རེད། ཡིན་ཡང་ལོ་ལྔ་བཅུའི་རིང་འདིར་འབྱུང་སྲིད་པའི་ཚོང་འབྲེལ་ཆེན་པོ་དེ་ལྟ་བུ་ཞིག་མངོན་འགྱུར་བྱུང་ཡོད་པ་མ་རེད། འབྱུང་སྲིད་པ་དེ་མུ་མཐུད་ནས་འབྱུང་སྲིད་པ་ཞིག་ལས་ལྷག་ཅིག་ཆགས་མེད། དེ་ལྟར་ཡང་། ཕྱིའི་རྒྱལ་ཁབ་དག་གིས་ཚོང་དོན་འདིའི་ཁྲོད་ནས་ཁེ་བཟང་འདྲ་མཉམ་ཞིག་ཐོབ་པའི་རེ་བ་བྱེད་ཀྱི་ཡོད་ལ། དེ་མ་བྱུང་བར་དུ་རྒྱ་ནག་གི་ངོ་སོ་བསྟོད་ཀྱི་ཡོད་པ་རེད། ཡིན་ཡང་། ཁོང་ཁྲོ་ལངས་དགོས་པ་ཞིག་ལ་ཁོང་ཚོས་རྒྱ་ནག་ནས་རང་རང་གི་ཚོང་ལས་ཀྱི་ཁེ་བཟང་རྒྱ་བསྐྱེད་བྱེད་པའི་དོན་དུ་བོད་བཙོང་གི་ཡོད་པ་རེད།༽

དོན་དངོས་སུ། ལོ་རྒྱུས་ཀྱི་དུས་སྐབས་རེར་བོད་འདི་ཕྱིའི་རྒྱལ་ཁབ་ཀྱི་བཙན་འཛུལ་འོག་ཚུད་པ་དང་། ཡང་ན། བོད་ཀྱི་དབང་བསྒྱུར་མི་སྣ་རེ་ཟུང་གིས་རང་གི་རྒྱལ་ཁབ་ནང་དུ་ཆབ་སྲིད་ཀྱི་གོ་གནས་སྲ་བརྟན་ཆེད་ཕྱིའི་རྒྱལ་ཁབ་ཀྱི་དམག་མིའི་རྒྱབ་རྩ་བཙལ་བ་ཙམ་གྱིས་བོད་འདི་རང་བཙན་རྒྱལ་ཁབ་ཅིག་ཡིན་པའི་བདག་དབང་གི་གནས་བབ་དེར་ཁྱད་པར་འགྲོ་གི་མ་རེད། ཐ་ན་དུས་རབས་བཅོ་བརྒྱད་དང་བཅུ་དགུའི་ནང་བོད་ཀྱི་སྲིད་དོན་དང་དམག་དོན་ཉམས་ཉེས་ངེས་ཅན་ཞིག་ཕྱིན་ཞིང་། མན་ཇུའི་སྲིད་གཞུང་གིས་བོད་ཐོག་ལ་ཚད་ངེས་ཅན་གྱི་དབང་བསྒྱུར་བྱས་པའི་གནས་སྐབས་སུའང་། བོད་ཀྱི་ཐུན་མོང་མ་ཡིན་པའི་ཤེས་རིག་དང་མི་བརྒྱུད། མི་རིགས་ཀྱི་ངོ་བོ་བཅས་ནི་ཨེ་ཤ་ཡའི་ནང་གི་མི་རྣམས་ཀྱིས་ཡོངས་ཁྱབ་ཀྱིས་ངོས་འཛིན་བྱས་ཡོད་པ་རེད། མན་ཇུ་ཁོ་རང་ཚོས་ཀྱང་ངོས་འཛིན་བྱས་ཡོད་ལ། ཁོང་ཚོས་སྐབས་དེར་མན་ཇུ་དང་སོག་པོའི་མི་རྒྱུད་མཐོན་པོའི་རིགས་བོད་ནང་དུ་སྐུ་ཚབ་དུ་བསྐོ་འཇོག་བྱེད་པ་ལས་རྒྱ་ནག་གི་མི་གཏན་ནས་བསྐོ་འཇོག་བྱེད་གིན་མེད། དོན་དངོས་ཐོག མན་ཇུའི་ཕྱི་འབྲེལ་ལས་ཁུངས་ལ་སྡེ་ཚན་གཉིས་ཡོད་པའི་ནང་གི་གཅིག་སྟེ། ལི་ཧྥན་ཡོན་ ཞེས་པ་དེས་བོད་དང་མན་ཇུའི་འབྲེལ་བའི་སྐོར་གྱི་ལས་དོན་ཐག་གཅོད་བྱེད་ཀྱིན་ཡོད་ལ། དེའི་ཁར་མན་ཇུའི་ཁྲིམས་ཁང་དང་སོག་པོའི་རྒྱལ་སྲས་དག་གི་འབྲེལ་བ་དང་། བོད། ཤར་ཏིར་ཀི་སུ་ཐན། ར་ཤི་ཡ་བཅས་ཀྱི་འབྲེལ་བའི་སྐོར་གྱི་ལས་ཀ་བྱེད་ཀྱིན་ཡོད།

བོད་དང་ལྷག་པར་དུ་རྒྱལ་ས་ལྷ་ས་ནི་ར་ཤི་ཡའི་ནང་གི་བྷུ་རི་ཡ་དང་ཁལ་མིག་པ་དག་གིས་བརྩི་ལ། སོག་པོའི་མི་རིགས་ས་ཡ་མང་པོས་རང་གི་ཆོས་དང་རིག་གཞུང་གི་བསྟི་གནས་སུ་བརྩི་གིན་ཡོད། ར་ཤི་ཡའི་འཚོལ་ཞིབ་པ་ Prejevalsky པུ་རེ་ཇེ་ཝལ་སུ་ཁེ་ཡིས་ ༡༨༧༨ ལོར་ས་ཁམས་སྤྱི་ཚོགས་དང་དམག་འཁྲུག་བློན་ཆེན་ལྷན་ཁང་ལ་ཚིག་ཐོ་ཞིག་བཏང་བའི་ནང་བཀོད་དོན།  ༼ ་་་་་་་ ཁོས་ལྷ་ས་ནི་ཨེ་ཤ་ཡའི་རོམ་རྒྱལ་ས་ཡིན་པའི་དབང་དུ་བྱས་ཏེ་རི་མོ་ཞིག་བྲིས་ཤིང་། འདིའི་ཆོས་ལུགས་ཀྱི་ཤུགས་རྐྱེན་ཐད་ཤྲི་ལིངྒ་ནས་ཉི་ཧོང་བར་དུ་དད་ལྡན་པ་མི་གྲངས་ས་ཡ་ ༢༥ ཡོད་སྟབས། ར་ཤི་ཡའི་རྒྱལ་འབྲེལ་སྲིད་བྱུས་ཀྱི་དམིགས་འབེན་གལ་ཆེ་ཤོས་དེ་ཡིན་པར་བཤད།༽

འཛམ་གླིང་གི་རྒྱལ་ཁབ་གང་ཡིན་རུང་སྐབས་རེར་རྒྱལ་ཁབ་གཞན་གྱི་དབང་བསྒྱུར་འོག་ཏུ་ཤོར་མ་མྱོང་བ་ཞིག་ཕལ་ཆེར་མེད། རང་བཙན་རྒྱལ་ཁབ་ཀྱི་ངོ་བོ་འདི་ལོ་རྒྱུས་རྒྱུན་མ་ཆད་པ་དང་གཞན་ལ་བསྟེན་མ་མྱོང་བ་ཞིག་གི་སྟེང་ནས་འཇོག་དགོས་ན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་མིའི་རྒྱལ་ཁབ་སུ་གཅིག་གིས་ཀྱང་རང་བཙན་ཡིན་ལབ་ཐུབ་གི་མ་རེད། ༡༩༦༠ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་ཐོག་རྩོད་གླེང་བྱས་སྐབས་ཨེ་རི་ཤིའི་སྐུ་ཚབ་ཀྱིས། འདས་པའི་ལོ་རྒྱུས་རིང་རྒྱལ་ཁབ་དེ་རྒྱལ་ཁབ་གཞན་སུ་གང་གི་དབང་འོག་ལ་འགྲོ་མ་མྱོང་བ་སྒྲུབ་དགོས་ཚེ་ད་ཡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་མིའི་རྒྱལ་ཁབ་ཕལ་ཆེ་བ་འདིར་སླེབ་གི་མ་རེད་ཅེས་བཤད་པ་ལྟར་རེད།

དབྱིན་ཇི་ནི་ལོ་བཞི་བརྒྱ་ཙམ་གྱི་རིང་རོ་མན་གོང་མའི་ཆ་ཤས་ལྟ་བུར་བསྡད་པ་རེད། ར་ཤི་ཡ་ནི་སོག་པོའི་འོག་ནས་དུས་རབས་གཉིས་ལ་ལྷག་པ་རེད། དེ་བཞིན་ཨ་རི་ཡང་ཐོག་མའི་དུས་སྐབས་ལ་དབྱིན་ཇིའི་མི་སེར་སྤེལ་ཡུལ་རེད། རྒྱ་ནག་ཁོ་རང་ཚོ་ཡང་སོག་པོ་དང་མན་ཇུ་གཉིས་ཀས་དབང་བསྒྱུར་བ་རེད་ལ། བོད་དང་མཉམ་དུ་དམག་འཁྲུག་བརྒྱབས་སྐབས་བསྟུད་མུར་ཕམ་ཞིང་། ཐ་ན་ཕྱི་ལོ་ ༧༦༣ སྐབས་དུས་ཡུན་ཐུང་ཐུང་ཞིག་གི་རིང་ལ་བོད་ཀྱིས་རྒྱ་ནག་གི་རྒྱལ་ས་ཁྲང་ཨན་ཡང་བཟུང་མྱོང་བ་རེད། ང་ཚོས་བརྗེད་མེད་པ་ཞིག་ལ། དུས་རབས་སྔོན་མའི་མགོ་ལ་རྒྱ་ནག་གི་ས་ཁུལ་ཕོན་ཆེན་པོ་ཞིག་ནི་ཉི་ཧོང་གི་འོག་ཏུ་ཡོད་པ་རེད།

ད་ལྟའི་བོད་ནང་།

བྱང་ཀོ་རི་ཡ་ཕུད། འཛམ་གླིང་འདིར་བོད་ནང་དང་ལྷག་པར་དུ་ལྷ་ས་གྲོང་ཁྱེར་མ་གཏོགས་སི་ཏ་ལིན་གྱི་ཉེན་རྟོག་པའི་སྲིད་གཞུང་གི་ཐབས་ལམ་ལྟ་བུའི་འགོག་སྡོམ་འོག་ཡོད་པ་ཞིག་མེད། ཚད་ངེས་ཅན་ནས་བཤད་ན། ཡ་ང་བའི་དངོས་ཡོད་གནས་ཚུལ་འདི་ནི་ཕྱི་རྒྱལ་གྱི་ལྟ་སྐོར་བ་དང་ཐ་ན་གཟིགས་སྐོར་དུ་ཕྱིན་པའི་ཉམས་མྱོང་མེད་མཁན་བཙན་བྱོལ་བོད་མི་ཚོས་ཀྱང་མཐོང་གི་མེད་ལ། རྒྱ་ནག་བཙན་དབང་སྲིད་གཞུང་གི་འགྱུར་སླ་བའི་སྤུས་ཀ་འདི་ཤེས་མེད་པ་མ་ཟད། ཁོ་རང་ཚོ་རྒྱ་ནག་གི་མ་རྩ་རིང་ལུགས་ཀྱི་སྤྱི་ཚོགས་གསར་པ་འདིའི་སྙིང་སྟོབས་ཀྱི་བོང་ཚད་ལ་མིག་ཐོགས་ཤིང་། གཅིག་བྱས་ན་མཚམས་རེར་གོ་སྐབས་དེ་དག་གིས་ཡིད་ཀྱང་བཀུག་ཡོད་པ་རེད།

བོད་དོན་མཁས་དབང་རྣམས་ཚུད་པའི་དེང་གི་ལྟ་སྐོར་བ་རྣམས་ནི་བོད་ནང་འབྱོར་དུས་ཐུག་ས་ནི། རང་རང་གི་ཉིན་རེའི་འཚོ་དོད་ཆེད་རྒྱུགས་ཤིང་རྒྱ་ནག་གི་མི་འབོར་འགོག་རྒྱུའི་ཐད་ཁ་གསང་པོའི་སྒོ་ནས་བསམ་ཚུལ་མི་འདོན་མཁན་རྣམས་ཡིན་ལ། དེར་བརྟེན་བོད་མི་རྣམས་ནི་ད་ལྟའི་སྲིད་བྱུས་ཀྱི་འོག་ནས་འདོད་པ་ཚིམས་འདུག་ཅེས་བཤད་བཞིན། རྒྱ་ནག་དམར་ཤོག་གཞུང་གི་དབང་བསྒྱུར་འོག་གི་དངོས་ཡོད་ཀྱི་འཚོ་བ་ལ་རྒྱུན་དུ་ཁག་འཁུར་བྱེད་ཐུབ་ཀྱིན་མེད། ཝག་ལ་ཧྥུ་ ཧ་ཝེལ་ Vaclav Havel གྱིས་བཙན་ཤུགས་དང་གཉའ་གནོན་གྱི་གཞུང་གི་འོག་ནས་འཚོ་མཁན་མི་རྣམས་ཀྱིས་རང་གི་རྣམ་དཔྱོད་དང་སྤྱི་ཚོགས། ཆབ་སྲིད་ཀྱི་གཤིས་ཀ་བཅས་ལ་མི་གཤིས་གཉིས་རེ་བཟུང་བའི་སྐོར་གསལ་བོ་ཞིག་བཤད་ཡོད་པ་རེད། རོབ་བཤད་ཙམ་བྱས་ན། བསམ་ཚུལ་མི་མཐུན་པར་འཛིན་མཁན་ལ་སྲོག་ཁྲིམས་གཅོད་པའི་གཞུང་ཞིག་གི་འོག་ནས་མི་རྣམས་ཀྱི་ཚོར་སྣང་ངོ་མ་མི་ཤེས་མཁན་ནི་ལྟ་སྐོར་བ་ཚོ་གཅིག་པུ་མིན་པར། ཐ་ན་གཞུང་རང་གིས་ཀྱང་མི་འདི་དག་གི་བསམ་ཚུལ་ངོ་མ་རྒྱུས་ལོན་བྱེད་པར་མཐུན་རྐྱེན་ཡང་དག་ཅིག་འབྱོར་གི་མ་རེད་ཟེར།

༡༩༧༩ ལོར་རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་རྣམས་ལྷ་སར་འབྱོར་དུས་མང་ཚོགས་ཀྱིས་དགའ་དད་ཆེན་པོས་སྣེ་ལེན་བྱེད་སྟངས་དེས་རྒྱ་ནག་གཞུང་གི་མགོ་ཁྲིད་ཚོ་ཧོན་འཐོར་དུ་བཅུག རྒྱའི་མགོ་ཁྲིད་ཚོས་དོན་དངོས་ཐོག་བོད་མི་ཉུང་ཤས་ཤིག་གིས་མ་གཏོགས་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་གིན་མེད་པར་འདོད་ཡོད་ལ། དཀའ་རྙོག་གི་གཏིང་ངོ་མ་མ་མཐོང་བར་དུ་ཁོ་ཚོས་སྐབས་དེར་བོད་མི་ཚོའི་ཐོག་ལ་ནམ་རྒྱུན་གྱི་བཀོད་ཁྱབ་ལས་བརྒལ་བའི་འགོག་སྡོམ་ཁྲིམས་གཞི་བཏང་བ་རེད། 

རྒྱ་ནག་གི་སྤུས་ཚད་སྐྱོ་བའི་ཁང་བརྩེགས་རྣམས་དང་། ཞབས་བྲོ་ཁང་། ཁཱ་ལ་ཨོ་ཁེ་ཨར་ཁང་དག སྨད་འཚོང་ཁང་། མཚན་ཚོགས་ཁང་དང་མགྲོན་ཁང་དེ་དག་གི་རྒྱབ་ན་རྒྱ་ནག་གཞུང་གི་གྲང་བསིལ་བསིལ་གྱི་ལས་འགུལ་ཁག་སྟེ། ༡༩༨༨ ལོ་ནས་མགོ་བཙུགས་པའི་༼སྙིང་རྗེ་མེད་པའི་བཙན་གནོན་༽ དང་། ༡༩༩༦ ལོ་ནས་མགོ་བཙུགས་པའི་ ༼དྲག་རྡུང་།༽ ༢༠༠༦ ལོ་ནས་མགོ་བཙུགས་པའི་ ༼ཤི་གསོན་གྱི་འཐབ་འཁྲུག་༽བཅས་ཀྱི་ལས་འགུལ་རྣམས་ཤུགས་ཆེན་པོར་ལག་བསྟར་བྱེད་ཀྱིན་ཡོད་པ་རེད། བཅིངས་འགྲོལ་དམག་མི་དང་དྲག་ཆས་ཉེན་རྟོག་པ། ངལ་རྩོལ་བསྒྱུར་བཀོད་རུ་ཁག གཞུང་གི་སེམས་ནད་བཅོས་པའི་སྡེ་ཚན། སྤྱི་བདེ་ཚན་པ་དང་བདེ་འཇགས་ཚན་པ། མྱུལ་ཞིབ་མ་ལག་བཅས་ནི་རྒྱལ་གཅེས་སློབ་གསོའི་རུ་ཁག གྲོང་སྡེའི་བདེ་འཇགས་མྱུལ་ཞིབ་པ། གནས་ཚུལ་སྙན་ཞུ་བ་བཅས་ལས་དོན་རུ་ཁག་རྣམས་བརྒྱུད་ནས་གང་སར་བཀྲམས་ཡོད། འདི་དག་ནི་རང་དབང་དང་མངོན་གསལ་གྱིས་སྒྲུབ་ཀྱིན་ཡོད་པ་རེད། ཁོང་ཚོ་ནི་རང་དབང་ལྡན་པའི་ཁྲིམས་ཁང་དང་། རང་དབང་གི་གསར་འགོད། དམངས་ཀྱི་ཚོགས་པ། རང་དབང་གི་རྟོག་ཞིབ་ཚོགས་པ། ཆོས་ལུགས་དང་མི་ཆོས་ཀྱི་མགྲིན་ཚབ་པ། ཡང་ན། འཛམ་གླིང་གི་གསར་འགྱུར་བརྒྱུད་ལམ་གྱི་རྒྱུན་ལྡན་གྱི་ངོ་ཚབ་ལྟ་བུ་སུ་གཅིག་གི་སྟངས་འཛིན་དང་ལྟ་རྟོག་གི་འོག་ཏུ་མེད། འཛམ་གླིང་གི་རྒྱལ་ཁབ་སྡུག་ཤོས་གཞན་ཞིག་ཡིན་ཚེ་དེ་རུ་རྒྱ་ནག་གིས་བོད་ནང་ལག་བསྟར་བྱེད་ཀྱིན་པའི་བཙན་དབང་སྲིད་གཞུང་འདི་ལྟ་བུ་གཏན་འགོག་བྱེད་མི་ཐུབ་ཀྱང་འདི་ལ་སུན་པོ་བཟོ་མཁན་གྱི་ཚོགས་སྡེ་རེ་ཡོད་ངེས།

༢༠༠༦ ལོའི་ཕྱི་ཟླ་ ༥ པའི་ནང་། བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་ཀྲང་ཆིན་ལི་ཡིས། ཁོ་རང་གི་༼ཤི་གསོན་གྱི་འཐབ་འཁྲུག་༽ཅེས་པའི་ཏཱ་ལའི་བླ་མར་འཐབ་འཁྲུག་གི་ལས་འགུལ་ཁྱབ་བསྒྲགས་བྱས་པ་རེད། གཞུང་གི་ལས་རིམ་དམའ་ཤོས་ནས་མཐོ་རིམ་བར་གྱི་བོད་རིགས་ལས་བྱེད་སུ་ཞིག་ཀྱང་ཆོས་ལུགས་ཀྱི་བྱེད་སྒོར་ཞུགས་མི་ཆོག་པ་དང་། དགོན་པ་ལྷ་ཁང་གི་ནང་དུ་འགྲོ་མི་ཆོག་པར་བཟོས་པ་རེད། སྔོན་མའི་ཆ་རྐྱེན་ལྟར་ན་དམར་ཤོག་ཚོགས་པའི་ཚོགས་མི་ཁོ་ན་ལྷ་མེད་སྨྲ་མཁན་ཡིན་དགོས་པ་རེད། དགོན་པ་ཁག་ནང་གི་རྒྱལ་གཅེས་སློབ་གསོའི་ལས་འགུལ་ཤུགས་ཆེ་རུ་བཏང་ཡོད་ལ། ལྷ་ས་དང་ཉེ་འཁྲིས་ཀྱི་རྫོང་ཁག་གི་བོད་རིགས་ལས་བྱེད་རྣམས་ལ་ཏཱ་ལའི་བླ་མར་དགག་རྒྱག་གི་ཡིག་ཆ་འབྲི་དགོས་པར་སྐུལ་གྱིན་ཡོད་ཅིང་། དེ་ཡང་མཐོ་རིམ་ལས་བྱེད་དག་གིས་ཡིག་འབྲུ་ ༡༠༠༠༠ དང་དམའ་རིམ་ལས་བྱེད་ཚོས་ཡིག་འབྲུ་ ༥༠༠༠ ཡོད་པའི་དགག་རྒྱག་གི་རྩོམ་ཡིག་དེ་འབྲི་དགོས་ཀྱི་ཡོད་འདུག ཐ་ན་རྒས་ཡོལ་ལ་ཕྱིན་པའི་ལས་བྱེད་ཚོར་ཡང་དམིགས་བསལ་ཡོད་པ་མ་རེད།

ལོ་བཅུ་ཕྲག་འགའ་ཤས་རིང་དམར་ཤོག་རིང་ལུགས་པའི་བསམ་བློ་གཏོར་བཤིག་གི་སློབ་གསོ་དང་འཛམ་གླིང་སྟེང་གདུག་རྩུབ་དང་གཏུམ་དྲག་ཆེ་ཤོས་ཀྱི་བཙན་གནོན་ལམ་ལུགས་དེ་བོད་ནང་ལག་བསྟར་བྱས་ཀྱང་། བོད་མི་རིགས་ཀྱི་རང་བཙན་གྱི་མངོན་འདོད་ནི་མུ་མཐུད་མཁྲེགས་འཛིན་བྱས་པ་ལས་གཏོར་ཐུབ་མེད། ད་ལྟའི་ཆར་གཞི་རྒྱ་ཆེ་བའི་ངོ་རྒོལ་ཁྲོམ་སྐོར་ནི་ཁག་ཀྱང་། སྙིང་སྟོབས་ཀྱིས་ལངས་པའི་མི་སྒེར་བ་དག་སྟེ། གྲྭ་པ་དང་བཙུན་མ། མི་སྐྱ་བཅས་ཀྱིས་ཟླ་ནས་ཟླ་དང་། ལོ་ནས་ལོར་མཐུད་ཅིང་། འགོག་སྡོམ་འོག་ཡོད་པའི་བོད་ཀྱི་རྒྱལ་དར་དེ་རྒྱུན་མ་ཆད་པར་འཕྱར་ཞིང་། རྒྱ་རྒོལ་གྱི་ཡིག་ཆ་སྦྱར་ཏེ་མི་ཚོགས་ཁྲོད་བོད་རང་བཙན་གྱི་སྐད་འབོད་བྱས་ཡོད་པ་རེད། ༢༠༠༣ ལོའི་ཕྱི་ཟླ་ ༡༠ པའི་ཚེས་ ༢ ཉིན་ཉི་མཚོ་དགོན་པའི་རང་ལོ་ ༢༣ ལ་སོན་པའི་གྲྭ་ཉི་མ་གྲགས་པ་ལགས་བཙོན་ཁང་ནང་བསྟུད་མར་མནར་གཅོད་བཏང་བར་བརྟེན་འདས་གྲོངས་སུ་ཕྱིན། ཁོང་གིས་བོད་རང་བཙན་གྱི་སྦྱར་ཡིག་སྦྱར་བར་བརྟེན་ཁ་བྲལ་གྱི་ཉེས་མིང་འོག་ལོ་དགུའི་རིང་བཙོན་འཇུག་ཁྲིམས་ཆད་ཁུར་ཡོད་པ་རེད། ༢༠༠༦ ལོའི་ཕྱི་ཟླ་ ༩ པའི་ཚེས་ ༣ ཉིན་བྲེལ་བ་ཆེ་བའི་ལྷ་སའི་བར་སྐོར་གླིང་དུ་རང་ལོ་ ༢༣ ལ་སོན་པའི་གཞོན་སྐྱེས་གྲྭ་པ་ཞིག་གིས་དུས་ཚོད་ཐུང་ཐུང་ཞིག་གི་རིང་བོད་རང་བཙན་གྱི་སྐད་འབོད་རྔམ་སྟོན་བྱས། སྐར་མ་འགའ་ཤས་ཀྱི་འཕྲོ་ནས་ཁོང་རྒྱ་ནག་གི་བདེ་འཇགས་མི་སྣས་འཇུས་པ་རེད། འདི་དག་དང་གཅིག་མཚུངས་ཀྱི་སྐད་འབོད་བརྒྱ་ཕྲག་ལ་བལྟས་ཡོང་དུས་གཅིག་གྱུར་གྱི་འབོད་ཚིག་དང་། མཉམ་རུབ་ཀྱི་འབོད་སྒྲ་ནི་རང་བཙན་ལས་གཞན་མ་རེད།

རང་བཙན་ཅིའི་ཕྱིར་གནད་འགག་ཏུ་གྱུར།

རྒྱལ་ཁབ་འགའ་རེ་ནི་རྒྱལ་ཁབ་གཞན་ནམ། ཡང་ན། གོང་མ་གཞན་གྱི་ཆ་ཤས་སུ་གྱུར་རྗེས་འཚོ་གནས་ཐུབ་པ་ཁོ་ན་ཙམ་མིན་པར། ཕྱོགས་འགའ་ནས་ཁེ་བཟང་ཡང་ཐོབ་གི་ཡོད། དཔེ་མཚོན་གསལ་ཤོས་གཅིག་ནི་དབྱིན་ཇིའི་འོག་གི་ཧོང་ཀོང་རེད། ཐ་ན་རྒྱ་ནག་རང་ལ་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་བྱེད་མཁན་དག་གིས་ཀྱང་རྒྱ་ནག་གིས་བོད་ལ་དབང་བསྒྱུར་བྱས་པ་དེ་ནི་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་ཤིག་མ་རེད་ཅེས་དང་། ཡང་ན། དབྱིན་ཇིས་ཧོང་ཀོང་ལ་དབང་བསྒྱུར་བྱས་པ་དང་བསྡུར་ན་རང་དབང་ལྡན་ཞིང་མི་ཆོས་དང་མཐུན་པ་ཞིག་མ་རེད་ཅེས་བཤད་ངེས།

ལྟོས་བཅས་ཀྱི་སྒོ་ནས་བཤད་ན། ཐ་ན་ཕྱིའི་རྒྱལ་ཁབ་ཅིག་གི་ཞི་བའི་དབང་བསྒྱུར་ཡང་དབང་བསྒྱུར་བྱེད་ཡུལ་གྱི་ས་གནས་མི་རིགས་དེའི་གོམས་སྤྱོད་དང་རིག་གཞུང་བཅས་ལ་གནོད་ཀྱིན་ཡོད་པ་རེད། ཨོ་སི་ཊོ་ལི་ཡ་དང་ཁེ་ན་ཌ་ནི་ཡར་ཐོན་གྱི་རྒྱལ་ཁབ་དང་། དཔལ་འབྱོར་གོང་འཕེལ་ཆེ་ཁར། དེང་སྐབས་ཀྱང་ས་གནས་མི་རིགས་ཚུད་པའི་རང་གི་མི་རིགས་ཀྱི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་མཁན་གྱི་དམངས་གཙོའི་སྒྲིག་འཛུགས་སྣ་མང་ཡོད་པའི་གྲས་རེད། ཡིན་ཡང་རྒྱལ་ཁབ་འདི་དག་གི་ནང་གི་ས་གནས་མི་རིགས་ཕལ་ཆེ་བ་ནི་མི་རིགས་ཀྱི་གདེང་སྤོབས་བརླག་པ་དང་། དབུལ་ཕོངས། ན་ཚ་མང་བ། ཆང་རག་གི་སྐྱོན་ཕོག་མཁན། སེམས་ཤུགས་ཉམས་པ་སོགས། ད་སྐབས་བོད་ནང་གཏོར་བཅོམ་གྱི་གནས་སྟངས་ཤིག་མགོ་འཛུགས་ཀྱིན་པ་དག་དང་གཅིག་མཚུངས་རེད།

ཕྱི་རྒྱལ་བའི་དབང་བསྒྱུར་འོག་ནས་བརྩི་བཀུར་དང་བཅས་འཚོ་གནས་ཐུབ་ཐབས་ཀྱི་ལམ་ཁ་ཉག་གཅིག་ནི་རྒྱུན་མཐུད་ནས་ཕ་རོལ་བོའི་གཉའ་གནོན་ལ་ཡ་ལན་སློག་པ་དང་མཐའ་མཇུག་གི་རང་དབང་ལ་རེ་བ་མི་ལྷོད་རྒྱུ་དེ་ཡིན་ལ། གལ་སྲིད་ཁྱོད་ཀྱིས་ཁོའི་བཙན་དབང་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་པ་ཡིན་ན་ཁྱེད་རང་དྲག་པོའི་དམག་འཐབ་ཀྱི་ལམ་ཁར་ཕྱིན་ཡང་ངོས་ལེན་བྱེད་ཀྱི་ཡོད་པ་འདྲ། མི་རིགས་དཀར་པོའི་དྲང་བདེན་མ་ཡིན་པ་དང་དྲག་སྤྱོད་ཀྱི་འོག་ནས་སྡུག་བསྔལ་མྱངས་ཤིང་འདས་གྲོངས་སུ་གྱུར་བའི་ཨ་རིའི་ས་སྐྱེས་རྡོ་སྐྱེས་ཀྱི་མི་གྲངས་ས་ཡ་མང་པོའི་ཁྲོད་ནས། རླབས་ཆེ་བའི་དམག་འཐབ་ཀྱི་དབུ་ཁྲིད་ཇེ་རོ་ནི་མོ་ Geronimo དང་། ཁུ་རེ་རྫེ་ཧོར་སུ་ Crazy Horse། སུ་ཊིན་ བྷུལ་ Sitting Bull སོགས་ནི་དེང་སྐབས་ཀྱང་བརྩི་བཀུར་དང་ཨ་རི་བ་རྣམས་ཀྱིས་དྲན་གསོ་བྱེད་ཀྱིན་ཡོད་པ་རེད། མི་རིགས་དཀར་པོའི་འོག་ནས་ཞི་བདེའི་ངང་འཚོ་མཁན་ཨ་མི་རི་ཁ་བའི་དབུ་ཁྲིད་རྣམས་དང་ཝ་ཤིན་ཊོན་ ཌེ་སེ་ལ་ཕྱིན་ཏེ་“ རླབས་ཆེ་བའི་ཕ་དཀར་པོ་”ལ་ངོས་ལེན་བྱེད་མཁན་རྣམས་ནི་བརྗེད་ཟིན་པ་རེད།

རྗོར་རྗི་ཨོར་ཝེལ་ George Orwell གྱིས་ཁོང་གི་གསར་ཤོག་གི་ཆེད་རྩོམ་ཞིག་གི་ནང་དུ་དོན་དངོས་ཀྱི་གནས་ཚུལ་ཞིག་འདི་ལྟར་བཤད་ཡོད་པ་རེད། དེང་རབས་ཀྱི་སྤྱི་ཚོགས་འདི་གློག་དང་རྡོ་སྣུམ་ལ་བརྟེན་ཡོད་པ་བཞིན་གནའ་བོའི་མེ་སོ་པོ་ཊ་མི་ཡ་དང་ཨེ་རྗེབ། གྷི་རིག རོམ་བཅས་ཀྱི་རིག་གནས་ནི་ཁྱོན་ཡོངས་ནས་བྲན་གཡོག་མི་དམངས་ལ་བརྟེན་ཡོད་པ་རེད། ཡིན་ཡང་ང་ཚོས་ སུ་པར་ཊ་ཁ་སུ་ཙམ་མ་གཏོགས་བྲན་གཡོག་གི་མི་རྐང་གཅིག་དྲན་གྱི་མེད། ཁོ་རང་ལ་དྲན་གསོ་གཏོང་དོན་ནི་ ༼ཁོང་གིས་དགྲ་བོ་ལ་མ་རྒོལ་ཅེས་པའི་ཆོས་ཁྲིམས་མ་རྩིས་པར་དྲག་པོའི་ངོ་ལོག་བསླངས་པའི་དབང་གིས་ཡིན་པར་འདོད།༽ ཅེས་བྲིས་ཡོད་པ་རེད།

རྒྱ་ནག་གི་འོག་ནས་རང་སྐྱོང་གི་གནས་བབ་གང་འདྲ་ཞིག་ལ་རེ་བ་བརྒྱབ་ཡང་དངོས་ཡོད་དང་འཚམ་པ་ཞིག་མིན། ཅིའི་ཕྱིར་ཞེ་ན། རྒྱ་ནག་གི་ལམ་ལུགས་ནི་དེའི་ནང་གི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་ལམ་ལུགས་མ་འདྲ་བ་དག་གི་དགོས་མཁོ་ལ་དཔག་པའི་མཉེན་འགུག་ཡོད་པ་དང་ཡང་ན། བཟོད་བསྲན་ཆེ་བ་ཡོད་པར་ཁས་བླངས་པ་རེད། རྒྱ་གར་ལྟ་བུ་ཡིན་ན་ཁོ་རང་གི་རིག་གཞུང་སྣ་འཛོམས་དང་མི་རིགས་སྣ་འདུས་ཀྱི་ཡང་དག་པའི་འཁོར་སྐྱོད་དང་། དེ་བཞིན་རྩ་ཁྲིམས་ལྟ་བུར་གྱུར་ཡོད་པའི་དམངས་གཙོའི་སྒྲིག་འཛུགས་ཁག་སྟེ། རང་དབང་གི་གསར་འགོད། རང་དབང་གི་འོས་བསྡུ། རང་དབང་གི་ཁྲིམས་ཁང་བཅས་ཀྱིས་རྩ་བའི་ཆ་ནས་སྲིད་གཞུང་གི་ནུས་པར་ཞིབ་བཤེར་དང་། ཡང་ན། ཚོགས་ཁག་ཤུགས་ཆེ་བ་ཞིག་གིས་གྲངས་ཉུང་བ་དེར་ཐུབ་ཚོད་གཏོང་གི་ཡོད་མེད་ལ་ཞིབ་བཤེར་དང་། ཡང་ན་ཁ་གཏད་ཚོགས་པ་ཡོད་པའི་དབང་གིས་དེའི་འོག་ཏུ་རང་སྐྱོང་ཞིག་བཤད་ཀྱང་སེམས་ལ་འཁོར་ཐུབ་གི་རེད། འདི་དག་ནི་གཞི་རྩའི་ངོ་བོའི་ཆ་ནས་རྒྱ་ནག་གི་མགོ་ཁྲིད་ཚོས་བསྒྲུབ་མི་ཐུབ་པའི་གྲས་ཡིན།

རྒྱ་ནག་གི་མི་དམངས་ཇི་བཞིན་རྒྱ་ནག་གི་མགོ་ཁྲིད་ཚོ་ཡང་རྒྱུན་རིང་ཞིང་གཏུམ་དྲག་ཆེ་བའི་རིག་གཞུང་དང་ཆབ་སྲིད་ཀྱི་ཤུལ་དངོས་ཏེ། ཇི་ལྟར་ཨོ་སི་ཊོ་ལི་ཡའི་རྒྱ་ནག་རིག་པ་བ་ ཌབ་ལོ་ རྗེ་ ཨེབ་ རྗེན་ནེར་ W.J.F. Jenner  ཡིས་བསྟན་པའི་༼ལོ་རྒྱུས་ཀྱི་བཙན་རྒྱལ་བ་༽ཞེས་པ་དེའི་གནོད་འཚེ་ཕོག་ཡུལ་དུ་གྱུར་ཡོད་ལ། དེས་རྒྱ་ནག་གི་སྤྱི་ཚོགས་དང་ཆབ་སྲིད་ཀྱི་ཁྲོད་གཞི་རིམ་ནས་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡོང་བར་ངོས་ཟིན་མི་ཐོབ་པའི་རྐྱེན་བྱས་ཡོད་པ་རེད། རྗེན་ནེར་གྱིས་བཤད་དོན། མི་འདོད་བཞིན་དུ་འབྱུང་སྲིད་པ་ཞིག་ལ། རྒྱ་ནག་ནི་ནམ་ཡང་ཕྱིར་ཐོན་ས་མེད་པའི་བཙོན་ཁང་ཞིག་ཏུ་ཚུད་ཀྱིན་ཡོད་ལ། ལོ་ངོ་སྟོང་ཕྲག་གི་རིང་ཡར་རྒྱས་བཏང་བའི་བཙོན་ཁང་ཞིག་སྟེ། ལོ་རྒྱུས་ཀྱི་བཙོན་ཁང་ཞིག་ཡིན། ལོ་རྒྱུས་ཀྱི་བཙོན་ཁང་འདི་ནི་ཡིག་ཐོག་ཏུ་གྲུབ་པ་དང་འདས་ཟིན་པའི་རྗེས་འབྲས་སྤྱི་སྡོམ་བཅས་ཕྱོགས་གཉིས་ཀ་ནས་གྲུབ་པ་ཡིན།

ཧོང་ཀོང་ལ་སྤྲད་པའི་༼རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ནི་༽ དམིགས་བསལ་རེད། ཐག་གཅོད་འདིའི་ཁེ་བཟང་པེ་ཅིན་ལ་རག་གི་ཡོད་པའི་རྐྱེན་གྱིས་གྲོས་འཆམ་བྱུང་བ་རེད། གལ་སྲིད་རྒྱ་ནག་གིས་སྐབས་དེར་གྲོས་གཞི་འདིར་ཁས་ལེན་བྱས་མེད་ཚེ་གཅིག་བྱས་ན་ཧོང་ཀོང་གི་དཔལ་འབྱོར་ཐོག་བཟུང་བའི་རྒྱལ་སྤྱིའི་ཡིད་ཆེས་དེར་གནོད་སྐྱོན་བཟོས་ཡོད་ལ། རྒྱ་ནག་ནང་གི་དཔལ་འབྱོར་ལའང་ཚབས་ཆེའི་གནད་སྐྱོན་ཐེབས་ཡོད་སྲིད། རྒྱ་ནག་གིས་འཇུས་པའི་རྗེས་ཀྱི་ལོ་དེ་དག་རིང་། གསར་འགོད་པ་དང་། རླུང་འཕྲིན་གྱི་གཏམ་གླེང་བ། སྲིད་དོན་དཔྱད་བརྗོད་པ། ཁྲིམས་རྩོད་པ། དེ་མ་ཡིན་པའི་ཧོང་ཀོང་ནང་གི་དམངས་གཙོའི་སྨྲ་བརྗོད་པ་དག་ལ་གྲ་སྒྲིག་ཡོད་པའི་ཐོག་ནས་བསུན་གཙེར་དང་། ཆབ་སྲིད་ཀྱི་ཁོར་ཡུག་གུ་ཇེ་དོག་ལ་བཏང་སྟེ་དྲག་པོའི་རྔམ་རྫིག་སྟོན་པ་དང་ཐ་ན་སྲོག་གི་འཇིགས་སྣང་སྐུལ་བ་སོགས་བྱས་ཡོད། མང་པོ་ཞིག་ཧོང་ཀོང་དུ་འདུག་མ་བཟོད་པར་ཕྱིར་ཐོན་པ་རེད། སྔོན་གྱི་མི་སེར་སྤེལ་ཡུལ་གླིང་ཕྲན་འདིའི་རང་དབང་གི་ཆེད་དུ་སྤྲད་པའི་གཞི་རྩའི་ཁྲིམས་ཡིག་ནི་རྒྱ་ནག་གིས་རྩ་བ་ནས་ནུས་མེད་བཟོས་ཤིང་། གླིང་ཕྲན་འདིའི་གྲོས་ཚོགས་འཐུས་མི་དང་འཛིན་་སྐྱོང་མི་སྣ་ནི་པེ་ཅིན་གྱི་སྟངས་འཛིན་འོག་ནས་ཉོ་དགོས་པར་གྱུར།

ཧོང་ཀོང་གི་མི་སེར་རྣམས་དང་མི་འདྲ་བར། བོད་མི་རྣམས་ཀྱིས་སེམས་ཀྱི་གཏིང་ནས་བོད་པ་ནི་རིག་གཞུང་དང་མི་རིགས། སྐད་ཡིག ཐ་ན་མི་གཤིས་བཅས་ཕྱོགས་གང་ཐད་ནས་རྒྱ་ནག་གི་མི་རིགས་ལས་ཐ་དད་ཡིན་པ་ཚོར་ཞིང་ཤེས་ཀྱིན་ཡོད་པ་རེད། བོད་ནང་གི་བོད་མི་རྣམས་ཀྱི་འཚོ་བའི་དཔལ་འབྱོར་ཡར་རྒྱས་ཕྱིན་པ་ཡིན་ནའང་དེས་ཁོང་ཚོས་རང་ཉིད་རྒྱ་མི་རིགས་དང་ཐ་དད་ཡིན་པའི་བསམ་བློའི་འཁྱེར་སོ་འདི་ལ་འགྱུར་བ་ཐེབས་གི་མ་རེད། ངེས་པར་དུ་དྲན་དགོས་པ་ཞིག་ལ་ལྷ་སའི་ངོ་རྒོལ་དེ་ནི་བོད་ནང་གི་དཔལ་འབྱོར་སྔོན་མའི་དུས་སྐབས་དང་བསྡུར་ན་མངོན་གསལ་གྱིས་ཡར་རྒྱས་ཆེ་བའི་སྐབས་ཤིག་ལ་བྱུང་བ་རེད། འདིའི་ཐད་ཀྱི་བོད་མི་རྣམས་ཀྱི་རྣམ་འགྱུར་འཛིན་ཕྱོགས་ཀྱི་དཔེ་མཚོན་གསལ་ཤོས་ཤིག་ནི་བརྒྱད་ཅུ་གྱ་གྲངས་ནང་བོད་ནང་འགྲེམས་སྤེལ་བྱས་པའི་ངོ་རྒོལ་གྱི་ཡིག་ཆ་ཞིག་གི་ནང་མི་ཞིག་གིས་བཤད་དོན།

བོད་ལྗོངས་འཛུགས་སྐྲུན་དང་། བོད་མིའི་འཚོ་བ་ཡར་རྒྱས་བཏང་ནས་འགྲོ་བ་མིའི་རིགས་ཀྱི་འཚོ་བ་ལས་བརྒལ་བའི་ལྷ་གནས་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱང་ཁ་སྐྱེངས་དགོས་པའི་བདེ་སྐྱིད་ཀྱི་འཚོ་བ་ཞིག་ཁ་ཡོད་ལག་ཡོད་ང་ཚོར་སྤྲད་ཀྱང་ང་ཚོ་བོད་མིར་མི་དགོས། རྩ་བ་ནས་མི་དགོས། ཞེས་བཤད་ཡོད་པ་རེད།

ད་ལྟ་ག་རེ་བྱས་ནས་བློས་གཏོང་དགོས་པ་རེད།

བོད་ནང་གི་གནས་སྟངས་ནི་ཡ་ང་བའི་ཚད་དུ་ཡོད་ལ། ལྷག་པར་དུ་རྒྱ་ནག་གི་མི་འབོར་བོད་ནང་གནས་སྤོར་བྱེད་ཀྱིན་པའི་དོན་དངོས་ལ་བསམ་ཞིབ་དང་། ལྕགས་ལམ་གསར་པ་གྲུབ་པ་ནས་བཟུང་དེའི་མྱུར་ཚད་ཇེ་མགྱོགས་སུ་སོང་བར་བསམ་དུས་གནས་སྟངས་འདིར་ངོས་ལེན་མི་བྱེད་མཁན་མེད། རྒྱལ་བ་རིན་པོ་ཆེ་མཆོག་གི་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་མཁན་ཚོས་རྒྱ་ནག་གི་མི་སེར་གནས་སྤོར་འགོག་དགོས་ན་ངེས་པར་དུ་རང་བཙན་འཐབ་རྩོད་མཚམས་བཞག་སྟེ་རྒྱ་ནག་གི་དབང་བསྒྱུར་འོག་འདུག་དགོས་ཞེས་པའི་རྩོད་སྒྲུབ་འདི་ནི་ཕམ་པར་གྱུར་བ་ནི་གསལ་བོ་ཡིན། རྒྱ་ནག་གི་མགོ་ཁྲིད་མི་སྣ་དང་དང་ཡང་ན་གཞུང་ཚབ་མི་སྣ་སུ་གཅིག་གིས་ད་བར་དུ་བོད་མི་ཚོས་རང་བཙན་མཚམས་ཞོག་དང་ང་ཚོས་མི་འབོར་གནས་སྤོར་གྱི་ཕྱོགས་ལ་བསམ་བློ་གཏོང་ཅེས་གོ་རྒྱུ་ཅན་ཞིག་བཤད་མྱོང་ངམ། རང་བཙན་འཐབ་རྩོད་འགོག་སྡོམ་བྱས་ཤིང་བོད་ནང་གི་གནས་སྟངས་ཞོད་འཇགས་བྱུང་བ་ཡིན་ན་རྒྱ་ནག་གི་མི་འབོར་བོད་དུ་གནས་སྤོར་བྱེད་པའི་ཤུགས་ཆེ་རུ་འགྲོ་ངེས་ལ། འདས་པའི་ལོ་ལྔ་བཅུའི་རིང་ཡོང་བ་ལས་ཀྱང་ལྡབ་འགྱུར་གྱིས་མང་བ་ཆགས་ངེས། གལ་སྲིད་རྒྱལ་བ་རིན་པོ་ཆེ་དང་བཙན་བྱོལ་བོད་གཞུང་གིས་བོད་ཐོག་རྒྱ་ནག་གི་བདག་དབང་ཡོད་པར་ངོས་ལེན་བྱས་པ་ཡིན་ན་འཛམ་གླིང་གི་མདུན་དུ་རྒྱ་ནག་གི་མི་འབོར་བོད་དུ་གནས་སྤོར་བྱེད་པ་ནི་དུས་གཏན་དུ་དང་ཕྱོགས་ཡོངས་ནས་ཁྲིམས་མཐུན་ཆགས་པ་ཡིན་ལ། གནས་ལུགས་འདི་ཙམ་རྟོགས་པ་ལ་རྒྱལ་སྤྱིའི་ཁྲིམས་དོན་རིག་པ་བའི་མཁྱེན་ཡོན་གཏིང་ཟབ་མོ་དེ་འདྲ་ག་ལ་དགོས།

རྒྱ་ནག་གི་མི་འབོར་གནས་སྤོར་ལ་འགོག་རྒོལ་བྱེད་པའི་ཐབས་ལམ་ཉག་གཅིག་ནི་རང་དབང་གི་འཐབ་རྩོད་འདི་ཤུགས་དྲག་པོར་སྤེལ་ཞིང་བོད་ནང་ཚད་གཞི་ངེས་ཅན་ཞིག་ནས་བརྟན་ལྷིང་མི་ཡོང་བར་བཟོས་ཏེ་ཕྱི་རྒྱལ་གྱི་མ་འཛུགས་བྱེད་མཁན་རྣམས་དང་རྒྱ་ནག་གི་ཚོང་བ། ལས་ཀ་འཚོལ་མཁན་བཅས་ལ་བོད་ཀྱི་ས་ཁུལ་ནི་ཁེ་བཟང་འཚོལ་ས་ཞིག་མིན་པ་ཕར་ཞོག བཟོད་བསྲན་མི་ཐུབ་སའི་ས་ཁུལ་ཞིག་ཡིན་པའི་ཚོར་ཤེས་དེ་སྤྲོད་དགོས་པ་རེད། ཐ་ན་བོད་རང་བཙན་འཐོབ་མིན་ནི་ལམ་སེང་དང་ཡང་ན་འབྱུང་འགྱུར་གྱི་དུས་ཐུང་ནང་ངེས་ཤེས་མི་འདྲོངས་ཀྱང་། འཛམ་གླིང་གི་མིག་ལམ་དུ་མདོ་དབུས་མཐོ་སྒང་ནི་རྣོ་ངར་ཆེ་བའི་རྩོད་རྙོག་གི་ས་ཁུལ་ཞིག་ཡིན་པ་དང་། བོད་རང་བཙན་གྱི་གནད་དོན་ནི་ནམ་ཡང་མཚམས་བཞག་མེད་པ་དེ་སྟོན་དགོས་པ་རེད།

བོད་ནང་གི་རྒྱ་མིའི་མི་སེར་གནས་སྤོར་ནི་ཡ་ང་བ་ཞིག་ཡིན་ཡང་། ང་ཚོས་ངེས་པར་དུ་ཤེས་དགོས་པ་ཞིག་ལ་གནས་སྟངས་འདི་ནི་གཏན་ནས་ཁ་བསྒྱུར་མི་ཐུབ་པ་ཞིག་མིན། སི་ཏ་ལིན་གྱིས་ར་ཤི་ཡའི་མི་འབོར་ཕོན་ཆེན་པོ་དག་བཙན་ཤུགས་ཀྱིས་ལི་ཐུ་ནི་ཡ་དང་ལ་ཊི་ཝི་ཡ། ཨེ་སུ་ཊོ་ནི་ཡ་བཅས་ར་ཤི་ཡ་མིན་པའི་རྒྱལ་ཁབ་དག་གི་ནང་གནས་སྤོར་བྱེད་དུ་བཅུག་པ་རེད། ༡༩༣༩ ལོར་མངའ་ཁུལ་འདི་གསུམ་གྱི་མི་འབོར་སྡོམ་ན་ས་ཡ་དྲུག་སྟེ་བོད་ཀྱི་མི་འབོར་ཙམ་ལས་མེད། སི་ཏ་ལིན་གྱིས་ས་ཁུལ་འདི་དག་གི་ས་སྐྱེས་ཀྱི་མི་གྲངས་སྟོང་ཕྲག་ལྷག་བསད་ཅིང་། སྟོང་ཕྲག་བརྒྱ་ལྷག་ཡུལ་ལུང་གཞན་ལ་ཕྱིར་འབུད་བཏང་བ་རེད། སྐབས་དེར་འཛམ་གླིང་གི་བསམ་ཚུལ་ལ་རྒྱལ་ཁབ་འདི་དག་ནི་གཏན་དུ་ནུབ་པར་རྩིས་ཡོད་པ་རེད། ལོ་རབས་ལྔ་བཅུ་པ་དང་དྲུག་ཅུ་པ། བདུན་ཅུ་པ་བཅས་ཀྱི་ནང་དུ། རྒྱལ་ཁབ་འདི་དག་གི་གཞུང་འབྲེལ་གྱི་ངོ་ཚབ་དག་མུ་མཐུད་ནས་ལོན་ཌོན་དང་ནེའུ་ཡོག་བཅས་སུ་ད་དུང་གནས་ཡོད་པར་མ་ལྟོས་པར། རྒྱལ་ཁབ་འདི་དག་ནི་མིའི་རིགས་ཀྱི་དྲན་པའི་ཡུལ་ནས་གཏན་དུ་བརྗེད་ཟིན་པ་རེད། ཐ་ན་ལི་ཐུ་ནི་ཡ་ནས་སྐྱེས་ཤིང་སློབ་གཉེར་གནང་བ་དང་། ནོ་སྦེལ་རྟགས་མ་ཐོབ་མྱོང་མཁན་པཱོ་ལི་ཤིའི་རྩོམ་པ་པོ་ Czeslaw Milosz ཞུ་བས་ཀྱང་ཁོང་གི་དཔེ་དེབ་ The Captive Mind  ཞེས་པའི་ས་བཅད་མཐའ་མའི་ནང་བྷལ་ཊིའི་མངའ་ཁུལ་གྱི་མི་རིགས་འདི་དག་གླེང་སྐབས། སི་པན་གྱི་དམག་དཔུང་གིས་ཨ་རྫི་ཊག་  Aztecs རྩ་མེད་དུ་བཏང་བ་ལྟར་བྷལ་ཊི་ཀའི་མངའ་ཁུལ་གྱི་གནའ་བོའི་རྒྱལ་ཁབ་འདི་དག་མཇུག་སྒྲིལ་བ་རེད་ཅེས་སྐྱོ་སྡུག་རིང་པོ་ཞིག་བཀོད་ཡོད་པ་རེད།

ཡིན་ཡང་སྔོན་མའི་ཨུ་རུ་སུ་མནའ་འབྲེལ་རྒྱལ་ཁབ་འགྱེལ་རྗེས་རྒྱལ་ཁབ་ཆུང་ཆུང་འདི་གསུམ་སླར་ཡང་རང་བཙན་གྱི་རྒྱལ་ཁབ་དུ་གྱུར་བ་རེད། རྒྱལ་ཁབ་འདི་དག་གི་ནང་དུ་ད་དུང་ཡང་ར་ཤི་ཡའི་མི་འབོར་གང་འཚམ་རེ་ཡོད་ཀྱང་། དེ་དག་ནི་སྔོན་ཆད་བསམ་པ་བཞིན་རྒྱལ་ཁབ་འདི་དག་གི་འཚོ་གནས་དང་གཅིག་གྱུར་བཅས་ཀྱི་ཐད་འཇིགས་སྣང་ཆེ་ཤོས་དེ་ཆགས་མེད། སེམས་ལ་ངེས་དགོས་པ་ནི་རྒྱལ་ཁབ་ཆུང་ཆུང་འདི་དག་སྔོན་མ་ཨུ་རུ་སུའི་གཅིག་སྡུད་རིང་ལུགས་པ་དང་ར་ཤི་ཡའི་མི་སེར་གནས་སྤོར་གྱིས་རྩ་མེད་ཤུལ་མེད་དུ་བཏང་བར་ཡིད་ཆེས་བྱས་ཀྱང་། དེང་སྐབས་རང་དབང་གི་རྒྱལ་ཁབ་ཏུ་གྱུར་ཅིང་། རང་རང་གི་གནའ་བོའི་རྒྱལ་དར་བསྒྲེང་ཞིང་། རང་རང་གི་སྐད་ཡིག་གི་ནང་སྐད་ཆ་བཤད། རང་དབང་གིས་འཚོ་བཞིན་ཡོད་པ་དེ་རེད།

བོད་ནི་ཐ་ན་རྒྱ་ནག་གི་དབང་སྒྱུར་འོག་གི་དུས་རིམ་སྡུག་ཤོས་ཀྱི་སྐབས་སུའང་བྷལ་ཊི་ཀའི་མངའ་ཁུལ་གྱི་རྒྱལ་ཁབ་དག་ནང་བཞིན་རྩ་མེད་དུ་གྱུར་མེད། ད་ལྟའི་ཆར་ཡང་ས་ཆ་གང་སར་སྲིད་གཞུང་དག་ལ་བདག་འཛིན་ཆེ་ཞིང་མི་རྣམས་ཚོང་ལས་ལ་དབྱིངས་ཞུགས་ཡོད་པར་མ་ལྟོས་པར། བོད་ཀྱིས་མུ་མཐུད་ནས་ཕྱོགས་གཅིག་གམ་གང་རུང་ནས་འཛམ་གླིང་ཁྱོན་ཡོངས་ཀྱི་དོ་སྣང་འཛིན་གྱིན་ཡོད། དོ་སྣང་འདི་དག་ཀྱང་དུས་རྒྱུན་ནས་ང་ཚོར་དགོས་པའི་དོ་སྣང་རྐྱང་མིན་པ་ནི་ཨ་ཅང་ཅང་། དེ་ལྟར་ཡང་། འཛམ་གླིང་ཁྱོན་ཡོངས་སུ་བོད་དོན་ཐད་གོ་རྟོགས་འཕེལ་གྱིན་ཡོད་ལ། ནམ་རྒྱུན་བོད་དོན་གྱི་ཞུ་སྐུལ་ཐད་སེམས་ཁུར་བྱེད་ཀྱིན་ཡོད་པ་རེད། གལ་སྲིད་ང་ཚོར་བོད་ཀྱི་འཐབ་རྩོད་འདི་མཚམས་འཇོག་པར་ཁ་གཡར་སའི་དུས་སྐབས་ཤིག་ཤར་ཡོད་ཚེ་དེ་ནི་ལོ་རབས་དྲུག་ཅུ་དང་བདུན་ཅུ་པའི་ནང་སྟེ། རྒྱལ་སྤྱིའི་སྟེང་གི་དམར་ཤོག་རིང་ལུགས་ཀྱི་དར་ཁྱབ་དང་རྒྱ་ནག་གིས་བོད་དབང་སྒྱུར་བྱེད་པ་འདི་གཏན་འཁེལ་ལྟ་བུར་མཐོང་བ་དང་། རང་དབང་ལུང་བ་དག་གི་ཤེས་ཡོན་པ་དང་གྲགས་ཅན་མི་སྣ་ཐམས་ཅད་རྒྱ་ནག་དམར་ཤོག་རིང་ལུགས་པ་དང་མའོ་ཙེ་ཏུང་གི་བསམ་བློའི་ཐད་སེམས་ཤོར་བའི་དུས་སྐབས་དེ་ཡིན་པར་འདོད།

ད་ལྟའི་ཆར། བོད་ལ་ཐོབ་པའི་འཛམ་གླིང་གི་སྙིང་རྗེ་དང་དོ་སྣང་དེ་སྔོན་མ་དགུ་བཅུ་གོ་གྲངས་ནང་གི་མཐོ་རླབས་ལས་ཅུང་མར་འགྲིབ་ཡོད་ནའང་ད་དུང་ཡང་ཤུགས་ཆུང་ཆུང་མིན། སྙིང་རྗེ་འདི་བོད་མིའི་ཆབ་སྲིད་ཀྱི་རྒྱབ་སྐྱོར་ངོ་བོར་བསྒྱུར་མ་ཐུབ་པ་ནི་ངོ་མ་སྟབས་ཉེས་པོ་རེད། ང་ཚོ་བོད་མི་རྣམས་དང་། ལྷག་པར་དུ་ཆོས་ལུགས་ཀྱི་དབུ་ཁྲིད་དག་གིས་ང་ཚོའི་ཆབ་སྲིད་ཀྱི་ལས་དོན་འདི་འཛམ་གླིང་སྟེང་གསལ་བོ་དང་བརྟན་པོ་ཞིག་ངོ་སྤྲོད་བྱེད་མ་ཐུབ་པའི་ནོར་འཛོལ་ཆེ་ཤོས་དེ་ངེས་པར་དུ་ངོས་ལེན་བྱེད་དགོས་ཀྱི་ཡོད། དོན་དངོས་ཐོག ངེས་གཏན་མེད་པའི་ལངས་ཕྱོགས་འདིས་ང་ཚོའི་ལས་འགུལ་ཁག་དང་རྒྱབ་སྐྱོར་བ་རྣམས་ཀྱི་ཁྲོད་མགོ་རྨོངས་ཤིག་ཁྱབ་པར་བྱས་པ་དང་འཐབ་རྩོད་དང་འབྲེལ་བའི་ལས་དོན་མཐའ་དག་གི་གཉའ་གཅོག་གི་ཡོད།

རང་བཙན་གྱི་རྒྱལ་སྤྱིའི་ཁྱབ་རྒྱ།

དགུ་བཅུ་གོ་གྲངས་ནས་བཟུང་། བོད་མིའི་དབུ་ཁྲིད་དག་དང་ནུབ་ཕྱོགས་ཀྱི་བོད་དོན་རྒྱབ་སྐྱོར་བ་སྐོར་ཞིག་གིས་བོད་དོན་གྱི་ཁྲོད་རྒྱལ་སྤྱིའི་བློ་འཚབ་ཀྱི་རིགས་ཏེ། ཁོར་ཡུག་དང་འཛམ་གླིང་ཞི་བདེ། ཆོས་ལུགས་བཅས་མཉམ་བསྲེས་བྱས་ཡོད་པ་རེད། འདིའི་རྗེས་ནས་བོད་པ་དང་གྲོགས་པོ་སྐོར་ཞིག་གི་ཁྲོད་རང་བཙན་འཐབ་རྩོད་བྱེད་པ་ནི་འགྲུབ་ཐབས་མེད་པ་དང་མིག་རྒྱང་ཐུང་བའི་ལས་ཀ་ཡིན་ཚུལ་སོགས་ཁེངས་དྲེགས་དང་བྱབ་ཆུང་། ཧ་ལས་པའི་བློ་སྣ་ཐུང་ཐུང་གི་བསམ་ཚུལ་ཞིག་ཁྱབ་པ་རེད། འདི་ལྟའི་ལྟ་ཚུལ་ནི་ནོར་འཁྲུལ་ཡིན་པ་ཕར་ཞོག འདིས་མི་རྣམས་ཀྱིས་རང་གི་གཞི་རྩའི་འཐབ་རྩོད་ཀྱི་དགོས་མཁོ་དེ་ཉིད་དགོས་མཁོ་གཞན་པ་སྟེ། སྤྱི་ཚོགས་ཀྱི་ངོས་འཛིན་དང་། ཆབ་སྲིད་ཀྱི་ལྟ་གྲུབ་ཡང་དག ཆེད་ལས་ཀྱི་ཁེ་བཟང་། ཐ་ན་མཚམས་རེར་རྒྱུ་དངོས་ཀྱི་ལག་ཡོང་ལའང་མཉམ་བསྲེས་བྱེད་ཀྱིན་པའི་རྣམ་པ་དེ་བསྟན་ཡོད་པ་རེད།

རང་དབང་འཐབ་རྩོད་ཀྱི་གཡུལ་འཁྲུག་ངོ་མ་ནི་ས་གནས་རང་དང་ནམ་རྒྱུན་ཨུ་ཐུག་པའི་གནས་སྟངས་འོག་མི་རྣམས་ཀྱིས་རང་རང་གི་མཚན་མཐོང་དང་ལས་རིགས་ཕར་ཞོག སྲོག་ཚུན་ཆད་གཏོང་བར་གྲ་སྒྲིག་ཡོད་པའི་ཐོག་ནས་རྩོད་ཀྱི་ཡོད་པ་རེད། རང་དབང་འཐབ་རྩོད་ཀྱི་ངོ་བོ་ནི་རྙོག་དྲའི་རང་བཞིན་ཡིན། ཡིན་ཡང་། ཇི་འདྲའི་ཟིང་ཆ་ཆེ་ཞིང་། ཅི་ཙམ་ཞིག་མིའི་རིགས་ཀྱི་སྡུག་བསྔལ་དང་དཔལ་འབྱོར་ཉམས་ཉེས་ཀྱི་འབྱུང་ཁུངས་སུ་གྱུར་ཡང་། གྷན་དྷི་རྗེ་དང་མར་ཊིན་ལུ་ཐུར་ཁིན། ནེལ་སོན་མན་ཌ་ལ། ཨང་སན་སུ་སྐྱིད་སོགས་ཀྱི་འགོག་ཏུ་མེད་ཅིང་ས་ཁུལ་རང་བཞིན་གྱི་འཐབ་རྩོད་དེས་འཛམ་གླིང་སྟེང་གི་རང་དབང་ལ་དགའ་བའི་མི་རྣམས་ལ་སེམས་སྐུལ་ཐེབས་ཡོད། དེ་བཞིན་ལྷག་བསམ་གྱིས་རྒྱལ་ཁབ་ཀྱི་གཞུང་ཚབ་རིམ་པ་ནས་ཕྱག་ལས་གནང་མཁན་དང་ཆེད་ལས་ཀྱི་ལས་འགུལ་བ། ཐ་ན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཡིས་ཀྱང་༼འཛམ་གླིང་ཞི་བདེ་༽ཞེས་འབོད་པའི་ལས་དོན་གོང་སྤེལ་བྱེད་དགོས་བཤད་ཀྱིན་ཡོད། ཡིན་ཡང་འདིའི་ཚིག་དོན་གོ་བ་མ་ནོར་བར་འགྲེལ་ན་རྒྱལ་སྤྱིའི་དངོས་ཡོད་ཀྱི་གནས་སྟངས་དེ་སྲུང་སྐྱོབ་བྱེད་དགོས་པར་བསྟན་ཡོད།

བཙན་དབང་སྲིད་གཞུང་རེ་མགོ་རྟིང་བསླགས་པའི་རྒྱལ་ཁ་རེ་རེ་ནི་དཀའ་རྙོག་གཞན་པར་གཞལ་དུ་མེད་པའི་སེམས་སྐུལ་རེར་ཆགས་ཀྱིན་ཡོད། ངའི་བསམ་པར་བོད་པ་ཚོས་སྔོན་མ་བྷང་ལ་ཌེ་ཤི་ལ་རང་བཙན་ཐོབ་དུས་ང་ཚོར་ཅི་ཙམ་གྱི་དགའ་ཚོར་ཞིག་བྱུང་བ་དྲན་གསོས་ཀྱི་ཡོད་ངེས་ལ། ལྷག་པར་དུ་བོད་པའི་གནམ་མཆོང་དམག་མི་རྣམས་ཀྱིས་རྒྱལ་ཁ་འདིའི་ཁྲོད་གལ་ཆེ་བའི་ལེགས་སྐྱེས་ཤིག་འབུལ་ཐུབ་ཡོད་པ་ཤེས་སྐབས་དེ་བས་ཀྱང་སེམས་ཤུགས་དང་གཟི་བརྗིད་ཅིག་ཚོར་མྱོང་བ་རེད། རྒྱ་གར་ལ་རང་བཙན་ཐོབ་རྗེས་ནས་བཟུང་། ཨེ་ཤ་ཡ་དང་ཨབ་རི་ཁའི་རྒྱལ་ཁབ་མང་པོ་ཞིག་རིམ་པ་བཞིན་ཡུ་རོབ་ཀྱི་མི་སེར་སྤེལ་མཁན་རྒྱལ་ཁབ་དག་གི་འོག་ནས་རང་བཙན་ཐོབ་པ་རེད། དགུ་བཅུ་གོ་གྲངས་ནང་། བྷར་ལིན་གྱི་རྩིགས་གྱང་འགྱེལ་བ་ནས་སླར་ཡང་རྒྱལ་ཁབ་མང་པོ་ཞིག་ཨུ་རུ་སུའི་གཉའ་གནོན་འོག་ནས་རང་བཙན་ཐོབ་པ་རེད། ཁྱིམ་མཚེས་ཡུལ་ལུང་ཤར་ཊར་ཀི་སི་ཐན་དང་ནང་སོག་ཙམ་མ་ཡིན་པར། རྒྱ་ནག་མི་དམངས་རང་ལའང་ད་སྐབས་རང་དབང་གི་དུས་སྐབས་གསར་པ་ཞིག་ཤར་བཞིན་པའི་སྐབས་འདིར་བོད་རང་བཙན་ཡང་གློ་བུར་དུ་འཐོབ་སྲིད་ལ། མ་མཐར་ཡང་འདིའི་རྟགས་མཚན་རྣམས་ག་ལེར་མངོན་ཡོང་གི་ཡོད།

ང་ཚོས་ད་དུང་སེམས་ནང་དྲན་དགོས་པ་ཞིག་ལ། དེང་སྐབས་འཛམ་གླིང་སྟེང་བཙན་གནོན་དང་དམར་གསོད་ཆེ་ཤོས་ཀྱི་གཞུང་དག་ནི། ཁེམ་རྗོང་གཉིས་་ Kim Jong Il པའི་འོག་གི་བྱང་ཀོ་རི་ཡ་དང་། འབར་མའི་དམག་མིའི་སྲིད་གཞུང་། རོ་བྷར་ཊི་ མུ་གྷ་བྷེ་ Robert Mugabe འོག་གི་ཛིམ་བྷ་ཝེ Zimbabwe།  ཨེ་སི་ལིམ་ཁ་རི་མུ་ཧྥུ་ Islam Karimov ཡི་འོག་གི་ ཨོ་བྷེ་ཀི་སི་ཐན Uzbekestan། ཌར་ཧྥུར་ Darfur མངའ་ཁུལ་གྱི་མི་གསོད་ཁྲག་སྦྱོར་དང་གཏོར་སྐྱོན་མཐའ་དག་བཟོ་མཁན་སུ་ཌན་Sudan གཞུང་བཅས་ཡིན། འདི་དག་ཡོད་ཚད་ནི་རྒྱ་ནག་གཞུང་གི་དཔལ་འབྱོར་དང་ཆབ་སྲིད། དམག་དཔུང་བཅས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་གནས་པ་དང་རྩོམ་གྱི་ཡོད་པ་རེད།

དམངས་གཙོ་དང་རང་བཙན།

བོད་རང་བཙན་གྱི་འཐབ་རྩོད་དོན་དུ་འ་ཆད་འུ་ཐུག་གིས་དགོས་མཁོ་ཆེ་བའི་དབུ་ཁྲིད་གསར་པ་དང་བསམ་བློ་གསར་པ། འཆར་གཞི་གསར་པ་བཅས་ནི་ཡང་དག་པའི་བོད་མིའི་དམངས་གཙོའི་སྤྱི་ཚོགས་ཤིག་ནས་ད་གཟོད་འཐོན་ཐུབ་པ་ཙམ་མ་ཟད། ནུས་པ་འཐོན་པ་དང་རིན་ཐང་འཇོག་ཐུབ་པ་ཡིན། ད་དུང་བཤད་ན། དམངས་གཙོ་ཁོ་ན་བརྒྱུད་ང་ཚོའི་སྲིད་གཞུང་གི་ལས་དོན་རིགས་ཕྱི་གསལ་ནང་གསལ་ཆགས་ཐུབ་ལ། ང་ཚོའི་དབུ་ཁྲིད་ཚོའི་ཕྱོགས་ནས་ཀྱང་དོན་དངོས་ཀྱི་ཁག་འཁུར་ལེན་ཐུབ་གི་རེད། དེར་བརྟེན་དམངས་གཙོའི་ལམ་ཁོ་ན་བརྒྱུད་བོད་མི་རིགས་ཀྱིས་རང་བཙན་ལ་བཟུང་བའི་ཚོར་སྣང་ངོ་མ་དེ་སྟོན་ཐུབ་གི་རེད།

མནར་གཅོད་ཀྱི་འོག་ཡོད་པའི་བོད་མི་རིགས་ལ་མཚོན་ན་དམངས་གཙོ་ནི་རྒྱ་ནག་གི་བཙན་དབང་སྲིད་གཞུང་འོག་ནས་མཐའ་མར་རང་དབང་འཐོབ་དུས་ཀྱི་དམིགས་ཡུལ་ཙམ་མིན་པར། མི་རིགས་རང་གི་འདོད་མོས་ལྟར་བཙུགས་པའི་དྲང་པོ་དང་བདེན་ཐུབ་ཀྱི་སྲིད་གཞུང་ཞིག་ཡོང་ཐབས་ཀྱི་རེ་བ་ཡག་ཤོས་དེའང་ཡིན། འདི་ལྟར་དམངས་གཙོའི་ལམ་ལུགས་ཀྱི་བོད་ངོ་མ་ཞིག་འཛུགས་པའི་ཁས་ལེན་དེ་ནི་ད་སྐབས་རྒྱ་ནག་གིས་བོད་རང་བཙན་ཟེར་བ་ནི་སྔོན་མའི་བྲན་གཡོག་ལམ་ལུགས་བསྐྱར་གསོ་བྱེད་རྩིས་རེད་ཅེས་སྒྲོག་བཞིན་པའི་དྲིལ་བསྒྲགས་དེའི་ལན་འདེབས་ཡག་ཤོས་ཆགས་ཡོད། དེ་བས་དམངས་གཙོ་ནི་བོད་དོན་འཐབ་རྩོད་ཀྱི་མཚོན་ཆ་ནུས་ཤུགས་ཆེ་ཤོས་ཤིག་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དུ་བོད་རང་དབང་གི་འཐབ་རྩོད་འདི་མི་ནུབ་པའི་ཆེད་དུ་དགོས་གལ་ཆེ་ཤོས་ཀྱི་ལག་ཆ་འཁྲུལ་མེད་དང་ནུས་པ་ཆེ་ཤོས་དེ་ཡིན། བཙན་བྱོལ་ནང་དུ་དམངས་གཙོའི་ལས་དོན་གྱི་གོམ་སྟབས་ཆུང་ཆུང་ཞིག་མགོ་བཙུགས་ཡོད་ཀྱང་། ལས་དོན་མང་ཆེ་ཤོས་ནི་ད་དུང་བསྒྲུབ་རྒྱུར་བསྡད་ཡོད། ད་ལྟའི་སྐབས་བབ་ཀྱི་སྒྲོམ་གཞི་འདི་ནི་སྔོན་མའི་བལ་ཡུལ་གྱི་མི་ལྔའི་འཐུས་མིའི་ལམ་ལུགས་ panchayat  གྲོང་གསེབ་རང་སྐྱོང་ལྟ་བུ་ཞིག་ཡིན་ལ། འདིའི་ཚབ་ལ་ཚོགས་པ་སྣ་མང་གི་འོས་འདེམ་ལམ་ལུགས་ངོ་མ་ཞིག་ལག་བསྟར་མ་བྱས་ཚེ། བཙན་བྱོལ་བོད་གཞུང་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཡོངས་ཁྱབ་ཀྱི་མངོན་འདོད་དེ་མཚོན་མི་ཐུབ་ལ། མི་དམངས་ཀྱིས་རང་བཙན་ལ་འདོད་པ་བྱེད་བཞིན་པའི་མངོན་འདོད་འདི་གཞིར་བྱས་པའི་སྲིད་བྱུས་ཀྱང་གཏན་འབེབས་བྱ་མི་ཐུབ།

ཡིན་ཡང་འོས་བསྡུའི་ལམ་ལུགས་ལ་བསྒྱུར་བཅོས་བྱས་པ་ཙམ་གྱིས་ཡང་དག་པའི་དམངས་གཙོ་དང་འཕེལ་རྒྱས་ཀྱི་སྤྱི་ཚོགས་ཤིག་འགྲུབ་པར་ཁག་ཐེག་བྱེད་མི་ཐུབ། བོད་མི་ཚོས་དམངས་གཙོའི་རིག་གཞུང་དང་བསམ་བློའི་ལྟ་གྲུབ་ཐད་སྔོན་མ་ང་ཚོའི་མེས་པོ་རྣམས་ཀྱིས་ནང་ཆོས་བོད་ལ་འདྲེན་དུས་ཀྱི་ཆོད་སེམས་དང་དང་དོད་ཇི་བཞིན་ཞིག་འཇུ་ཐུབ་དགོས། བོད་ཀྱི་ནང་ཆོས་དེ་ཤུགས་ཆེར་དར་ཐུབ་པར་གྱུར་བ་ནི་རླབས་ཆེ་བའི་ལོ་ཙཱ་བ་དེ་དག་གིས་དུས་རབས་བདུན་པ་ནས་བཅུ་གསུམ་བར་དུ་རྒྱ་གར་འཕགས་པའི་ཡུལ་དུ་ནང་ཆོས་ལ་འཚོལ་སྙེག་དང་སློབ་གཉེར་བྱས་པ་བརྒྱུད་རྒྱ་གར་གྱི་ཡི་གེ་ནས་བོད་ཡིག་ཏུ་བསྒྱུར་བའི་དྲིན་གྱིས་རེད། ཁོང་རྣམ་པའི་ཁྱད་དུ་འཕགས་པའི་ཕྱག་རྗེས་དེ་དག་ང་ཚོའི་ཤེས་རིག་གི་གཞི་འདིང་སའི་རྨང་རྡོར་བཞག་སྟེ་དེ་རིང་བར་དུ་དར་ཁྱབ་བྱུང་བའི་བོད་བརྒྱུད་ནང་བསྟན་གྱི་སྒྲིག་འཛུགས་མ་ལག་དང་ཕྱག་རྗེས་དག་བྱུང་བ་རེད། ང་ཚོའི་རྒྱལ་ཁབ་ཀྱི་མ་འོངས་པའི་ཆབ་སྲིད་ལམ་ལུགས་ཀྱི་ཁ་ཕྱོགས་འཚོལ་ཐབས་སུ་བོད་མི་ཚོས་ནུབ་ཕྱོགས་ཀྱི་དམངས་གཙོ་དང་མི་སེར་སྤྱི་ཚོགས་ཀྱི་གཞི་རྐང་གི་བསམ་བློའི་ལྟ་གྲུབ་དང་རིག་པ་དག་ལ་སློབ་སྦྱོང་དང་བགྲོ་གླེང་བྱེད་དགོས་པ་རེད། ང་ཚོའི་སྲིད་དོན་སློབ་གཉེར་གྱི་བསྟན་བཅོས་དང་མན་ངག་དག་ནི་ཧྥུ་རན་སི་དང་དབྱིན་ཇིའི་སད་རྟོགས་དུས་སྐབས་ཀྱི་རྩ་ཆེའི་ཕྱག་དཔེ་ཁག་དང་། ཨ་རི་དང་དེང་རབས་རྒྱ་གར་གྱི་ཤིང་རྟའི་སྲོལ་འབྱེད་པ་དག་གི་ཕྱག་རྩོམ། ང་ཚོའི་དུས་སྐབས་འདིའི་རང་དབང་གི་ལྟ་གྲུབ་པ་དང་དམངས་གཙོ་དོན་གཉེར་བ་དག་གི་རྩོམ་ཡིག་དག་ཡིན།

འདི་ལྟའི་ཤེས་ཡོན་གྱི་འབད་བརྩོན་དང་སྲིད་དོན་གྱི་ཆོད་སེམས། བསམ་བློའི་སྙིང་སྟོབས་ཁོ་ནར་བརྟེན་ནས་ང་ཚོས་བོད་རང་བཙན་བསྐྱར་གསོ་བྱེད་ཐུབ་ལ། མི་སྒེར་གྱི་གཞི་རྩའི་རང་དབང་དང་ཁྲིམས་ཀྱི་དབང་བསྒྱུར་ལ་གཞི་བཅོལ་བའི་དམངས་གཙོའི་ལམ་ལུགས་ཀྱི་སྲིད་གཞུང་དེ་འཛུགས་ཐུབ་གི་རེད།

རང་བཙན་གྱི་རེ་བ་ཙམ་ཡང་གལ་ཆེན་ཆགས་ཡོད།

ང་ལ་ཡིད་ཆེས་གང་འཚམ་ཡོད་ཀྱང་། སྤྱིར་བཏང་བོད་རང་བཙན་ནི་ལམ་སེང་རག་ཐུབ་པ་དེ་འདྲ་མིན་ལ། ཐ་ན་ང་ཚོའི་མི་ཚེའི་རིང་མི་རག་པའང་སྲིད། ཡིན་ཡང་རང་བཙན་གྱི་དམིགས་ཡུལ་ཉར་རྒྱུ་ནི་དེའི་མཐའ་མཇུག་གི་གྲུབ་འབྲས་ལ་གལ་ཆེན་ཆགས་ཡོད་པ་ནི་སྨྲས་མ་དགོས་པ་ཡིན། ངེས་པར་དུ་དྲན་དགོས་པ་ཞིག་ལ། ང་ཚོའི་སྤྱི་ཚོགས་འདི་ཐོག་མའི་དཀའ་ཁག་གི་དུས་སྐབས་སུའང་ཆིག་སྒྲིལ་དང་ནུས་སྟོབས་ཡོད་པའི་སྒོ་ནས་གནས་ཐུབ་པ་ནི་རང་བཙན་གྱི་རེ་བ་དེའི་དབང་གིས་ཡིན། ང་ཚོའི་སྤྱི་ཚོགས་ཀྱིས་ད་སྐབས་ཆོས་ལུགས་དང་ཆབ་སྲིད་ཀྱི་རྩོད་རྙོག ཤེས་ཡོན་འཐུས་ཤོར། ཆོས་ཕྱོགས་མི་སྣས་འདོད་ཡོན་ལ་བག་མེད་ལོངས་སྤྱོད་བྱེད་ཀྱིན་པའི་བློ་ཕམ་གྱི་གནས་ཚུལ། འཛིན་སྐྱོང་ལ་བློ་ཁ་མ་ཁེངས་པ། མང་ཚོགས་དཀྱུས་མའི་ཁྲོད་ཆིག་སྒྲིལ་དང་རང་བཀུར་གྱི་བསམ་བློ་མེད་པ་བཅས་ཀྱི་དཀའ་རྙོག་མང་པོ་འདི་ནི་རྩ་བའི་ཆ་ནས་ང་ཚོའི་དབུ་ཁྲིད་ཚོས་འདས་པའི་ལོ་ ༢༠ རིང་བོད་རང་བཙན་གྱི་འཐབ་རྩོད་མཚམས་འཇོག་བྱས་པའི་རྐྱེན་གྱིས་ཡིན།

བོད་རང་བཙན་གྱི་རེ་བ་ནི་གཞིས་ལུས་བོད་མི་ཚོར་གལ་ཆེན་ཆགས་ཡོད། བཙན་བྱོལ་ནང་དུ་རང་བཙན་འཐབ་རྩོད་མི་ཉམས་པར་རྒྱུན་འཛིན་བྱེད་པ་དེས་གཞིས་ལུས་མི་དམངས་ལ་རེ་བ་ཞིག་སྟེར་གྱིན་ཡོད་ལ། རྒྱ་ནག་གི་གདུག་རྩུབ་འོག་ནས་མནར་གཅོད་ཆེ་བར་མ་ལྟོས་པར། ཁོང་ཚོའི་ཤེས་རིག་དང་འཇིག་རྟེན་དེ་རྩ་ཡལ་དུ་གྱུར་མེད་པའི་ཁག་ཐེག་ཅིག་སྟེར་གྱིན་ཡོད་པ་རེད། བོད་མི་རིགས་ཀྱིས་རང་གི་ངོ་རྟགས་དང་རིག་གཞུང་། ཆོས་ལུགས་བཅས་རྒྱུན་འཛིན་བྱེད་དགོས་ཀྱི་ཡོད་ན་བོད་རང་བཙན་གྱི་རེ་བ་དེ་ནམ་ཡང་བརླག་མི་རུང་། གལ་སྲིད་རྒྱ་ནག་གི་འོག་ནས་འདུག་པར་མགོ་སྒུར་ཚེ་ང་ཚོས་རང་གི་རྒྱལ་ཁབ་ཤོར་བ་ཙམ་མིན་པར་ང་ཚོའི་རིག་གཞུང་གི་ངོ་རྟགས་ཀྱང་བརླག་པ་ཡིན། པེ་ཅིན་གྱིས་ང་ཚོ་ནང་པ་ཙམ་དུ་གནས་ཆོག་པའི་ཁས་ལེན་བྱེད་སྲིད། ཁྱོད་ཀྱི་རེ་བ་ལྟར་ཐེ་ཚོམ་མེད་པ་དང་ཤ་ཚ་མདོག་གིས་ཁས་ལེན་འདི་སྟེར་སྲིད། ཡིན་ཡང་ཤེས་དགོས་པ་ཞིག་ལ། རྒྱ་ནག་ནང་དུ་ང་ཚོ་མ་ཡིན་པའི་ནང་པའི་གྲུབ་མཐའ་དང་ཆོས་བརྒྱུད་ཀྱང་ཡོད་པ་རེད། གལ་སྲིད་མཐའ་མ་དེར་བོད་མི་རིགས་ཀྱི་ལོ་ངོ་ཉིས་སྟོང་གི་དཔལ་ཡོན་དང་རིག་གཞུང་དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རི་བརྒྱུད་ས་ཁུལ་གྱི་རྒྱ་མི་ཚོའི་ནང་པའི་གྲུབ་མཐའ་ཞིག་ཏུ་གྱུར་ཚེ་མཐའ་མར་གནས་ལུགས་གོ་ལྡོག་གི་གཏམ་དུ་གྱུར་བ་ཡིན།

མི་སྒེར་གྱི་ངོས་ནས་བཤད་ན། བོད་ནང་དང་རྒྱ་གར་ཙམ་མིན་པར། རྒྱལ་ཁབ་གཞན་པ་གང་ཞིག་ཏུ་ཁེར་རྐྱང་ངང་གནས་པའམ། ཡང་ན། རྒྱ་ནག་གི་བཙོན་ཁང་ཁང་མིག་གཅིག་གི་ནང་ཡིན་ནའང་འདྲ། ཁྱོད་རང་ཐུན་མོང་མ་ཡིན་པའི་བོད་པ་ཞིག་ཏུ་གནས་ཐབས་ཀྱི་ལམ་ཁོ་ན་ནི་ངེས་པར་དུ་བོད་རང་བཙན་གྱི་རེ་བ་འདི་དྲན་དགོས་པ་དང་། རང་ཉིད་ཀྱི་ངོས་དང་འཛམ་གླིང་གི་ངོས་ནས་རྒྱ་ནག་དམར་ཤོག་གཞུང་དང་དེའི་མི་སྤྱོད་ལས་འདས་པའི་ལས་ཀ་དང་སྡིག་ཉེས་དག་ལ་རྒོལ་བར་ལྷོད་གཡེང་བྱ་མི་རུང་བ་དེ་ཡིན།
 
ཕྱི་ལོ་ ༡༨༨༡ ལོ་ནས་ ༡༩༣༦ བར་བྱོན་པའི་རྒྱ་ནག་གི་དེང་རབས་རྩོམ་པ་པོ་གྲགས་ཅན་ལུའུ་ཞུན་གྱིས་ཕལ་ཆེར་བོད་མི་ཚོར་ཡར་གཅུས་རིལ་བརྒྱབས་ཏེ་སྐབས་བབ་ཀྱི་དཀའ་ཁག་དེའི་ངོ་གདོང་ནས་ཤི་དགོས་པའི་ལམ་སྟོན་དེ་གནང་མེད་པ་འདྲ། ཁོ་རང་སྐྱེས་དུས་ནས་བཟུང་སྐྱོ་སྣང་རིང་ལུགས་པ་ཞིག་རེད། ཡིན་ཡང་རེ་བ་ཞེས་པ་འདིའི་ཐད་ཁོང་གིས་འདི་འདྲ་ཞིག་བཤད་ཡོད་པ་རེད།

༼རེ་བ་ལ་ཁག་ཐེག་མེད་ལ་ངོ་ལོག་བྱེད་པའང་མེད། རེ་བ་ནི་ཡུལ་མཐའི་རྐང་ལམ་དང་འདྲ། ཐོག་མའི་དུས་སུ་དེར་རྐང་ལམ་མེད། ཡིན་ཡང་། མི་རྣམས་ནམ་རྒྱུན་དུ་སྐྱ་ཐིག་གཅིག་གི་ནང་གོམ་པ་སྤོས་པར་བརྟེན། ལམ་ཁ་བཏོད་པ་རེད།༽ ཅེས་བསྟན་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

Former Pakistan prime minister Imran Khan, gestures as he speaks with Reuters during an interview, in Lahore, Pakistan March 17, 2023. REUTERS/Akhtar Soomro
Mobile App

པཱ་ཀི་སི་ཐན་གྱི་གྲོས་ཚོགས་འཐུས་མི་ཟུར་བ་ ༡༠༨ ལ་ལོ་བཅུ་རེའི་ཁྲིམས་ཐག་བཅད།

ཆུ་ཚོད་ ༢༢ སྔོན་ལ།
ལྷོ་སོག་གི་མགོ་ཁྲིད་ཟུར་བ་ཏུའུ་ཙེ་ལ་ལོ་ ༡༥ ཡི་ཁྲིམས་ཐག་བཅད་འདུག
Mobile App

ལྷོ་སོག་གི་མགོ་ཁྲིད་ཟུར་བ་ཏུའུ་ཙེ་ལ་མི་ལོ་ ༡༥ ཡི་ཁྲིམས་ཐག་བཅད་འདུག

ཆུ་ཚོད་ ༢༣ སྔོན་ལ།
Mobile App

ལོ་ངོ་ ༡༢༧ རྗེས་ནས་སངས་རྒྱས་ཀྱི་རིག་དངོས་ཕྱིར་སློག་བྱས།

༢༠༢༥/༠༧/༣༡
Flood in Bhotekoshi river washes away Nepal-China border bridge-at-Rasuwagadhi
Mobile App

བོད་མཐོ་སྒང་གི་འཁྱག་རོམ་བཞུས་རྐྱེན་བལ་ཡུལ་ནང་ཆུ་ལོག་འབྱུང་ཉེན་ཡོད་པའི་ཉེན་བརྡ་བཏང་།

༢༠༢༥/༠༧/༣༡
སྲིད་སྐྱོང་མཆོག་གིས་རྒྱ་གར་རྒྱལ་ཡོངས་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་། ༢༠༢༥།༠༧།༣༠ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་བཙན་བྱོལ་བོད་མིའི་གནས་སྡོད་མངའ་སྡེ་ལྔའི་ནང་ཕྱོགས་ཕེབས་གནང་བཞིན་པ།

༢༠༢༥/༠༧/༣༡
ཨ་རུ་ན་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་ཏ་ཕིར་གྷའོ་མཆོག་བཞུགས་སྒར་དྷ་རམ་ས་ལར་ཆེད་ཕེབས་ཀྱིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས། ༢༠༢༤།༠༩།༠༦
Mobile App

འཚེ་མེད་ཞི་བདེའི་གནས་མཆོག་རྒྱ་གར་གྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཞི་བདེའི་རླབས་ཆེན་མཛད་པར་ཆེ་བསྟོད་གཟེངས་རྟགས་དབུལ་དགོས་པའི་འབོད་སྐུལ་ཞུས།

༢༠༢༥/༠༧/༣༡

མཆན། 13

  1. ནགས་ཤོད་རིག་རལ། says:
    ལོ་ 15 སྔོན།

    རྩོམ་པ་པོ་དང་བསྒྱུར་བ་པོ་གཉིས་ཀར་ཐུགས་རྗེ་ཆེ་ཞུ། སྐྱེས་པ་ནས་རང་དབང་མེད་ཀྱང་རང་དབང་ཆེད་དུ་འཚོ་ན་མི་ཚེ་ལ་སྙིང་པོ་ཡོད་ངེས།

    Reply
  2. ཁ་བའི་མེ་ཏོག། says:
    ལོ་ 15 སྔོན།

    ཨོ་་་་་་་འདི་ངོ་མ་རྒྱལ་གླུ་རང་རེད་འདུག། སྔོན་མའི་རྙིང་པར་འདི་བོད་གླུ་རེད།

    Reply
  3. འོད། says:
    ལོ་ 15 སྔོན།

    སྐུ་ཞབས་འཇམ་ནོར་དང་ལུང་རིག་རྒྱལ་རྣམ་པ་གཉིས་ལ་བཀའ་དྲིན་ཆེ།

    Reply
  4. ཤ་ཀླན་འཇམ་དབྱངས་གྲགས་པ། says:
    ལོ་ 15 སྔོན།

    དེབ་དེ་གཉིས་ག་ནས་རག་ཐབས་ཡོད།

    Reply
  5. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    སྐུ་ཞབས་ལུང་རིགས་ལགས་ཀྱིས་འཇམ་ནོར་ལགས་ཀྱི་རྩོམ་ཡིག་འདི་འདྲིའི་རིང་པོ་ཞིག་བོད་བསྒྱུར་གནང་བར་བོད་ཡིག་ཁོ་ནའི་ཀློག་པ་པོ་ཞིག་གི་ཆ་ནས་སྙིང་ནས་བཀའ་དྲིན་ཆེ་ཞུས་པ་ཡིན། སེམས་གཏིང་ནས་བསྔགས་བརྗོད་ཞུ། དྲ་ཐོག་གི་དག་མ་ཡིན་ན་དཔེ་དེབ་དེ་དགོས་དོན་ཆེར་མི་འདུག་པས་འདི་པར་བཤུས་ཀྱིས་ལྟ་ཀློག་དང་ཉར་ཚགས་བྱེད་རྒྱུ་ཡིན་ལགས།

    Reply
  6. karma dorje says:
    ལོ་ 15 སྔོན།

    ཀརྡོའི་བོད་ཀྱི་རྒྱལ་གླུ་གསར་རྩོམ།

    འཛམ་གླིང་ཡང་ཐོག་བོད་རིགས་སྤུན་ཟླའི་ཡུལ་
    བོན་ཆོས་ནང་བསྟན་ཞི་བདེའི་འོད་སྣང་འབར་
    བསྟན་འགྲོའི་རྒྱལ་ཁབ་རྒྱ་ཆེར་སྐྱོང་བའི་གཞུང་
    མཛད་བྱུས་ཀྱི་དབང་ཐང་རྒྱས་
    ལུགས་གཉིས་ཁྲིམས་སུ་བཅས་པས་
    ཕྱོགས་ཀུན་བྱམས་བརྩེས་སྐྱོང་
    དམངས་བསྐོས་དགའ་བ་བརྒྱ་ལྡན་གོ་འཕང་གནམ་ལ་རེག
    ཕུན་ཚོགས་སྡེ་བཞིའི་ཡར་རྒྱས་ངང་
    གངས་ལྗོངས་མདོ་དབུས་ཁམས་གསུམ་ཁྱོན་ལ་
    བདེ་སྐྱིད་རང་དབང་གསར་པས་ཁྱབ་
    ཆོས་སྲིད་ཀྱི་ལམ་ལུགས་དང་
    ཆོས་རིག་ཕྱོགས་བཅུར་རྒྱས་པས་
    འཛམ་གླིང་མི་རིགས་ཀུན་ལ་ཞི་བདེའི་དཔལ་ལ་སྦྱོར་
    བོད་རྒྱལ་མི་རིགས་ཡ་རབས་བཟང་སྤྱོད་དང་
    བཀྲ་ཤིས་དགེ་མཚན་རླབས་ཆེན་དྲང་བདེན་གྱིས་
    མཐའ་མཚམས་དམག་འཁྲུག་གཡུལ་ལས་རྒྱལ་གྱུར་ཅིག །

    མཆན། སྙན་ངག་ཚབ་ལ་ཚིག་གསར་དང་། གདངས་རྙིང་པ་རང་ལ་འགྲོ་ཐུབ་པ་བྱས་ཡོད།

    Reply
  7. karma dorje says:
    ལོ་ 15 སྔོན།

    རྒྱལ་གླུ

    Reply
  8. ནོར་བུ་རྒྱལ་མཚན། says:
    ལོ་ 15 སྔོན།

    ང་ཚོ་དངོས་ཡོད་བདེན་པ་རྡར་ནས་འགྲོ།

    Reply
  9. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    དེ་བཞིན་དུ་དེབ་ཀྱི་ཤོག་ངོས་མཐའ་མའི་ངོས་སུའང་༼རྒྱ་མི་ཚོའི་༽ཞེས་པ་དེ་༼རྒྱ་མཚོའི་༽ཞེས་དང་། ༼ཁང་མིག་༽གཅིག་ཅེས་པ་༼ཁག་མིག་༽གཅིག་ཅེས་ནོར་འདུག་པ་འགའ་མཐོང་བྱུང་།

    འགྱུར་གྱི་མ་རྩོམ་ངོ་མ་དེ་གོང་དུ་དྲ་ཐོག་ལ་བཞག་པ་འདི་རང་རེད། འདིའི་ངོ་བཤུས་བོད་རང་དབང་སློབ་ཕྲུག་ཚོགས་པར་བཏང་བ་ཡིན། ཞུ་དག་དང་ཇུས་འགོད་ཀྱི་སྐབས་སུ་ནོར་འཁྲུལ་ཤོར་བ་འདྲ།

    Reply
  10. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    ༸གོང་ས་མཆོག་གིས་ཐེངས་འདིའི་གྲོས་ཚོགས་ཐོག་ཕེབས་པའི་གསུང་འཕྲིན་ལ་ཁྱེད་ཀྱི་གང་འདྲ་གཟིགས་བྱུང་། ངས་གནད་དོན་འདི་མཐོང་བྱུང་། ངའི་ཟིན་བྲིས་སུ་གཟིགས་རོགས།

    Reply
  11. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    རྩོམ་ཡིག་འདི་དེབ་ངོས་ནས་ཀློག་མཁན་ཚོས་དོ་སྣང་གནང་རྒྱུ་ཞིག་ལ། དེབ་དེའི་ཤོག་ངོས་ ༡༢ པའི་འོག་ནས་ཡར་རྩིས་པའི་ཐིག་ཕྲེང་ ༨ པའི་ནང་དུ། རྒྱ་ནག་གི་སྤུས་ཚད་སྐྱོ་བའི་ཁང་བརྩེགས་རྣམས་དང་། ཞབས་བྲོ་བཙུགས་པའི་ ༼དྲག་རྡུང་༽ ཞེས་པའི་བར་དེ་ནས་ཐིག་ཕྲེང་འགའ་ཤས་ཆད་འདུག

    དེ་འདི་ལྟར་དུ་བྲིས་ཡོད།

    རྒྱ་ནག་གི་སྤུས་ཚད་སྐྱོ་བའི་ཁང་བརྩེགས་རྣམས་དང་། ཞབས་བྲོ་ཁང་། ཁཱ་ལ་ཨོ་ཁེ་ཨར་ཁང་དག སྨད་འཚོང་ཁང་། མཚན་ཚོགས་ཁང་དང་མགྲོན་ཁང་དེ་དག་གི་རྒྱབ་ན་རྒྱ་ནག་གཞུང་གི་གྲང་བསིལ་བསིལ་གྱི་ལས་འགུལ་ཁག་སྟེ། ༡༩༨༨ ལོ་ནས་མགོ་བཙུགས་པའི་༼སྙིང་རྗེ་མེད་པའི་བཙན་གནོན་༽ དང་། ༡༩༩༦ ལོ་ནས་མགོ་བཙུགས་པའི་ ༼དྲག་རྡུང་།༽ཅེས་ཡོད་པར་ཐུགས་སྣང་ཡོད་པ་ཞུ།

    འདི་ནི་ཇུས་འགོད་ཀྱི་སྐབས་སུ་ཆད་ལྷག་ཤོར་འདུག ངས་དེ་རིང་དེབ་དེ་ངམ་ཀློག་ཅིག་བྱས་སྐབས་དེ་དོན་དོ་སྣང་བྱུང་།

    Reply
  12. ཕུན་ཚོགས ། says:
    ལོ་ 15 སྔོན།

    རང་ཚུགས་ལྡན་པའི་རྩོམ་ཡིག་འདི་རིགས་མུ་མཐུད་དུ་རྩོམ་བསྒྱུར་དང་བརྒྱུད་འགོད་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ་ལ། ལྷག་ཏུ་དུས་བབ་ཚང་གིས་འགན་རྐང་ལེན་བྱེད་ཐུབ་པར་ཡིད་ཆེས་དང་རེ་བ་ཆེན་པོ་ཡོད། སྒྱུར་པ་བོ་ལུང་རིག་རྒྱལ་ལ་སྙིང་ནས་ཐུགས་རྗེ་ཆེ་ཞུ། དུས་ཚོད་ཀྱིས་འདང་ན་ཡང་བསྐྱར་ཐེངས་གཅིག་བཀླག་སྟེ་བསམ་ཚུལ་འདྲ་བཤད་རྒྱུ་ཨེ་རག་གི་བལྟ།

    Reply
  13. ཨ་རིག་འགྱུར་མེད། says:
    ལོ་ 15 སྔོན།

    རྟེན་འབྲེལ་ཞུ། ནང་དུ་སོང་ནས་ཞིབ་ཀློག་བྱ་རྒྱུ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese