མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིའི་སེམས་ཁམས་རེ་འགའ་སྔོགས་ན། བོད་འབྱོར་རྩོམ་ཡིག

བོད་ཀྱི་དུས་བབ།
༢༠༡༠/༠༣/༡༦
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སེམས་ཁམས་རེ་འགའ་སྔོགས་ན།
                          ལྷམ་ཀོག
 
ཡུན་ནས་ཡུན་ཏུ་མི་ཟས་སུ་རོལ་ནས་ལོ་ངོ་སུམ་ཅུ་ཕར་བསྐྱལ་ཟིན་པའི་རིང་འདི་ལ། རང་སེམས་ལས་ཁོར་ཡུག་དང་ཁོར་ཡུག་ལས་རྒྱང་རིང་དུ་མིག་ཤེས་གློད་པའི་སྟངས་ཀ་ཙམ་བྱས་པ་ཡིན། འོན་ཀྱང་ཅི་ཙམ་འགུལ་ཀྱང་རང་གི་གྲིབ་མ་ཙམ་ལས་འདའ་འགོངས་བྱ་མི་ནུས་པའི་ལྟ་ཚུལ་ཞིག་གིས་བཅུམས་ཤིང་བསྡམས་ལ། གཞན་གྱི་ལྟ་ཚུལ་མཁྲེགས་པོ་ཞིག་གིས་ནི་དེད་ཅིང་ཕུད་དེ། ཅི་ཞིག་བྱ་དགོས་པ་ཡང་མི་ཤེས་པའི་ན་ནིང་དང་ད་ལོའི་ཉི་མ་རེ་རེ་ནི་བཟང་དགུས་བསུས་པ་ཡིན་ནམ།  ངན་དགུས་ལྷུང་བ་གང་ཡིན་མི་ཤེས་པའི་གྱ་ཚོམ་དུ་ལུས་ཏེ།  སྡར་མའི་མིག་ཤེས་ལྷེམ་གྱིན་ལྷེམ་གྱིན་ཨམ་འབྱོག་སྲབ་མོ་འདི་འདར་གིན་འདར་གིན་ཡོད་པའི་སྐབས་སུ།  རྒྱ་བོད་གྲོས་མོལ་སྐབས་དགུ་བ་ཉེ་བར་མཐུད་པའི་གསར་འགྱུར་ཞིག་སྒེའུ་ཁུང་ལས་ཚུར་འཕོ་བ་དང་།  དེ་དང་དེའི་རྒྱུ་རྐྱེན་ལ་དཔྱོད་ཅིང་རྒྱ་ནག་གི་སྐབས་ལྔ་བའི་བོད་དོན་ཚོགས་འདུ་ལ་སྐྲག་ཅིང་སྐྲག་པའི་ངང་དུ་གྱི་ནར་ཡོད་དུས་ཤིག་ལ།  རང་སེམས་གཡེངས་སྤྱད་ཀྱི་དེབ་གཉིས་ལག་ཏུ་རེག་པ་ནི།  འོད་ཟེར་ལགས་ཀྱི་གངས་སེང་གི་ངར་སྒྲ་དང་།  ཞོགས་དུང་ལགས་ཀྱི་གནམ་ས་གོ་འབྱེད་ གཉིས་ཀྱི་དེབ་དེ་གསར་དུ་ཀློག་སྐལ་བྱུང་སོང་། དེབ་དང་པོ་དེ་ནི་རྩོམ་པ་པོས་གཅེས་སྲོག་ཐེད་དུ་བོར་ནས་ན་ནིང་གི་ཉིན་ཐོ་རེ་རེ་བྲིས་ཏེ་མི་བུ་ནི་འདིའོ།། གསར་བརྗེ་ནི་འདིའོ།  དཔའ་བོ་དང་དཔའ་མོ་ནི་འདིའོ།།  ཁྱིམ་ཚང་གཅིག་གི་རུས་གཟེར་ནི་འདིའོ་ཞེས་དངོས་སུ་རྣ་སྒོར་སྒྲོག་པ་དང་མཚུངས་ལ། འདི་ནི་བརྗེད་དུ་མི་རུང་བའི་དྲན་ཐོ་རྡོ་རིང་མ་ཁྲག་གི་ཐམ་ཀ་ཅན་ཞིག་ཡིན་པའི་ སྣང་བརྙན་དེ་གནམ་ལ་ཀ་བ་བཞིན་དུ་བསླངས་པའི་ཚོར་བ་ཞིག་ནི་རི་རབ་ཉིལ་བ་དང་རྒྱ་ མཚོ་སྐྱོམས་པ་ལྟར་སྐྱེས་འོང་།  རེ་ཞིག་དེབ་དེའི་ མཇུག་རྫོགས་ནས་དངན་པ་ཡིད་ཚིམས་པ་ཞིག་གིས་ངོ་གདོང་དྲོད་ལམ་ལམ་དུ་བཏང་ནས་ངལ་ གསོས་པ་ཡིན།  སྐབས་དེར་རང་སེམས་འདི་གྲོག་མ་ནག་པོ་ ཞིག་ལྕགས་ཐབ་ཚ་བོ་སྟེང་ན་འགྲེ་ལྡོག་རྒྱག་པ་ལྟ་བུའི་ངང་ནས་འཚུབ་འཚུབ་བྱེད་ གྱིན་ཡོད། དེ་མུར་མདུན་ཅོག་སྟེང་ལ་གསར་དུ་བཞག་ཡོད་པའི་དེབ་གཉིས་པ་དེ་བློ་རྩེ་ཆིག་ བསྒྲིམས་ཀྱིས་བལྟས་གིན་བལྟས་གིན། དེབ་ངོས་སུ་ཡིག་འབྲུ་རེ་རེ་གཡོ་གིན་འདུག་པའི་ཞེ་སྣང་ཚ་བོ་ཞིག་བྱིན་ཅིང་།  ཡང་སྐབས་ལན་རེར་ལྷ་མེད་འདྲེ་མེད་སྨྲ་བའི་རྩོམ་པ་པོ་ འདིས་ལྷ་ཀླུའི་དཔུང་མཐུག་པའི་ཡུལ་གྲུ་འདི་ཡི་ཆེད་དུ་འཇིགས་པ་དང་སྐྲག་པ་ དངངས་པ་དང་འདར་བ་བཅས་ཀྱི་ངང་དུ་འདི་ལྟ་བུ་ཞིག་འབྲི་དགོས་པ་ག་རེ་ཡིན་ནམ་སྙམ། ད་དུང་དཔེ་དེབ་འདི་ནི་ས་གནས་ག་གེ་མོ་ནས་དོན་དག་འདི་བྱུང་སོང་།  མི་ཆེ་གེ་མོ་ལ་དོན་དག་འདི་བུད་ཐལ་ཞེས་པ་ལྟ་བུའི་སྐད་སྒྲ་ མཐོ་འང་སྲོག་དབང་ཕྲ་བའི་ཚུལ་དུ་མ་ལུས་ཤིང་།  འདི་ནས་ ཞབས་བརྟན་འདི་སྒྲུབ་གིན་ཡོད། གན་ལ་ཡར་ཞུ་འདི་བྱས་ཡོད།  ཅེས་ པ་ལྟ་བུའི་སྙན་སྙན་འདྲ་ཡང་རེ་འབྲས་མི་རྙེད་པའི་གཡས་སུ་མ་ལྷུང་།  འཇིགས་སྐུལ་ལ་ངོ་རྒོལ།  ཁ་བྲལ་ལ་ ངོ་རྒོལ། ཞེས་པ་ལྟ་བུའི་གཡོན་དུ་མ་ལྷུང་བའི་ངང་ནས། དོན་ལ་རྐང་འཁྱིལ་བ།  ཚིག་ལ་སྣུམ་འཁོལ་བའི་མཚམས་སྦྱོར་དང་འགྲེལ་བཤད།  ལྟ་ཚུལ་བཅས་འཁོད་འདུག་པས་ངོ་མ་རྗེས་སུ་ཡི་རངས་འབུལ་འོས་ པ་ཞིག་ཏུ་མཐོང་། འདི་ལ་བལྟས་གྱིན་ནམ་ཞིག་གི་དུས་སུ་ཞི་བའི་སྦྱོར་བ་ལ་བརྩོན་ནུས་པའི་མི་བུ་ རེ་ཡོད་ན། ཐོག་མའི་འཆར་གཞི།  བར་གྱི་བློ་བཀོད།  མཇུག་གི་རྩོད་ལེན་གྱི་ཕྱོགས་ལ་གོ་སྐོན་བློ་འགུགས་མི་ཉུང་ བ་རེ་འདུག་པས་དགའ་བ་སྐྱེས་ཡོད། གལ་ཏེ་ཞི་བ་ནི་ཞི་བ་རང་ཡིན་པས་ཐོག་མཐའ་བར་དུ་ཞི་བའི་ངོ་བོ་དང་སྦྱོར་བ་མཇུག་ འབྲས་ལེགས་པར་རབ་ཏུ་རྟོགས་པ་ཞིག་བྱུང་ན། ཚེ་སྲོག་གི་འགྲོ་གྲོན་ཇེ་ཉུང་དང་།མནར་གཅོད་ཀྱི་འཚོག་རྡུང་ཇེ་ཆུང་།  ཁ་རྡུང་གི་དམོད་ཚིག་ཇེ་ཞན་དུ་འགྲོ་བ་ཞིག་ལོས་ཡིན་སྙམ་ པའི་བསམ་བློ་རྒྱ་ཡན་པ་ཞིག་ང་ལ་བཅོས་མིན་དུ་སྐྱེས་འོང་བས།  མི་ ཚང་མས་དེབ་ཆུང་འདི་ལྟ་བུ་རེར་ཟུར་ལྟ་དང་ཉམས་མྱོང་གི་ཚོར་བའི་སྣོན་པ་བྱས་ན་ ཨང་སྙམ། དེ་ལྟ་མོད། ཞོགས་དུང་ཞེས་ན་རྭ་འདར་ཞིང་མིག་རྩ་འཁྲིགས་པ་རེ་ཡང་ཁེག་མེད་དུ་སྲིད་ན་ཐང་ མོད། དེ་ནི་རང་གི་རིག་གནས་ཀྱི་ལྟ་ཚུལ་གཞན་ཞིག་ལགས་པས་དུས་ཚིགས་འདི་འདྲ་ལ་བཏང་ སྙོམས་སུ་བསྐྱུར་ན་མཛེས་ཨང་།  མཐུན་པ་མཉམ་གནས་ཤིག་ འུ་ཅག་སྤྱི་བོ་གནམ་བསྟན་ཚང་མར་ཡོད་པ་ནི་སྒེར་གཅོད་ལ་དཔུང་བ་མཉམ་བསྡོངས་ ཀྱིས་རྒོལ་བ་དེ་ག་ལགས་ན།  རེ་ཞིག་སྔར་གྱི་མི་མཐུན་པ་ དེ་ཞོག་ལ་དཔེ་དེབ་འདིར་གཟིགས་ཤིག་དང་བག་ཕབ་པོ་མ་རེད་དམ།
   ངས་ནི་དེ་ལྟ་བུ་ཞིག་ཏུ་ སེམས་ནས་དཔེ་དེབ་འདི་མཆན་དུ་བཙིར་ནས་ཀུན་པོར་བལྟ་རྒྱུའི་རེ་བ་འདོན་གིན་ཡོད། དཔེ་དེབ་འདི་རྩོམ་མཁན་གྱི་སྐུ་ཞབས་ཞོགས་དུང་ནི་ང་ཚོས་མགོན་དང་སྐྱབས་སུ་ བཀུར་ཞིང་།  ཐེད་ཀྱི་སྔོ་ས་དང་ལོ་མའི་སེར་ས་མ་འཕུལ་ བར་བཅུད་དང་ཉིང་ཏིག་གི་དྭངས་མ་ཅི་ཡོད་འདོད་རྒུར་མཆོད་མྱོང་བ་དེ་ཀོའི་གྲས་ སུ་མེད་ལ།  དམངས་ཀྱི་འཐུས་ཚབ་པར་བཞག་ནས་དམངས་དོན་ཁ་ ལ་ཁྱེར་ཏེ་མགོ་བདེ་ལྕེ་དམར་གྱི་རྩོལ་བས་རང་དོན་དམར་དམར་བོ་དཀོར་མཛོད་དུ་ སྤུངས་ཡོད་པའི་སྐུ་ངོ་དེ་རིགས་ཀྱང་མ་རེད།  ཁོ་ནི་ མདོ་དབུས་ཁམས་གསུམ་གྱི་མགོ་ཡོད་ཡོད་ཚང་མས་རྡུང་འདོད་སྐྱེས་ཤིང་། ལག་ཡོད་ཡོད་ཚང་མས་གཅར་འདོད་ཤོམ་མྱོང་བའི་ལྟ་ལོག་པ་ཞིག་སྟེ།  ཁྱེད་ཀྱི་ཞེ་འདོད་དང་ཀུན་ནས་མི་མཐུན་པ་ཞིག་རེད་མོད། ཁོའི་དེབ་ཆུང་དེས་ཐེག་ཚད་ཅིག་ཁུར་ནས་ནུས་ཚོད་ཅིག་ཤོད་གྱིན་བསླེབས་སོང་བས། རེ་ཞིག་སྐུ་ངོ་རྒྱགས་པ་འགའི་ཐོད་ལ་གཏར་ཁ་དང་།  ན་ གཞོན་མགོ་གཡེངས་འགའི་སེམས་ལ་ཙག་ཤེད་སློང་གིན་མཇལ་ཐུབ་པ་བྱུང་བས་ང་རང་དགའ་ ཡོད།  འོན་ཀྱང་ངས་ནི་ཞོགས་དུང་ཚད་མར་ཁས་བླངས་པ་དང་ ཞོགས་དུང་ གི་རྒྱབ་རྩར་བསྙེས་འདོད་པ་དེ་མིན་ཡང་། ཞོགས་དུང་གིས་འཚོ་གནས་སྨྲ་བ་ཞིག་གིས་ཨམ་ཚུགས་བསྡམས་ཏེ་རང་གི་འགན་འཁྲི་བར་མ་ དོ་རུ་མ་བཞག་པར་ཐོན་པ་དེའི་ཕྱིར་རོ།  དེ་ལས་གཞན་ནང་ ཆོས་དོགས་སློང་དང་ནང་ཆོས་བསྐྱར་ཞིབ་སོགས་ཀྱི་ཐད་ནས་ནི་ངེད་གཉིས་ལུག་སྤང་ འདོད་པ་སྤང་དང་།  ར་བྲག་འདོད་པ་བྲག་རེད།  དེ་ལྟ་མོད། ང་རང་ཉིད་ཀྱི་ལྟ་བར་མི་མཐུན་པ་ཙམ་གྱིས་ངས་ནི་ཁོ་དང་ཁོ་སོགས་ལ་དགག་པ་གཏོང་ གི་ནམ་ཡང་མིན།  རྒྱུ་མཚན་ནི་ཡོད་དེ་འཇིག་རྟེན་གྱི་ རིག་པ་ནི་ང་ལས་ཁོ་དང་ཁོ་ཚོར་ཟབ་པས་སོ།།
   ནམ་ནམ་ཞར་ཞར་ལ་རང་ལས་གཞན་ དག་ཟོག་པར་བརྩི་ཞིང་འཚེངས་པ་དང་ངོམས་པ་ནི་རང་ཉིད་ཁོ་ནའོ་སྙམ་པའི་འདུ་ཤེས་ མེ་ལྟར་མཆེད་པའི་བསམ་བློ་རིང་དུ་བཏང་ཞིང་།  གནས་ ལུགས་ཀྱི་ཤན་འབྱེད་པའི་གཏམ་འབེལ་བོར་ལབ་ཀྱང་རྒྱང་ཆད་དུ་དོར་ནས་གཞུང་ལུགས་ ཤིག་གི་རྩིས་རྩོད་པའི་མཁས་མིང་འཛིན་པ་ནི་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་ དུ་སོང་བ་དག་གིས་ཀྱང་། ཆེས་མཐུན་ས་དང་མི་མཐུན་སའི་དབྱེ་འབྱེད་ལ་ཡིད་རྟོན་པ་བྱས་ན་ནི་མཚམས་རེར་སྐུ་ ཞབས་ཞོགས་དུང་གི་དེབ་འདི་ལས་ཀྱང་བདེན་པའི་རང་ཞལ་རྗེན་པ་རེ་གསལ་སྟོན་བྱ་ངེས་ རེད། འདི་ནས་གསལ་བཤད་བྱ་འདོད་པ་ཞིག་ནི་རྒྱ་གར་གྱི་མེས་པོ་གནྔྷེ་ཡི་འཚེ་མེད་ཞི་ བའི་ལམ་ཁ་དེར་སྐད་ཆ་འགའ་རེ་ལབ་པའི་ཐད་ནས་ཡིན། བོད་བྱིངས་ཀྱི་གནྔྷེར་བལྟ་ཚུལ་དང་སྐུ་ཞབས་ཁོས་བལྟ་ཚུལ་གྱི་བར་དུ་ཧེ་བག་ཅུང་ འདུག་པས་ཀུན་གྱིས་དཔྱོད་པར་བྱས་ན། གནད་ཀྱི་དོན་པོ་རེ་ཡང་རེག་འོང་སྙམ་པའི་སྐད་ཆ་ཞིག་ཀྱང་ཤོད་འདོད་སྐྱེས་སོང་།  དམངས་གཙོ་མ་ཎི་བཞིན་བཟློ་འང་མ་ཎིའི་གོ་དོན་བཞིན་ལྐོག་ ཏུ་གྱུར་བའི་དཔྱོད་མིང་ཁུར་བ་དག་གིས་ནི་གནྔྷེ་ནི་སྐྱེ་བུ་དམ་པ་ཆེ་གེ་མོས་ ཐུགས་རྩིས་གནངས་པ་དེའི་ཕུགས་ཨེ་གོ་ཙམ་ལ་ཡང་མི་དཔྱོད་པར་ཤ་གཟུགས་ཟ་རྐྱང་ བྱེད་པ་དེར་ཡང་དྲི་བ་ཞིག་ཞོར་ན་བཏོན་འདུག་པས། ཀུན་གྱིས་ཞིབ་ཏུ་གཟིགས་པར་འཚལ་ལོ།  སྤྱིར་ཡང་ཆོས་ སྲིད་གང་ཡིན་རུང་ཤེས་རབ་ཀྱི་སྒོ་ནས་བཞག་པ་ཞིག་ཡིན་པའི་ཧ་མ་གོ་དུས་མི་དཔྱོད་ ཤེས་པ་ཞིག་འཁྱོངས་པར་ཤིན་ཏུ་རབ་ཏུ་ཐག་རིང་བར་སྙམ་མོ། དེ་ལས་གཞན་སྒེར་གྱི་དུངས་ཀ་དང་གནས་ལུགས་ཀྱི་ངོ་གདོང་དགེ་བའི་ཁྱད་པར་དག་ལ་ དབྱེ་འབྱེད་བྱ་མི་ནུས་པའི་ཚུལ་དུ་ཡོད་ན་ནི་མི་དེ་ལ་རེ་བས་སྟོངས་ཤིང་། མཁྲེགས་འཛིན་དང་དུངས་ཀས་སྨྱོ་བར་བྱེད་པ་ཞིག་ཡིན་པར་སོམ་ཉི་ཡང་མེད་དོ།། དེ་ནི་ངས་དཔེ་དེབ་འདི་གསར་དུ་ཉོ་བའི་སྐབས་སུ་གྲྭ་རྒན་རང་གི་གྲིབ་མ་དང་རང་ ཉིད་ནོར་ཉེན་ཡོད་པ་ཞིག་གི་སྐད་ཆ་ཐོས་འཕྲལ་མང་པོ་ཞིག་གི་བསམ་བློ་ཡང་ཟུར་ནས་ གོ་བ་ན་ཞོར་འཕྲོས་ཙམ་ལ་བཤད་པ་ཡིན། 【གྲྭ་རྒན་དེ་ན་རེ། ཞོགས་དུང་ཟེར་བས་ཕེ་ཡང་གཙང་མ་ཞིག་འདོན་ཤེས་གྱིན་མི་འདུག་པས་སྙིང་མ་རྗེ་ཟེར 】སྐུ་ ཞབས་ཁོང་གི་དཔེ་དེབ་དེར་བཀླགས་བྱང་ཕྲན་བུ་ཞིག་གཞན་དུ་བཀོད་འདོད་ཡོད་པས་ འཐུས་པར་བྱའོ།། འདི་ནི་དཔེ་དེབ་དེ་ཡིས་བྱིན་པའི་མྱོང་བ་གསལ་རིག་གི་བརྡ་ཙམ་མམ་ཀློག་པ་པོ་དག་ ལ་རང་སེམས་དྲང་བོར་བཅོས་ནས་ཀློག་པ་པོ་ཞིག་ཏུ་འགྱུར་བར་བྱ་བཏང་བའོ།།

འབྲེལ་ཡོད་གསར་འགྱུར།

Mobile App

མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་ཁྲིམས།

ཆུ་ཚོད་ ༡༥ སྔོན་ལ།
བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

༢༠༢༦/༠༧/༡༧
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༧/༡༧
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

༢༠༢༦/༠༧/༡༧
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦

མཆན། 7

  1. ནགས་ཤོད་རིག་རལ། says:
    ལོ་ 16 སྔོན།

    རྩོམ་ཡག་གི འདི་རུ་མཇལ་བ་སྤྲོ།

    Reply
  2. ཨ་རིག་དགེ་མཐོང་། says:
    ལོ་ 16 སྔོན།

    དྲ་གྲོགས་ལྷམ་ཀོག་གི་རྩོམ་ཡིག་བཀླགས་ཟིན། ཡག་པོ་འདུག ས་ཐག་རིང་ནས་ཡོང་ནི་རེད་ང་ཚོ་བཙན་བྱོལ་བ་ཚོས་སྣེ་ལེན་གང་ལེགས་བྱེད་དགོས་ཡ།

    Reply
  3. རྭ་ལོ། says:
    ལོ་ 16 སྔོན།

    དྲ་ངོས་འདི་ནས་བོད་ཕྱི་ནང་གཉིས་ཀའི་བསམ་ཚུལ་རྩོམ་ཡིག་བཀླག་རྒྱུ་འདུག་པས་དགའ་སྣང་ཞིག་འདུག ཡིན་ཡང་། བོད་ཕྱི་ནང་གཉིས་ཀ་ད་དུང་གསལ་བོ་ཞིག་གོ་ཐུབ་གི་མི་འདུག

    གསུང་འཕྲིན་དང་གསལ་བཤད། བགྲོ་གླེང་། དེ་དག་གི་སྐོར་ལ་བྲིས་པའི་གསར་འགྱུར། དེ་དག་གི་སྟེང་སྤེལ་བའི་ཟིན་བྲིས། དེ་དག་གི་རྗེས་སུ་བཏབས་པའི་མཆན་བུ། འདི་དག་ཡོད་ཚད་རང་གི་ཁ་འདོན་ལྟར་ཆག་མེད་དུ་བཀླགས་པ་ཡིན།

    རེ་རེ་བཀླགས་རྗེས་སེམས་འདི་ཁ་ལོ་སྣ་ལོ་མེད་པར་གང་སར་ཤོར་འགྲོ་གི་འདུག ཕྱོགས་གཅིག་ནས། དམངས་གཙོ་འདི་གལ་ཆེན་པོ་རེད་དྲན། དམངས་གཙོ་འདི་དགོས་པ་ཞིག་མ་རེད་དྲན། དམངས་གཙོ་འདི་ཡ་ང་བ་དང་འཇིགས་སུ་རུང་བ་ཞིག་རེད་དྲན། དམངས་གཙོ་ནི་མེད་ཐབས་མེད་པ་ཞིག་རེད་དྲན། དམངས་གཙོ་འདི་ང་ཚོར་མ་རན་པ་ཞིག་དྲན། དམངས་གཙོ་འདིས་ང་ཚོ་སྐྱོབ་ས་རེད་དྲན། དམངས་གཙོ་འདིས་ང་ཚོ་གསོད་ས་རེད་དྲན།

    ཕྱོགས་གཞན་ཞིག་ནས། རྒྱལ་བ་རིན་པོ་ཆེའི་སྐུ་དྲིན་དྲན། ཁོང་གི་དགོངས་གཞི་དྲན། བཀའ་ཁྲིའི་མཛད་རྗེས་དྲན། བོད་དོན་གྱི་ཛ་དྲག་དྲན། གང་ཡིན་འདི་ཡིན་མེད་པར་གྱུར།

    ང་ཚོས་གྲོས་ཚོགས་ཚོགས་ཐེངས་རེ་རེའི་སྐབས་བློ་འགྱོད་དང་ལེགས་ཉེས་རྒྱལ་ཕམ་གྱི་སྐོར་ཡུན་རིང་གླེང་སྲོལ་ཡོད་པ་ལྟར། བོད་ནང་དུའང་ལྟ་སྤྱོད་ཀྱི་སྐོར་ལ་བཤད་ཡན་ཤིན་ཏུ་མང་།

    གང་ལྟར། ཞི་རྒོལ་ཆེན་མོའི་རྗེས་ནས། མི་ཤི་རྟ་འགྱེལ་བྱུང་ཚར་བའི་ཕྱི་ཉིན་དེར་ཞོགས་དུང་འབོད་པ་དེས་སླར་ཡང་ཀི་རིང་ཞིག་བཏབས་ཡོད་ས་རེད། ཀི་རིང་དེའི་བྲག་ཅ་ཐུང་ངུ་རེ་རྡོ་ལ་རྡར་གྱི་རི་འདབས་ནས་ཀྱང་གོ་ཐུབ་གི་འདུག ཅི་ཡིན་གང་ཡིན་མ་ཤེས་པར་བསྡད་ཡོད།

    Reply
  4. ལྷ་མ་ཡིན། says:
    ལོ་ 16 སྔོན།

    ཡ་ཡ། ལྷམ་ཀོག་གིས་བཤད་སྟངས་ལ་བལྟས་ན། ཞོགས་དུང་གིས་ཅིག་བཤད་ཡོད་ས་ཀ

    Reply
  5. མི་རྐྱང་སྨྱོན་པ། says:
    ལོ་ 16 སྔོན།

    རང་ཉིད་ཀྱི་བསམ་བློ་གུ་དོག་པོ་དེ་ལས་གཞན་གྱི་ལྟ་གྲུབ་འབུར་འཇོམས་བྱེད་་པ་ནི་འུ་ཚང་གི་མང་མང་གི་བསམ་བློའི་གསེང་ན་ཟུངས་ཁྲག་བཞིན་ཁྱབ་ཚར་ཡོད་པས་ད་དེ་ལ་བསྒྱུར་བཅོས་ཤིག་དགོས་ཀྱི་འདུག་ཟེར་ན་དཀའ་ཚོད་རེད།

    Reply
  6. ལྷ་ཆབ་སྦྱིན་པ། says:
    ལོ་ 16 སྔོན།

    ལྷམ་ཀོག་གི་བསམ་བློའི་དཔུང་བཙན་སེ་འདུག་གཱ། བཙན་བྱོལ་ཁྲོད་དུ་འདི་ལྟའི་ཉམས་མྱོང་དང་ཤེས་ཚད་རང་སྐྱ་འཕེར་བ་ག་ཚད་ཡོད་དམ། ཁོང་དང་ཁོང་ལྟ་བུའི་མི་བུ་སྙིང་སྟོབས་ཅན་རེ་གཉིས་ཡོད་ན། སྤྱི་ཚོགས་ཆུང་ཆུང་འདི་ལ་གཤགས་བཅོས་ཤིག་བྱེད་རྒྱུ་ལས་སླ་བོར་མཐོང་ངོ།།

    Reply
  7. འདྲེ་རིག་ལྡན། says:
    ལོ་ 16 སྔོན།

    ཞིབ་ཏུ་བཀླགས་ཟིན་སྐུ་ཞབས་ལྷམ་ཀོག་ལགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese