མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རིག་པ་བསྒྲིམས་ནས་སྐྱེ་རྒུ་མདོར་་ཞིབ་ཉན་བྱས་པ། བོན་རྒྱ་བསྟན་རབ།

བོད་ཀྱི་དུས་བབ།
༢༠༡༠/༠༤/༢༣
Share on FacebookShare on TwitterShare on EmailShare on Whatsapp
རིག་པ་བསྒྲིམས་ནས་སྐྱེ་རྒུ་མདོའི་ས་ཡོམ་ལ་ཉན་ཞིབ་བྱས་པ།

བོན་རྒྱ་བསྟན་འཛིན་རབ་རྒྱས།

 

གཅིག  འབྲོང་རྒོད་ཀྱི་རང་གཤིས་ཤིག་ངེས་པར་སྟོན་དགོས།

ཁ་སང་སྤྱི་ཟླ་ ༠༤ ཚེས་ ༡༤ ཉིན་སྐྱེ་རྒུ་ས་ཁུལ་ལ་རང་བྱུང་ཁམས་ཀྱི་གོད་ཆག་བློ་ཡིད་ལས་བརྒལ་བ་ཞིག་བྱུང་སྟེ་སྤུན་ཟླ་ཁྲི་ཁྲག་ལྷག་ཅིག་ལ་ཤི་རྨས་དང་།  འཚོ་གནས་ཁང་ཁྱིམ་དང་བཅས་པར་གཏོར་སྐྱོན་ཐེབས་པ་རེད། རྒྱུ་རྐྱེན་འདི་ལ་བརྟེན་ནས་སླར་ཡང་འཛམ་གླིང་གི་གསར་ལམ་གྲགས་ཆེན BBC སོགས་ནས་བོད་མི་རིགས་ཀྱི་སྐྱིད་སྡུག་དང་གནས་བབ་གླེང་སློང་བྱས་པ་རེད། སྐབས་འདིར་ང་ལྟ་བུའི་མི་མགོ་མཁྲེགས་ཤིག་ལ་མཚོན་ན།  སེམས་ཀྱི་དམར་དམར་རོ་དེ་ནི་འཛམ་གླིང་མི་མང་དང་། ལྷག་པར་དགྲ་ནག་རྒྱ་དམར་སྲིད་གཞུང་གི་སྔུན་ནས་སྤུན་ཟླ་འདི་ཚོས་སྡར་སྐད་མི་ཤོར་རྒྱུ་དང་།  མིག་སྟོན་མི་བྱེད་རྒྱུ། རབ་ཡིན་ན་འབྲོང་རྒོད་དར་མའི་རང་གཤིས་ཤིག་སྟོན་རྒྱུ་དང་བྱང་ཆུབ་སེམས་ཀྱི་དཔའ་རྟགས་ཤིག་སྟོན་རྒྱུ་ནི་སེམས་ཀྱི་རེ་བ་ཆེ་ཤོས་རེད།

གཉིས་པ། མཚོ་སྔོན་བརྙན་འཕྲིན་ཁང་དང་བོད་མིའི་ཆིག་སྒྲིལ་གྱི་རྣམ་པ།

  
བོད་ལ་རང་བྱུང་ཁམས་ཀྱི་གོད་ཆག་འདི་བྱུང་རྗེས་ནུས་པ་ཤུགས་ཆེན་འདོན་མཁན་གཙོ་བོའི་གཙོ་བོ་དེ་ནི་མཚོ་སྔོན་བོད་སྐད་སྙན་འཕྲིན་ཁང་རེད།  མཚོ་སྔོན་བོད་སྐད་བརྙན་འཕྲིན་ཁང་གིས་བརྙན་འཕྲིན་ནང་གི་ལས་རྟགས་ཀྱི་ཁ་དོག་དང་དྲ་ངོས་བཅས་པ་སྐྱ་བོར་བསྒྱུར་ནས་མྱ་ངན་ཞུས་ཡོད་པ་མ་ཟད།  གློག་བརྙན་དང་། རིག་རྩལ།  འཆད་ཁྲིད་སོགས་ཀྱི་ལེ་ཚན་ཡོད་ཚད་ཕྱིར་བསྡུ་བྱས་ནས་དུས་ཚོད་ ༢༤ ཡོངས་རྫོགས་དོན་རྐྱེན་འདིའི་སྐོར་ལ་ཆེད་གཏོང་གནང་གིན་འདུག 

   ཆེད་གཏོང་བྱས་པ་དེའང་མིང་ཙམ་མིན་པར་ཧ་ཅང་ཞིབ་ཚགས་ཆེ་བ་དང་དྲིལ་བསྒྲགས་ཀྱི་ནུས་པ་ཤུགས་ཆེ་བ།  མི་སེམས་གཡོ་བ།  ཁྱབ་ཆེ་བ།  ཟོལ་མེད་པ་ཞིག་རེད།   གསར་ཁང་རང་ངོས་ནས་རྒྱང་སྒྲོག་པ་ལྷ་མོ་ཆེད་དུ་དོན་རྐྱེན་བྱུང་བའི་ས་གནས་ལ་བཏང་ཡོད་པ་དང་།  ཚེ་སྒྲོན་དང་སྒྲོལ་མ་སོགས་ས་གནས་གཞན་དང་།  ཟི་ལིང་གི་གནམ་ཐང་དང་།  སྨན་ཁང་ཁག་བཅས་ལ་དངོས་སུ་ཆེད་བསྐྱོད་ཀྱིས་རོགས་སྐྱོར་གཞུང་སྒེར་ཁག་གི་མི་སྣ་ལ་བཅར་འདྲི་དང་ལམ་སྟོན།  སྣེ་ཁྲིད་དང་རྒྱུས་ལོན།  གོད་ཆག་བྱུང་བའི་སྤུན་ཟླ་ཚོའི་སྐྱིད་སྡུག་དང་དཀའ་ངལ་ངོ་སྤྲོད།  དེ་དག་གི་ཚབ་བྱས་ནས་གཏོང་ཕོད་བྱམས་སེམས་ཅན་གྱི་རོགས་སྐྱོར་ཁག་ལ་བཀའ་དྲིན་ཞུ་བ་དང་། རེ་བ་འདོན་པ། འབོད་སྐུལ་ཞུ་བ་སོགས་དྲིལ་བསྒྲགས་ཧ་ཅང་གི་ཚད་མཐོན་པོ་དང་།  བློ་ལས་འགོང་བ།  ཉམས་དགའ་བ་།  སྨོན་འདོན་པ་ཞིག་རེད།

   ད་དུང་གསར་ཁང་འདིའི་གསར་འགོད་པ་ཚོས་ངལ་བ་ཡོད་ཚད་ལ་གདོང་ལེན་གྱིས་དཀའ་ལས་བསྐྱོན་སྟངས་དང་།  ལན་རེར་ཁོང་ཚོས་ཀྱང་ཞེ་སེམས་གཏིང་ནས་སྐྱོ་སྟེ་ངག་མ་འཁྲོལ་བར་མིག་ཆུ་ཤར་ཤར་གཏོང་བའི་རྣམ་པ།  གོད་ཆག་བྱུང་བའི་སྤུན་ཟླ་དང་། རོགས་སྐྱོར་བྱེད་མཁན་གྱི་སྤུན་ཟླ་བཅས་ལ་བརྩེ་སེམས་ཀྱི་རྣམ་འགྱུར་སྟོན་སྟངས་བཅས་ཀྱི་སྟེང་ནས།  གོད་ཆག་བྱུང་བའི་སྤུན་ཟླ་འདས་གསོན་དག་ལ་ཁོང་ཚོས་སྐྱེ་བ་གཅིག་བསྡུས་ཀྱི་ཤ་ཉེ་སྤུན་ཟླའི་བརྩེ་བ་དང་།  ས་ལ་བཞུར་བའི་ཟུངས་ཁྲག་ནི་ཁོ་ཚོའི་ཚོར་ཟིན་གྱི་ཟུངས་ཁྲག་ཡིན་པའི་འདུ་ཤེས་ཤིག་ཁ་མིན་སེམས་ཀྱི་གཏིང་ནས་འཛིན་གྱིན་པ་དེ་མིག་གིས་མངོན་སུམ་མཐོང་བ་ཞིག་རེད།  ཤུགས་རྐྱེན་འདི་དང་འདི་འདྲའི་དབང་གིས་ཐེངས་འདིར་མདོ་དབུས་ཁམས་གསུམ་གྱི་སྤུན་ཟླ་ཚོས་ལེ་དབར་སྟོང་ཕྲག་གི་ས་མཚམས་བརྒལ་ནས་ཤ་དང་མར། གོ་རེ་དང་རྩམ་པ། ཇ་དང་ཚ་ཁུ།  ཁབ་དང་སྐུད་པ་ཚུན་ཆད་བསྡུས་ནས་སྐྱེ་རྒུ་ལ་འདྲེན་གྱིན་ཡོད། ཚུལ་འདི་འདྲ་ནི་མཐོང་ན་ཉམས་དགའ་བ་དང་།  བལྟས་ན་སེམས་དྲོ་བ་ཞིག་རེད་ལ།  འདི་ལྟར་སྤུན་ཟླ་ལག་རྡང་སྦྲེལ་ནས་ཤི་ནའང་དོན་སྙིང་དང་གཟི་བརྗིད་ལྡན་པ་ཞིག་ཀྱང་ཅི་ལ་མིན།  འདི་ལྟར་གཞིས་བཞུགས་སྤུན་ཟླ་ཚོས་རྒྱ་དམར་པོ་སྔུན་ནས་མི་རིགས་ཀྱི་ཞབས་འདྲེན་མ་བྱས་པར།  “ལྷུང་ན་ཁུགས་གཅིག་དང་འབུད་ན་སྒང་གཅིག་”ཡིན་པའི་ཆིག་སྒྲིལ་གྱི་རྣམ་པ་ཞིག་མངོན་སུམ་དུ་བསྟན་ཡོད་པས་རྒྱ་དམར་སྲིད་གཞུང་ལ་སྔར་ལས་ལྷག་པའི་སེམས་འཚུབ་ལངས་ཀྱིན་ཡོད་པ་རེད།
 

གསུམ་པ།  CCTV དང་སྐྱག་རྫུན་གུང་སྒྲིག་གི་རྣམ་པ།

 ཡིད་སྐྱོ་བ་ཞིག་ལ་རྒྱ་དམར་སྲིད་གཞུང་གི་CC TV བརྙན་འཕྲིན་ཁང་ནས་༡༽སྐྱག་རྫུན་སྣ་ཚོགས་ཀྱི་གུང་བསྒྲིག་ཐབས་ལ་འབད་པ་ཤུགས་ཆེན་དང་།  གྲ་སྒྲིག་སྣ་ཚོགས་བྱས་ནས།  ༢༽ཡོད་ཚད་རྒྱ་དམར་གཞུང་གི་ཉེན་སྲུང་དམག་མིས་བསྐྱབས་རབས་དང་།  ༣༽ཐོག་དང་པོར་སྲོག་སྐྱོབ་ལ་ཐོན་མཁན་གྱི་གྲྭ་བཙུན་དག་གསང་ཐབས།  ༤༽ཐ་ན་ཤི་རྨས་ཀྱི་གྲངས་འབོར་ཚུན་ཆུད་གསང་བ་བྱེད་ཀྱིན་ཡོད་ལ།  ད་དུང་༥༽རྒྱ་དམར་གཞུང་གི་དཔོན་རིགས་ཁ་ཤས་དངོས་སུ་ས་ཐོག་ལ་སོང་ནས། སྙིང་རྗེ་ཆེ་མདོག་དང་བརྩེ་བ་ཆེ་མདོག་གི་འཁྲབ་སྟོན་བྱས་ནས་འཛམ་གླིིང་མི་མང་གི་མཐོང་ལེན་ཐབས་དང་མགོ་སྐོར་ཐབས་སོགས་ལ་འབད་ཀྱིན་འདུག་ལ།   ད་དུང་སྲིད་གཞུང་གིས་༦༽ཟ་འཐུང་གི་དཀའ་ངལ་མ་སེལ་སྔོན་ལ་རོགས་སྐྱོར་འདང་ངེས་སུ་ས་ཐོག་ལ་ཐོན་པའི་ཧམ་རྫུན་གྱི་དྲིལ་བསྒྲགས་ཤུགས་ཆེ་སྤེལ་བ། ༧༽སྐྱོབས་མཁན་ཡིན་ཟེར་བའི་སྲིད་གཞུང་མི་སྣ་དག་གི་ནང་དུ་བོད་ཀྱི་འབྲོག་ཁྱི་དང་དངོས་ཟོག་རིགས་རྐུ་འཁྱེར་བྱས་པ།  ༨༽རྒྱ་གཞུང་གིས་ཆེད་ལས་ཞིབ་འཇུག་པའི་ཉེན་བརྡ་དུས་ཐོག་ཁྱབ་བསྒྲགས་བྱས་མེད་པ་མ་ཟད་དེ་དག་གསང་ཐབས་ལ་འབད་པ་ཤུགས་ཆེན་བྱེད་ཀྱིན་པར་བརྟེན།   ང་ཚོས་ཀྱང་ངེས་པར་བསམ་ཞིབ་དང་ཁྱབ་བསྒྲགས་དུས་ཐོག་སྤེལ་དགོས་ངེས་ཤིག་རེད་སྙམ། དེའི་ཕྱིར་བདག་གིས་གོང་གི་དོན་ཚན་འདི་དག་མཉམ་བསྲེས་ཀྱིས་ཅུང་རྒྱས་བཤད་བྱེད་རྒྱུ་ཡིན།

༡༽ ལྷ་མེད་སྨྲ་པ་ཧུའུ་ཅིན་ཐོ་ཡིས་ཐལ་མོ་སྦྱར་ཞིང་སྲིན་པོ་བུན་ཅཱ་པོར་སྙིང་རྗེའི་མིག་མཆི་འཁྲུག་པ།
   དཔེར་ན། ཧུའུ་ཅིན་ཐོ་དངོས་སུ་ས་ཐོག་ལ་སོང་ནས་རྒན་མོ་ཞིག་ལ་ཐལ་མོ་སྦྱར་བ་དང་།  བུ་མོ་ཆུང་ཆུང་ཞིག་གི་མགོ་དང་ཁར་སྦྱར་བ།  བྱད་དབྱིབས་དང་གཟུགས་རིས་ཚུན་ཆུད་བདུད་རྒན་ཏིན་ཞོ་ཕིན་དང་ཤིན་ཏུ་འདྲ་བའི་བུན་ཇ་པོས་སྙིང་རྗེ་ཆེ་མདོག་གིས་མིག་ལ་མཆི་མ་འཁྲུག་པའི་རྣམ་པ་བསྟན་པ།  མཚོ་སྔོན་ཞིང་ཆེན་གྱི་འགོ་གཙོ་རྒྱ་དམར་ཆང་བེ་ཡིས་ཀྱང་མིག་ཆུ་གཏོང་ཁུལ་གྱིས་འབྲོག་པ་ཚོར་མགོ་ཡིས་རྒྱག་པ་སོགས་འཛམ་གླིང་མི་མང་སླུ་འགུག་ལ་འབད་ཀྱིན་འདུག་མོད་དེ་ཚོའི་སྙིང་རྗེ་དང་རྒྱུ་འབྲས་ཀྱི་བློ་མིག་ནི་འུ་ཚོར་ཧ་ཅང་རྒྱུས་ཡོད་པ་དེ་ལྟར་ཡིན་པས་འཁྲབ་སྟོན་དེ་ལ་ཡིད་ཆེས་དང་སེམས་འགུལ་ཐེབས་པ་ལྟ་ཞོག་དེ་ལས་ལྡོག་སྟེ་སྙིང་གཟེར་ལངས་པའི་ཁོང་ཁ ྲོ་སློང་གི་འདུག དེ་ལྟར་དགེ་འདུན་པ་ཞིག་ཐུགས་རྒྱལ་བཞེངས་ནས་ཐད་ཀར་ཧུའུ་ཅིན་ཐོ་ཡི་གདོང་ལ་མཛུབ་མོ་བཙུགས་ནས་སྡིགས་པའི་གནས་ཚུལ་ཞིག་ཀྱང་ཐོན་ཡོད་པ་དེ་ལྟར་རེད།

   ཆང་བེ་ཡིས་ཀྱང་ང་ཅི་ལྟར་མིག་ཆུ་ཤོར་བ་མ་ཤེས་ཟེར་ཞོར་ལ་འགྲེལ་བཤད་ཏང་ཡོན་པའི་བློ་སེམས་རྦད་ཆོད་ཀྱི་སྙིང་སྟོབས་ལ་ཧང་སངས་ཤིང་སེམས་འགུལ་ཐེབས་ནས་མིག་ཆུ་ཤོར་བར་བཤད་པ་དེས་ཁོའི་མིག་ཆུ་དེའང་གཡོ་དང་སྒྱུ་ཡིས་བཏང་བའི་འཕྲུལ་ཞིག་དང་གུང་ཁྲན་ཏང་གི་ཁྲག་ཐེའུ་ཅན་གྱི་ཆབ་སྲིད་ལག་ཆ་ཞིག་མ་རེད་ཅེས་སུ་ཡིས་བཤད་ཐུབ།

༢༽ འཆར་གཞི་ཅན་གྱི་གསར་འགོད་པ་དང་ཚོད་དཔག་མ་ཐུབ་པའི་བྱིས་པ་ཆུང་ཆུང་ཞིག
   འདི་ལྟར་རྒྱ་དམར་གཞུང་གིས་ད་ལྟའི་བར་དུ་མི་རིགས་གཞན་ལ་སྐྱག་རྫུན་དང་མི་རིགས་ཆུང་བར་དྲག་རྡུང་གི་འཁོར་ལོ་བསྐོར་ནས་འོངས་པ་རེད།  བཀྲ་ཤིས་པ་དང་དོན་མ་འགྲུབ་པའི་གནས་སྐབས་གང་ཞིག་ཡིན་ནའང་།  ཁོང་ཚོའི་སྐྱག་རྫུན་དང་འུར་སྒྲོག་ནི་འཆར་གཞི་དང་གོ་རིམ་ལྡན་པ་ཞིག་ཡོད་པ་རེད།  དེ་ལྟར་གོ་རིམ་ཅན་གྱི་སྐྱག་རྫུན་དང་འུར་སྒྲོག་པ་ནི་ CC TV བརྙན་འཕྲིན་ཁང་དང་ཞིན་ཧྭ་དྲ་ཚིགས་གཉིས་གཙོ་བོའི་གཙོ་བོ་དེ་ཡིན།  ཐེངས་འདིར་ཡང་དེ་གའི་གསར་འགོད་པ་ཚོས་ཕྱོགས་སྣེ་ཟ་ཟུར་གང་ས་ནས་རྒྱལ་ཁབ་ཀྱིས་མི་རིགས་ལ་བྱམས་སྐྱོར་བྱེད་ཀྱིན་པའི་བཟོ་ལྟ་དང་།  དམག་མི་དང་ཏང་ཡོན་ཚོས་མི་རིགས་ཀྱི་ཆེད་དུ་ཡོད་ཚད་གཏོང་བཞིན་པ།  སྲིད་གཞུང་གིས་དངོས་ཟོག་ཆེད་གཏོང་དང་དངུལ་དངོས་འབོར་ཆེན་གནང་སྦྱིན་བྱེད་ཀྱིན་པའི་རྣམ་པ་སྟོན་ཐབས་ཀྱི་ནུས་པ་ཤུགས་ཆེན་འདོན་གྱིན་པའི་ཅོལ་ཆུང་གི་རྣམ་པ་དེ་གང་སར་མངོན་ཀྱིན་འདུག

  ཐ་ན་འདྲ་པར་ཞིག་ལེན་ནའང་རོགས་སྐྱོར་དམག་མི་ཡོད་ས་དང་འགོ་ཁྲིད་འགྲོ་ས། སྲིད་གཞུང་གི་རོགས་སྐྱོར་རླངས་འཁོར་སོགས་ཀྱི་ཕྱོགས་ལ་པར་བརྒྱབ་ནས་རོགས་སྐྱོར་བ་གཙོ་བོ་ཡིན་པའི་གྲྭ་བ་དང་སློབ་མ་ཚོའི་ཕྱོགས་ལ་གཏན་ནས་པར་ཆས་སྐོར་གྱིན་མི་འདུག་ལ།  མདོ་དབུས་ཁམས་གསུམ་གྱི་དཔལ་འབྱོར་རོགས་སྐྱོར་ཕྱོགས་ལའང་པར་ཆས་གཏན་ནས་སྐོར་གི་མི་འདུག 

    དཔེར་ན།  རྒྱ་ནག་གི་ CCTV གསར་འགོད་པ་ཞིག་གིས་རྒྱ་ནག་གིས་རོགས་སྐྱོར་ལ་མངགས་པའི་སྨན་པ་ཚོའི་བྱམས་སེམས་ཀྱི་བཟང་སྤྱོད་འཛམ་གླིང་ལ་སྟོན་ཆེད་ལོ་བཅུ་ཅན་གྱི་བྱིས་པ་ཞིག་ལ་མགོ་གཡོག་རྩིས་ཀྱིས་བཅར་འདྲི་བྱེད་ཀྱིན་འདུག   བྱིས་པ་དེས་རྒྱ་སྐད་ཡག་པོ་བཤད་ཤེས་པའི་རྐྱེན་གྱིས་རྨས་སྐྱོན་ཚབས་ཆེན་ཐེབས་པའི་ནད་པ་སྐོར་ཞིག་ལ་སྐད་བསྒྱུར་བྱེད་ཀྱིན་འདུག  གསར་འགོད་པས།  བྱིས་པ་དེར་”སྨན་པ་ཚོས་ཁྱོད་ལ་ཨེ་གཅེས་ཀི་”ཞེས་དྲིས་སོང་དེ་བྱིས་པ་དེས“སྨན་པ་ཚོས་ཡག་པོ་གཅེས་གི་འདུག  མཚམས་རེར་སྟབས་བདེ་ཐུག་པ་དང་མཚམས་རེར་ཆུ་གྲང་མོ་སྟེར་གི་འདུག”་ཅེས་བཤད། “དེས་ན་ཁྱོད་ཀྱིས་ང་ཚོར་གཞས་ཤིག་གཏོང་རོགས་ཞེས་”བཤད་སོང་། བྱིས་པ་དེས་སྐད་མཐོན་པོས་བྱ་དེ་ཁྲུང་ཁྲུང་དཀར་མོ་ཞེས་བླངས་སོང་། ཚིག་རྐང་བཞི་བོ་དེ་ཡང་སྐྱོར་མ་ཐུབ་པར་ཚིག་རྐང་ཕྱི་མ་གཉིས་ངུ་བཞིན་ངུ་བཞིན་དུ་མཇུག་བསྡུ་བྱས་སོང་།

   འདི་ལས་ང་ཚོས་མཐོང་ཐུབ་པ་ནི་གསར་འགོད་པའི་དམིགས་ཡུལ་སྨན་པའི་བྱམས་སྐྱོར་འཇམ་པོའི་འོག་ནས་བྱིས་པ་འདིའི་སྡུག་བསྔལ་གཏན་བརྗེད་བྱས་ཡོད་པ་དེ་སྟོན་ཆེད་རེད་དེ།  ཁོ་ཚོས་ཚོད་དཔག་མ་ཐུབ་པ་ཞིག་ལ་བྱིས་པ་འདིས་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་གསུང་ཚིག་ཧ་ཅང་གི་གནད་འགག་ཅན་ཞིག་བླངས་པ་དང་དེ་ཡང་མིག་ཆུ་དང་བཅས་མཇུག་བསྡུས་པ་འདིས་ཁོ་ཚོར་དོགས་མི་བདེ་བ་ཆེན་པོ་ཞིག་ལ་གཏད་པ་མ་ཟད།  རང་བཞིན་གྱིས་བྲེད་ཤ་ལངས་པའི་ཚོར་སྣང་ཞིག་ཀྱང་སྤྲད་ཡོད་པ་རེད།

༣༽དགོད་བྲོ་བའི་སྐྱོབ་པ་དང་ངུ་བྲོ་བའི་སྲུང་མ།
ཧ་ཅང་དགོད་བྲོ་བ་ཞིག་ལ།  རྒྱ་དམར་གཞུང་གིས་མངགས་པའི་ཉེན་སྲུང་དམག་མི་ཚོ་ནི།   ཉིན་གཉིས་པ་གསུམ་པ་ཞིག་ལ་མ་གཏོགས་ས་ཁུལ་ལ་མ་ཐོན་པ་དང་།  ས་ཁུལ་ལ་ཐོན་དུས་མང་པོ་ཞིག་གིས་གཞན་སྐྱོབ་པ་ཕར་ཕྱོགས་ཁོ་རང་ཚོ་རྫ་དུག་རྒྱབ་ནས་གཡས་ལོག་གཡོན་ལོག་གིས་སྨན་ཁང་ལ་འཁྲིད་ཀྱིན་པ་དེ་ལྟར་རེད་དེ།  ད་དུང་ཁོ་ཚོས་ཐེངས་འདིར་སྐྱོབ་མཁན་ཚོ་ནི་ཁོ་ཚོ་ཡིན་པར་ཤུགས་ཆེ་བསྒྲགས་ཀིན་འདུག  དོན་ལ་ཐེངས་འདིར་ཤི་བོ་ཚོའི་རོ་བདག་དང་གསོན་པོ་ཚོའི་སྐྱོབ་པ་མྱུར་ཤོས་དངོས་དེ། ཐག་ཉེ་ཕྱོགས་ཀྱི་རྫ་ཆུ་ཁ་བ་དང་ཆབ་མདོ་ངོ་ཕྱོགས་ཀྱི་གྲྭ་བཙུན་རྣམས་ཡིན་འདུག  དགོན་པ་གཅིག་གི་ནང་དུ་གྲྭ་བཙུན་ཚོས་ས་འོག་ནས་བླངས་པའི་བེམ་རོ་བཞི་སྟོང་བརྩེགས་ཡོད་པ་བརྒྱུད་ལམ་ཁག་ཏུ་ཐོན་ཡོད་ནའང་CC TV ཚང་གིས་མི་ཉིས་སྟོང་ཙམ་ལས་རྐྱེན་འོག་ལ་ཤོར་མེད་པར་གླེང་གིན་ཡོད།  སྐྱག་རྫུན་འདི་འདྲ་ནི་ངེས་པར་ཏུ་འཛམ་གླིང་ལ་ཤེས་བར་བྱེད་དགོས་པའི་གནས་ཚུལ་ཤ་སྟག་རེད།

   ཡང་སྐྱུག་བྲོ་བ་ཞིག་ལ། སྲིད་གཞུང་རང་གིས་མངགས་པའི་ཉེན་སྲུང་མི་སྣས་འདས་པོ་ཚོའི་རོ་ལ་བདག་མི་བྱེད་པར་ཅ་ལག་བཏུས་ནས་རྐུ་འཁྱེར་བྱེད་ཀྱིན་པའི་གསར་འགྱུར་མང་དུ་ཡོད་པ་མ་ཟད་།  མེ་གསོད་རུ་ཁག་གི་སྒྲིག་ཆས་སེར་བོ་ཅན་གྱི་མི་གསུམ་གྱིས་བོད་ཀྱི་འབྲོག་ཁྱི་ཞིག་རླངས་འཁོར་ནས་འཇུག་པ་པར་བརྒྱབ་ནས་ཕྱི་ལོགས་ཀྱི་དྲ་ཐོག་ཀུན་ལ་ཁྱབ་ཡོད་པ་དེ་རེད།  ཡང་དེ་འདྲའི་མི་བདུན་གྱིས་སྒྲིག་ཆས་ཀྱང་མ་ཕུད་པར་ཁྱི་ཕྲུག་ཅིག་ལག་འགྲིལ་བྱེད་ཀྱིན་པ་ལ་ཉེན་རྟོག་པ་ཞིག་ཉེ་འཁྲིས་ན་བགད་ནས་ཁ་ཡང་ཀྱོག་བསྡད་ཡོད་པའི་པར་ཞིག་དྲ་ལམ་ཀུན་ལ་ཐོན་ཡོད།  འདི་འདྲའི་སྲིད་གཞུང་སྐྱོ་བོ་ཞིག་འདི་འདྲའི་མི་གཞི་རྩ་བྲལ་གྱི་རུ་དཔུང་ཞིག་དངོས་གནས་སྙིང་རྗེ་དགོས་པ་རང་ལས་མེད་ནའང་།  འདི་ཚོ་ལ་དོགས་ཟོན་ཆེན་པོ་བྱེད་དགོས་པའང་འདི་དག་གིས་ཀྱང་དཔོག་ཐུབ་པ་ཞིག་རེད།

༤༽ ཟ་འཐུང་དཀའ་ངལ་གྱི་གནས་སྟངས་དང་བསྐྱར་གསོ་ལེགས་གྲུབ་ཀྱི་དྲིལ་བསྒྲགས།
  ཟ་འཐུང་གི་དཀའ་ངལ་མ་སེལ་སྔོན་དུ་རྒྱ་གཞུང་གིས་ཧམ་རྫུན་ཆེན་པོས་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་ཕོན་ཆེ་བའི་གཏོང་ཕོད་ཀྱི་སྐུ་དྲིན་ལས་ད་ནི་གནོད་འཚེ་ཐེབས་པའི་ས་ཁུལ་ལ་རོགས་སྐྱོར་འདང་ངེས་སུ་ཐོན་པ་དང་།  ད་ནི་ཁང་བ་གསར་རྒྱག་དང་སློབ་གྲྭ་གསར་འཛུགས།  ལས་ཁུངས་གསར་རྒྱག་སོགས་ཀྱི་འཆར་གཞི་འདིང་གིན་ཡོད་རབས་ཀྱི་དྲིལ་བསྒྲགས་བྱེད་ཀྱིན་ཡོད།  དོན་ལ་དེ་འདྲ་ཞིག་གཏན་ནས་མིན་པར་ད་དུང་ཟ་རྒྱུ་གོན་རྒྱུའི་དཀའ་ངལ་འཕྲད་དེ་ཉིན་གཅིག་གཉིས་རེ་ལ་ཟ་མ་མ་ཟོས་ཟེར་མཁན་འདུག་ལ།  གཙབ་ཧྲིལ་གྱི་ལྭ་བ་བརྗེ་རྒྱུ་མེད་མཁན་དང་།  འདུག་ས་འཆག་སའི་སྦྲ་གུར་ཚུན་ཆད་ཀྱི་དཀའ་ངལ་འཕྲད་བཞིན་པ་ང་ཚོས་མིག་གིས་དངོས་སུ་མཐོང་བ་དེ་ལྟར་རེད།  དཔེར་ན། ཁྲ་འགུ་དགོན་པའི་དགེ་འདུན་པ་ཞིག་གིས་དགོན་པ་ལ་ཟ་རྒྱུ་དང་སྦྲ་གུར་མ་འདང་བའི་དཀའ་ངལ་ཡོད་རབས་བཅར་འདྲིའི་བརྒྱུད་ལམ་ནས་དངོས་སུ་བཤད་པ་དང་།  ཐ་ན་ཟི་ལིང་ལ་ཐོན་ཚར་བའི་ནད་པ་རྣམས་ལའང་ཟ་འཐུང་དང་གོན་རྒྱུའི་དཀའ་ངལ་འཕྲད་དེ་སློབ་ཆེན་སློབ་མ་ཚོས་རང་རང་གི་ཉལ་ཁང་ནང་ལ་སོང་ནས་འོག་འཇུག་ཚིལ་ལེན་དང་ལྷམ་སོགས་བསྡུས་ནས་ནད་པ་ཚོར་རེ་རེར་བཞིན་སྐྱེལ་བཞིན་ཡོད་པ་དང་།   བོད་ནང་གི་ཤེས་ཡོན་པ་ཚོས་ཀྱང་ད་ནི་དགོན་སྡེ་ཁག་གིས་ཟ་མ་དང་གོན་རྒྱུའི་རིགས་བསྡུ་རུབ་ཀྱིས་ས་ཁུལ་ལ་དངོས་སུ་འབྱོར་ཐབས་བྱེད་རྒྱུ་ཧ་ཅང་གལ་ཆེ་རབས་བརྒྱུད་ལམ་ཁག་ན་ཤུགས་ཆེན་པོས་བཤད་ཀྱིན་པ་ནི་གཞི་འཛིན་ས་མེད་པ་ཞིག་གཏན་ནས་མ་རེད།

༥༽རྡིབ་སླ་བའི་ཁང་བ་དང་གསང་དཀའ་བའི་འཐུས་ཤོར།
སྤྱི་ལོ་༢༠༠༨ ལོར་ས་ཡོམ་ཞིབ་འཇུག་པ་ཧྲང་ཌི་ལང་གིས་སྔོན་བརྡ་སྣང་མེད་བཏང་སྟེ་གཞུང་གི་དུས་ཐོག་ཁྱབ་བསྒྲགས་མ་བྱས་པ་བཞིན་ཐེངས་འདིར་གུང་ཁྲན་ཏང་གིས་བསམ་བཞིན་ནམ་འཐུས་ཤོར་གང་ཡིན་ཐག་གཅོད་དཀའ་མོད། ད་ལོར་ཡང་རྒྱ་ནག་གི་ས་ཡོམ་ཞིབ་འཇུག་པ་ཡཱུས་ཤན་ཀོང་གིས་ཚེས་༡༣ཉིན་རྒྱ་ནག་ས་ཡོམ་ལྷན་ཚོགས་དང་།  ས་ཡོམ་དྲ་བ་གཉིིས་ཀར་ཚེས༡༣ནས་༡༧བར་སྐྱེ་རྒུ་ལ་ས་ཡོམ་རྒྱག་སྲིད་པའི་སྔོན་བརྡ་བཏང་སྟེ་འབྱོར་ལན་ཚུན་ཆད་བཏང་ཡོད་ནའང་གཞུང་གིས་དུས་ཐོག་ཁྱབ་བསྒྲགས་བྱས་མེད་པ་དེ་རེད།  ས་ཡོམ་རྒྱག་ཉེན་གྱི་སྔོན་བརྡ་རྒྱ་ནག་གཞུང་དང་ས་ཡོམ་ལྷན་ཚོགས་ནས་ཁྱབ་བསྒྲགས་མ་བྱས་ན་མི་སྒེར་གྱིས་རང་འདོད་ཁྱབ་བསྒྲགས་བྱས་མི་ཆོག་པ་རྒྱ་ནག་རྩ་ཁྲིམས་ཀྱི་ཐམ་ཀ་ཡིན་པ་བཅས་ཀྱི་སྟེང་ནས་ཐེངས་འདིར་རྒྱ་ནག་ལ་ལན་པ་ཡོད།  གཞན་ཁང་བ་ཡིི་སྤུས་ཀ་ཞན་པ་དེའང་ཕྱོགས་གཅིག་རེད་དེ། དེ་ནི་ཁང་བ་དམིགས་བསལ་བ་ཁ་ཤས་མ་གཏོགས་རྒྱ་ནག་གི་ས་ཁུལ་སྤྱི་ཡོངས་ལ་དེང་སང་ཁང་བ་རྒྱག་ལུགས་དེ་འདྲ་རེད།  གནའ་བོའི་བོད་ཁང་ཡིན་ན་ཤིང་གི་འཕལ་ཁ་སྒྲོག་ཡོད་པའི་ཆ་ནས་མགྱོགས་པོར་རྡིབ་ཐུབ་ཀྱི་མེད།  དེང་སང་གི་ཨར་འདམ་གྱི་ཁང་བར་རྩིག་གསེང་ལ་ལྕགས་དང་ཁང་ཀླད་ལ་ཨར་འདམ་བླུགས་པའི་རིགས་མགྱོགས་པོར་རྡིབ་ཐུབ་ཀྱི་མེད་ནའང་།  དེང་སང་རྒྱ་ནག་གི་ཁང་བ་མང་པོ་ཞིག་རྩིག་པ་ཁཱོང་ཧྥང་ཀྲིན་ཟེར་བའི་ཨར་འདམ་བླུགས་མ་ཁོག་སྟོང་ཞིག་་དང་།  ཁང་ཀླད་དུའང་ཨར་འདམ་བླུགས་མའི་རྡོ་ལེབ་དེ་འཕྲེད་འཇོག་བྱས་ཡོད་པའི་ཆ་ནས་ལོག་ཆོག་ཆོག་དང་བསད་ཆོག་ཆོག་ཅིག་ཡོད་པ་རེད། དེ་ནི་སྤྱིར་ཁང་བ་དེ་དག་མི་སེར་གྱི་བདེ་སྐྱིད་དང་ཚེ་སྲོག་ཆེད་དུ་མིན་པར་སྒོར་མོའི་ཆེད་དུ་བཟོ་ཐུབ་བྱེད་ཀྱིན་པ་ལ་ཐུག་འདུག་མོད་སྐབས་འདིར་དེ་ཙམ་འབྲེལ་མེད་པ་འདྲ།

གསུམ་པ།  འགྲན་ཟླ་མེད་པའི་རིག་གནས་ཀྱི་རིན་ཐང་མི་རིགས་ཀྱི་སྙིང་སྟོབས།

   འདི་འདྲའི་འཇིགས་སུ་རུང་བའི་གོད་ཆག་ནི་ང་ཚོ་ཙམ་མིན་པར་ང་ཚོའི་མི་ཐོག་འདི་ལའང་རྒྱལ་ཁབ་གཞན་དང་མི་རིགས་གཞན་ལ་མང་དུ་བྱུང་ཡོད།  དཔེར་ན།  ཨ་རི་ལ་ཁང་བ་བརྡབས་སྐྱོན་བྱུང་བ་དང་། བུན་ཁྲན་ལ་ས་འགུལ།  ཐེ་ཝན་ལ་ཆུ་ལོག་བཅས་ཀྱི་གནོད་འཚེ་བྱུང་བ་རེད།  དེ་དག་ཡོད་ཚད་ཀྱང་བརྙན་འཕྲིན་བརྒྱུད་ནས་ང་ཚོའི་མཐོང་ལམ་ལ་བརྒྱུད་མྱོང་བ་རེད་དེ།  དེ་དག་གི་མི་སེར་ཚོ་ཕོ་མོ་དབྱེ་བ་མེད་པར་ངུ་འབོད་བྱེད་པ་སོགས་ལུས་ངག་ཡིད་གསུམ་གྱི་རུས་པ་འཐོར་ཞིང་དྲང་ཚུགས་ཀྱི་ནུས་པ་བྲལ་བའི་ངང་ཚུལ་ནི།  བལྟས་བསྡད་ན་ཡིད་འཁུལ་འཁུལ་གྱི་སྙིང་རྗེ་དང་སེམས་རློང་རློང་གི་སྙིང་ནད་སློང་བ་ཞིག་རེད་ལ།  ཚུལ་དེར་ཕྱོགས་གཅིག་ནས་བསམ་བློ་བཏང་ན་ཚོར་བ་ཅན་གྱི་ཡན་ལག་ཤ་ཉོག་རུས་ཉོག་དང་།  བརྩེ་བ་ཅན་གྱི་ཕུ་ནུ་བཅད་གཏུབ་གཅུར་གསོད།  དྲོད་ཁུལ་ཆེ་བའི་རང་ཁྱིམ་གཞི་མེད་རྩ་བྲལ་བྱས་པ་རེད།  

   ཡང་ཕྱོགས་གཅིག་ནས་བལྟས་ན་རིག་གནས་ཀྱི་ཤུགས་རྐྱེན་དང་སྙིང་ཁུང་གི་རུས་པ་ལའང་འབྲེལ་བ་དམ་ཟབ་ཡོད་ཚོད་འདུག  དེ་དག་ནི་དེ་རིང་གི་ང་ཚོའི་འདས་གསོན་སྤུན་ཟླ་ཚོར་སྦྱར་ནས་བལྟས་ན་རིག་གནས་ཀྱི་ཧེ་བག་དང་དེའི་གཙོ་སྐྱོང་འོག་གི་མིའི་འདུ་ཤེས་དང་སྙིང་སྟོབས་མི་འདྲ་བ་ཧ་ཅང་གི་གསལ་བོ་ཞིག་རེད།   ཆག་སྒོ་འདིའི་འཇིགས་རུང་གི་དོན་རྐྱེན་ཁྲོད་དུ་པར་ཆས་བརྒྱ་ཕྲག་བརྒལ་བའི་སྒེའུ་ཁུང་ཉིན་མཚན་དབྱེ་མཚམས་མེད་པར་གནམ་ས་གཉིས་ནས་འདི་ཚོར་གཏད་དེ་ཡོད་ལ།  ལྷག་པར་རྒྱ་དམར་གཞུང་གིས་ཆེད་མངགས་གསར་འགོད་པ་དག་གིས་ང་ཚོའི་སྡར་གཤིས་རེ་ཨེ་མཐོང་གི་འབད་པ་ལྷུར་ལེན་གྱིན་ཡོད་མོད།  བྱིས་པ་དང་བུད་མེད་གཅིག་གཉིས་རེ་ལས་མིག་ཆུ་འཆོར་བའི་སྐྱེས་པ་ཞིག་གཏན་ནས་མཐོང་རྒྱུ་མེད་པ་མ་ཟད།  ད་དུང་འཛུམ་ཆུང་གྲོལ་བཞིན་རོགས་སྐྱོར་གནང་མཁན་གྱི་སྤུན་ཟླ་ལ་”ཐུགས་རྗེ་ཆེ་”ཞུ་མཁན་དང་།  ཡན་ལག་བཅད་ནས་ས་ལ་དྲུད་ཡོད་ནའང་བཟོད་བསྲན་ཆེན་པོས་”གཞན་དག་ལ་རོགས་སྐྱོར་རེ་བྱེད་ཐུབ་ན་ང་ལ་སྐྱོན་མི་འདུག་”ཅེས་སྨྲ་མཁན་བརྒྱ་ཁ་གཅིག་གྲགས་ཀྱི་ཚུལ་དུ་ཡོད་པ་ནི་བློ་ཡིད་ལས་བརྒལ་བའི་དཔའ་རྟགས་འགྲན་ཟླ་མེད་པ་ཞིག་རེད།
 
  ཆག་སྒོ་འདི་འདྲ་བྱུང་ནའང་ང་ཚོའི་སྤུན་ཟླ་ཚོའི་ད་དུང་གདོང་གི་འཛུམ་ཞིག་གི་མེད་པ་དང་།  སྐྱོ་བའི་མིག་ཆུ་འཐོར་གི་མེད་པ་ནི་ང་ཚོའི་མི་རིགས་ལ་ཚོར་བ་མེད་སོང་བ་མིན་པར་གནད་འགག་གི་སྐབས་ཀྱི་མི་རིགས་འདིའི་འབྲོང་གི་གཤིས་ཀ་དང་།  གནད་འགག་གི་སྐབས་ཀྱི་མི་རིགས་འདིའི་བྱང་ཆུབ་སེམས་ཀྱི་དཔའ་རྟགས་ཤིག་སྟེ།  ཆོས་རྒྱལ་བཀའ་དྲིན་ཅན་དག་གི་གསེར་དངུལ་རིན་ཆེན་དང་།  ཚོར་བཅས་ཟུངས་ཁྲག་ཕངས་མེད་དུ་བཏང་སྟེ་ནང་འདྲེན་བྱས་པའི་རིག་གནས་ཤིག་གི་ཆེས་རྩ་ཆེ་བའི་བླ་དང་སྲོག་ལོས་ཡིན།  འདི་ནི་ངའི་མི་རིགས་ཀྱི་ཤེས་རབ་ཀྱི་ཟབ་ཚད་དང་མི་གཞིའི་བཟང་ས་ལོས་རེད།   སྐབས་འདིར་ང་སྔོན་ཆད་གད་མོ་བགད་མྱོང་བའི་དོན་རྐྱེན་ཞིག་སྟེ།  ཕྱི་རྒྱལ་གྱི་ཚིག་མཛོད་ཅིག་གི་ནང་དུ་མི་ཟེར་བའི་རིན་ཐང་བཤད་བཤད་པའི་མཐར།  དེ་འདྲའི་མི་ནི་དཔེར་ན་བོད་མི་ལྟ་བུའོ་ཞེས་བཤད་པ་དེའང་གཞི་འཛིན་ས་ཞིག་འདུག་སྙམ་པའི་སེམས་ཚོར་བྱུང་།

བཞི་བ། མིག་མདུན་གྱི་དཀའ་ངལ་སེལ་བ་ལས་ལྐོག་ཇུས་ཀྱིས་གཡང་ལ་སྒྲིལ་ཉེན་ཆེ་བ།
 
  རྒྱ་འདི་བ་ཚང་གིས་ད་ལྟ་བར་ཏུ་གཉོམ་པོ་ལ་དྲག་རྡུང་དང་། བཙན་པོ་ལ་སྐྱག་རྫུན་གྱི་གོང་བསྒྲིགས་ནས་ཡར་ལངས་པ་ཡིན་པ་ཤེས་གསལ་བཞིན་ང་ཚོས་འདི་དག་གི་གཡོ་བྱུས་ལ་བསམ་རྟོག་ནན་མོ་བྱས་ཏེ་ཐེངས་འདིའི་དོན་རྐྱེན་ཆབ་སྲིད་ཀྱི་དགོས་མཁོ་ཞིག་དང་རྩེད་མོ་ཞིག་ལ་མི་འགྱུར་བའི་ཐབས་བྱུས་ངེས་པར་བསྒྲིག་དགོས་ཀྱི་འདུག གནའ་ནས་ད་ལྟའི་བར་གྱི་རྒྱ་ནག་སྲིད་གཞུང་གི་རློམ་རྒྱུ་མེད་པའི་བྱ་བྱེད་ལུས་གསུམ་ལ་ཕྱིར་འདང་དང་།  ན་ནིང་བུན་ཁྲོན་ལ་ས་ཡོམ་གྱི་ཚ་ཚ་འུར་འུར་གྱི་གནས་ཚུལ་མཇུག་མ་སྒྲིལ་སྔོན་ལ་སྲིད་གཞུང་རང་གིས་རོགས་སྐྱོར་དངུལ་རྐུ་འཁྱེར་བྱས་པའི་གནས་ཚུལ་ཐོན་པ་དང་།  རོགས་དངུལ་དག་ཁག་ཡར་དཀྲི་མར་དཀྲི་བྱས་ནས་ཆ་ཚང་ས་གནས་ལ་མ་བཏང་བའི་སྟེང་བུན་ཁྲོན་གྱི་མི་སེར་ཚོ་སློང་མོར་སོང་ནའང་སྲིད་གཞུང་གི་མཚན་སྙན་ལ་གནོད་པར་དོགས་ནས་ཆད་པ་བཅད་པ་ལྟ་བུ་ནི་ང་ཚོས་ངེས་པར་འདང་རྒྱག་དགོས་པ་ཞིག་རེད།  ལྷག་པར་ཐེངས་འདིའི་སྲིད་གཞུང་གི་ཞལ་འདེབས་འབུལ་ཡུལ་གྱི་རྩ་འཛུགས་མི་སྣའི་ཁྲོད་ན་ལི་ཡེས་ཧྲིན།  ལོ་ཨེ་ཕིན།  མོ་ཁྲུང་ལོ།  མ་ཀོས་ཡིན།  ཧོང་ལིས་མིན།  ཚོ་པིན་ཟེར་བ་སོགས་རྒྱ་མི་ཤ་སྟག་ལས་བོད་པ་གཅིག་ཀྱང་མེད་པ་དེ་དོགས་པའི་གནས་ཆེན་པོ་ཞིག་རེད།

      སྤྱིར་ཡིན་ན་རྒྱ་ནག་གཞུང་གིས་ཐེངས་འདིར་༸གོང་ས་མཆོག་ས་ཐོག་ལ་ཕེབས་ཆོག་མི་ཆོག་གི་སྐད་ཆ་ཞིག་གང་ན་ཡོད།  བརྡབས་སྐྱོན་ཆག་སྒོ་བྱུང་བའི་མི་རིགས་དེ་ཏཱ་ལའི་བླ་མའི་མི་རིགས་ཡིན་པ་དང་།  མི་རིགས་དེ་འཇིགས་སྐྲག་གི་སྐབས་སུ་གློ་སྙིང་བྲང་གསུམ་གཏོད་ས་༸གོང་ས་མཆོག་གཅིག་པུ་ཡིན་པ་སོགས་ཀྱི་ཆ་ནས༸གོང་ས་མཆོག་ལ་ཐུགས་གསོ་ཤིས་འཕྲིན་འབུལ་དགོས་པ་རེད།  དེ་ལྟར་ཕུལ་ན་མི་རིགས་ཀྱི་སེམས་གསོ་ངོ་མར་འགྱུར་བ་ལས་གཞས་པ་གཞས་མ་སྐྱ་སྟོང་ཚོ་བོས་ནས་གཞས་གཏོང་གི་འཇུག་པ་དང་།  དམར་ཕྱོགས་དཔོན་པོ་ཚོ་སོང་ནས་ཐལ་མོ་སྦྱོར་བ་སོགས་ཆོས་ལུགས་ཀྱི་ཆོ་ག་འཁྲབ་ན་རིག་གནས་སེམས་ཁམས་དབང་གིས་སྤུན་ཟླ་ཚོའི་ཐུགས་ཕམ་པ་ལས་ཐུགས་གསོ་བའི་ཆ་རྐྱེན་ཞིག་ལ་གཏན་ནས་འགྱུར་མི་སྲིད།  དེའི་ཕྱིར་སྤྱོད་ཚུལ་འདི་དག་ནི་དཀའ་ངལ་ཁ་སྣོན་བྱས་པ་ཞིག་ལས་དཀའ་ངལ་མཉམ་སེལ་བྱས་པ་ཞིག་ག་ལ་ཡིན།

  ཡང་དེང་སང་གསར་ལམ་ཁག་ལ་ཐོན་པའི་གནས་ཚུལ་ཞིག་ལ།  སྐྱེ་རྒུ་མདོ་དང་སྐྱེ་རྒུའི་ཉེ་འགྲམ་གྱི་ས་གནས་གང་སར་དམག་མི་བཀྲམ་ནས་རོགས་སྐྱོར་གནང་མཁན་གྱི་དགེ་འདུན་པ་ཚོ་ཕྱིར་འབུད་བྱེད་ཀྱིན་པ་མ་ཟད།  དེ་ཡང་དོ་ནན་གྱི་སྒོ་ནས་”ཁྱོད་ཚོས་ག་རེ་ཡིན་ན་བྱས་སོང་།  ཧ་ཅང་གི་ཐལ་དྲགས་པ་རེད། ད་མྱུར་མགྱོགས་ཀྱིས་སོ་སོའི་ས་གནས་སུ་ལོགས་རྒྱུགས  དེ་མིན་ན་རྙོག་དྲ་ཡོང་གི་རེད”སོགས་འཇིགས་སྐུལ་གྱི་བཀའ་ཀྱོན་དང་བཅས་ཕྱིར་འབུད་གཏོང་བཞིན་པ་ནི་སྤུན་ཟླ་ཚོའི་སེམས་ལ་སྐྱོ་བ་བརྩེགས་མར་བྱས་པ་ཞིག་ཡིན་པ་ནི་སྨྲ་མ་དགོས་པ་ཞིག་སྟེ། དཔེར་ན། ཨ་མ་ལོ་ལོན་ཞིག་གིས་གྲྭ་བ་ཚོར་ཐལ་མོ་སྦྱར་ནས”གསོལ་བ་སྨོན་ལམ་འདེབས་ཡུལ་གྱི་སྐྱབས་གནས་ཚོ་དུས་ཚོད་ཏག་ཏག་ལ་སླེབས་སོང་། ཁྱོད་ཚོས་འདི་ཕྱི་གང་དུའང་མི་བསླུ་གི”ཞེས་དང་”ས་ཡོམ་ལ་སྐྲག་གི་འདུག  ད་དུང་དམག་མི་རིག་ནའང་སྐྲག་གི་འདུག ཡིན་ནའང་།  དམག་མི་འདི་ཚོའི་ལག་ན་མེ་མདའ་མི་འདུག ”ཅེས་བརྗོད་པ་སོགས་ལས་ཀྱང་རྒྱ་ནག་བྱེད་སྟངས་དེས་སེམས་ལ་ཕོག་ཐུག་གཏོང་བ་ནི་སྨྲ་མ་དགོས་པ་ཞིག་རེད།  སེམས་ཀྱི་འདུ་ཤེས་ལ་གནོད་པའི་བྱེད་སྟངས་འདི་དག་ནི་འབྲོང་གི་གཤིས་རྒྱུད་ཅན་གྱི་བོད་པ་ཚོར་མཚོན་ན།  ཡན་ལག་བཅད་པ་ལོས་ཀྱང་ཟུག་གཟེར་ཆེ་བ་དང་བཟོད་དཀའ་བ་ཤ་སྟག་སྟེ།  ན་ནིང་ ༢༠༠༨ ལོར་བཙོན་ཁང་ལ་སོང་བའི་བོད་པ་ཁ་ཤས་ཀྱིས་ཆེས་བཟོད་པར་དཀའ་བའི་སྡུག་བསྔལ་ནི་ལུས་པོར་མནར་གཅོད་བཏང་བ་དེ་མ་ཡིན་པར་མིའི་འདུ་ཤེས་ཀྱི་སྟེང་ལ་བཙན་འཛུལ་བྱས་པ་དེ་རེད་”ཅེས་ཉམས་མྱོང་དམར་རྗེན་ལ་བཤད་པ་ལྟར་འདི་དག་ནི་མིག་མདུན་དཀའ་ངལ་སེལ་བྱེད་མིན་པར་ལྐོག་ཇུས་ཀྱིས་སྤུན་ཟླ་ཚོ་སྡུག་ལ་གཏོད་བྱེད་ཅིག་ཡིན་པ་ངེས་པར་ཤེས་དགོས་ཀྱི་འདུག།

ལྔ་བ།  དོན་དངོས་ཀྱི་དཀའ་ངལ་བསལ་ན་སྐྱབས་དངོས་དེ་གདན་ཞུ་གནང་དགོས།  

གང་ལྟར་ཡང་དོན་རྐྱེན་ནི་བྱུང་ཚར་བ་ཞིག་རེད་དེ།  ང་ཚོ་ནི་ཤི་བོ་རྗེས་ཀྱི་གསོན་པོ་ཡིན་པས། ང་ཚོས་ཤི་བོ་ཚོར་ཆོས་ཀྱི་རྫོང་བ་ཡིད་ཚིམ་པ་ཞིག་བྱེད་རྒྱུ་དང་།  རྨས་སྐྱོན་བྱུང་བ་དང་ཁྱིམ་གཞི་རྩ་འཐོར་བྱུང་བའི་སྤུན་ཟླ་ཚོའི་འཚོ་བ་ལ་ཁག་ཐེག་བྱེད་རྒྱུ་སྟེ་ཕྱོགས་འདི་གཉིས་ནི་འུ་ཅག་ཚང་མས་གཡོལ་མི་རུང་བའི་འགན་འཁྲི་དང་།  རྒྱ་གཞུང་གིས་ཀྱང་གཡོལ་མི་རུང་བའི་གནས་ཚུལ་ཞིག་རེད། ཕྱོགས་དང་པོ་དེ་ལ་རྒྱ་གཞུང་གིས་དངོས་སུ་རོགས་རམ་ཞིག་བྱེད་ན་༸གོང་ས་མཆོག་གདན་ཞུས་ཀྱིས་བསྔོ་སྨོན་གསུངས་རྒྱུ་དང་།  དེ་མ་བྱུང་ན་བོད་ཆོལ་ཁ་གསུམ་གྱི་ནང་གནས་པའི་གཡུང་དྲུང་བོན་དང་བཅས་པའི་ཆོས་བརྒྱུད་རིས་སུ་མ་ཆད་པའི་བླ་གྲྭ་ཡོངས་རྫོགས་ས་ཐོག་ལ་དངོས་སུ་གདན་ཞུས་ཀྱིས་མ་མཐའ་ཡང་ཟླ་ཕྱེད་ཙམ་ལ་བསྔོ་སྨོན་ཞུ་རྒྱུ་དེ་རེད།  རྒྱ་གཞུང་གིས་དེ་ལྟར་མ་བྱས་ན་གྲྭ་བཙུན་ཡོངས་སུ་རྫོགས་པས་རང་བྲོ་རུམ་ལ་བཟུང་ནས་དེ་རུ་མཉམ་འཛོམས་ཀྱིས་སྨོན་ལམ་གསུངས་ཏེ་གསོན་པོ་ཚོ་སེམས་ན་འཁུ་མེད་པ་ཞིག་བྱེད་རྒྱུ་དེ་རེད།
   
ཕྱོགས་གཉིས་པ་དེར་རྒྱ་དམར་སྲིད་གཞུང་ཁ་བཤད་དོན་ལ་གནས་ན།  རོགས་དངུལ་ཁག་གནམ་གྲུའི་གླ་ཆ་ཞེས་ཡར་དང་།  ཞབས་ཞུའི་གླ་ཆ་ཞེས་མར་མི་འཐེན་པར་རྒྱལ་ཁབ་ཕྱི་ནང་དང་ཆོལ་གསུམ་ས་ཁོངས་ཡོངས་སུ་རྫོགས་པས་ཞལ་འདེབས་གང་འབྱོར་བ་རྣམས་ས་གནས་ས་ཐོག་ལ་ཆད་ལྷག་མེད་པར་གཏོང་རྒྱུ་དེ་རེད།  དེ་ལྟར་བྱས་ན་སྐྱེ་དགུའི་དཔལ་འབྱོར་གྱི་གནས་བབ་སྔར་ལས་ཚད་མཐོ་བོར་མ་སོང་ན་དམའ་བར་མི་འགྱུར་བ་ཐག་གཅོད་ཐུབ་པ་ཞིག་རེད།  ཕྱོགས་འདི་ལ་འབྲེལ་ཡོད་ཀྱི་རང་རིགས་་ཤེས་ཡོན་པ་དང་ལས་བྱེད་ཀྱིས་འགན་ཆེན་པོ་མ་ཁུར་ན་རྒྱ་དམར་སྲིད་གཞུང་གིས་ད་ལྟ་ནས་འཆར་གཞི་སྒྲིག་གིན་པའི་རྣམ་པ་ཕྱོགས་གང་ས་ནས་མཐོང་གིན་འདུག་པ་དེ་ལྟར་རེད།

དྲུག་པ། བསྐལ་བ་ཡག་དུས་ཀྱི་ས་ཡོམ་དང་བསྐལ་བ་བཙོག་དུས་ཀྱི་ས་ཡོམ། 

 

   བོད་དང་བོད་ཀྱི་ས་དག་ལ་ས་ཡོམ་བྱུང་བ་ལོ་རྒྱུས་ཡིག་ཆ་ཁག་ལས་རྩར་ཆོད་པ་ཞིག་ལ། སྤྱི་ལོ་ ༦༤༢ ནས་ད་ལོ་ ༢༠༡༠ བར་ཏུ་ཚད་རིམ་བཞི་ཡན་གྱི་ས་ཡོམ་ ༦༡༧ བྱུང་ཡོོད་པ་དང་།  སྐྱེ་རྒུ་མདོ་གཅིག་པོར་སྤྱི་ལོ ༡༧༣༡ ལོར་ཚད་རིམ་ ༦ ཅན་གྱི་ས་ཡོམ་ཞིག་བརྒྱབ་པ་དང་།  སྤྱི་ལོ ༡༩༧༩ ལོའི་ཟླ་ ༣ ཚེས་ ༢༩ ཉིན་ཚད་རིམ་ ༦.༤ ཅན་ཞིག་བརྒྱབ་པ་དང་།  སྤྱི་ལོ་ ༡༩༨༢ ལོའི་ཟླ ༣ ཚེས་ ༧ ཉིན་ཚད་རིམ་ ༥.༢ ཅན་གྱི་ས་ཡོམ་ཞིག་བརྒྱབ་འདུག་མོད།  སྤྱི་ལོ ༢༠༡༠ ལོའི་ཟླ་ ༤ ཚེས་ ༡༤ ཉིན་ནས་ཚེས་ ༡༩ བར་ཏུ་ཚད་རིམ་ ༧.༡ ཅན་ཞིག་དང་། ཚད་རིམ་ ༦.༩ ཅན་གཅིག  ཚད་རིམ་ ༤.༩ ཅན་གསུམ། ཚད་རིམ་ ༣.༩ བར་ཅན་བརྒྱད། དེ་ལས་དམའ་བའི་ས་ཡོམ་ཆུང་བ་ ༡༡༨༢ བྱུང་ཡོད་འདུག
 

སྔོན་གྱི་དུས་སུའང་ས་ཡོམ་སྟོང་ཕྲག་ཁྲི་ཕྲག་བརྒྱབ་ཡོད་ཚོད་རེད།  ད་ལྟ་ལོ་རྒྱུས་ཡིག་ཚགས་ལས་གསལ་ཁ་ཅན་གྱི་ས་ཡོམ་ཆེ་བ་ ༦༡༧ བརྒྱབ་ཡོད་པའི་ནང་དུའང་ཚད་རིམ ༨ ཅན་དང་ ༨.༧ ཅན་པའང་ཐེངས་ཁ་ཤས་ལ་བྱུང་ཡོད་ནའང་འདི་འདྲའི་མི་ཤི་རྟ་འགྱེལ་གྱི་གནས་ཚུལ་འཇིགས་སུ་རུང་བ་བྱུང་ཡོད་ཚོད་མི་འདུག  དེ་ནི་གནའ་མིའི་འཚོ་བ་རོལ་སྟངས་སྟབས་བདེ་བ་དང་།  ང་ཚོའི་གཡུ་སྦྲ་སྨུག་ཆུང་གི་ཆེས་ཆེ་བའི་དགེ་མཚན་ཞིག་ལས་གཞན་ཞིག་ལ་བདག་གིས་ངོས་འཛིན་མ་ཤེས་ཐལ།  ཡིན་ནའང་། ཁ་སང་གི་ས་ཡོམ་དེར་སྲིན་པོ་ངོ་མ་ཞིག་གཤིས་ཀ་འདུག་ལ་བྱེད་ལས་ཀྱང་ལྡན་པ་དེ་ལྟར་རེད།  ང་ཚོ་ལ་འདས་ལོར་མགོ་ཐོག་ནས་མཚོན་གྱི་ཆར་བ་བབ་པ་རེད།  ད་ལོ་ཡང་ས་འོག་ནས་ས་ཡི་དུག་མདའ་གཡོས་པ་རེད།  ཚུལ་འདི་དག་ལ་ཧོབ་སྟེ་བསམ་ན་ཟས་ཕུད་ཆང་ཕུད་ཀྱིས་བཀུར་བའི་ཡུལ་ལྷ་གཞི་བདག་ཚོར་ཚོགས་གཏམ་གཏོང་འདོད་པ་མ་ཟད།  བསླུ་མེད་དཀོན་མཆོག་དང་ལས་འབྲས་ལའང་འཁང་ར་བཤད་འདོད་པ་ཞིག་རེད།  ཡིན་ནའང་།  ཁ་ཤས་ཀྱིས་གུང་ཁྲན་ཏང་གིས་ཁང་བའི་ནང་དུ་འདུག་པར་བཅུག་པ་མ་འགྲིག་པ་རེད་ཅེས་ངོས་འཛིན་བྱེད་ཀྱིན་འདུག་མོད།  གུང་ཁྲན་ཏང་མེད་ནའང་དུས་རབས་ཀྱི་འགྱུར་བའི་དབང་གིས་ད་ལྟ་ནི་ང་ཚོ་ཁང་བའི་ནང་དུ་བསྡད་ལོས་ཡོད།  དེའི་ཕྱིར་སྐད་ཆ་དེར་གནས་ལུགས་འདུག་ཅེས་བདག་གིས་བཤད་མ་སྤོབས་ཐལ།

བདུན་པ། ལྷ་བདུད་དུ་བབ་པ་རེད་དམ། ས་ཁོང་ཁྲོ་ལངས་པ་རེད།

ཡང་ཁ་ཤས་ཀྱིས་ས་རྐོ་རྡོ་སློག་བྱས་པ་ལས་རང་བྱུང་ཁམས་ཁོང་ཁྲོ་ལངས་པ་ཞིག་བཤད་ཀྱིན་འདུག་མོད་ཚོར་བ་མེད་པའི་ས་སློག་པ་དང་།  ཚོར་བ་མེད་པའི་རྡོ་བཅག་པ་ལས་སྲོག་དབུགས་མེད་པའི་རང་བྱུང་ཁམས་ཁྲོས་པ་རེད་ཟེར་ན་ཧ་ཅང་གི་དགོས་བྲོ་བ་ཞིག་རེད།  ས་བདག་གནས་བདག་ཚོ་ཁོང་ཁྲོ་ལངས་པ་རེད་ཟེར་ན་བཤད་སྟངས་ཤིག་ཡོད་པ་རེད་དེ། ་དོན་དངོས་དེ་ལྟར་ཡིན་ན་མི་རབས་ནས་མི་རབས་ལ་ཟས་ཕུད་ཆང་ཕུད་ཀྱིས་བཀུར་བའི་ཁྱི་སྐྱག་དེ་ཚོར་རྒོལ་གཏོང་དྲག་པོ་གཏོང་དགོས་པ་མ་ཟད།  དེ་དག་ལ་རྒྱ་དམར་གུང་ཁྲན་ཏང་དང་བྱེད་ལས་དང་ཁོང་ཁྲོ་གཉིས་ཐད་ནས་ཤིན་ཏུ་འདྲ་བོ་མ་རེད་དམ། །

དཔྱད་གཞི: རང་བྱུང་གནོད་འཚེའི་སྐོར་གྱི་བོད་ཀྱི་ལོ་རྒྱུས་ཡིག་ཚགས་དང་། མཚོ་སྔོན་བརྙན་འཕྲིན་དང་དྲ་བ། ཁ་བརྡ་དྲ་དེབ།  དུས་བབ་དང་བང་ཆེན་དྲ་བ།  འོད་ཟེར་ཟིན་བྲིས། ས་གནས་ལ་རྒྱུས་ཡོད་མི་ཁ་ཤས་ཀྱི་ངག་བརྒྱུད་གླེང་མོལ།
 
 

འབྲེལ་ཡོད་གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་རྭ་གསར་པའི་ནང་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ཟབ་སྦྱོང་གི་ཚོགས་བཅར་བའི་ཚན་རིག་རྟགས་གསལ་གཏོང་བའི་ཚོགས་མགོན་དུ་ཕེབས། ༢༠༢༥།༡༢།༡༨ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

འཆད་རྩོད་རྩོམ་གསུམ་གྱི་ཐོག་ནས་ཚན་རིག་སྦྱང་དགོས་པའི་བཀའ་སློབ་བསྩལ།

ཆུ་ཚོད་ ༧ སྔོན་ལ།
བོད་ཁྲི་ཀ་རྫོང་ཁོངས་ནས་ཡིན་པའི་བུད་མེད་ཡུལ་སྐོར་སྣེ་ཤན་པ་ཚེ་རིང་མཚོ་ལགས་ལ་ལོ་གཅིག་བཙོན་འཇུག་ཁྲིམས་ཐག་བཅད། འདི་གར་མཁོ་སྤྲོད་བྱས་པའི་པར།
Mobile App

ཚེ་རིང་མཚོ་ལགས་ལ་ལོ་གཅིག་གི་ཁྲིམས་ཐག་བཅད།

ཆུ་ཚོད་ ༨ སྔོན་ལ།
རཀཿར་རིན་པོ་ཆེའི་གསུང་རྩོམ་པོད་བཅུ་བདུན་འགྲེམས་གནང་། ༢༠༢༥།༡༢།༡༨ བོད་ཀྱི་དཔེ་མཛོད་ཁང་ག་ིཔར།
གསར་འགྱུར།

རཀཿར་རིན་པོ་ཆེའི་གསུང་རྩོམ་པོད་བཅུ་བདུན་འགྲེམས་སྤེལ་གནང་།

ཆུ་ཚོད་ ༨ སྔོན་ལ།
Glimpses of the Program’s proceedings; Dignitaries observing Indian & Tibetan National Anthem, Lighting of Lamp, and a group photo of Dignitaries on the Dias with students of the Arya Mahila P.G. College, Varanasi
Mobile App

བོད་དང་གངས་རིན་པོ་ཆེའི་ནང་རང་དབང་ཐོག་འགྲོ་སྐྱོད་ཆོག་པའི་མཚན་རྟགས་བསྡུ་རུབ་བྱེད་བཞིན་འདུག

ཆུ་ཚོད་ ༨ སྔོན་ལ།
Activists call for a boycott of the 2022 Beijing Winter Olympics due to concerns over China's human rights record, in front of the Chinese Consulate in Los Angeles, California, Nov. 3, 2021. Representative Image
གསར་འགྱུར།

ཨ་རིའི་སློབ་ཆེན་ཁག་ཏུ་བོད་ཡིག་སློབ་ཚན་འཇུག་དགོས་པའི་འབོད་སྐུལ་ཞུས་འདུག

ཆུ་ཚོད་ ༨ སྔོན་ལ།
Police lead Hong Kong pro-democracy media mogul Jimmy Lai (C), 72, away from his home after he was arrested under the new national security law in Hong kong on August 10, 2020. Photo by by VERNON YUEN/AFP via Getty Images.
གསར་འགྱུར།

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་མྱུར་ཏུ་ཀློད་གྲོལ་གཏོང་དགོས་པའི་འབོད་སྐུལ་གནང་།

༢༠༢༥/༡༢/༡༧

མཆན། 17

  1. རྡོ་རྗེ་རྒྱལ་མཚན། says:
    ལོ་ 16 སྔོན།

    ཀློག་ཁོམ་མ་བྱུང་མོད་་་ཡག་པོ་ཞེ་དྲག་བྲིས་ཡོད་པ་འདྲ།

    Reply
  2. རྭ་རྒྱ་བློ་དབང་། says:
    ལོ་ 16 སྔོན།

    སྣང་རྒྱལ་ཤེར་དགེ་ལགས། ད་བླ་རྒན་ངས་ཁྱེད་དང་ལྷན་དུ་དོན་མེད་མང་པོ་ཞིག་བརྩད་ན་མི་འདོད་ཀི། དགོངས་དག དེ་ལས་མ་ཎི་རེ་འདོན་པའམ་གསར་འགྱུར་རེ་ཉན་པ་དགའ། ཁྱེད་ཀྱང་དེ་ལྟར་ཡིན་ངེས། སྐབས་གཞན་ཞིག་དང་གྲོས་གཞན་ཞིག་ནས་མཇལ་ཡོང་། བདེ་མོ།

    Reply
  3. སྣང་རྒྱལ་ཤེར་དགེ says:
    ལོ་ 16 སྔོན།

    བློ་དབང་ལགས། འདྲ་པར་དེ་དག་མཁོ་ནས་ངས་ཁྱེད་ལ་བསྐུར་ཆོག སྐུ་ཉིད་ཀྱི་གློག་འཕྲིན་ཁ བྱང་གནང་རོགས།

    Reply
  4. སྣང་རྒྱལ་ཤེར་དགེ says:
    ལོ་ 16 སྔོན།

    རྭ་རྒྱ་བློ་དབང་ལགས། དྲ་ཚིགས་དེ་དག་གི་ནང་དུ་འདྲ་པར་བདུན་ལས་མེད་ཅེས་མ་བཤད་རོགས། བོད་ཀྱི་དུས་བབས་སོགས་སུ་བཀོད་པའི་འདྲ་པར་རང་གི་ཟུར་དུའང་ཁ་བྱང་དེ་ག་རང་བཀོད་མི་འདུག་གམ། རྒྱ་དམག་གཅིག་ཀྱང་མེད་པའི་འདྲ་པར་དེ་དག་གི་འགྲེལ་བཤད་དུ་རྒྱ་དམག་གིས་རོགས་སྐྱོར་བྱེད་བཞིན་ཡོད་ཚུལ་འབྲི་མི་སྲིད་པ་ནི་རྒྱ་གཞུང་ལྐུགས་པ་མིན་པས་ཀྱང་ཤེས་ཐུབ། གང་ལྟར་ངས་བཤད་འདོད་པ་ནི་གྲྭ་བ་ཚོས་རོགས་སྐྱོར་བྱེད་བཞིན་པའི་འདྲ་པར་ཁྱབ་བསྒྲགས་བྱས་འདུག་པ་དང་། དེ་དག་ནི་མཚོ་སྔོན་བརྙན་འཕྲིན་་དང་རླུང་འཕྲིན་གང་གི ་ཀྱང་ཡན་ལག་མ་རེད། ཕྱོགས་གཞན་ཞིག་ནས་བཤད་ན་མཚོ་སྔོན་བརྙན་འཕྲིན་དང་རླུང་འཕྲིན་གཉིས་ཀྱང་རྒྱ་གཞུང་གི་ལས་ཁུངས་མ་རེད་དམ།

    Reply
  5. རྭ་རྒྱ་བློ་དབང་། says:
    ལོ་ 16 སྔོན།

    སྐུ་ཞབས་སྣང་རྒྱལ་ལགས། ང་རང་དབྱིན་ཡིག་གི་ཆུ་ཚད་ཧ་ཅང་སྐྱོ་ན་ཡང་། ཁྱོད་ཀྱིས་ངོ་སྤྲོད་བྱས་པའི་དབྱིན་ཡིག་དྲ་ཚིགས་དེར་གྲྭ་བ་ནང་དུ་གསལ་བའི་འདྲ་པར་བདུན་ཡོད་ལ། དེའི་ནང་དུ་སྐུ་རིམ་སྒྲུབ་བཞིན་པའི་འདྲ་པར་དེར་འགྲེལ་བཤད་དང་པར་རིས་གཅིག་མཚུངས་དང་། མི་སྐྱོབ་བཞིན་པའི་པར་གཉིས་ཡོད་པར་འགྲེལ་བཤད་རྒྱག་སྐབས་ཟིན་ཁྲོན་གྱི་དམག་མི་དང་། ས་གནས་ཉེན་རྟོག་པས་མི་བསྐྱབ་ཚུལ་བྲིས་འདུག ཐེངས་འདིར་ས་གནས་མི་གྲངས་སྟོང་དུ་མའི་ཚེ་སྲོག་བསྐྱབས་པའི་དགེ་འདུན་པ་ཚོ་སྲིད་གཞུང་གིས་འགྲེལ་བཤད་འདི་འདྲ་ཞིག་ལས་མེད་པ་ཧ་ཅང་སྐྱོ། ཕྱི་ལོགས་སུ་འབྱོར་བའི་འདྲ་པར་ཕལ་ཆེ་བ་དྲ་ཚིགས་འདི་ནས་འབྱོར་བ་རེད་ཅེས་པ་ནི། དོན་མེད་སར་སྐུ་ཉིད་ཀྱིས་འུད་ཤོབ་ཆུང་ཆུང་གསུངས་འདུག་མོད་སྐྱོན་མི་འདུག རེད་དེ་རྫུན་གྱི་གོམས་གཤིས་དེ་ཆུང་ས་ནས་མ་བཀག་ན་ངན་ལོབས་སུའང་འགྲོ་ངེས། ངས་བལྟས་ན་ཕྱི་ལོགས་སུ་འབྱོར་བའི་པར་མང་ཆེ་བ་མཚོ་སྔོན་རླུང་འཕྲིན་དྲ་བ་གཙོས་པའི་བོད་ཡིག་གི་དྲ་བ་ཁག་ཅིག་དང་། དེ་ལས་ཀྱང་འབྲེལ་ཡོད་སྒེར་གྱི་གློག་འཕྲིན་བརྒྱུད་ནས་འབྱོར་གྱི་ཡོད། ངས་ཀྱང་རྒྱ་གཞུང་གིས་ཐེངས་འདིར་རྒྱབ་ལྗོངས་ཤིག་ནས་ཇུས་ངན་སྦས་འདུག་ཅེས་བཤད་མ་མྱོང་། རྒྱ་གཞུང་གིས་བྱེད་བཞིན་པ་མཐའ་དག་མངོན་གསལ་དོད་པོ་ཤ་སྟག་རེད་ཅེས་ཞུ་འདོད་བྱུང་

    Reply
  6. སྣང་རྒྱལ་ཤེར་དགེ says:
    ལོ་ 16 སྔོན།

    རྭ་རྒྱ་བློ་དབང་ལགས། ངས་ཁྱེད་ལ་མཚོ་སྔོན་བརྙན་འཕྲིན་དང་རླུང་འཕྲིན་གྱི་དྲ་ཚིགས་མིན་པའི་དྲ་ཚིགས་ཤིག་ངོ་སྤྲོད་བྱེད། china.org.cn china.com chinanews.com སོགས་ལ་གཟིགས་པར་འཚལ། ཉིད་ཀྱིས་སྐབས་འདིར་བོད་མི་དམངས་ཀྱིས་ཕན་ཚུན་རོགས་སྐྱོར་བྱས་ཚུལ་གསལ་བའི་བརྒྱུད་ལམ་ནི། མཚོ་སྔོན་བོད་སྐད་བརྙན་འཕྲིན་གྱི་ལེ་ཚན་རེ་གཉིས་དང་། རླུང་འཕྲིན་ཁང་གི་རྒྱང་སྒྲོག་དང་དྲ་བ་ཙམ་ཡིན་ཟེར། དེར་བརྟེན་ངས་བོན་བརྒྱ་པ་ལ་བཤད་པ་བཞིན་ཁྱེད་ལའང་འདི་ལྟར་བཤད་འདོད་བྱུང་། ཕྱོགས་ཡོངས་ལ་བལྟས་ཏེ་དངོས་ཡོད་ཀྱི་རྩོམ་ཡིག་སྤེལ་རྒྱུ་གལ་ཆེ་ལ་དེས་ང་ཚོ་ལ་གྱོང་གུད་གང་ཡང་སྤྲོད་མི་སྲིད། ད་ལྟ་ཕྱི་ཕྱོགས་ཀྱི་དྲ་ཚིགས་ཁག་ཏུ་གྲྭ་བ་ཚོའི་གནས་ཚུལ་བཀོད་པའི་པར་ཕལ་མོ་ཆེའི་འབྱུང་ཁུངས་དྲ་ཚིགས་འདི་དག་རེད།
    ངས་བོན་བརྒྱ་བས་རྒྱ་ནག་གིས་བོད་ཀྱི་གྲྭ་བཙུན་ཚོས་ས་གནས་སུ་རོགས་སྐྱོར་བྱས་པའི་པར་ཁྱབ་བསྒྲག་བྱེད་ཀྱིན་མི་འདུག་ཅེས་པར་གསལ་བཤད་བྱས་པ་ཙམ་ལས། རྒྱ་ནག་གི་རོགས་སྐྱོར་དང་ཁྱབ་བསྒྲག་གཞན་ཁག་གི་རྒྱབ་ལྗོངས་སུ་སྲིད་ཇུས་གང་ཞིག་སྦས་ཡོད་པ་སོགས་མིན།

    Reply
  7. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    དེ་རིང་ཞིན་ཧྭ་གསར་ཁང་གིས་བཤད་དོན། སྲིད་གཞུང་གི་ངོས་ནས་དགེ་འདུན་པ་ཚོ་སྐྱེ་རྒུ་མདོའི་རོགས་སྐྱོར་ལས་དོན་ཐད་ལ་དམ་དྲག་བྱས་མེད་ལ། དགེ་འདུན་པ་ཚོ་ས་ཡོམ་བརྒྱབ་སའི་ས་གནས་ནས་ཕྱིར་ལོག་དགོས་པའི་བཀའ་མངགས་ཡང་བྱས་མེད་ཟེར།

    ཨེ་པེ་གསར་ཁང་གིས་བཤད་ན། རྒྱ་ནག་གཞུང་གི་མགོ་ཁྲིད་ཚོས་དགེ་འདུན་པ་ཚོ་ས་ཡོམ་བརྒྱབ་ས་ནས་ཕྱིར་ལོག་དགོས་པའི་བཀའ་མངགས་བྱས་ཡོད། དེའི་རྒྱུ་མཚན་ནི། བསྐྱར་གསོའི་ལས་དོན་སྒྲུབ་པ་ལ་ཆེད་ལས་མི་སྣ་ཡོང་དགོས་ཀྱི་འདུག་ཅེས་བཤད་སོང་ཟེར།

    གསར་འགྱུར་འདི་གཉིས་ཀ་ས་གནས་ས་ཐོག་ནས་ནང་འགལ་དུ་གྱུར་འདུག

    Reply
  8. རྭ་རྒྱ་བློ་དབང་། says:
    ལོ་ 16 སྔོན།

    ཐོག་མར་གྲོགས་པོ་བོན་རྒྱ་ལགས་ཀྱི་རྩོམ་ཡིག་ཡག་པོ་ཞིག་བྲིས་འདུག་པར་དགའ་བསུ་དང་འབྲེལ། ནད་མིང་ཅན་དང་སྣང་རྒྱལ་ཤེར་དགེ་གཉིས་ལ་ཞུ་འདོད་པ་ནི། གོད་ཆག་བོད་ལ་བྱུང་། གོ་སྐབས་དམ་འཛིན་གྱིས་དམངས་སེམས་འགུགས་ཐབས་བྱེད་པ་ནི་ཆབ་སྲིད་པ་ཚོའི་གཤིས་ཁམས་དང་། ཁྱད་པར་དུ་དམངས་གཙོ་དང་འགྲོ་མ་མིའི་ཐོབ་ཐང་གི་གནད་དོན་ཧ་ཅང་ཆེ་བའི་རྒྱ་གཞུང་ལ་མཚོན་དམངས་སེམས་འགུགས་པའི་གོ་སྐབས་ཡག་ཤོས་ཤར་པ་ཞིག་རེད། ཡིན་ན་ཡང། རྒྱ་གཞུང་གིས་ད་རེས་བོད་མི་རིགས་ཀྱི་རིག་གནས་སེམས་ཁམས་དང་། དད་མོས་འདུ་ཤེས། དྲང་ལྡོག་གི་རྣམ་དབྱེ་བཅས་ལ་གཏན་ནས་མི་འཕྲོད་པའི་བྱ་བ་མང་དག་ཅིག་སྒྲུབ་ཡོད་པ་སྟེ། ས་འགུལ་བྱུང་མཚམས་ཡས་མས་ནས་ས་གནས་ས་ཐོག་གི་མི་དམངས་ཚོས་མི་ཅི་འདྲ་བསྐྱབས་པ་དང་། སེར་ཤུལ་སོགས་དགོན་སྡེ་སོ་སོས་མི་ཇི་འདྲ་བསྐྱབས་པ་སོགས་གཏན་ནས་སྒྲོག་གི་མེད། དམག་མིའི་རུ་ཁག་ག་གེ་མོས་མི་གཉིས་བསྐྱབས་པ་དང་། ཏང་ཡོན་ཚོས་དཀའ་ངལ་མྱངས་ཚུལ་རྒྱུན་མ་ཆད་པར་སྒྲོག་གི་ཡོད། སྐབས་འདིར་བོད་མི་དམངས་ཀྱིས་ཕན་ཚུན་རོགས་སྐྱོར་བྱས་ཚུལ་གསལ་བའི་བརྒྱུད་ལམ་ནི། མཚོ་སྔོན་བོད་སྐད་བརྙན་འཕྲིན་གྱི་ལེ་ཚན་རེ་གཉིས་དང་། རླུང་འཕྲིན་ཁང་གི་རྒྱང་སྒྲོག་དང་དྲ་བ་ཙམ་ཡིན། ད་ལྟའི་བར་ཡུའུ་ཧྲུའུ་ནས་གསེར་དང་དངུལ་སོགས་ཀྱི་ཐོན་ཁུངས་བསྔོགས་བཤེར་ཀྱིས་ཏུན་འབུམ་ཕྲག་མང་པོ་རྒྱ་གཞུང་གིས་སྤྱད་ཡོད་པས། ཐེངས་འདིར་ཁོ་ཚོས་བྱིན་པའི་ཐུག་སྐམ་དང་། འགྱིག་ཤོག་གི་སྦྲ་གུར་དེ་ཚོར་དེ་ལྟའི་ངོ་སོ་ཞིག་གཏན་ནས་སྟེར་ཐུབ་བྲལ། གང་ལྟར་རང་ཅག་གི་ནང་མི་འདས་སོང་ཚོ་ཡང་འདི་ལྟར་ཆབ་སྲིད་ཀྱི་གཡོ་འགུགས་ལ་ཅི་ཐུབ་ཀྱིས་དཀྲི་བ་འདི་ནི་རོ་ཐོག་རྟ་རྒྱུག་གི་དཔེ་ལས་མ་འདས།

    Reply
  9. རྨེའུ་དཀོན་རྒྱམ། says:
    ལོ་ 16 སྔོན།

    དྲ་གྲོགས་ནད་པའི་མིང་འཛིན་ཅན་ལགས། ཉིད་ཀྱི་བསམ་ཕྱོགས་ལ་གུ་ཡངས་གཏོང་ཐུབ་ཀྱི་མི་འདུག རྒྱུ་མཚན་ནི། ང་ཚོ་བོད་མི་རིགས་ལ་རྒྱ་མི་རིགས་དང་སྲིད་གཞུང་གིས་རོགས་སྐྱོར་བྱས་པ་དང་གནོད་སྐྱོན་བཟོས་པ་གཉིས་བསྡུར་བ་ཡིན་ན་གནམ་སའི་བར་གྱི་ཁྱད་པར་ཡོད་པ་ལོ་རྒྱུས་དང་ད་ལྟའི་གནས་བབ་ཀྱི་ཐོག་ནས་དངོས་ར་འཕྲོད་པ་ཞིག་ཡིན་དུས། ད་དུང་རྒྱ་ནག་གི་བྱ་སྤྱོད་ཡག་རབས་དང་རྒྱན་རབས་ཟེར་དགོས་དོན་གང་ཡིན་ནམ། དཔེ་ཆུང་ངུ་ཞིག་གི་ཐོག་བལྟས་པ་ཡིན་ན་གསལ་ཐིང་རེད། གང་ཡིན་ཟེར་ན། ང་ཚོ་བོད་མི་རིགས་ཀྱི་བདེ་སྡུག་གི་བརྟེན་གཞི་དང་སྲོག་ཤིང་དུ་གྱུར་པའི་༸གོང་ས་མཆོག་ལ་དེ་བ་ཚང་གིས་མཚན་སྨད་བྱས་པ་ཁོ་ནས་སོས་ཐབས་མེད་པའི་བོད་མི་མང་གི་སེམས་ཁམས་རྨ་ཁ་བཟོས་པ་གྲངས་མེད་ཅིག་རེད་ལ། ང་ཚོའི་རང་དབང་དང་ཐོབ་ཐང་ཅིའི་བཙན་འཕྲོག་བྱས་པ་རེད་དམ། གང་ལྟར་འདི་དང་འདི་ལྟ་བུའི་གནས་ཚུལ་དེ་ང་ཚོའི་བདེ་སྐྱིད་ལ་ངོས་འཛིན་དགོས་པ་རེད་དམ་ཡང་ན་སྡུག་བསྔལ་ལ་ངོས་འཛིན་དགོས་པ་རེད།

    Reply
  10. རྨེའུ་དཀོན་རྒྱམ། says:
    ལོ་ 16 སྔོན།

    དྲ་གྲོགས་ནད་པའི་མིང་འཛིན་ཅན་ལགས། ཉིད་ཀྱི་བསམ་ཕྱོགས་ལ་གུ་ཡངས་གཏོང་ཐུབ་ཀྱི་མི་འདུག རྒྱུ་མཚན་ནི། ང་ཚོ་བོད་མི་རིགས་ལ་རྒྱ་མི་རིགས་དང་སྲིད་གཞུང་གིས་རོགས་སྐྱོར་བྱས་པ་དང་གནོད་སྐྱོན་བཟོས་པ་གཉིས་བསྡུར་བ་ཡིན་ན་གནམ་སའི་བར་གྱི་ཁྱད་པར་ཡོད་པ་ལོ་རྒྱུས་དང་ད་ལྟའི་གནས་བབ་ཀྱི་ཐོག་ནས་དངོས་ར་འཕྲོད་པ་ཞིག་ཡིན་དུས། ད་དུང་རྒྱ་ནག་གི་བྱ་སྤྱོད་ཡག་རབས་དང་རྒྱན་རབས་ཟེར་དགོས་དོན་གང་ཡིན་ནམ། དཔེ་ཆུང་ངུ་ཞིག་གི་ཐོག་བལྟས་པ་ཡིན་ན་གསལ་ཐིང་རེད། གང་ཡིན་ཟེར་ན། ང་ཚོ་བོད་མི་རིགས་ཀྱི་བདེ་སྡུག་གི་བརྟེན་གཞི་དང་སྲོག་ཤིང་དུ་གྱུར་པའི་༸གོང་ས་མཆོག་ལ་དེ་བ་ཚང་གིས་མཚན་སྨད་བྱས་པ་ཁོ་ནས་སོས་ཐབས་མེད་པའི་བོད་མི་མང་གི་སེམས་ཁམས་རྨ་ཁ་བཟོས་པ་གྲངས་མེད་ཅིག་རེད་ལ། ང་ཚོའི་རང་དབང་དང་ཐོབ་ཐང་ཅིའི་བཙན་འཕྲོག་བྱས་པ་རེད་དམ། གང་ལྟར་འདི་དང་འདི་ལྟ་བུའི་གནས་ཚུལ་དེ་ང་ཚོའི་བདེ་སྐྱིད་ལ་ངོས་འཛིན་དགོས་པ་རེད་དམ་ཡང་ན་སྡུག་བསྔལ་ལ་ངོས་འཛིན་དགོས་པ་རེད།

    Reply
  11. ནད་པ says:
    ལོ་ 16 སྔོན།

    གོད་ཆག་འདིའི་ཁྲོད་དུ་རྒྱ་ནག་དབུས་གཞུང་གི་རོགས་རམ་མེད་ན་ང་ཚོའི་ནུས་པས་འདས་སོན་ཡོངས་ལ་ཇི་ཙམ་གྱིས་རོགས་རམ་བྱེད་བམ། གནད་དོན་འདི་ཆབ་སྲིད་ཅིག་མ་ཡིན་པར་རང་བྱུང་ཁམས་ཀྱི་ཆོས་ཉིད་དང་ལས་འབྲས་ལས་བྱུང་བ་ཞིག་རེད།

    དེར་བརྟེན་ང་ཚོས་ད་ཐེངས་རྒྱ་ནག་དབུས་གཞུང་གིས་འདས་སོན་ཡོངས་ཀྱི་ཆེད་དུ་ཕྱོགས་གང་ས་ནས་རོགས་རམས་ཚད་མེད་གཅིག་གནང་བཞིན་ཡོད་པ་དེར་ང་ཚོས་སེམས་ཀྱིས་གཏིང་ནས་རྗེས་སུ་ཡི་རངས་དང་འབྲེལ་ཐུགས་རྗེ་ཆེ་ཞུ་དགོས།

    རྒྱ་ནག་དབུས་གཞུང་གིས་བོད་རིགས་ཚོའི་ཆེད་དུ་ཤེས་ཡོན་དང་། སྐད་ཡིག རིག་གཞུང་། སྤྱི་ཚོགས། དཔལ་འབྱོར། འཕྲོད་བསྟེན། ཞིང་ལས། འབྲོག་ལས། ནགས་ཚལ། གནམ་གཤིས། རྩ་ཐང་། རྩེ་ཤིང་། ཚོང་ལས། ཡུལ་བསྐོར། འགྲིམ་འགྲུལ་སོགས་ཕྱོགས་གང་སར་བོད་དེང་རབས་ཅན་གྱི་ཡར་རྒྱས་ཅན་ཞིག་ཏུ་བསྒྱུར་རྒྱུའི་སླད་དུ་ལོ་རེར་རྒྱ་ནག་དབུས་གཞུང་ནས་སྒོར་དུ་ཕྱུར་མང་པོ་མཐོ་སྒང་གི་ཡུལ་དུ་གཏོང་བཞིན་ཡོད་པ་དག་ཧ་ཅང་གི་རྩ་བ་ཆེན་པོ་རེད།

    ད་རེས་གོད་ཆག་ཁྲོད་དུའང་མི་རྒྱུ་སོགས་ཕྱོགས་གང་ས་ནས་རོགས་རམ་འདི་འདྲ་གནང་བཞིན་ཡོད་པ་དེར་ང་ཚོས་ཐུགས་རྗེ་ཆེ་ཞུ་དགོས་པ་ལས་དམའ་འབེབ་བྱེད་རྒྱུའི་གནད་དོན་ཞིག་གཏན་ནས་མ་རེད།

    Reply
  12. རྨེའུ་དཀོན་རྒྱམ། says:
    ལོ་ 16 སྔོན།

    བཀུར་འོས་རྩོམ་པ་པོ་བོན་རྒྱ་བསྟན་རབ་ལགས། ཁམས་བཟང་། དངོས་གནས་ཉིད་ཀྱིས་གནད་ལ་འཁེལ་ཞིང་ཕྱོགས་བསྡོམས་རང་བཞིན་གྱི་ཆེད་རྩོམ་ཞིག་སྤེལ་འདུག་པ་ཡི་རངས་དང་དགའ་བ་འཕེལ་བསྐྱེད་བྱུང་། ལྷག་པར་དུ་མཚོ་སྔོན་བརྙན་འཕྲིན་ཁང་གི་འགོ་འཛིན་ལས་བྱེད་ཡོངས་རྫོགས་ཀྱིས་ཐེངས་འདིའི་དོན་རྐྱེན་སྐབས་འདིར་ཉིན་མཚན་ལྟོས་མེད་ངང་ལས་དོན་སྒྲུབ་ཕྱོགས་ལ་ཚད་མཐོའི་ངོས་འཛིན་གནང་བ་ནི་དེ་བས་ཀྱང་གློ་བ་དགའ། གཞན་ཡང་རྒྱ་གཞུང་གིས་གཡོ་སྒྱུ་འཁྲབ་གསུམ་གྱིས་རྣམ་འགྱུར་སྟོན་སྟངས་དང་དོན་དངོས་རོགས་སྐྱོར་ག་འདྲ་ཞིག་བྱས་ཡོད་མེད་གསལ་གསལ་ཐིང་ཐིང་གི་ཕྱིར་སྟོན་བྱས་པ། ད་དུང་བོད་རང་གི་གྲྭ་བཙུན་རྣམ་པའི་གཞན་ཕན་དང་རིགས་མཐུན་སྤུན་ཟླ་རྣམ་པའི་དཀའ་སྡུག་ལག་ལེན་གྱི་ཐོག་ནས་སེལ་ཐབས་སུ་འབད་བརྩོན་བྱས་པའི་སྐོར་ཞིབ་འབྲི་བྱས་ཡོད་པ། གང་ལྟར། སྐུ་ཉིད་ཀྱིས་གནས་ཚུལ་ཕྱོགས་སྒྲིག་བགྱིས་ཏེ་ཆེད་རྩོམ་སྤེལ་པ་ནང་བཞིན་བོད་གཞུང་བདེན་སྲུང་ལས་ཁུངས་ཀྱིས་གཙོས་བྱས་པའི་ཐེངས་འདིའི་ས་འགུལ་དོན་རྐྱེན་ཁྲོད་ལ་ཞིབ་འཇུག་དང་གནས་ཚུལ་ཕྱོགས་བསྡོམས་བྱེད་མཁན་དོན་དངོས་ཀྱི་ག་ཚོད་ཡོད་དམ་སྙམ་པའི་དོགས་འདྲི་ཞིག་རང་ཤུགས་ཀྱིས་ཤོར་སོང་།

    Reply
  13. སྣང་རྒྱལ་ཤེར་དགེ says:
    ལོ་ 16 སྔོན།

    བྲེལ་འཚུབ་ཆེ་བའི་བར་གསེང་དུ་རྩོམ་ཡིག་འདིའི་ཕྱེད་ཙམ་བཀླགས་པ་ཡིན། འདིའི་ནང་དུ་རྒྱ་ནག་གཞུང་གིས་བོད་ཀྱི་གྲྭ་བ་ཚོས་ས་ཡོམས་ཀྱི་གོད་ཆག་བྱུང་བའི་ས་གནས་སུ་རོགས་སྐྱོར་བྱས་པའི་གནས་ཚུལ་ཁྱབ་བསྒྲག་བྱེད་ཀྱིན་མེད་པར་བཤད་འདུག དེ་ནི་བདེན་པ་མ་རེད། ཁོ་བོས་གནས་ཚུལ་འདིའི་ཐད་རྒྱ་ནག་གཞུང་གི་དྲ་ཚིགས་ཁག་ལ་དོ་སྣང་ཆེན་པོ་བྱས་པ་ཡིན། དེ་དག་གི་ནང་དུ་གྲྭ་བ་ཚོས་ས་རོ་གཤོངས་བཞིན་པ་དང་བེམ་རོ་ལེན་བཞིན་པ། ཕུང་པོ་མེར་བསྲེག་གཏོང་བཞིན་པ། སྨོན་ལམ་འདོན་བཞིན་པ། སྦྱིན་པ་གཏོང་བཞིན་པ་སོགས་ཀྱི་འདྲ་པར་ཧ་ཅང་མང་པོ་འདུག དེར་མ་ཟད་བོད་དུ་ཁ་པར་བཏང་སྟེ་གནས་ཚུལ་ཤེས་རྟོགས་བྱུང་བར། རྒྱ་ནག་གཞུང་འབྲེལ་གྱི་བརྙན་འཕྲིན་བརྒྱུད་ལམ་ཁག་ཏུ་གྲྭ་བ་ཚོར་བསྔགས་བརྗོད་ཀྱང་བྱེད་ཀྱིན་འདུག་ཟེར། རང་ཉིད་ཕ རོལ་པོར་མི་དགའ་བ་རྒྱུ་མཚན་དུ་བྱས་ནས་ཕ་རོལ་པོར་བསྙོན་འདིང་བ་དང་། ཕ་རོལ་པོའི་བྱ་སྤྱོད་བཟང་ངན་ཀུན་ལ་མི་དགའ་བའི་ཕྱོགས་ངོས་ནས་སྡང་མིག་གིས་བལྟ་བ་ནི་དྲང་བདེན་ཞིག་མ་རེད། ལྷག་པར་དུའང་རྩོམ་པ་པོ་ཞིག་གི་གཤིས་ཀ་མ་རེད། སྡུག་ས་ནས་བཤད་ན་བྱ་ཐབས་འདི་རིགས་གཞན་གྱི་ལག་ཆར་གྱུར་ཏེ་རང་མགོ་གཅོག་པའི་ཐོ་བ་རུ་འགྱུར་ཉེན་ཡོད་ལ། ང་ཚོའི་དཔེ་མཚོན་དུ་འཇོག་པའི་ཉེན་ཁའང་ཡོད། དེར་བརྟེན་ཕྱོགས་ཡོངས་ལ་བལྟས་ཏེ་དངོས་ཡོད་ཀྱི་རྩོམ་ཡིག་སྤེལ་རྒྱུ་གལ་ཆེ་ལ་དེས་ང་ཚོ་ལ་གྱོང་གུད་གང་ཡང་སྤྲོད་མི་སྲིད།

    Reply
  14. ཧོར་བུ་ཡེ་ཤེས says:
    ལོ་ 16 སྔོན།

    བོན་རྒྱ་ལགས་ཐུགས་རྗེ་ཆེ།མ་གོ་མ་ཤེས་པ་མང་པོ་ཞིག་ཤེས་སོང་།ལྷག་པར་དུ་བྱིས་པ་དེས་རྒྱལ་བ་ཚང་དབྱངས་རྒྱལ་ཚོའི་མགུལ་གླུ་ལེན་པ་ལ་ང་རང་ཡང་བླ་ོབདེ་བ་ཞིག་ངུས་པ་ཡིན།ང་ས་མཐའ་ཡོད་མི་ཞིག་གིས་བྱེད་ཡག་དེ་ལས་མི་འདུག།གཞིས་བཞུགས་བོད་རིགས་སྤུན་ཟླ་སྐྱིད་སྡུག་མཉམ་མྱོང་བྱེད་མཁན་ཚོ་ལ་བསྐྱར་དུ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    Reply
  15. བློ་གྲོས་རྒྱལ་པོ། says:
    ལོ་ 16 སྔོན།

    བོན་རྒྱ་ལགས། འདི་འདི་ཀློག་གིན་ཀློག་གིན་ས་འགུལ་བྱུང་རྗེས་བདུན་ཕྲག་གཅིག་རིང་གི་ལས་བསྡོམ་འདྲ་བོ་ཞིག་འདུག ཡིན་ནའང་ཞིབ་ཚགས་པོ་དང་དོ་སྣང་ཡག་པོ་གངནང་འདུག དེ་དང་མཉམ་རྐྱེན་ངན་འདིས་བསྐྲུན་པའི་དྲང་ཕྱོགས་དང་ལྡོག་ཕྱོགས་ཀྱི་ནུས་གང་ཐོན་ཡོད་པ་ཁ་གསལ་འབྲི་ཐུབ་ན་ཡག་ས་རེད།

    Reply
  16. ཨ་རིག་དགེ་མཐོང་། says:
    ལོ་ 16 སྔོན།

    བསམ་བློ་ཞིབ་མོས་དཔྱད་འདུག

    Reply
  17. རང་བཙན་གཙང་མ། says:
    ལོ་ 16 སྔོན།

    དོན་དག་ཞེ་དྲག་རང་མེད་པ་གང་ཞིག་ལ་ཚིག་རྙོག་མང་པོ་མང་པོ་ཞིག་བྲིས་འདུག དམིགས་བསལ་ཁྱད་ཆོས་འདྲ་ཞིག་མིན་ནམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese