མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མ་ཀློག་ཀ་མེད་ཀྱི་དཔེ་དེབ་གཉིས། གཙང་ཕྲུག་སྟོབས་ལགས།

བོད་ཀྱི་དུས་བབ།
༢༠༡༠/༠༥/༠༨
Share on FacebookShare on TwitterShare on EmailShare on Whatsapp

<ཕུན་དབང་དང་བཀྲ་ཤིས་ཚེ་རིང་གི་ལོ་རྒྱུས་ལས་འཕྲོས་པའི་གཏམ།>
གཙང་ཕྲུག་སྟོབས་ལགས།

ང་རང་དཔེ་ཀློག་གི་ལམ་དུ་བཞུགས་ནས་མི་ལོ་ཉི་ཤུ་ལྷག་འགྲོ་བཞིན་འདུག་ལ། བཀླགས་མྱོང་བའི་དཔེ་དེབ་ཀྱི་ཁ་གྲངས་ཡང་ཉུང་ཉུང་ཞིག་གཏན་ནས་མིན། བཙན་བྱོལ་དུ་འབྱོར་བའི་ཉིན་དེ་ནས་ངས་དེ་སྔོན་བོད་ཀྱི་རི་གྲོང་དུ་ཀློག་བཞིན་པའི་<སྣང་ས་འོད་འབུམ་གྱི་རྣམ་ཐར་>དང་<གཅུང་དོན་ཡོད་དོན་འགྲུབ་ཀྱི་རྣམ་ཐར་>ཀློག་པའི་ཁ་ཕྱོགས་དེ། བོད་ཀྱི་ཆབ་སྲིད་དང་འབྲེལ་བའི་མི་སྣའི་ལོ་རྒྱུས་བལྟ་ཀློག་གིས་འཕྲོག་སོང༌། <ཕྱི་ཡུལ་དུ་རང་དབང༌།>དང་<སློབ་དཔོན་ཆེན་པོ་༧པཎ་ཆེན་རིན་པོ་ཆེ།>ཞེས་༧རྒྱལ་བ་ཡབ་སྲས་རྣམ་གཉིས་ཀྱི་རྣམ་ཐར་ཕུད། བདག་གི་བསམ་བློར་ཡོ་འཁྱོམས་གཏོང་མཁན་གྱི་ཆེས་ཕུལ་དུ་བྱུང་བའི་དཔེ་དེབ་གཉིས་འཕྲད་པ་ནི། <བོད་མི་གསར་རྗེ་བ་ཞིག་>དང་<ཕ་ཡུལ་མི་མང་གི་ཕན་བདེའི་ཆེད་དུ།>ཞེས། ཕུན་ཚོགས་དབང་རྒྱལ་དང་བཀྲ་ཤིས་ཚེ་རིང་ཟུང་གི་མི་ཚེའི་ལོ་རྒྱུས་འཁོད་པའི་དཔེ་དེབ་གཉིས་ཡིན།

ཧྥུ་ཏེས། དཔེ་དེབ་གདམ་རྒྱུ་ནི་གྲོགས་པོ་བསྒྲིགས་པ་དང་འདྲ་བས་གཟབ་ནན་བྱ་དགོས། གང་ཡིན་ཞེ་ན། རང་གི་གོམས་གཤིས་ལ་དཔེ་དེབ་ཀྱིས་ཤུགས་རྐྱེན་ཐེབས་པ་གྲོགས་པོ་ལས་ཞན་པ་མེད། ཅེས་པའི་གདམས་ངག་ལ་ང་རང་རྦད་དེ་ངེས་ཤེས་རྙེད་སོང་བས། གོ་སྐབས་འདི་བརྒྱུད་ཀློག་པ་པོ་བདག་གི་བསམ་བློར་གཡོ་འགུལ་གཏོང་མཁན་སྐྱེས་ཆེན་ཁོང་གཉིས་བཞུད་པའི་མི་ཚེའི་ལམ་བུར་ཕྱིར་ཞིབ་ཞིག་བརྒྱབ་ན།

དང་པོ། སྐྱེ་ཁུངས་དང་བསམ་བློའི་མཐུན་ཕྱོགས།

          ཕུན་དབང་དང་བཀྲིས་ཚེ་རིང་ཟུང་ནི་བོད་ཕྱི་ནང་ཙམ་མ་ཟད། ནུབ་ཕྱོགས་བོད་རིག་པའི་སྤྱི་ཚོགས་ཞིབ་འཇུག་ཁྲོད་ས་རིས་ཐང་གསལ་དུ་འགྱུར་བའི་སྐྱེ་བུ་གཉིས་ཡིན་ལ། སྐྱེ་བུ་དེ་གཉིས་ནི་སྲོལ་རྒྱུན་བོད་ཀྱི་སྐུ་དྲག་དང༌། བླ་རབས། རིམ་བརྒྱུད་དཔོན་ཚང་དང་རྒྱང་དུ་ཆོད་པའི་བོད་ཀྱི་སྤྱི་འབངས་དཀྱུས་མ་ཞིག་གི་བུ་ཕྲུག་ཟུང་ཞིག་ཡིན་མོད། ཧ་ལས་དགོས་པ་ཞིག་ལ་རི་གྲོང་གི་བུ་ཕྲུག་ཟུང་ལ་གཞན་དང་མི་འདྲ་བའི་ཆོད་སེམས་དང་སྙིང་སྟོབས་ཤིག་ཡོད་པ་ནི། རྩ་བ་བརྟན་ཞིང་སྡོང་པོ་སྦོམ་ལ་བོད་རྒྱལ་ཁབ་ཀྱི་ལས་དབང་ཐུར་དུ་འདྲེན་པའི་བོད་རྙིང་པའི་ཆབ་སྲིད་ལམ་ལུགས་བཅོས་སྒྱུར། བཅོས་སྒྱུར་གྱི་ཆ་ཤས་དེའི་ཁྲོད་དུ་ཁོང་ཟུང་གི་སྐྱེས་སྦྱངས་ཀྱི་ཡོན་ཏན་གང་ཡོད་འབུལ་འདོད་པ་དེ་ཡིན། བསོད་བདེ་དམན་པ་ཞིག་ལ་རང་ཉིད་ཀྱི་སྐྱེ་ཁུངས་ལས་ཁོང་གཉིས་ཀྱི་བོད་རྙིང་པར་བཅོས་སྒྱུར་ལྟ་ཅི། བོད་རྙིང་པའི་གཞུང་ཞབས་ལས་དོན་སྒྲུབ་པའི་ཐོབ་ཐང་ཙམ་མེད་པ་དེ་ཡིན། ན་ཟུག་དེས་ཁོང་གཉིས་ལ་མཐུན་མོང་གི་བར་སྣང་ཞིག་གྲུབ་པ་ནི། སྐུ་དྲག་གིས་བོད་གཞུང་དང༌། བོད་མི་མང་གི་ངོ་ཚབ་མཚོན་མི་ཐུབ་པ་དང༌། མཚོན་འདོད་མེད་པ། ཚེ་ཚེ་རབ་རབ་ཏུ་བོད་ཀྱི་སྲིད་དབང་སྐུ་དྲག་གི་ལག་ཏུ་འཇོག་འདོད་མེད་པ་དེ་ཡིན།

གཉིས་པ། བསམ་བློའི་རྒྱབ་ལྗོངས་ལས་བཅོས་སྒྱུར་གྱི་ཁ་ཕྱོགས།

          བོད་ལ་བཅོས་སྒྱུར་དགོས་པ་ནི་སྐྱེས་བུ་གཉིས་ཀས་མཐུན་ཕྱོགས་ཤིག་ཡིན་ཡང༌། སློབ་གསོ་མྱོང་སྟངས་མི་འདྲ་བའི་བསམ་བློའི་རྒྱབ་ལྗོངས་ལས། ཤར་ཕྱོགས་གོ་མིན་ཏང་ནན་ཅིང་སློབ་ཆེན་གྱི་སློབ་གསོ་མྱོང་བའི་ཕུན་ཚོགས་དབང་རྒྱལ་གྱིས། མ་ཁེ་སི་རིག་པའི་གཞུང་གི་བསམ་བློའི་རྒྱབ་ལྗོངས་ལས། བོད་འདི་རྒྱལ་སྤྱིའི་དམར་ཤོག་གི་ཁོངས་སུ་མཉམ་དུ་ཞུགས་ཏེ། དམར་པོའི་རིང་ལུགས་ཀྱི་གསར་བརྗེ་བྱས་ན་བོད་སྐྱོབ་ཐུབ་པའི་ཡིད་ཆེས་བཅངས་ལ།  ནུབ་ཨ་རིའི་ཝ་ཤིན་ཊོན་སློབ་ཆེན་གྱི་སློབ་གསོ་མྱོང་བའི་བཀྲིས་ཚེརིང་གིས། མང་གཙོ་བསམ་བློའི་རྒྱབ་ལྗོངས་ལས་བོད་འཕེལ་རྒྱས་གཏོང་བར་གཞི་རིམ་མི་མང་གི་སློབ་སྦྱོང་ཆུ་ཚད་གོང་མཐོར་གཏོང་ཐུབ་ན་བོད་སྐྱོབ་ཐུབ་པའི་ཡིད་ཆེས་བཅངས།

གསུམ་པ། དཀའ་སྡུག་གི་མི་ཚེ་དང་ལག་ཡོད་ཀྱི་བྱ་བཞག

           ཕུན་ཚོགས་དབང་རྒྱལ་དང་བཀྲ་ཤིས་ཚེ་རིང་གིས། འབའ་ཐང་དང་གུར་ཕྱོགས་ཞེས་པའི་བོད་ཀྱི་རི་གྲོང་ལུང་ཀྱོག་གཉིས་ན། འབྱུང་འགྱུར་གྱི་བོད་དང་རང་ཉིད་ཀྱི་མདུན་ལམ་ལ་རེ་བའི་རྨི་ལམ་ཁྲི་འབུམ་གཏོང་བཞིན་ཉི་མ་ལྷ་སར་ཆས་འོང་ཞིང༌། རིམ་བཞིན་ཟུར་ཁང་དང༌། གཡུ་ཐོག དབང་འདུས་ལགས་སོགས་བོད་ཀྱི་མཐོ་རིམ་སྐུ་དྲག་དང་འབྲེལ་འདྲིས་བྱུང་བས་ཁོ་ཚོའི་ཞལ་གསུང་ལས་རང་ཉིད་ཀྱི་རྨི་ལམ་མངོན་དུ་འགྱུར་བའི་སྤྲོ་བརྟས། སྟབས་མ་ལེགས་པ་ཞིག་ལ་ལམ་ལུགས་རྙིང་པར་དགའ་བའི་སྐུ་དྲག་དང་གནས་པོའི་ངན་ཤུགས་ལས། ངར་ཤའི་མེ་སྟག་དགུང་ལ་འཕྱུར་བའི་ན་གཞོན་ཟུང་བློ་ཕམ་དང་བཅས་མི་འདོད་བཞིན་ལྷ་ལྡན་རྒྱལ་ཁབ་དང་ཁ་བྲལ་ནས་རྒྱ་དཀར་ནག་གི་ཡུལ་དུ་ཆས་དགོས་བྱུང༌། 

ཁོང་གཉིས་ཀྱིས་བསམ་གཞིགས་ཡུན་རིང་བཏང་མཐར། ལྷ་ས་ནི་བོད་མི་མང་ལ་དབང་བ་ཞིག་ལས་སྐུ་དྲག་གཅིག་པོས་སྤྱོད་པའི་གནས་མཆོག་ཅིག་མིན་པ་ཤེས་ཤིང༌། བཙན་བྱོལ་ནང་གི་རྒྱལ་ཞེན་རིང་ལུགས་པས་བློ་ཡིད་མ་ཚིམས་སྟབས། རྒྱ་མི་དང་དམར་ཤོག་བོད་དུ་ཡོང་རྒྱུར་མོས་མཐུན་ཞུས་ནས། རང་ཉིད་ལ་ཡོད་པའི་སྐྱེས་སྦྱངས་ཀྱི་ཡོན་ཏན་གང་ཡོད་ཀྱིས་བོད་མི་མང་ལ་ཞབས་འདེགས་དང༌། བསམ་བློ་གསར་པའི་འཇོན་ནུས་ལས་བོད་དེ་དེང་རབས་ཅན་གྱི་རྒྱལ་ཁབ་ཅིག་ཏུ་སྐྲུན་ཕྱིར། ཞི་བདེ་དང་ལྷིང་འཇགས་གནས་མལ་ཐམས་ཅད་སྐྱུར་ཞིང༌། མིང་བྱད་དང༌། འཇིགས་ཉེན་གང་ལའང་ལྟོས་མེད་ཀྱིས། བློས་གཏོང་དང་བློ་སྟོབས་ཆེན་པོས་སླར་ཡང་ལྷ་ལྡན་རྒྱལ་ཁབ་དུ་ཕྱིར་ལོག་འོང༌།

ཁོ་གཉིས་ཀྱིས་བོད་ལ་གཅེས་སེམས་བཅངས་པ་ལས་ཕུན་ཚོགས་དབང་རྒྱལ་ལ་མི་རིགས་རིང་ལུགས་པ་དང༌། བཀྲིས་ཚེ་རིང་ལ་ཨ་རེིའི་གསང་མྱུལ་བའི་ཞྭ་མོ་གཡོགས་ཏེ་མི་ལོ་བཅུ་ཕྲག་གཉིས་ཙམ་བཙོན་འཇུག་བྱས། ད་ཆ་ཁོང་ཟུང་ལོ་རྒན་བརྒྱ་ཅུ་བརྒལ་བའི་སྤོ་ཏོ་ཆ་གཅིག་ཆགས་ཟིན་མོད། ཁོ་ཟུང་གི་མི་ཚེའི་འགྲུལ་བཞུད་ལ་ཕྱིར་ལྟ་ཞིག་བྱེད་སྐབས། དཀའ་སྡུག་དང་རེ་བའི་ལ་གཤོངས་མང་པོ་བརྒྱུད་པའི་བོད་ཀྱི་དཔལ་ཡོན་གྱི་ལྟེབས་ཁུག་རེ་ན། ངོམས་སུ་ཆོག་པའི་ལྗིད་སྡིག་སྡིག་གི་ཞབས་རྗེས་གསལ་ཐག་ཆོད་རེ་འདུག་པ་ལས། སུ་ཞིག་ནི་ཁ་ཞེ་གཉིས་མེད་ཀྱི་བོད་མི་མང་ལ་ཞབས་འདེགས་ཞུ་མཁན། བོད་མིང་མང་གི་ཆེད་དུ་གྱི་བློས་གཏོང་གནང་མཁན་དེ་ཡིན་མིན་ཤེས་འོང༌།།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

ཆུ་ཚོད་ ༩ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

ཡེ་ཤུ་ཆོས་དཔོན་ཕོབ་ལེའོ་མཆོག་ལ་༧གོང་ས་མཆོག་དང་ལྷན་དུ་མགྱོགས་མྱུར་མཇལ་འཕྲད་གནང་བའི་འབོད་སྐུལ་ཞུས།

ཆུ་ཚོད་ ༩ སྔོན་ལ།
Mobile App

གཏམ་གླེང་དམར་རྗེན་མ།

ཆུ་ཚོད་ ༡༡ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ། བོད་པའི་སློབ་གྲྭ་ཁག་གི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་རྣམས་ལ་སཱི་ཤེས་ཡོན་སློབ་གསོའི་སྦྱོང་བརྡར་སྤྲད། ༢༠༢༥།༥།༢༡ དུས་བབ་ཀྱི་པར།
Mobile App

འཛམ་གླིང་གི་རྒྱལ་ཁབ་ ༡༤༡ ནང་སཱི་ཤེས་ཡོན་སློབ་གསོ་ངོ་སྤྲོད་གནང་ཟིན་འདུག

༢༠༢༥/༠༥/༢༡
FILE PHOTO: Salal Dam on the Chenab river, in Reasi district, J&K, Monday, May 5, 2025. All gates of Salal Dam on the Chenab River were closed following suspension of the Indus Waters Treaty in the aftermath of the Pahalgam terror attack.(PTI)
Mobile App

པཱ་ཀི་སི་ཐན་ནང་ཆུ་རགས་གསར་རྒྱག་གི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་།

༢༠༢༥/༠༥/༢༡
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁེ་ན་ཌའི་ཨོན་ཊ་རེའོ་བོད་མི་རྣམས་ལ་གསུང་བཤད་གནང་། ༢༠༢༥།༥།༡༨ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་འདི་ལོའི་ཆོས་ཚོགས་ཐེངས་ལྔ་པའི་ཐོག་༧སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཁག་ཅིག་གསལ་པོ་ཆགས་རྒྱུ་ཡིན་སྐོར་གསུངས།

༢༠༢༥/༠༥/༢༡

མཆན། 21

  1. རྨེ་རུ། says:
    ལོ་ 15 སྔོན།

    གཙང་ཕྲུག་ལགས་ཤིན་ཏུ་ལེགས།

    Reply
  2. དབྱངས་བུ། says:
    ལོ་ 15 སྔོན།

    མཐུ་སྟོབས་ལགས།
    གུས་པའི་དྲི་བར་ལན་འདེབས་ཟུར་ཙམ་གནང་བར་ཐུགས་རྗེ་ཆེ། ཁྱེད་ཀྱི་དྲི་ལན་ལ་གཞིགས་པས་གུས་པའི་བསམ་ཚུལ་མདོར་བསྡུས་ཤིག་ཞུ་ཆོག་པ་ཞུ།

    དང་པོ།
    ཉིད་ཀྱི་ལན་འདེབས་ནང་༼བོད་གཞུང་དང་ཕྱི་རྒྱལ་རོགས་ཚོགས་ཀྱི་རྒྱབ་རྟེན་མེད་པའི་ཐོག་ནས་ཕ་མས་ལམ་བཟོ་རྒྱུགས་ཏེ་སློབ་སྦྱོང་མཐར་སོན་བྱས་པ་ཞིང་ཡིན། ༽ཞེས་གསལ་འདུག་ཀྱང། བཙན་བྱོལ་བོད་གཞུང་གི་རྒྱབ་བརྟེན་རྩ་བ་ནས་མེད་པར་ཁྱེད་ལ་སློབ་སྦྱོང་གི་གོ་སྐབས་ཐོབ་ཐུབ་བམ། བཙན་བྱོལ་བོད་གཞུང་གི་རྒྱབ་རྟེན་མེད་པར་ཁྱེད་དང་ཁྱེད་ཀྱི་ཕ་མ་རྒྱ་གར་ནང་གནས་ཐུབ་བམ། ཉིད་རང་གཞུང་ཞབས་ཤིག་ཡིན་པའི་ཆ་ནས། ༸གོང་ས་མཆོག་གིས་བཀའ་སློབ་དེ་ལྟར་གནང་ཡོད་མཁྱེན་ངེས་རེད། ༼ང་དང་བོད་མི་མང་གིས་ངོས་འཛིན་བྱེད་པའི་བཀའ་ཤག་གང་དུ་ཡོད་པ་དེར་བོད་གཞུང་ཡོད།༽ཅེས་པ་དེས་གང་བསྟན་ནམ། བོད་ཕྲུག་རྣམས་ལ་ཤེས་ཡོན་གྱི་གོ་སྐབས་ཐོབ་པ་དེ་༸གོང་ས་མཆོག་གི་བཀའ་དྲིན་མ་ཡིན་ནམ། བཙན་བྱོལ་བོད་གཞུང་གི་རྒྱབ་སྐྱོར་མེད་པར་ཁྱེད་ཀྱི་ཕ་མ་གཉིས་ལ་ལམ་བཟོའི་གོ་སྐབས་ཐོབ་སྲིད་དམ། དེ་དག་ཚང་མ་བོད་གཞུང་དང་༸གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་བྱུང་བ་མ་རེད་དམ།

    གཉིས་པ།
    སྤྱི་ནོར་༸གོང་ས་མཆོག་གི་བཀའ་དགོངས་བསྒྲུབ་རྒྱུ་ནི་བོད་གཞུང་གི་ལས་བྱེད་ཕོགས་བཟན་རྣམས་ལྟ་ཅི། བོད་རིགས་ཡིན་ནོ་ཅོག་གིས་དང་དུ་བླང་རྒྱུ་ཞིག་ཡིན་ན། གངས་སྐྱིད་ལས་བྱེད་ཀྱིས་དེ་ལྟར་བསྒྲུབ་པར་ངོ་མཚར་ཆེ་རྒྱུ་མེད། གལ་ཏེ་གངས་སྐྱིད་ལས་བྱེད་ཀྱིས་༸ཁོང་གི་བཀའ་སློབ་བསྒྲུབ་ཀྱི་ཡོད་ཚེ། དྲི་བ་འགའ་ཞིག་རང་ཤུགས་ཀྱིས་སླེབས་ཀྱི་འདུག
    ༡༽ ༸གོང་ས་མཆོག་གི་གསུམ་དུས་གསུང་འཕྲིན་ལ་ཐུགས་སྣང་གིས་དོན་རྟོགས་ཐུབ་མཁན་གངས་སྐྱིད་ལས་བྱེད་ནང་བརྒྱ་ཆ་ག་ཚོད་ཡོད་དམ། ཁྱེད་ཀྱིས་གསུམ་དུས་གསུང་འཕྲིན་གྱི་གལ་འགངས་མཁྱེན་གྱི་ཡོད་དམ།
    ༢༽ བོད་གཞུང་གི་ཆབ་སྲིད་ལངས་ཕྱོགས་དབུ་མའི་ལམ་གྱི་སྙིང་དོན་དང་། འབྱུང་རིམས། ད་ལྟའི་བོད་ཀྱི་གནས་བབ་ལ་རན་མཚམས་ཡིན་མིན་ཐད་བསམ་བློ་བཏང་ཨེ་མྱོང། བཏང་ཡོད་ཚེ་ཇི་འདྲ་འདུག་གམ།
    ༣༽ བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཞེས་པ་དེ་ཆ་ཚང་བཀླགས་ཨེ་མྱོང།
    ༤༽ གཞུང་ཞབས་ཟེར་བའི་ཚིག་དེས་གང་སྟོན་ནམ། གཞུང་ལ་ཞབས་ཕྱི་ཞུ་མཁན་སྟོན་ནམ། ཡང་ན་གཞུང་དང་མི་མང་དཔོན་པོ་ཡིན་པ་སྟོན། ང་རང་གཞུང་གི་སྲི་ཞུ་བ་ཞིག་མིན་ཀྱང། བདེ་སྡུག་ཞུ་བར་ཐེངས་རེ་གཉིས་འགྲོ་སྐབས་ངོ་མ་དཔོན་ཉམས་སྟོན་མཁན་ཞེ་གཅིག་ལས་མི་མང་གི་བདེ་སྡུག་ལ་བལྟ་སྐྱོང་བྱ་མཁན་ཧ་ཅང་དཀོན་པོར་མཐོང་སོང། གཞུང་ཞབས་ཚོ་མི་མང་གི་དཔོན་པོ་རེད་དམ། གཞུང་དང་མི་མང་གི་བདེ་སྡུག་སེལ་མཁན་རེད།
    ༥༽ དེང་སྐབས་གཞུང་ཞབས་ནང་གཞོན་སྐྱེས་མང་པོ་ཡོད་ཀྱང། དེ་དག་ཕལ་ཆེ་བ་གཞུང་སེམས་ཆེ་བས་རེད་དམ། ཡང་ན་གནས་སྐབས་ཀྱི་འཚོ་ཐབས་ཙམ་གྱི་ཆེད་དུ་རེད། ཡང་ན་དེང་སྐབས་གཞུང་གི་གླ་ཕོགས་མཐོ་བས་རེད།

    གསལ་བརྗོད་བྱ་རྒྱུར། ངོས་རང་གཞུང་ཞབས་པ་ཚོར་མི་དགའ་བས་མ་ཡིན་པར། དངོས་བདེན་རྣམས་སྲོང་པོར་སྨྲས་པ་ཡིན།

    མཐུ་སྟོབས་ལགས། ཐུགས་རྗེ་ཆེ།།

    Reply
  3. ཁང་གསར་རྡོ་རྗེ། says:
    ལོ་ 15 སྔོན།

    བཀྲ་ཤིས་ཚེ་རིང་གི་ལོ་རྒྱུས་དེབ་དེ་ཀློག་བཞིན་ཡོད། དུས་ཚོད་བྱུང་ཚེ་ཁོང་གི་སྐོར་གཅིག་འབྲི་འདོད་ཡོད།

    Reply
  4. ནད་པ says:
    ལོ་ 15 སྔོན།

    གཙང་ཕྲུག་སྟོབས་ལགས་ཀྱིས་མ་ཀློག་ཀ་མེད་ཀྱི་དཔེ་དེབ་གཉིས་དྲ་ཐོག་ཏུ་ངོ་སྤྲོད་གནང་བ་དེར་ངས་རྗེས་སུ་ཡི་རངས་བྱེད་བཞིན་ཡོད་ལ་སེམས་གཏིང་ནས་ཀྱང་དགའ་པོ་བྱུང་།

    ཕུན་དབང་དང་བཀྲ་ཤིས་ཚེ་རིང་ནི་དངོས་གནས་བོད་མི་རྒྱལ་གཅེས་རིང་ལུགས་པ་ཞིག་རེད་ལ་ཁོང་གཉིས་ཀྱིས་སོ་སོའི་དམིགས་ཡུལ་ལྟར་བྱས་རྗེས་ཆེན་པོ་བཞག་ཡོད།

    ལྷག་ཏུ་བཀྲ་ཤིས་ཚེ་རིང་ལ་ཆ་བཞག་ན་ཁོང་ཉིད་རང་ལོ་ ༡༠ ལ་སོན་དུས་གར་ཕྲུག་གི་ཁོངས་སུ་བདམས་ཐོན་བྱུང་དང་གཅིག བོད་རྙིང་པའི་ཡ་ང་བའི་སྤྱི་ཚོགས་ཀྱི་བརྒྱུད་རིམ་འཁྲོད་བོད་བཞག་སྟེ་རྒྱ་གར་དུ་སློབ་གཉེར་ཆེད་གཉེར་བྱས་པ་དང་གཉིས། རྒྱ་གར་རང་དབང་གྱི་ཡུལ་གྲུའི་བཞག་སྟེ་བློ་ཐག་ཆོད་པོས་ཨ་རིས་བསྐྱོད་པ་དངགསུམ། སྐྱིད་ལ་འཚོ་བའི་སྟོབས་ཆེན་ཨ་རི་བསྐྱུར་ཏེ་གྲོགས་པོ་རྒྱ་ལོའི་རེ་བ་རྩ་བ་ནས་དང་ལེན་མ་གནང་བར་རྒྱ་ནག་ཏུ་ཕྱིར་ལོག་བྱས་པ་དང་བཞི།

    སྡུག་ལ་སྐྱོ་བའི་བཙོན་ཁང་འགྲིམས་ཏེ་སླར་ཡང་མ་ཡུམ་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བའི་ལས་འགན་འཁུར་ཏེ་རྒྱ་བོད་དབྱིན་གསུམ་ཚིག་མཛོད་བརྩམས་པ་དང་ལྔ། རྒས་ཡོལ་དུ་ཟིན་མཚམས་བོད་ལྗོངས་སུ་སློབ་གྲྭ་ ༧༦ གསར་ཏུ་བཙགས་ཐུབ་པ་དང་དྲུག སྔ་ཕྱིར་བསྐྱེད་མེད་བུ་ལོན་བཏང་ནས་ཤེས་ལྡན་སློབ་མ་གསོ་སྐྱོང་མཛད་པ་དང་སྐྱེ་དངོས་རྩིས་གསུམ་གྱི་ཡང་རྩེར་སོན་པའི་སློབ་གྲྭ་ཆེན་མོའི་སློབ་ཕྲུག་བཞིར་རྒྱ་སྒོར་ཁྲི་ ༤༠ བཏང་ནས་ཕུལ་བྱུང་གི་པཎ་ཊི་ཏའི་གསོ་སྐྱོང་མཛད་པ་དང་དྲུག

    མ་འོངས་བོད་རིགས་ཤེས་ལྡན་མི་སྣ་གསོ་སྐྱོང་ཆེད་རྒྱ་སྒོར་ཁྲི་ ༢༠༠ ཐམ་པའི་བཀྲ་ཤིས་ཚེ་རིང་གི་ཐེབ་རྩ་ཁང་ཞིག་གསར་འཛུགས་གནང་བ་དང་བདུན། སྔ་ཕྱིར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སོགས་སུ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཡར་རྒྱས་གཏོང་དགོས་པའི་སྙན་ཞུ་ཕུལ་བ་སོགས་བོད་ཀྱི་ཤེས་ཡོན་སློབ་གསོའི་ཐད་ལ་མཛད་རྗེས་བླ་ན་མེད་པ་བཞག་ཐུབ་པ་དང་བརྒྱད། ད་དུང་ཁོང་གི་སྐུ་ཚེའི་མཐའ་འཇུག་ཏུ་མདོ་སྨད་དང་མདོ་སྟོད་སོགས་སློབ་གྲྭ་གང་མང་གསར་འཛུགས་གནང་རྒྱུའི་མཆོད་སེམས་དང་ཕྱི་ལོ་ ༢༠༡༠ ལོར་སླར་ཡང་བཀྲ་ཤིས་ཚེ་རིང་གི་སྔར་གྱི་ཚིག་མཛོད་སྟེངས་མིང་ཚིག་གསར་དུ་ཁ་སྐོང་མཛད་དེ་གངས་ཅན་ལྗོངས་དང་། གངས་ཅན་མི་རིགས། གངས་ཅན་གྱི་སློབ་གསོ་སོགས་ཕྱོགས་མང་པོར་ཆེས་བླ་ན་མེད་པའི་རླབས་ཆེན་གྱི་མཛད་རྗེས་བཞག་དང་འཇོག་བཞིན་ཡོད་པ་འདི་དག་མཐོང་དུས་སེམས་གཏིང་ནས་དགའ་སྐྱོའི་སྣང་བ་ཚད་མེད་ཅིག་ངང་ངང་ཤུགས་ཤུགས་སུ་སྐྱེ་བཞིན་འདུག

    གང་ཉིད་སྐུ་ཚེ་རིང་བའི་སྨོན་ལམ་གྲངས་མེད་ཞུ།

    Reply
  5. མཐུ་སྟོབས། says:
    ལོ་ 15 སྔོན།

    དབྱངས་བུ།
    ཁྱེད་རང་གིས་དྲིས་པ་ བཞི་པ།༼ད་ལྟའི་གངས་སྐྱིད་ཀྱི་ལས་བྱེད་ཀྱི་རྣམ་པ་དང་སྔོན་མའི་སྐུ་དྲག་གི་རྣམ་འགྱུར་ལ་ཁྱད་པར་གང་འདུག་གམ། ཡང་ན་འདྲ་བའི་ཆ་གང་འདུག༽
    ཅེས་གསུངས་པ་ལ་ཞུ་རྒྱུར། རྩ་བའི་གུས་རང་བཙན་བྱོལ་ལ་འཚར་ལོངས་བྱེད་པའི་གངས་སྐྱིད་ལས་བྱེད་ཅིག་ཡིན་ལ། བོད་གཞུང་དང་ཕྱི་རྒྱལ་རོགས་ཚོགས་ཀྱི་རྒྱབ་རྟེན་མེད་པའི་ཐོག་ནས་ཕ་མས་ལམ་བཟོ་རྒྱུགས་ཏེ་སློབ་སྦྱོང་མཐར་སོན་བྱས་པ་ཞིང་ཡིན། སྔོན་མའི་སྐུ་དྲག་མཐོང་མ་མྱོང་ལ། ཁོང་རྣམ་གྱི་རྣམ་འགྱུར་ག་ལ་མཐོང༌། ཞུ་དོན་གཙོ་བོ། སྐྱབས་མགོན་རིན་པོ་ཆེའི་བཀའ་དགོངས་གཞི་གྲུབ་རྒྱུ་ནི་གུས་པའི་མི་ཚེའི་མདུན་ལམ་ཆེ་ཤོས་དེ་ཡིན་ལ། ང་ལྟ་བུ་སྲི་ཞུ་བ་ཕལ་བ་ཞིག་གི་བསམ་བློ་གཏོང་སྟངས་དེ་ཡིན་ན། ངའི་གོང་རིམ་གྱི་ལས་བྱེད་པ་ཚོའི་བསམ་བློ་དེ་བས་ཀྱང་ཆེ་བ་ཡོད་ཅེས་གདེང་སྤོབ་ངང་བརྗོད་ཐུབ། འདིའི་ཐད་ཁྱེད་རད་ཐུགས་ཁྲལ་མ་གནང་རོགས།

    Reply
  6. སོག་ནག་ཚང་། says:
    ལོ་ 15 སྔོན།

    སྟོབས་ལགས། ཁྱེད་ཀྱི་མ་ཀློག་ཀ་མེད་ཀྱི་དེབ་ཕྲེང་གཉིས་ངོ་སྤྲོད་བྱས་པ་བཀའ་དྲིན་ཆེ། འདིའི་སྐོར་ལ་ངེད་གཉིས་ཀྱི་ག་ལེར་གླེང་མོལ་བྱེད་རྒྱུ་ཡིན།

    Reply
  7. ཁ་བའི་མེ་ཏོག། says:
    ལོ་ 15 སྔོན།

    ཐོག་མ་ངས་གཙང་ཕྲུག་སྟོབས་ལགས་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཁྱོད་ཀྱི་ཆུང་མ་དབང་མོ་ལགས་ཁམས་བཟང་ངམ། ཁྱོད་ཀྱི་དངོས་གནས་ནོར་མི་འདུག། ཕྱོགས་ལྷོང་དང་རྙེང་བཞེན་མེད་པའི་ཐོག་ནས་བཤད་ན་ཁོང་གཉིས་ནང་བཞིན་ལ་རྒྱལ་དང་སྙིང་སྟོབས་སྤྱིར་སེམས་མི་རིགས་སྤྱིར་འཛིན་གྱི་ལྟར་བ་ལྡན་པའི་བོད་མི་དེ་གཉིས་ཁོ་ན་རེད་ཟེར་ན་ཆོག།
    ཡག་པོ་འདུག།

    Reply
  8. karma dorje says:
    ལོ་ 15 སྔོན།

    ངས་ནི། ཕུན་ཚོགས་དབང་རྒྱལ་ལགས་དང་བཀྲ་ཤིས་ཚེ་རིང་ལགས་གཉིས་ནི། རང་གི་མི་ཚེ་ཧྲིལ་པོའི་ནང་ལ་རང་གི་ཆོས་དང་ལེགས་བྱང་གི་ཞག་རྩི་མྱངས་མ་ཐུབ་ན་ཡང་། རང་གི་མི་རིགས་ལ་རྒྱལ་ཞེན་དང་བྱས་རྗེས་ཅན་གྱི་མི་གཉིས་ལ་ངོ་འཛིན་ཞུ་བགྱིད་ཡོད།

    Reply
  9. གོང་དཀར་ངག་རྣམ། says:
    ལོ་ 15 སྔོན།

    འོན་ཏེ་གལ་ཆེ་ཤོས་ནི་དྲ་གྲོགགས་ཚོས་མ་ཀློག་ཀ་མེད་ཀྱི་དེབ་ཀློག་ནས་མ་བྱེད་ཀ་མེད་ཀྱི་ལས་ལའང་གཞོལ་རྒྱུ་གལ་ཆེར་མཐོང།

    Reply
  10. ཆུ་ཤུར་མིག་དམར་ says:
    ལོ་ 15 སྔོན།

    གཙང་ཕྲུག་སྟོབས་ལགས་ཀྱིས་རྒྱལ་གཞེན་ཅན་གྱི་མི་སྣ་དེ་གཉིས་ངོ་སྤྲོད་གནང་བར་ཐུགས་རྗེ་ཆེ།
    གུས་པས་དེ་སྔོན་གལ་ཆེ་སྣ་དེ་གཉིས་ཀྱི་མཚན་ཐོས་པ་ཙམ་ལས་དོ་གནང་དེ་ཙམ་མ་བཞག་དེ་རིང་དོ་གནང་གསར་པ་ཞིག་གི་ཐོག་ནས་དཔེ་དེབ་དེ་གཉིས་ཀློག་རྒྱུའི་འདུན་པ་ངམ་ངམ་ཤུགས་ཀྱིས་སྐྱེས་སོང།
    བཀའ་དྲིན་ཆེ།

    Reply
  11. མི་རབས་རྗེས་མར་བསམ་གཞིགས་ནན་ཏན་ says:
    ལོ་ 15 སྔོན།

    རྒྱུ་བདག་མེད་པའི་བོད་མི་རྣམས་་བཀྲིན་བསམ་ཤེས་མེད་པ་ཁྱི་ལས་སྐྱོ་།ཨ་ཁ་ཨ་ཁ་ཨ་ཁ་

    Reply
  12. རྟུལ་ཕོད། says:
    ལོ་ 15 སྔོན།

    ཨོ་ཡིན་རྒྱུ་རེད་མི་སོ་སོའི་དགའ་ཕྱོགས་དང་མཐུན་བློར་བབས་ནི་རེད།

    Reply
  13. karma dorje says:
    ལོ་ 15 སྔོན།

    (Freedom In Exile) = རང་ཡུལ་ལ་རང་དབང་། གི་བཟློག་ཕྱོགས། བཙན་བྱོལ་ལ་རང་དབང་། ཞེས་བསྒྱུར་དགོས་སྙམ།

    Reply
  14. དབྱངས་བུ། says:
    ལོ་ 15 སྔོན།

    དེང་སྐབས་མཐོ་སློབཡིག་རྒྱུགས་སླེབས་ལ་ཉེ་བས་གྲ་སྒྲིག་བྱེད་དགོས་པར་སོང། འབྲེལ་འཚུབ་ངང་གོང་གསལ་བསམ་ཚུལ་དང་དྲི་བ་ཁག་བྲིས་པས། ཡིག་ལྷག་དང་ཡིག་ནོར་འགའ་ཤས་བྱུང་འདུག་པས། དགོངས་སེལ་ཡོང་བ་ཞུ།།

    Reply
  15. དབྱངས་བུ། says:
    ལོ་ 15 སྔོན།

    དེང་སྐབས་མཐོ་སློབཡིག་རྒྱུགས་སླེབས་ལ་ཉེ་བས་གྲ་སྒྲིག་བྱེད་དགོས་པར་སོང། འབྲེལ་འཚུབ་ངང་གོང་གསལ་བསམ་ཚུལ་དང་དྲི་བ་ཁག་བྲིས་པས། ཡིག་ལྷག་དང་ཡིག་ནོར་འགའ་ཤས་བྱུང་འདུག་པས། དགོངས་སེལ་ཡོང་བ་ཞུ།།

    Reply
  16. དབྱངས་བུ། says:
    ལོ་ 15 སྔོན།

    གཙང་ཕྲུག་སྟོབས་ལགས།

    ལན་འདེབས་ཡོང་བ་ཞུ།

    དང་པོ།
    ༸རྒྱལ་བའི་མཛད་རྣམ་(Freedom In Exile)བོད་བསྒྱུར་ཞུས་ན། ༼བཙན་་བྱོལ་ནང་གི་རང་དབང།༽དང་། ༼ཕྱི་ཡུལ་དུ་རང་དབང་༽གཉིས་གང་བསྒྱུར་ན་བདེ་བ་འདུག་གམ།

    གཉིས་པ།
    ཉིད་རང་པཎ་ཆེན་རིན་པོ་ཆེ་ཞབས་ཞུ་བསྟི་གནས་ཁང་གི་ལས་བྱེད་ཡིན་པ་མ་ཟད། ཁོང་གི་མཛད་རྣམ་༼སློབ་དཔོན་ཆེན་པོ་པཎ་ཆེན་རིན་པོ་ཆེ།༽ཞེས་པར་གདེངས་འཇོག་གནང་མཁན་ཡིན་འདུག་ན། ཕྱག་དེབ་དེ་བོད་ནང་དཔར་བསྐྲུན་དང་འགྲེམས་སྤེལ་བཀག་འགོག་བྱས་ཟིན་པས། ཁྱེད་ཀྱིས་ལས་ཁུངས་ཡིག་ཆ་ཤོག་ཛར་དེ་འདྲ་དཔར་འདེབས་ཞུས་པ་ལས་གོང་གི་མཛད་རྣམ་དེ་དཔར་བསྐྲུན་བྱས་ན་མི་ལེགས་སམ།

    གསུམ་པ།
    དྲ་རྒྱ་དང་ཚགས་པར་ནང་རྩོམ་ཡིག་འབྲི་མཁན་ཕལ་ཆེ་བ་གྲ་བཙུན་ཡིན་པ་དང། ད་ལན་བཀྲ་ཤིས་ཚེ་རིང་ལགས་ཀྱི་ལོ་རྒྱུས་བོད་བསྒྱུར་ཐོན་ཀྱང་དྲ་རྒྱ་དང་ཚགས་ཤོག་ཁག་ནང་ཕུན་དབང་གི་ལོ་རྒྱུས་ཐད་དཔྱད་བརྗོད་བྱས་པ་ལྟར་བྱེད་མཁན་མི་འདུག ཁྱེད་ཀྱིས་བལྟས་ན་བཀྲིས་ཚེ་རིང་ལགས་ཀྱི་དེབ་ནང་དགེ་འདུན་པའི་སྡེའི་ནང་ཕྲུ་གུ་ཆུང་ཆུང་ལ་ཆགས་སྤྱོད་བྱེད་མཁན་ཡོད་པ་གསལ་བརྗོད་བྱས་པ་རྒྱུ་མཚན་གྱིས་ཡིན་པ་དྲན་གྱི་འདུག་གམ། ཡང་ན་དཔྱད་བརྗོད་བྱེད་མཁན་དེ་ཙམ་མེད་དོན་ཅི།

    བཞི་པ།
    ད་ལྟའི་གངས་སྐྱིད་ཀྱི་ལས་བྱེད་ཀྱི་རྣམ་པ་དང་སྔོན་མའི་སྐུ་དྲག་གི་རྣམ་འགྱུར་ལ་ཁྱད་པར་གང་འདུག་གམ། ཡང་ན་འདྲ་བའི་ཆ་གང་འདུག

    ལྔ་པ།
    ཉིད་ཀྱི་མཚན་གི་མགོ་ལ་༼གཙང་༽ཞེས་སྨྲོས་དགོས་དོན་གང་ཡིན་ནམ། གཙང་ནས་ཡིན་མཁན་ཚང་མས་མིང་མགོར་གཙང་ཞེས་སྦྱར་བ་དང། ཁམས་ནས་ཡིན་མཁན་ཚང་མས་མིང་མགོར་༼མདོ་ཁམས་པ་༽ཞེས་སྦྱར་བ་དང། ཨ་མདོ་ནས་ཡིན་མཁན་ཚོས་མིང་མགོར་༼མདོ་སྨད་པ་༽ཞེས་སྦྱར་ན་དམིགས་སབསལ་ཁྱད་ཆོས་འདྲ་ཡོད་དམ། རྒྱུ་མཚན་གང།

    སླར་ཡང་ལན་འདེབས་ཡོང་བའི་རེ་བ་ཞུ།།

    Reply
  17. དབྱངས་བུ། says:
    ལོ་ 15 སྔོན།

    བཀྲ་ཤིས་ལགས་ཀྱི་ལོ་རྒྱུས་བོད་བསྒྱུར་དཔེ་དེབ་ལས་འཕྲོས་པའི་གཏམ།

    ཐོག་མར་དཔར་བསྐྲུན་གསལ་བཤད་བཀླགས་རྗེས།
    དཔེ་མཛོད་འགན་འཛིན་དགེ་བཤེས་ལྷག་རྡོར་ཞུ་བ་ཁོང་ཁ་བཤད་ལྟར་བོད་ཡིག་འབྲི་རྩལ་དེ་ཙམ་ཨེ་ཡོད་སྙམ་པའི་ཚོར་སྣང་བྱུང། དེ་ཡང་ཁོང་གི་མིང་གྲགས་དང་བསྡུར་ནས་བརྗོད་པ་ཡིན།

    བསྒྱུར་པ་པོའི་གཏམ་བཀླགས་རྗེས།
    ཆུང་ཚེ་རིང་ལགས་ནི་གུས་པས་དགའ་ཤོས་བྱེད་སའི་བཙན་བྱོལ་དེ་རེད། ཁོང་གི་བསྒྱུར་བའི་དཔེ་དེབ་ཁག་གི་སྤུས་ཚད་དང་མགྱོགས་ཚད་གཉིས་ཀ་ཡག་པོ་འདུག དེ་ཡང་ཐོག་མར་ཕྱི་ལོ་་༢༠༠༨ཟླ་་༢་ནང་བསྒྱུར་མགོ་བརྩམས་པ་ནས་སྔ་དགོང་ལས་ཞོར་དང་རེས་གཟའ་སྤེན་པ་དང་ཉི་མ་སོགས་ལ་བསྒྱུར་བ་དང། སྐབས་ཤིག་རིང་བོད་ནང་གནས་ཚུལ་བྱུང་རྗེས་ཛ་དྲག་ལས་འགུལ་ཚོགས་ཆུང་གི་ལས་དོན་རྐྱེན་པས་ཟླ་ངོ་དྲུག་ཙམ་རིང་ལས་མཚམས་འཇོག་དགོས་བྱུང་བ་སོགས་ལ་གཞིགས་ཚེ་ལོ་ངོ་གཅིག་ཙམ་རིང་ཆ་ཚང་ལེགས་སྒྲུབ་ཟིན་འདུག ལྷག་པར་ཁོང་ནི་དྲིན་བྱས་ཐམས་ཅད་དྲིན་དུ་ཚོར་མཁན་གྱི་མི་ཤེས་ཡོན་ཅན་ཞིག་ཡིན་པར་སེམས། དེ་ཡང་ཁོང་གིས་དཔེ་དེབ་དེ་དང་འབྲེལ་བའི་མི་སྣ་ཡོངས་ཀྱི་མིང་ནས་སྨྲོས་ཏེ་ཐུགས་རྗེ་ཆེ་ཞུས་པ་མ་ཟད། དཔེ་དེབ་བོད་བསྒྱུར་ཞུས་པའི་དགེ་རྩ་རྣམས་ཁོང་དང་ཁོང་གི་བཟའ་ཟླའི་ཕ་མ་གཉིས་ཀྱི་བཀའ་དྲིན་གསོལ་ཆེད་དུ་བསྔོས་འདུག ལྷག་པར་དཔེ་དེབ་མ་ཟིན་བསྒྱུར་རྗེས་ཞུ་དག་ལན་མང་བྱས་པ་མ་ཟད། ཞུ་དག་གནང་མཁན་ཕལ་ཆེ་བ་སྐད་ཡིག་མཁྱེན་མཁན་དང་བོད་ཡིག་ཐད་མཁྱེན་རྒྱ་གཟབ་པ་ཞེ་གཅིག་རེད་འདུག་ན། སླད་ཕྱིན་བསྒྱུར་གྱི་ལས་ཀའི་ཐད་ལེགས་ཆ་མང་པོ་ཐོབ་རྒྱུ་འདུག་པ་བཅས་སོ།།

    Reply
  18. རང་བཙན་གཙང་མ། says:
    ལོ་ 15 སྔོན།

    རྒྱ་མི་བོད་ལ་འཁྲིད་རོགས་བྱེད་མཁན་ཕུན་དབང་ལ་སྔོན་མ་དཔའ་བོ་རེད་ཅེས་བཤད་པ་རེད། ད་བཙན་བྱོལ་གཞུང་ལ་ཁས་ལེན་མ་བྱས་པར་བོད་ལ་ལོག་མཁན་བཀྲ་ཤིས་ཚེ་རིང་ཡང་བོད་ཀྱི་དཔའ་བོར་བརྩི་གི་འདུག ད་རང་བཙན་གཙང་མ་རྩོད་མཁན་ཚོ་བོད་ཀྱི་དགྲ་ངོ་མ་ཆགས་ས་རེད།

    Reply
  19. རང་བཙན་གཙང་མ། says:
    ལོ་ 15 སྔོན།

    འདི་བང་ཆེན་གསར་ཤོག་གི་རྩོམ་སྒྲིག་པའི་ཆེད་བརྗོད་ནས་ཚུར་བཤུས་པ་ཡིན།

    ལྷག་བསམ་ཅན་གྱི་དཔའ་བོ་བཀྲ་ཤིས་ཚེ་རིང།

    ཉེ་བའི་ཆར་སྐད་གྲགས་ཅན་གྱི་དབྱིན་བོད་ཡིག་སྒྱུར་བ་ཆུང་ཚེ་རིང་ལགས་ཀྱིས་དེང་སྐབས་བོད་ནང་དུ་བཞུགས་པ་བཀྲ་ཤིས་ཚེ་རིང་ལགས་ཀྱི་ལོ་རྒྱུས་དབྱིན་ཡིག་ནས་བོད་བསྒྱུར་གནང་བ་བོད་ཀྱི་དཔེ་མཛོད་ཁང་གིས་པར་སྐྲུན་གནང་ཡོད་པ་དང། དེབ་དེ་ཞིབ་ཀློག་ཚར་གཅིག་བྱས་ན་གྲོང་གསེབ་དཀྱུས་མའི་བུ་ཕྲུག་བཀྲ་ཤིས་ཚེ་རིང་ལགས་ཀྱིས་རང་ཉིད་ཀྱི་འབད་འབུངས་ཁོ་ན་ལ་བརྟེན་ནས་རྒྱ་གར་དང་ཨ་རི་ནས་སློབ་སྦྱོང་བྱས་ཤིང། རང་ཉིད་ལ་མདུན་ལམ་ཕུན་སུམ་ཚོགས་པ་ཡོད་བཞིན་དུ་མི་རིགས་ཀྱི་ལ་རྒྱ་དང་བོད་ཡུལ་གྱི་ཡར་རྒྱས་ཆེད་རང་ཉིད་བློས་བཏང་ནས་༡༩༦༣ ལོར་ཨ་རི་ནས་བོད་དུ་ཕྱིར་ལོག་ཕོད་པའི་ལྷག་བསམ་བཅས་ནི་སུས་བལྟས་ཀྱང་བསྔགས་བརྗོད་ཀྱི་ཡུལ་དུ་གྱུར་ཡོད་པ་རེད། ཁོང་གིས་”ཡུན་རིང་བསམ་གཞིག་མང་པོ་བྱས་པའི་རྗེས་ངས་རྒྱ་མི་བོད་དུ་ཡོང་བ་དང་དམར་ཤོག་གི་ལམ་ལུགས་དང་ལེན་བྱེད་རྒྱུ་དང། དེ་ལྟར་བྱས་ན། ང་རང་ལ་ཐོབ་པའི་ཤེས་ཡོན་རྣམས་བེད་སྤྱོད་བྱེད་བཅུག་སྟེ་བོད་དེ་དེང་རབས་ཀྱི་ཁྱད་ཆོས་མང་ཙམ་ལྡན་པའི་རྒྱལ་ཁབ་ཅིག་ཏུ་བསྒྱུར་རྒྱུར་རོགས་རམ་བྱེད་ཐུབ་ངེས་ཡིན། བཙན་བྱོལ་ནང་གི་རྒྱལ་ཞེན་རིང་ལུགས་ཙམ་གྱིས་ང་རང་ལ་བློ་ཁ་ཚིམ་ཐབས་མི་འདུག་”ཅེས་བོད་དུ་ཕྱིར་ལོག་དགོས་པའི་རྒྱུ་མཚན་བགྲང་ཡོད་པ་རེད། ད་དུང་ཁོང་གིས་”ཕྲན་གྱི་ཐོག་མའི་དད་སེམས་ནི་རང་ཉིད་ཀྱིས་ཆུང་དུས་ནས་སྦྱངས་པའི་སངས་རྒྱས་ཀྱི་གསུང་ལ་བརྟེན་ནས་བྱུང་ཞིང། ངའི་དམངས་གཙོའི་ཡིད་ཆེས་ནི་ཨ་རིའི་སློབ་གྲྭའི་ནང་ནས་སྦྱོང་སྐལ་བྱུང་བའི་ནུབ་ཕྱོགས་ཀྱི་བློ་རྒྱ་ཡངས་པའི་ལྟ་གྲུབ་ལ་བརྟེན་ནས་བྱུང། དེ་བཞིན་ངའི་རྒྱས་སྤྲོས་མེད་པའི་འཚོ་བ་ནི། བོད་མིའི་བཅོས་མ་མ་ཡིན་པའི་འདོད་ཆུང་ཆོག་ཤེས་ཀྱི་གཤིས་ཀ་བརྟེན་ནས་བྱུང་”ཞེས་དང། ”ང་སྔོན་མའི་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་ཞིང་བྲན་སྤྱི་ཚོགས་དེར་བསྐྱར་ལོག་བྱེད་འདོད་མཐའ་གཅིག་ཏུ་མེད་ལ། དེ་བཞིན་བསྒྱུར་བཅོས་དང་དེང་རབས་ཅན་གྱི་རིན་དོད་དུ་རང་གི་སྐད་ཡིག་དང་རིག་གཞུང་རྩ་བརླག་ཏུ་འགྲོ་དགོས་པ་རེད་རྩ་བ་ནས་བསམ་གྱི་མེད།”ཅེས་གསུངས་པ་དེ་དག་གི་ཐོག་ནས་ཁོང་ནི་གནད་དོན་གང་ཡིན་ཡང་དབྱེ་ཞིབ་ཀྱིས་གདམ་ག་གནང་བ་ལས། བཤད་སྒྲོས་དང་ལུགས་སྲོལ་ཨ་གསར་ཙམ་གྱི་རྗེས་སུ་མི་འབྲངས་པར་སྙིགས་དོར་བཅུད་ལེན་གྱི་གནད་ལ་མཁས་པ་ཧ་ཅང་གསལ་པོར་གྱུར་ཡོད། ཁོང་ལ་མི་ཚེ་ཧྲིལ་པོའི་རིང་ཕྱོགས་མང་པོ་ནས་དོགས་པ་རྣམ་རྟོག་དང་ཐ་ན་བཙོན་ཁང་དུ་མནར་གཅོད་ཕོག་ཀྱང་སེམས་ཤུགས་མ་ཆག་པར་རང་ཉིད་ཀྱི་ཕུགས་བསམ་ཆེད་ལས་དོན་རྒྱུན་འཁྱོངས་གནང་བ་མ་ཟད། སྐབས་རེ་འགལ་རྐྱེན་དེ་དག་ནི་ལས་དོན་ལ་ཧུར་བརྩོན་བྱེད་པའི་སྐུལ་ལྕག་ལྟ་བུར་བསྒྱུར་ཐུབ་པ་ནི་ཕུལ་དུ་བྱུང་བའི་སྙིང་སྟོབས་ཁོ་ན་ལ་བརྟེན་ནས་བྱུང་བ་རེད།
    བོད་ནང་དུ་ཁོང་གིས་སློབ་གྲྭ་༧༥ ཙམ་གསར་འཛུགས་གནང་ཐུབ་པ་བྱུང་ཡོད་ལ། དེ་དག་ཀྱང་རོགས་རམ་ཁོ་ན་ལ་བརྟེན་པ་ཞིག་མ་ཡིན་པར། ཁོང་བོད་ལྗོངས་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་ལས་རྒས་ཡོལ་སྔ་བསྣུར་གྱིས་བོད་ནང་གི་ལག་ཤེས་ཐོན་ལས་ས་གདན་ཨ་རི་སོགས་ནུབ་ཕྱོགས་སུ་ཚོང་འགྲེམས་ཀྱི་གོ་སྐབས་བཙལ་ནས་མི་མང་གི་འཚོ་བ་ཡར་རྒྱས་ལ་ཕན་པ་དང། ཚོང་གཉེར་དེའི་ཁེ་འབབ་དེ་གཙོ་བོ་བྱས་ནས་བོད་མི་རིགས་ཀྱི་སློབ་གསོའི་ཆེད་དུ་ལེགས་སྐྱེས་ཕུལ་བ། 《བོད་རྒྱ་གསུམ་ཤན་སྦྱར་གྱི་ཚིག་མཛོད་ཆེན་མོ་》 རྩོམ་སྒྲིག་གནང་བ་སོགས་བོད་ཀྱི་སློབ་གསོའི་ཐོག་བྱས་རྗེས་རླབས་ཆེན་བཞག་ཡོད་པ་མ་ཟད། རྒྱ་ནག་གཞུང་ལ་བོད་ཀྱི་སློབ་གསོ་དང་འབྲེལ་བའི་སྐོར་གྱི་སྙན་ཞུ་ཐེངས་མང་ཕུལ་ཡོད་པ་དང། བོད་མི་རིགས་གཅིག་རྐང་འཛིན་པ་གསོ་སྐྱོང་བྱ་རྒྱུའི་འཆར་གཞི་དང། སྐྱེད་མེད་བུ་ལོན་ལ་བརྟེན་ནས་བོད་ཁུལ་ཡར་རྒྱས་གཏོང་ཆེད་སོགས་འབད་བརྩོན་སྣ་མང་གནང་ཡོད། མདོར་ན་བོད་མི་རིགས་རྗེས་ལུས་ཐེབས་པའི་རྒྱུ་རྐྱེན་གཙོ་བོ་མི་མང་དཀྱུས་མ་ལ་ཤེས་ཡོན་མེད་པ་འབའ་ཞིག་ལ་བརྟེན་ནས་བྱུང་བ་དང། མ་འོངས་པའི་མི་རབས་རྣམས་ལ་ཤེས་ཡོན་གྱི་གོ་སྐབས་འཐོབ་ཐུབ་པ་བྱས་ནས་བོད་ཡུལ་ཡར་རྒྱས་སུ་གཏོང་དགོས་པ་ནི་ཁོང་གི་དམིགས་འདུན་གཙོ་བོ་རུ་བཟུང་ཡོད་པ་རེད།།

    Reply
  20. རང་བཙན་གཙང་མ། says:
    ལོ་ 15 སྔོན།

    དེབ་འདི་གཉིས་ཀ་ཞིབ་པར་བལྟས་པ་ཡིན། ཕུན་དབང་དང་བཀྲ་ཚེའི་སྙིང་སྟོབས་ལ་སྨོན་སེམས་སྐྱེས། ཁོང་གཉིས་ཀྱིས་རྒྱ་གུང་ཁྲན་གྱི་དབང་བསྒྱུར་ཁས་བླངས་པ་དེ་ཚོར་མ་འདོད་པ་བྱུང་།

    བཀྲ་ཤིས་ཚེ་རིང་གིས་གལ་སྲིད་བོད་ལ་མ་ལོག་པར་མུ་མཐུད་རྒྱ་གར་ནང་བསྡད་ཚེ། གནས་ཚུལ་ཅི་ཞིག་བྱུང་ཡོད་དམ། དེ་ཚོ་དངོས་གནས་བསམ་བློ་གཏོང་དགོས་འདུག

    དེང་སྐབས་ཁོང་གཉིས་ལྟ་བུའི་བློ་ཁོག་ཅན་ག་ཚོད་ཡོད་དམ།

    Reply
  21. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    གཙང་ཕྲུག་སྟོབས་ལགས་ལགས། ཉིད་ཀྱིས་དཔེ་དེབ་གཉིས་ངོ་སྤྲོད་གནང་བ་བཀའ་དྲིན།
    ༡ འབའ་བ་ཕུན་དབང་གི་ལོ་རྒྱུས་དེ་བཀླགས་ནས་ལོ་གཉིས་ཙམ་ཕྱིན་སོང་། ངའི་གྲོགས་པོ་ཚོས་ཕུན་དབང་གི་སྐོར་ལ་ཟླ་བ་དྲུག་ཙམ་རིང་བགྲོ་གླེང་བྱས་སོང་། དེ་རིང་ཁྱོད་ཀྱིས་ངོ་སྤྲོད་གནང་བ་འདིས་འབའ་བ་ཕུན་དབང་གི་སྐོར་ལ་གོ་ཐོས་མེད་མཁན་རེ་ཟུང་ཡོད་སྲིད་པ་དེ་དག་ལ་ཕན་པའི་རེ་བ་བྱེད་བཞིན་ཡོད།
    ༢ བཀྲ་ཤིས་ཚེ་རིང་གི་ལོ་རྒྱུས་དེ་ལྷོ་ཕྱོགས་སུ་འབྱོར་ཟིན་འདུག་ལ། ང་དང་གྲོགས་པོ་ཚོས་བཀླགས་ཟིན་ནས་དེའི་སྐོར་ལ་བགྲོ་གླེང་བྱེད་བཞིན་ཡོད་ལ། ང་ཚོའི་བགྲོ་གླེང་ནང་གཙོ་བོ་ཁོང་གི་བཙན་བྱོལ་བོད་གཞུང་ལ་ལྟ་ཚུལ་དེ་སྔ་ཕྱི་བར་གསུམ་གྱི་བརྒྱུད་རིམ་ཁྲོད་འགྱུར་བ་ག་ཚོད་ཕྱིན་ཡོད་མེད་ནས་འགོ་བརྩམས་འདུག
    ཁོང་དང་ང་ཚོའི་བར་ལ་འགལ་བ་མང་ངེས་ཀྱང་ང་ཚོས་ཁོང་བཞིན་གང་བྱེད་ཐུབ་པ་འདུག དེ་ནི་ང་ཚོ་ལ་ཁོང་གི་ལོ་རྒྱུས་ཀྱིས་བཏོན་པའི་དྲི་བ་རེད།

    འོ་ན་ཁྱོད་ཀྱིས་དེ་ལ་ལན་གང་འདེབས་རྒྱུ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese