མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམངས་གཙོ་ནི་འཆལ་བོ་ཞིག་དང་འདྲ་འམ། ལྷམ་ཀོག

བོད་ཀྱི་དུས་བབ།
༢༠༡༠/༠༥/༡༢
Share on FacebookShare on TwitterShare on EmailShare on Whatsapp

 
 
དེང་གི་དུས་ན་ཁ་ལ་སྒོ་མེད། ལག་ལ་ཚོད་མེད། སེམས་ལ་འཛེམ་སྲོལ་མེད་པར་ཀུན་ལ་འཕྱ་ཞིང་།  གཞན་ལ་བརྙས་པ་ནི་རང་དབང་དམངས་གཙོ་ཞིག་གི་ཁྱད་རྟགས་ཡིན་ནམ།  གལ་ཏེ་དེ་ལྟར་ཡིན་པའི་དབང་དུ་བཏང་ན་འཇིགས་སྐུལ་བ་དང་རྐུ་མ་ཆོམ་པོ་དག་གི་བཅའ་ཚུལ་ལས་ཚུལ་དེ་ཡང་ཁྲིམས་མཐུན་མིན་པའི་ངེས་པ་མེད་ཅིང་། སྨད་འཚོང་མ་དང་སྨད་འཚོང་མཁན། ནང་རུལ་བ་དང་ངོ་ལོག་པ་དག་ཀྱང་ཁྲིམས་དང་མི་མཐུན་པ་ཞིག་ཏུ་འགྱུར་ཚོད་མེད། ཁོ་ཚོ་སུ་ཡིན་རུང་རང་གི་མོས་པ་དང་རང་གི་འདོད་པ་དག་གཞན་ལ་རེག་མ་ལས་པའི་སྒོ་ནས་སྒྲུབ་པ་དེ་རེད། དེང་གི་དུས་སུ་རང་གི་འདོད་པ་ཙམ་རྒྱུ་མཚན་དུ་བྱས་ཏེ་གྲུབ་མཐའ་དང་གྲུབ་མཐའི་བར་རམ། ཡང་ན་ཆོལ་ཁ་དང་ས་གནས་ཀྱི་བར་དུ་སྣོག་རྒྱག་པ་དང་རྫུན་ཤོད་པ་དེ་དག་དང་ཅི་མི་འདྲ། དེའི་ཕྱིར་ངས་ནི་དམངས་གཙོ་ཟེར་བ་ནི་རིགས་སད་པ་དང་སྤུས་ཚད་བཟང་བོ་ཞིག་གི་ངོས་ནས་བལྟ་དགོས་པ་ལས། ཅི་ཡང་མི་ཤེས་ཤིང་གང་ཡང་མི་དྲན་པ་ཞིག་གི་ངོར་ལྟོས་ཏེ་འཇོག་འོས་པ་ཞིག་མ་རེད་དམ་སྙམ། རང་དབང་དམངས་གཙོ་སྨྲ་མཁན་ཞིག་ཡིན་ན་མ་མཐའ་ཡང་རང་གི་སྨྲ་བརྗོད་ཁྱེར་ནས་རྒྱལ་ཁབ་དང་ཁྲིམས་ལུགས་ལ་ལྟ་ཤེས་པ་དང་། སྲིད་འཛིན་དང་མི་བུའི་རིན་ཐང་ལ་དཔྱོད་ཤེས་པ་ཞིག་གི་ངོས་ནས་འཇོག་གིན་ཡོད། རང་དབང་དམངས་གཙོ་བ་ཞིག་ཡིན་ན་སྲིད་གཞུང་གི་ཁྲིམས་ལུགས་དང་སྲིད་འཛིན་མགོ་བའི་འཕོ་འགྱུར་དེ་རང་དོན་དུ་བལྟ་ཤེས་པའི་སྒོ་ནས་འོས་ཤོག་འཕེན་པར་རིག་པ་གྲུང་བོ་ཡིན་པ་ཞིག་ཅིས་ཀྱང་ཡིན་དགོས་སྙམ། དེ་ལྟ་བུའི་ཚད་གཞིར་མ་ལོངས་མཁན་ཞིག་ཡིན་ན་ཁྱེད་ཀྱི་སྐད་ཆར་ཁྲིམས་ལུགས་ཀྱི་བརྩི་སྲུང་བྱ་ཡང་། ཁྱེད་ནི་རང་དབང་དམངས་གཙོ་སྨྲ་མཁན་ཞིག་ལར་ནས་མ་རེད། དེ་ལྟ་བུའི་མི་ཞིག་ཡིན་དུས་རང་ཉིད་ལ་ཁྲིམས་ཀྱིས་བྱིན་པའི་ཐོབ་ཐང་ཡང་ངོས་ཟིན་ཡོད་པ་མ་རེད། ཁྲིམས་མདུན་གྱི་རང་གི་བྱས་ཉེས་དང་ཐོབ་ཐབ་རྦད་དེ་ཁ་ཁར་འབྱེད་པའི་བློ་མིག་ལྡོང་ནས་ཡོད་རྐྱེན། ཁྲིམས་ལུགས་ལ་བརྩི་སྲུང་བྱ་ཚུལ་ཡང་ཤེས་གི་མ་རེད། མི་དེ་ལྟ་བུའི་ངོར་སྣང་བ་གང་དྲན་དང་སྤྱོད་པ་རྒྱ་ཡན་པ་ཅི་ཞིག་འཁྲབ་ཀྱང་རང་དབང་དམངས་གཙོ་ཡིན་པར་ཞེ་ཐག་པ་ནས་འདོད་དེ། རང་གཅུན་རང་བདག་གི་བསམ་བློ་མེད་པ་རེད། གང་བྱུང་མང་བྱུང་གི་རྨི་ལམ་མང་པོ་བཏང་བ་ལ་བརྟེན་ནས་སྤྱི་ཚོགས་ཡ་མ་བརླར་བཟོ་གི་རེད། སྤུས་ཚད་དེ་ལྟ་བུར་གྱུར་བའི་མི་དག་གི་ངོར་རང་དབང་དམངས་གཙོ་དེ་ཡང་སྤྱོད་པ་འཆལ་བོར་བཟོ་བྱེད་ཅིག་ཏུ་མི་འགྱུར་གྲང་། དེའི་ཕྱིར་རང་དབང་དམངས་གཙོ་ནི་སྔོན་ཐོན་མི་རིགས་ཤིག་གི་ལས་ཀ་རེད་སྙམ། མཚམས་འདིར་མི་རིགས་གཞན་གྱི་མཁས་པ་ཞིག་གི་ཚིག་དུམ་ཞིག་དྲངས་ན། ཁོང་གིས་ད་ལྟ་ང་ཚོས་བཤད་པའི་རང་དབང་ནི།སྐྱེས་བུར་ཕྱིའི་བཙན་ཤུགས་ཀྱི་གཉའ་གནོན་མི་ཐེབས་པའི་ཐོབ་ཐང་ཞིག་དང་། སྐྱེས་བུའི་འཚོ་གཞིས་ལ་ཕྱིའི་བཙན་ཤུགས་ཀྱི་ཚོད་འཛིན་དང་སྡོམ་གཅུན་མི་ཐེབས་པའི་ཐོབ་ཐང་ཞིག་ལ་ཟེར་གྱི་ཡོད་པ་རེད།ཅེས་དང་། ཡང་ཁོང་གིས། ཕྱིའི་བཙན་ཤུགས་ཀྱི་ཚོད་འཛིན་མ་ཐེབས་ན། ཆོས་ལུགས་ཐད་དད་མོས་རང་དབང་ཡོད་བྱུང་བ་རེད།བསམ་བློའི་ཐད་བསམ་གཞིགས་རང་དབང་ཡོད་བྱུང་བ་རེད། དེ་བཞིན་རྩོམ་འཇུག་དང་དཔེ་སྐྲུན་ཐད་གཏམ་བརྗོད་རང་དབང་དང་དཔེ་སྐྲུན་རང་དབང་ཡོད་བྱུང་བ་རེད། རང་དབང་དེ་དག་ནི་ང་ཚོར་ཐོབ་འདུག་པ་ཞིག་མ་རེད་ལ། ལྷ་དང་དཀོན་མཆོག་གང་རུང་ཞིག་གིས་སྩལ་ཡོང་རྒྱུ་ཞིག་ཀྱང་མ་རེད། དེ་ནི་སྔོན་ཐོན་མི་རིགས་འགའ་ཤས་ཀྱིས་དུས་ཡུན་རིང་བོར་ཧུར་ཐག་འབད་ཐག་གི་རྩོད་ལེན་ལས་བྱུང་བ་རེད། ཅེས་གསུངས་པ་འདི་རུ་གཞིགས་ན་ཡང་རང་དབང་དང་དམངས་གཙོ་ནི་གྱི་ནར་སྡོད་པའི་མི་རིགས་ཤིག་གི་ལྟོ་བར་ཆ་རྐྱེན་གང་ཡང་མེད་པར་འཇུ་བ་ཞིག་མ་ཡིན་པ་གསལ་བོར་བསྟན་འདུག་པས། ང་ཚོས་རང་དབང་དམངས་གཙོ་གླེང་བ་དང་རྩོད་པ། འཛུགས་པ་གང་བྱེད་ཀྱང་རྩ་བའི་ཆ་ནས་དམངས་གཙོའི་སློབ་སྦྱོང་དང་དམངས་གཙོའི་ལག་ལེན། དམངས་གཙོའི་རྟོག་པ་དང་བཅས་པར་འབད་པ་བྱ་དགོས། དེང་གི་མི་ལ་ཤས་ཤིག་གིས་ཁ་ནས་དམངས་གཙོ་དང་དམངས་གཙོའི་ཀ་བ་གསུམ་ཞེས་ཤོད་རུང་ཙམ་ལས་དོན་དངོས་ཀྱི་དམངས་གཙོའི་བརྡ་དེ་འཕྲོད་ཀྱིན་མེད་སྟབས། སྐད་ཆ་དང་སྤྱོད་པ་འདུ་ཤེས་སོགས་གང་གི་ཐད་ནས་ས་མཚམས་དང་དབྱེ་བ་མེད་པ་ཞིག་ཆགས་བཟོ་འདུག་པ་དང་། ང་དང་ང་ལྟ་བུའི་དམངས་གཙོའི་བློ་མིག་ཐུང་བ་དག་གིས་ནི་དམངས་གཙོ་ནི་འཆལ་བོའི་སྤྱོད་པ་ཞིག་དང་འཁྲུལ་ཉེན་འདུག

སྔོན་མར་ཨ་རིའི་སྲིད་འཛིན་ཞིག་རྒྱ་ནག་གི་སློབ་གྲྭ་ཆེན་མོ་ཞིག་ཏུ་གཟིགས་སྐོར་ལ་ཕེབས་དུས་ཤིག་ལ། སློབ་མ་ཞིག་གིས་དྲི་བ་འདི་འདྲ་ཞིག་བཏོན་མྱོང་ཡོད་པར་བཤད། ཨ་རིའི་སྤྱི་ཚོགས་ཀྱིས་ཡོད་ཚད་རང་དབང་དང་དམངས་གཙོར་བསྟུན་དྲགས་ན། ཨ་རི་བའི་སྤྱི་ཚོགས་ནི་ཡ་མ་བརླ་ཞིག་ཏུ་མི་འགྱུར་རམ་ཞེས་དྲིས་པའི་ལན་དུ། སྲིད་འཛིན་གྱིས་རང་དབང་དང་དམངས་གཙོ་ནི་ཡ་རབས་ཤིག་གི་ངོས་ནས་བཤད་པ་མ་གཏོགས། མ་རབས་ཀྱི་ངོར་བལྟས་ཏེ་བཤད་ཀྱིན་མེད་པའི་ལན་བཏབ་པའི་སྐད་ཆ་ཐོས་མྱོང་ཡོད། སྐད་ཆ་འདིའི་སྒང་ནས་དམངས་གཙོ་དང་རང་དབང་ཟེར་བ་ནི་སྤུས་ཚད་ཅིག་གི་ངོས་ནས་འཇོག་གིན་ ཡོད་པ་མཐོང་ཐུབ། དོན་འདི་ལ་རྩོམ་པ་པོ་གྲགས་ཅན་བྱང་སྐར་ལགས་ཀྱིས་ཀྱང་། ཡང་ཆ་གཅིག་ནས་བལྟས་ན་རང་དབང་ནི་མི་སྒེར་གྱི་འཚོ་བ་རོལ་སྟངས་ཤིག་ཡིན་པ་རེད། དེ་ལ་མི་ལ་ལས་རང་དབང་ཞེས་པ་ནི་ཅི་འདོད་འདོད་བྱས་ཆོག་པ་ཞིག་ཏུ་གོ་བ་ཡིན་ཡང་། དོན་དངོས་སུ་དེ་ལྟ་མ་ཡིན་ནོ། རང་དབང་གི་དངོས་ཚད་གོ་དོན་རྒྱུད་ལ་གཤགས་པ་ཞིག་ཡིན་ན།འགན་འཁྲི་དང་། རང་གཅུན་དང་། དཀྱེལ་ཡངས་སོགས་ཀྱང་རང་དབང་དང་གྲིབ་མ་བཞིན་འགྲོགས་ཏེ་ཡོད་པ་རྟོགས་ལ། དེ་དག་དང་རང་དབང་གཉིས་བྱ་གཅིག་གི་གཤོག་ཟུང་ནང་བཞིན་ཡིན་པ་ཤེས།ཟེར་བ་སོགས་ཀྱི་གནས་ལུགས་འདི་ལ་བློ་མ་འབྱོངས་ཀྱི་བར་དུ་ཁ་ཡན་རྒྱ་ཡན་པའི་རང་དབང་ནི་དམངས་གཙོའི་ཁྲིམས་ལུགས་ཁ་ཆག་སྣ་རལ་དུ་གཏོང་བྱེད་དུ་ཨེ་མི་འགྲོ་སྙམ།

ཨ་རི་བ་ཞིག་གིས། ཁྲིམས་ལུགས་ཀྱི་ངོས་ནས་བལྟས་ན། གཏམ་བརྗོད་རང་དབང་ཞེས་པ་དེ་གཙོ་བོ་ཆབ་སྲིད་དང་འབྲེལ་བའི་གཏམ་བརྗོད་རང་དབང་ལ་ཟེར་བ་རེད། དེ་གང་ཡིན་ཞེ་ན། གལ་ཏེ་ཆབ་སྲིད་ཐད་ཀྱི་གཏམ་བརྗོད་རང་དབང་མེད་སོང་དུས། དམངས་གཙོའི་སྤྱི་ཚོགས་ཆགས་སའི་གཞི་རྟེན་མེད་འགྲོ་བས་རེད། དེའི་ཕྱིར་ཨ་རིའི་རྩ་ཁྲིམས་ཀྱི་བཟོ་བཅོས་དང་པོ་རུ། གྲོས་ཚོགས་ཀྱིས། གཏམ་བརྗོད་རང་དབང་ངམ་གསར་འགྱུར་དང་དཔེ་སྐྲུན་གྱི་རང་དབང་ལ་ཚོད་འཛིན་བྱེད་པའི་བཅའ་ཁྲིམས་གང་ཡང་བཟོ་མི་ཆོག་ཅེས་གཏན་འབེབས་མཛད་ཡོད་པ་རེད། ཅེས་རྣམ་པར་ཕྱེས་པའི་ཚིག་དུམ་འདིའི་ཁྲོད་ནས་བསམ་ན་ཡང་། ཆབ་སྲིད་དང་ཁྲིམས་ལུགས། ཡ་རབས་དང་མ་རབས་ཀྱི་དབྱེ་འབྱེད་ལ་བློ་རྣོ་བ་ཞིག་གི་ངོར་བཞག་པའི་སྡོམ་ཚིག་ཅིག་རེད། དེ་ལས་གཞན་དམངས་གཙོ་ལ་ཁྲིམས་ལུགས་ཡོད་པའི་ངོས་ནས་བསམ་ན་ཡང་། དམངས་གཙོ་ནི་ཚད་གཞི་ཅན་ཞིག་དང་ལྟོས་འཇོག་ཅན་ཞིག་ཡིན་པ་ཧ་གོ་དགོས་གི་རེད། ཁ་ལོག་དང་གོ་ལོག་ཐེབས་པའི་བར་ནས་རང་དབང་དང་དམངས་གཙོ་ཡིན་ཁུལ་གྱིས་ཕ་ལ་རྒོལ་བ་དང་མ་ལ་རྡེག་པ་ལྟ་བུ་ནི་བྱ་མི་རིགས་སོ།།

དམངས་གཙོ་ཁྲིམས་སྐྱོང་བ་ཡིན་པའི་འདུ་ཤེས་མཐོར་འདེགས་བྱ་དགོས།དཔེར་ན།མི་དམངས་ནི་ད་གཟོད་རྒྱལ་ཁབ་ཀྱི་བདག་པོ་ངོ་མ་ཡིན་ལ་སྲིད་གཞུང་ནི་ཞབས་ཞུ་བའི་ཚུལ་དང་། སྲིད་འཛིན་པ་ལ་ནི་མི་དམངས་ཀྱིས་མངགས་བཅོལ་གནང་བའི་དབང་ཆ་ཉི་ཚེ་བའམ་གནས་སྐབས་ཀྱི་དབང་ཆ་ཡོད་པ་མ་གཏོགས།རྒྱལ་ཁབ་བདག་པོ་ངོ་མ་མ་ཡིན་པ་དང་། དབང་འཛིན་པས་ངེས་པར་དུ་ཀུན་ཀྱིས་ཁས་ལེན་པའི་ཁྲིམས་ལུགས་ཚད་གཞིར་བྱས་ཏེ་རྒྱལ་ཁབ་སྐྱོང་བ་ལས། མི་སྒེར་གྱི་འདོད་མིན་དབང་བཙན་པར་བྱས་ཏེ་ཚད་གཞི་གང་རུང་ཅི་འདོད་ བསྒྱུར་བཅོས་ཀྱིས་རྒྱལ་ཁབ་ཀྱི་བདག་པོ་སྟེ།མི་དམངས་རྣམས་ཅི་བྱ་གཏོལ་མེད་བཟོ་ མི་རུང་མི་རུང་བ་སོགས་ཀྱི་ངེས་པ་ཧུར་ཚུགས་པོ་ཞིག་མེད་དུས། དམངས་གཙོའི་ལག་ལེན་ཉམས་ང་བ་དང་། དམངས་གཙོའི་བྱེད་སྒོ་ཆ་ཡ་གོ་ལྡོག་ཅིག་ལས་མི་འོང་བར་སྙམ་པའི་དོགས་པ་ཕྲན་བུ་ཁོ་བོ་རང་འདུག་གོ།

གྷི་རིག་གི་ཆབ་སྲིད་མཁས་པ་ཞིག་གིས་ཀྱང་། ཁོ་བོས་ནི་འདི་སྐད་བཤད་སྤོབས་ཏེ། ང་ཚོའི་ལམ་ལུགས་ནི་གཞན་གྱི་མིག་དཔེ་ཡིན་ནོ།།ང་ཚོའི་ལམ་ལུགས་ལ་དམངས་གཙོའི་ཆབ་སྲིད་དུ་འབོད་པའི་རྒྱུ་མཚན་ནི། སྲིད་དབང་དེ་སྤྱི་དམངས་ཡོད་དོ་ཅོག་ལ་བདག་པ་ལས། མི་ཉུང་ཤས་ཙམ་ལ་བདག་པ་མིན་པའི་ཕྱིར་ཡིན། སྐྱེས་བུ་སུ་འདྲ་ཡིན་ཀྱང་། སོ་སོའི་རྒྱལ་ཁབ་ལ་ལག་རྗེས་ཅན་ཞིག་ཡིན་དུས། འབྱོར་བ་ཞན་པར་བསྙད་ནས་མི་དེ་ལ་ཆབ་སྲིད་དབང་ཆ་མི་སྤྲོད་མི་སྲིད་དོ།།ཅེས་གསེར་ལྟ་བུའི་ལེགས་བཤད་འདི་དག་གིས་བསྟན་པ་ནི།དམངས་གཙོའི་ཚད་གཞི་དང་སྤུས་ཚད་འགན་འཁྲི་དག་ཡིན་ཞིང་། ང་ཚོས་དམངས་གཙོ་ལོངས་སུ་སྤྱོད་པར་འདོད་ན་ནི་བསླབ་པ་དང་བསླབ་བྱ། འཛིན་པ་དང་སྐྱོང་བའི་དམངས་གཙོའི་གོ་རིམ་ལ་གཟབ་ནན་གྱིས་ བསླབ་པར་བྱ་ཞིང་། གཟབ་ནན་གྱིས་བརྩི་བར་བྱ་དགོས་པ་ལས། རང་གི་དད་མོས་ཙམ་གྱིས་གཞན་ལ་བདག་པོ་རྒྱག་པ་དང་། རང་གི་འདོད་པ་ཙམ་གྱིས་ག་བྱེད་འདི་བྱེད་བྱ་མི་རིགས་པ་ནི་ཕྲན་གྱིས་བལྟས་ན་དམངས་གཙོའི་ངོ་བོ་ཞིག་གོ།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༧ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༢༡ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༢༣ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 40

  1. ཁ་བའི་མེ་ཏོག། says:
    ལོ་ 15 སྔོན།

    དུས་བབས་བྱེའུ་ཚང་ལ་ཞུ་རྒྱུ་ནི། ད་ཁྱོད་ཚོའི་བྱེའུ་ཚང་གིས་ཕྱོགས་ཞེན་དང་ལུང་མཚན་གྱི་རྫུན་གཏམ་དག་ག་དུས་མཚམས་བཞག་གོ།

    Reply
  2. བོད་ཀྱི་མཛེས་མ། says:
    ལོ་ 15 སྔོན།

    ཅོ་རི་ཉི་མས་བཤད་ཚོད་ལ་ཡིད་ཆེས་མ་བྱེད།

    ཁོས་སངས་རྒྱས་ཀྱིས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གསུངས་པ་དེ་མང་གཙོ་ལ་བརྟེན་ནས་གསུངས་པ་རེད་ཟེར།

    ངས་བལྟས་ན་དེ་ལྟར་མ་རེད།་གདུལ་བྱའི་ཁམས་དང་མོས་པ་མི་འདྲ་བའི་དབང་གིས་གསུང་རབས་སྣ་ཚོགས་བྱུང་ཡོད་པ་གོ་མྱོང།

    མང་གཙོ་དང།་་་་་་་སེམས་ཅན་གྱི་ཁམས།་་་་་གདུལ་བྱའི་མོས་པ་སོགས་ཐམས་ཅད་གཅིག་ཏུ་བརྩི་མི་ཉེན་གི།་་་་ཐམས་ཅད་རིལ་རིལ་དང་ལེབ་ལེབ་བཟོ་མི་ཉེན།

    མི་མང་པོ་ལ་བཤད་པ་ཞིག་ཡིན་ན་མར་ལེ་དང།་་སི་ཏ་ལེན།་མོའུ་སོགས་ཀྱི་གཏམ་བཤདཀྱང་མང་གཙོའི་གཏམ་བཤད་དུ་འདོད་དགོས་པ་སོགས་ཧ་ཅང་ཐལ་བས་ཀྱེ་ཤེས་པ་ཆུང་བ་དག་་་་་་་ཁ་ནང་དུ་ཕྱོགས་ནས་བསམ་བློ་ཞིག་གཏོང་རོགས།

    Reply
  3. བྱམས་རྒྱལ། says:
    ལོ་ 15 སྔོན།

    མང་མང་གཅིག་ཏུ་མཐུན་པར་མང་གཙོ་རེད་།
    ཡག་དང་སྡུག་གི་ས་མཚམས་དེ་ན་འདུག་།
    ཡོས་ལ་ཇི་ལྟར་མཁས་པས་འཐག་གྱུར་ཀྱང་།
    བབ་རྒྱུ་དེ་ནི་རྩམ་པ་ལས་གཞན་ཅི།

    ཁ་ཕྱིར་སྐོར་དགྲ་དང་གདོང་གཏུགས་བྱེད་།
    ཕྱི་དགྲ་ཐབས་དང་དཔུང་པས་བཏུལ།
    དགྲ་ཤར་པའི་སྟེང་ལ་ཐོག་ལས་ངར།
    ནང་ཕོ་ནུ་སྟེང་ལ་དར་ལས་འཇམ།
    སེམས་པ་རང་གི་གཞུང་ལ་གཏོད་།
    བུ་ཡ་རབ་ཤིག་གི་བྱེད་སྟངས་རེད།

    ཁ་ནང་སྐོར་གཉེན་གྱི་ཐོག་ལ་མཆོང་།
    གཉེན་ཉེ་བའི་སྟེང་ལ་སྟག་ལས་ངར།
    དགྲ་ཤར་པ་དགའ་དང་འཛུམ་གྱིས་བསུ།
    ཚིག་མཚོན་ཆ་མེ་ལྕེ་མཆེད་མཆེད་རེད།
    རང་གི་གཞུང་ལ་རྟག་ཏུ་སྨད།
    བུ་ཐ་ཤལ་ཤིག་གིས་བྱེད་སྟངས་རེད།

    བོད་གངས་ཅན་ལྗོངས་ཀྱི་ལས་དབང་འདི།
    བརྗེད་བསམ་ཀྱང་སྙིང་ལ་བཀོད་ནས་འདུག
    བསྐྱུར་བསམ་ཡང་ཁྲག་དང་འདྲེས་ནས་འདུག
    གཅད་བསམ་ཡང་རུས་ལ་མཐུད་ནས་འདུག

    འདིར་མི་བརྗེད་མི་བསྐྱུར་མི་གཅད་གསུམ།
    འདི་གསུམ་པོ་རྩ་བའི་དམ་བཅའ་རེད།
    སྐྱབས་དཀོན་མཆོག་བཞིན་དུ་བརྩི་རྒྱུ་རེད།
    ལས་རྒྱུ་འབྲས་བཞིན་དུ་སྲུང་རྒྱུ་རེད།

    Reply
  4. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    བོན་རྒྱ་ལགས་བཙན་བྱོལ་སྤྱི་ཚོགས་འདིར་གོ་རྟོགས་དང་བསམ་ཤེས་མེད་པའི་སྤྱི་ཚོགས་ཤིག་ལ་ངོས་འཛིན་བྱས་དོན་ཅི་ཡིན་ནམ།
    བཙན་བྱོལ་སྤྱི་ཚོགས་ཀྱིས་གོ་རྟོགས་དང་བསམ་ཤེས་མེད་ནས་ཅི་བྱས་སོང་ངམ། བཙན་བྱོལ་སྤྱི་ཚོགས་འདིར་གོ་རྟོགས་དང་བསམ་ཤེས་མེད་པའི་སྤྱི་ཚོགས་ཤིག་ཡིན་ན་་་་འོ་ན་འཛམ་གླིང་ཐོག་ཏུ་གོ་རྟོགས་དང་བསམ་ཤེས་ཡོད་པའི་སྤྱི་ཚོགས་དེ་གང་ཡིན་ནམ།
    ཐུགས་རྗེ་གཟིགས།

    Reply
  5. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ༧གོང་ས་མཆོག་སངས་རྒྱས་དངོས་སུ་ཡིན་ཀྱང་མང་གཙོ་མི་དགོས་པར་ག་ལ་ཡོད། སྟོན་པ་བཀའ་དྲིན་ཅན་གྱིས་ཀྱང་མང་གཙོ་ལ་བརྟེན་ནས་ཆོས་འཁོར་སྐོར་བ་མ་ཡིན་ནམ། ཁོང་ཉིད་སངས་རྒྱས་ཡིན་པས་རྒྱུ་མཚན་གྱིས་མང་གཙོ་མི་དགོས་ན་གཟུགས་ནས་རྣམ་མཁྱེན་བར་དུ་ཆོས་ཐམས་ཅད་ཀྱི་ངོ་བོ་ཁོང་རང་གི་འདོད་པ་ནང་བཞིན་དུ་ཐག་བཅད་ནས་གསུངས་ན་མི་འགྲིག་པས་རྒྱུ་མཚན་ཅི་ཡོད་དམ།

    སངས་རྒྱས་ཁོང་གིས་ཡང་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱི་གྲུབ་པ་རེད་རེ་གསུངས་ཡོད་དང་སྐབས་རེ་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱི་མ་གྲུབ་རེད་རེ་ཡང་གསུངས་པ་འདི་མང་གཙོ་ལ་བརྟེན་ནས་གསུངས་པ་མིན་ན་ག་རེ་རེད་དམ།

    སངས་རྒྱས་ཁོང་གིས་ཤེས་བྱའི་ངོ་བོ་ཐག་བཅད་དུས་དམངས་ཀྱི་འདོད་པ་དང་བརྟེན་ནས་གསུངས་ཡོད་པ་མ་གཏོགས་རང་ཉིད་མཁས་མདོག་དང་ཡང་དག་པ་ཡིན་མདོག་བྱས་ནས་གསུངས་མེད་དོ།

    ༧གོང་ས་མཆོག་སངས་རྒྱས་ཡིན་ཀྱང་བོད་རྒྱ་ཆེན་མི་དམངས་ལ་བརྟེན་པ་ལས་རང་ཉིད་གཅིག་པོའི་ཐག་བཅད་ནས་འགྲིག་གི་ཡོད་ན་་་་སངས་རྒྱས་ཀྱིས་ཆོས་གསུངས་དུས་གདུལ་བྱའི་འདོད་པ་དང་བརྟེན་དགོས་མ་མཐོང་ངོ།

    Reply
  6. blackman says:
    ལོ་ 15 སྔོན།

    སྙན་ངག་པ་ལྷམ་ཀོག་གི་རྩོམ་ཡིག་འདི་ཁོངགི་སྙན་ངག་བཞིན་ཡག་པོ་ཞིག་རེད་མི་འདུག

    Reply
  7. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    མི་རྐྱང་སྨྱོན་པ་ལགས་ཞོགས་པ་བདེ་ལེགས།
    ངའི་ཡིག་ནོར་ཤོར་འགྲོ་བ་ཉུང་ཉུང་རྩ་བ་ནས་མིན།་་་་་སྐབས་རེ་མ་ཤེས་ནས་ཤོར་འགྲོ་བ་དང་སྐབས་རེ་ཤེས་ཀྱང་མཛུབ་ནོན་ནོར་ནས་ཤོར་འགྲོ་བ་བཅས་ནོར་འཁྲུལ་ཡོད་པར་བདེན་ནོ།
    ཁྱེད་ཀྱི་གསུངས་པ་ལྟར་ཅི་ཐུབ་གང་ཐུབ་བྱ་ངེས་ཡིན།་་་་བསླབ་བྱ་གནང་བ་ཐུགས་རྗེ་ཆེ།

    Reply
  8. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 15 སྔོན།

    ཐག་རིང་གི་རྩོམ་གྲོགས་ལྷམ་ཀོག་ལགས། ཁྱེད་ཀྱི་གསུངས་པ་ལ་སྙིང་ནས་མངོན་པར་བསྟོད་བཞིན་ཡོད། གོ་རྟོགས་དང་བསམ་ཤེས་མེད་པའི་སྤྱི་ཚོགས་ཁྲོད་ཀྱི་མང་གཙོ་ཟེར་བའི་འོས་འདེམས་ཆོ་ག་འདི་མུན་ནག་ནས་མུན་ནག་ལ་འཕྱན་སའི་གི་རྒྱ་སྒོ་ཞིག་རེད། བལྟས་བལྟས་རིག་རིག་ལམ་ཁ་གཅུས་ནས་འགྲོ་གིན་འདུག་ལ། ཁ་ཕྱོགས་ནོར་ནས་འགྲོ་གི་འདུག

    Reply
  9. འབྲོག་རུ་རྡོ་རྗེ། says:
    ལོ་ 15 སྔོན།

    མང་གཙོ་དགོས་ན་་་་འགན་ཁུར་དགོས།

    Reply
  10. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    སངས་རྒྱས་དངོས་ཤིག་གི་དབུ་ཁྲིད་ཅིང་། ལྷ་དང་བླ་མ། ཆོས་སྐྱོང་སྲུང་མ་མང་པོ་ཞིག་གིས་མགོན་སྐྱབས་གནང་བཞིན་པའི་མི་རིགས་ཤིག་ལ་མཚོན་ན་དམངས་གཙོ་ཞེས་པ་དེ་དགོས་དོན་མི་འདུག ང་ཚོའི་གྲོས་ཚོགས་ནས་ཀྱང་དགོངས་ཚུལ་འདི་འདྲ་ཞིག་ཐེངས་མང་པོར་གསལ་བོར་བཏོན་ཡོད་པ་རེད།

    ང་ཚོར་སངས་རྒྱས་ཀྱི་དབུ་ཁྲིད་ཡོད་ཀྱང་དམངས་གཙོ་དགོས་པར་འདུག་ཟེར་ན་དེའི་རྒྱུ་མཚན་ཤོད།

    Reply
  11. མི་རྐྱང་སྨྱོན་པ། says:
    ལོ་ 15 སྔོན།

    ནར་སོན་པའི་བསམ་བློ་ཞེས་པ་ནར་མ་སོན་པའི་བསམ་བློ་རུ་བཅོས་རོགས།

    Reply
  12. མི་རྐྱང་སྨྱོན་པ། says:
    ལོ་ 15 སྔོན།

    ཅོ་རི་ལགས། ད་དུང་མི་རྐྱང་བདག་གིས་སེམས་བསམ་པའི་གཏིང་ནས་རེ་སྐུལ་བྱེད་འདོད་པ་ཞིག་ལ་སྐུ་ཉིད་དུས་རྒྱུན་དྲ་ཞུགས་བྱེད་མཁན་ཞིག་ཡིན་པའི་རྐྱེན་གྱིས་ཟིན་བྲིས་དང་མཆན་བུ་ཅི་ཞིག་བྲིས་ཀྱང་ཡིག་ནོར་ལ་དོ་སྣང་རེ་སྤྲད་རྒྱུ་ནི་འུ་ཚོ་ཚང་མའི་འོས་འགན་དུ་གྱུར་ཡོད་ཕྱིར་དེ་ལུགས་ཐུགས་ལ་འཛིན་རོགས་ཞུ་འདོད་བྱུང་། བསམ་ཚུལ་མུ་མཐུད་དུ་གསུང་རོགས། གུས་བརྩི་ཡོད།

    Reply
  13. མི་རྐྱང་སྨྱོན་པ། says:
    ལོ་ 15 སྔོན།

    དྲ་གྲོགས་ཅོ་རི་ཉི་མ་ལགས། ཞོགས་པ་བདེ་ལེགས། སྐུ་ཉིད་ཀྱིས་གསུངས་པའི་སྐད་ཆ་དག་གསལ་བོ་ཞིག་ཤེས་ཐབས་དཀའ་ནའང་། སྒྲུང་དེ་ལ་ཡིད་ཚོད་ཙམ་གྱིས་གོ་བ་ཞིག་བླངས་དུས་རྒྱལ་པོ་དེ་ཕམ་རྐྱེན་མི་དམངས་ཤུགས་ཆེ་དྲགས་པས་རྒྱལ་པོ་ཕམ་སོང་བ་རེད་ཟེར་གྱིན་ཡོད་པ་འདྲ། དེ་འདྲ་ཡིན་ན་དེ་ནི་དཔྱོད་ཤེས་ཀྱི་ལམ་དུ་སོང་བ་ཞིག་ལ་ངོས་འཛིན་ཐུབ་དཀའ་ཚོད་རེད་ལ། དེ་འདྲ་ཞིག་ལ་ནར་སོན་པའི་བསམ་བློ་ཞེས་བོས་ན་འགྲིག་པར་འདོད། འུ་ཚོར་གྱོང་གུད་རབ་དང་རིམ་པ་ཐེབས་པའི་རྒྱུ་མཚན་ནི་འདི་ལྟར་རི་བོང་ཅལ་རྗེས་རྒྱུགས་དྲགས་པས་རེད་འདོད།

    Reply
  14. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    སྤུན་གྲོགས་འདྲེ་རིག་ལྡན་ལགས་སེམས་པ་སྐྱིད་པོ་མེད་དུས་རི་མཐོ་པོ་ཞིག་གི་སྟེང་དུ་ཁ་ཤར་ལ་འཁོར་ནས་ངུ་འབོད་རེ་གནང་དང་སེམས་པ་ལྷད་ལ་བབ་ཡོང།
    གལ་ཆེ་ཤོས་ང་རང་ཚོའི་ནང་ཁུལ་ཆུང་ཆུང་འདིར་བཟོད་པ་སྒམ་མ་ཐུབ་པར་ཕྲག་དོགས་དང་ཞེ་སྡང་བྱས་པས་རྐྱེན་གྱིས་བོད་མི་རིགས་འདི་སྡུག་ལ་སྦྱར་བ་ཡིན་པར་ཤེས་ན་དེ་ནས་བཟོད་པ་སྒམ་ས་ངོ་ཤེས་ཡོང་གི་རེད་སྙམ།

    མདོ་ན་ང་རང་ཚོས་རྩོད་དགོས་ཡིན་ནའང་གནད་ལུགས་ཡོད་པའི་གཞན་གྱི་སྐད་ཆ་ངོ་ལེན་བྱེད་ཐུབ་མཁན་དེར་་་་མཁས་དབང་ཞུ་དགོས་པ་དང་ཡག་རབ་ཞུ་དགོེས་པར་འདོད།

    Reply
  15. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    དྲ་གྲོགས་མི་རྐྱང་སྨྱོནཔ་ལགས།

    དབུ་མ་འཇུག་པ་ལྟ་སྐབས་སུ་དཔེ་སྒྲུང་འདི་འདྲ་ཞིག་ཡོད།

    བརྩི་པ་ཞིག་གིས་རྩིས་རྒྱག་ནས་ཉིན་བདུན་གྱི་རིང་དུ་འབབ་པའི་ཆར་པའི་ཆུ་ཁ་ལ་སོང་ན་མི་དེ་སྨྱོན་པ་ཆགས་འགྲོ་གསུངས་པ་དང་ཡུལ་གྱི་རྒྱལ་པོས་རང་ཉིད་ཀྱི་ཆུ་གནས་ཆེ་པོ་རྣམས་ཀྱི་ནང་དུ་ཆུ་བསག་བྱས་པ་དང་ཁ་ལེགས་པ་རྒྱག་ནས་ཆར་པའི་ཆུ་ནང་དུ་མི་འགྲོ་བྱས་པ་རེད།
    ཡུལ་མི་རྣམས་ཀྱིས་དེར་འདྲ་མ་ནུས་པའི་ཆར་པའི་ཆུ་ཁ་ལ་སོང་ནས་ཡུལ་མི་ཚང་མ་སྨྱོན་པ་ཆགས་པ་རེད།
    རྒྱལ་པོ་རང་ཉིད་ཀྱི་ཁ་ལ་ཆར་པའི་ཆུ་མ་སོང་བས་སྨྱོ་མེད་པ་དང་ཡུལ་མི་རྣམས་དང་བསམ་ཚུལ་དང་ལྟ་སྤྱོད་མི་མཐུན་པས་ཡུལ་མི་རྣམས་ཀྱིས་རྒྱལ་པོ་སྨྱོ་པ་ཆགས་འདུག་ཟེར་དུས་རྒྱལ་པོ་རང་ཉིད་ཀྱིས་ཀྱང་ཆར་པའི་དེར་འཐུང་དགོས་བྱུང་བ་བཞིན་དུ།
    ང་རང་ཚོས་ཀྱང་བོད་རྒྱ་ཆེན་མི་མང་འདི་སྨྱོ་པ་ཡིན་པའི་དབང་གཏོང་ཡང་བོད་རྒྱ་ཆེ་མི་དམངས་ཀྱི་འདོད་པ་དང་བརྟེན་ནས་སྤྱི་དོན་སྒྲུབ་དགོས་པ་ལས། འདི་ཚོ་ལ་ཤེས་ཡོན་མི་འདུག་ཟེར་བ་དང་འདི་ཚོ་ལ་ཕྱོགས་ཞེན་འདུག་ཟེར་ནས་མི་དམངས་ཀྱི་འདོད་པ་དང་མ་བརྟེན་ན་མི་འགྲིག་སྙམ།

    དཔེར་ན། ཆོས་ལུགས་ཐོག་ནས་བཤད་སྲོལ་འདི་འདྲ་ཞིག་ཡོད། དགེ་འདུན་བཞི་ལ་དགྲ་བཅོམ་གཅིག་ཤེས་ཡོན་དང་ནུས་པ་ཡོད་པ་དང་དགྲ་བཅོམ་བཞི་ལ་སངས་རྒྱས་ཀྱི་ཤེས་ཡོན་དང་ནུས་པ་ཡོད་པ་བཤད།

    འདིའི་ལུགས་སུ་ལྟར་ན་་་བོད་མི་དཀྱུལ་བ་བཞི་ལ་མི་དྲག་གཅིག་གི་ཤེས་ཡོན་དང་ནུས་པ་ཡོད་དགོས་མི་དྲག་བཞི་ལ་༧གོང་ས་མཆོག་གི་ཤེས་ཡོན་དང་ནུས་ཡོད་དགོས་་་དེ་འདྲ་ཡིན་དུས་བོད་སྤྱི་པའི་དོན་དུ་ཤེས་ཡོན་དང་ནུས་པ་ཡོད་པ་དེ་བོད་རྒྱ་ཆེ་མི་འཇོག་དགོས་པ་མིན་ནམ།

    བོད་རྒྱ་ཆེ་མི་དམངས་ལ་ཕྲུ་གུ་ཆུང་ཆུང་ནུས་མེད་ཞིག་རྩིས་ན་རྩ་བ་ནས་མི་འགྲིག་སྙམ།

    Reply
  16. བྱམས་རྒྱལ། says:
    ལོ་ 15 སྔོན།

    ལྷག་བསམ་འདི་གལ་ཆེ་ཤོས་ཤིག་རེད་འདུག་ འདི་ཡོད་ན་འགན་རང་བཞིན་གྱིས་འཁུར་མཁན་ཞིག་ཡོང་གི་རེད་། ལྷག་བསམ་གྱིས་འགན་འཁུར་ན་མང་ཚོ་དགའ་གི་རེད་།
    མང་ཚོ་གིས་ཡིད་ཆེས་ཀྱི་རེད། དེ་དུས་མི་མང་པོས་འོས་བླུག་ཡོང་ དེ་ནི་དཔོན་པོ་ཆགས་ཡོང་ ད་གཟོད་གཞི་ནས་རང་ཉིད་མང་པོས་བསྐུར་བའི་དཔོན་པོ་ཞིག་ཆགས་ཡོང་། མང་གཙོ་འདི་དཔོན་པོ་་སྐོ་བཞག་དང ལས་དོན་ཐག་གཅོད་བྱེད་ཐབས་གཙོ་བོ་རེད་འདུག་བསམ་ གཏིང་རིང་པོ་སྔོག་འགྲོ་ཡ་ཅང་མི་འདུག་།
    ཤེས་ཡོན་ནི་ང་ཚོ་འཐབ་རྩོད་བྱེད་མཁན་གྱི་མི་རིགས་ལ་ལག་ཆ་གཙོ་བོ་རེད་ དེ་མིན་མང་གཙོ་ལ་སློབ་སྦྱོང་བྱེད་དགོས་ཡ་ཅང་མ་མཐོང་།

    Reply
  17. འདྲེ་རིག་ལྡན། says:
    ལོ་ 15 སྔོན།

    དེ་རིང་དྲ་གྲོགས་ཅོ་རིའི་ཁམས་དྭངས་ནས་བསྡད་ཡོད་པ་འདྲ། བཟང་གི་ སྐུ་ཁམས་དྭངས་ན་ངོ་མ་དགའ་བ་ཡིན།

    Reply
  18. མི་རྐྱང་སྨྱོན་པ། says:
    ལོ་ 15 སྔོན།

    དྲ་གྲོགས་ཅོ་རི་ཉི་མ་ལགས།
    སྤྱིར་དམངས་གཙོ་ཟེར་བ་དང་མང་གཙོ་ཟེར་བའི་ཐ་སྙད་མི་འདྲ་བ་གཉིས་ཡོད་པ་དེས་ཀྱང་འུ་ཚོར་གཟབ་ནན་བྱེད་དགོས་པའི་དྲན་སྐུལ་བྱེད་ཀྱིན་པ་དང་འདྲ་མོད། གལ་སྲིད་དོན་དག་ཡོད་ཚད་མང་ཉུང་ཙམ་གྱིས་ཐག་གཅོད་བྱས་ཏེ་དགའ་ཀྲོག་ཀྲོག་ངང་དམངས་གཙོ་ཚད་ལྡན་ཞིག་ཡོད་པར་འདོད་ནས་དེ་ལག་ལེན་ལ་འདེབས་ཀྱིན་ཡོད་སྙམ་ན་དེ་ནི་ནོར་འཁྲུལ་ཞིག་མིན་པའི་ངེས་པའང་མ་མཆིས། གནས་ལུགས་མི་གཙོ་དུང་ཞེན་གཙོ་བ་དང་། ཤེས་འཇོན་མི་བསམ་ཐོབ་ཐང་གཙོ་བ། ལྷག་བསམ་མི་གཙོ་ཕྱོགས་ཞེན་གཙོ་བའི་འུ་ཚོའི་སྤྱི་ཚོགས་ན་ཚད་ལྡན་གྱི་དམངས་གཙོ་ཆགས་པའི་ཁོར་ཡུག་ཅིག་ད་དུང་ཧ་ཅང་རྒྱང་ཐག་མི་རིང་ངམ། ངས་ནི་ནམ་རྒྱུན་བསམ་གཞིག་གི་མདའ་རྩེ་གཏོད་ཡུལ་རང་ཉིད་ཀྱི་ཟ་དང་ཟུར་ཀུན་ལ་བྱས་དུས་དམངས་གཙོ་འདི་མི་བུ་རེ་རེ་ལ་དབང་བའི་ཐོབ་ཐང་ཞིག་གམ་འགན་འཁྲི་ཞིག་ལ་ངོས་འཛིན་མཁན་མཐོང་དཀོན་པར་གྱུར། དེ་ལས་ལྡོག་སྟེ་ཆོལ་ཁ་དང་ཆོས་ལུགས། ལ་དང་ལུང་བའི་ཕྱོགས་ཞེན་རྐྱང་ལ་རྨོངས་འདུག་མཁན་ཤ་སྟག་གོ། དེ་ལྟར་བསམ་དུས་དམངས་གཙོ་འདིའང་བསམ་བློ་ནར་མ་སོན་པའི་སྤྱི་ཚོགས་ཤིག་ལ་མཚོན་ན་སྨྱོན་པའི་ལག་གི་རལ་གྲིའི་དཔེ་ལས་གང་ཡང་མཐོང་མ་སོང་། དེའི་ཕྱིར་འུ་ཚོར་མཚོན་ན་སྐུ་ཞབས་ལྷམ་ཀོག་ལགས་ཀྱིས་གསུངས་པའི་གོ་རིམ་འདི་དང་ཇི་འདྲའི་བར་ཐག་རིང་ཨང་སྙམ་པའི་དོགས་པ་ཞིག་མི་སྐྱེ་རང་སྐྱེ་ལགས་སོ།།

    Reply
  19. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    དཔེར་ན་ལྷ་མོ་སྐྱབས་ངེད་གཉིས་རྩོད་པ་བྱས་སྐབས་སུ་ངའི་ཁྱི་འབོད་དང་ཕག་འབོད་མང་ཙམ་བྱས་ཡོད་ཀྱང་ཁོང་སྐྱེ་ཕོ་རབ་ཤིག་ཡིན་ན་ཁོག་ན་ཚིག་ངན་དེ་ཙམ་མི་ཤོང་པ་ག་ལ་སྲིད།
    འཇིག་རྟེན་གྱི་གཏམ་དཔེར།
    སྐྱེ་ཕོ་རབ་ཀྱི་ཁོག་ན་མདའ་ཤོང་དང་མདང་ཤོང་ཟེར་བ་འདི་ང་རང་ཚོའི་བོད་མི་ནང་ཁུལ་བེད་སྤྱོད་བྱེད་དགོས་པ་མིན་འགྲོ་སྙམ།

    ཁོག་ན་ཚིག་ངན་ཙམ་ཡང་མ་ཤོང་ན་་་ཕ་ས་དགྲ་ལག་ཤོར་བ་འདི་ཁོག་ན་ཅི་ལྟར་ཤོང་གི་ཡོད་དམ།
    ཕོ་མཐའ་མ་ངར་ངར་ནང་དུ་ངར།
    གཉེན་ཉེར་བའི་སྟེང་དུ་སྟག་ལས་ངར།
    སྐྱེ་ཕོ་རབ་ངར་ངར་དགྲ་ལ་ངར།
    གདོང་དགྲ་བོའི་སྟེང་དུ་ཐོག་ལས་བཙན།

    སྐྱེ་ཕོ་རབ་ཁོག་ན་མདའ་གྲི་ཤོང།
    གཉེན་ཉེར་བའི་ནང་དུ་དར་ལས་འཇམ།
    ཕོ་མཐའ་མའི་ཁོག་ན་ཚིག་མི་ཤོང་།
    ཚིག་སྐམ་པོའི་དོན་དུ་བསད་རེ་བྱེད།

    ཚིག་རྩི་པོ་རྩོད་པའི་མཛེས་རྒྱན་རེད།
    སེམས་བཟང་པོ་མི་རིགས་ལ་རྒྱ་རེད།
    བརྗེད་མི་ཉན་རྡོག་རྩ་གཅིག་སྒྲིལ་དགོས།
    ལྷག་མི་ཉན་སྐྱིད་སྡུག་མཉམ་མྱོང་དགོས།

    Reply
  20. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    བོད་ནང་གི་བོད་མི་རྣམས་ཀྱིས་བོད་སྤྱི་པའི་དོན་དག་གསུངས་དུས་སྨྱུག་མིང་འོག་ནས་མ་གསུངས་ན་རང་སྲོག་ཤོར་འགྲོ་བཞིན་པ་འདིར་ང་རང་ཚོས་མིག་མཐོང་ལག་ཟིན་རེད།
    བཙན་བྱོལ་སྤྱི་ཚོགས་ནང་དུ་སྨྱུག་མིང་འོག་ནས་སྤྱི་པའི་དོན་དག་གསུངས་མཁན་རྣམས་ཀྱི་བོད་སྤྱི་པའི་དོན་དུ་གསུངས་འདོད་ཡོད་ཀྱང་རང་ཉིད་སྤྱི་ཚོགས་ནང་དུ་རྨོངས་དད་ཅན་ཚོས་མི་སྡུག་པོ་བརྩི་ཡོང་བསམ་པས་མིན་འགྲོ་སྙམ།

    གང་ཡིན་ཞེ་ན་་ང་རང་ཚོའི་སྤྱི་དོན་འདི་དང་རྩ་བའི་བླ་མ་གཉིས་ལ་འབྲེལ་བ་ཆེ་ལ་ནང་ཆོས་དང་དེ་ལས་འབྲེལ་བ་ཆེ་བས་རྒྱུ་མཚན་གྱིས་སྤྱི་དོན་བཤད་དུས་ཆོས་ལུགས་ལ་ཕོད་འགྲོ་བསམ་དགོས་པ་དང་རྩ་བའི་བླ་མ་དང་འགལ་འདུག་ལབ་ཡོང་དྲན་པ་མིན་འགྲོ་སྙམ།

    རྒྱུ་མཚན་དེ་དག་གིས་སྨྱུག་མིང་འབད་སྤྱོད་མིན་འགྲོ་སྙམ། གཞན་བཙན་བྱོལ་སྤྱི་ཚོགས་ནང་དུ་སྨྱུག་མིང་སྤྱོད་དགོས་པ་མ་མཐོང་ངོ།
    གང་ཡིན་ཡང་བསམ་བློ་ཞིག་ཡོད་ནས་སྤྱི་དོན་གླེང་མཁན་ཚོ་ནི་མཐོ་མི་དྲག་ཕེབས་པ་དང་དམའ་སྤྲང་ལུས་ཕེབས་པར་ག་ཚོད་མང་ན་ང་རང་ཚོས་དགའ་བསུ་ཞུ་ན་ཡག་པོ་ཡོད་འགྲོ་སྙམ།

    འགན་ཁུར་མཁན་མེད་པ་དང་སྐད་ཆ་བཤད་མཁན་མེད་ན་བོད་མི་རིགས་ཀྱི་སྤྱི་དོན་འདིར་འགྲུབ་ཐུབ་ཐབས་རྩ་བ་མེད་དོ།

    Reply
  21. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཧཧཧཧཧཧ་དྲ་གྲོགས་འདྲེ་རིག་ལྡན་ལགས་ཁྱེད་ཀྱི་དོན་དག་རྡོག་རྡོག་དེར་ཡག་པོ་འདུག་ཀྱང་འདྲེ་རིག་ལྡན་ཞེས་པ་དེ་ཁྱེད་ཀྱི་དངོས་མིང་ཡིན་ནམ།
    དགོངས་འགལ་མེད་ཞུ།

    Reply
  22. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    དྲ་གྲོགས་འདེ་རིག་ལྡན་ལགས་་་་དོན་དག་རྡོག་རྡོག་དེར་དེ་བཞིན་ནོ་ཞུ་རྒྱུ་ཡིན།

    Reply
  23. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    གལ་ཆེ་ཤོས་ནི་མང་གཙོ་ཟེར་ནའང་འདྲ་༧གོང་ས་མཆོག་གི་བཀའ་སློབ་ཟེར་ནའང་འདྲ་རང་ཉིད་ཀྱིས་འགན་ཁུར་དགོས་པ་འདི་རེད།
    སྤྱི་ཚོགས་ཤིག་གི་ནང་དུ་འགན་མ་ཁུར་ན་མང་གཙོ་ཟེར་བ་འདི་ཡང་ཚིག་སྐམ་ཙམ་དང་༧གོང་ས་མཆོག་ལ་དད་པ་ཡོད་མདོག་བྱས་པ་འདི་ཡང་རྫུན་མ་རེད།

    བོད་མི་མི་ཉུང་བ་ཞིག་གིས་རང་ཉིད་༧གོང་ས་མཆོག་ལ་དད་པ་ཡོད་མདོག་བྱས་ཀྱི་ཡོད་ཀྱང་དོན་ངོ་མ་༧གོང་ས་མཆོག་གི་བཀའ་སློབ་སེམས་ལ་མ་འཇོག་པས་འགན་ཁུར་བྱེད་ཀྱི་མེད་པ་རེད།

    མང་གཙོ་དགོས་ན་་་་འགན་ཁུར་དགོས།
    ༧གོང་ས་མཆོག་ལ་དད་པ་ཡོད་ན་་་་འགན་ཁུར་དགོས།
    བོད་མི་རིགས་ཀྱི་ལ་རྒྱ་ཡོད་ན་་་་་་འགན་ཁུར་དགོས།
    རང་མི་ལ་ཤ་ཚ་ཡོད་ན་་་་་་་་འགན་ཁུར་དགོས།
    སྤྱི་ཚོགས་ནང་དུ་བདེ་འཇག་དགོས་ན་་་་འགན་ཁུར་དགོས།

    ཆེ་ན་ཆེ་ཚོད་དང་ཆུང་ན་ཆུང་ཚོད་ཀྱི་འགན་ཁུར་ཐུབ་ན་་བོད་རྒྱལ་ཐུབ།

    Reply
  24. འདྲེ་རིག་ལྡན། says:
    ལོ་ 15 སྔོན།

    ཅོ་རི་ཉི་མ་ལགས། ངས་སྐྱོན་བརྗོད་མི་ཆོག་ཟེར་བ་མིན། སྐྱོན་བརྗོད་བྱེད་དུས་སྨྱུག་མིང་གི་འོག་ཏུ་སྦས་མེད་ནས་འགན་མེད་པའི་སྐད་ཆ་བཤད་པ་དེ་ཚོར་ཟེར་བ་ཡིན། “སྔོན་མ་འཇར་མིན་ནིས་སྲིད་འཛིན་ཞིག་ལ་ཞིང་པ་རྨོ་རྨོ་ཞིག་གིས་འགྲམ་ལྕགས་ཤིག་རྒྱག་ནས་ཁྱེད་ཀྱི་རྒྱལ་ཁབ་ཀྱི་ལས་དོན་བྱས་ཕྱོགས་འགྲིག་མ་སོང་ཟེར་མྱོང་ཡོད་པ་དང་། ” ཟེར་བ་འདིའི་སྐབས་སུ་རྨོ་མོ་དེ་དངོས་སུ་གདོང་ལ་བུད་ནས་སྲིད་འཛིན་ལ་སྐྱོན་བརྗོད་བྱས་པ་རེད། ཐག་རིང་ནས་ལྐོག་མདའ་འཕེན་པ་མ་རེད། མོས་འགན་ཞིག་འཁུར་ནས་སྐད་ཆ་བཤད་པ་རེད། དཔེར་ཆ་བཞག་ན་་་་་་གལ་སྲིད་ཁྱེད་ངའི་མདུན་ལ་ཐོན་ནས་་་་ ངའི་བྱེད་སྟངས་ག་གེ་མོ་ཞིག་འགྲིག་མི་འདུག་ཚུལ་དང་། དེ་བཅོས་སྒྱུར་དགོས་ལུགས་ཀྱི་རྒྱུ་མཚན་ན་ངས་དེ་ལ་དང་ལེན་དང་བཅས་ཁྱོད་ལ་བཀའ་དྲིན་ཞུ་ངེས་རེད། དེ་འདྲ་མིན་པར་ལྐོག་ནས་ཁྱོད་སྡིག་ཅན་རེད་སྨྱོན་པ་རེད་ལྟ་བུ་ལབ་པ་ཡིན་ན་དེ་འགྲིག་བསྡད་ཡོད་མ་རེད། ངས་བཤད་པའི་དོན་སྙིང་རྡོག་རྡོག་དེ་དེ་འདྲ་ཞིག་ཡིན།

    Reply
  25. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    དྲ་གྲོགས་མི་རྐྱང་སྨྱོན་པ་ལགས།

    སྤྱིར་མང་གཙོ་ཟེར་བ་དང་འཇིག་རྟེན་ཀུན་རྫོགས་ཟེར་བ་འདི་ཚོ་འཛམ་གླིང་ཐོག་ཏུ་བེད་སྤྱོད་འདྲ་མིན་སྣ་ཚོགས་ཤིག་བྱས་ཀྱི་ཡོད་ནའང་རྩ་བའི་ཆ་ནས་བཤད་ན་འགྲོ་ལུགས་གཅིག་པ་རེད་འདུག་སྙམ།

    མང་གཙོ་ཟེར་བའི་ལམ་ལུགས་འདིས་བྱ་གང་ཞིག་ཡིན་མིན་ཐག་བཅད་སྐབས་སུ་མི་མང་བརྒྱ་ཆ་ལྔ་ཅུ་ཡར་རྒལ་བའི་ཐོག་གི་བསམ་ཚུལ་དེར་ཡིན་པ་ཐག་བཅད་པ་ཞིག་ལ་མང་གཙོ་ཟེར་བ་མིན་འགྲོ་སྙམ།

    དགེ་ཆོས་ཀྱིས།
    ཡོད་མེད་ཡིན་མིན་བདེན་རྫུན་ལ་སོགས་པའི།
    རྩོད་པའི་འུ་སྒྲ་སྒྲོག་པའི་འཇིག་རྟེན་འདིར།
    མི་མང་གང་ལ་དགའ་དེར་བདེན་པ་དང།
    ཁ་མང་གང་ལ་མཐུན་དེར་གྲུབ་མཐའ་སྣང།

    ཞེས་མཐའ་མའི་ཐག་བཅད་མཁན་མང་གཙོ་རེད་གསུངས་འདུག་པ་དང་མི་མང་བརྒྱ་ཆ་མང་ཤོས་ཀྱི་བསམ་ཕྱོགས་དེ་གཞི་རྩ་འཛིན་པ་དེར་མང་གཙོ་མིན་འགྲོ་སྙམ།

    དེ་ལྟར་མ་ཡིན་པར་མི་ཆེན་གཅིག་གིས་སྤྱི་པའི་བྱ་བ་ཐག་བཅད་པ་དེར་སྲིད་དབང་སྒེར་འཛིན་ཟེར་བ་མིན་འགྲོ་སྙམ།
    གང་དྲན་དྲན་བཤད་རུང་དང་མི་རུང་ཞེས་རྩོད་པ་རྒྱག་སྟངས་འདིར་བཤད་ཚུལ་འདི་འདྲ་ཞིག་ཡོད་སྙམ།
    རི་བོང་ཅན་ཆོས་ཅན། ཁྱེད་ལ་ཟླ་བ་ཞེས་བརྗོད་རུང་སྟེ། རྟོག་ཡུལ་ན་ཡོད་པས་ཕྱིར།

    Reply
  26. རྨེའུ་དཀོན་རྒྱམ། says:
    ལོ་ 15 སྔོན།

    དྲ་གྲོགས་རྣམ་པས་གྲོས་དཔྱོད་ཡངས་པོར་གནང་སྟངས་དེ་ཡང་མང་གཙོའི་རྣམ་འགྱུར་ཞིག་མཚོན་འདུག་པས་ན། དངོས་གནས་དགའ་དགོས་པ་ཞིག་རེད་མོད། ཡིན་ནའང་། ལྷམ་ཀོག་གིས་བཤད་པའི་མང་གཙོའི་ཚད་གཞི་དང་ཁ་ཕྱོགས་སོགས་ལ། ད་དུང་བོད་མི་རིགས་སྤྱི་ཡོངས་ཀྱི་མང་གཙོ་ལ་ངོས་འཛིན་དང་ལག་ལེན་གྱིས་འདང་གིན་མེད་པ་གསལ་སྟོན་བྱས་པ་རེད། དེ་བས་ཀྱང་། མང་གཙོའི་མདུན་ལམ་ལ་དཔྱད་གཞིགས་བགྱིད་བཞིན་པའི་བོད་མིའི་ཤེས་ལྡན་པ་ཚོའི་ལྟ་བ་དང་ལངས་ཕྱོགས། ནུས་པ་དང་ཕྱོགས་སྟོན་གྱི་བྱ་ཐབས་ཆེས་ཞན་པོའི་གནས་སུ་གྱུར་ཡོད་པ་གསལ་གསལ་ཐིང་ཐིང་གི་སྒོ་ནས་ཕྱོགས་བསྡོམས་བྱས་ཡོད་པ་ཞིག་རེད། དེའི་ཕྱིར་ན། བོད་མི་རིགས་སུ་གྱུར་པ་དག་གིས་རྗེས་ཕྱོགས་ཀྱི་མང་གཙོའི་ལམ་ལུགས་འཐུས་ཚང་ཇི་ལྟར་གཏོང་བ་དང་། ནུས་སྟོབས་ཅན་དུ་ཇི་ལྟར་བཟོ་མིན་ནི་ད་ལྟ་རང་ནས་བསམ་གཞིག་དང་ལག་ལེན་གྱི་ཁྲོད་ནས་གཙོ་བོ་ཡོང་ཐབས་སུ། ཤེས་རྟོགས་དང་ལག་ལེན་གྱིས་འབད་བསྒྲུབ་བྱ་དགོས་པ་ཁ་ཚ་དུས་གཏུགས་ཀྱི་འགན་འཁྲི་ཞིག་ཏུ་འཁུམས་སོ།།

    Reply
  27. མི་རྐྱང་སྨྱོན་པ། says:
    ལོ་ 15 སྔོན།

    དྲ་གྲོགས་ཅོ་རི་ཉི་མ་ལགས། ང་ཚོར་ཐོབ་འོས་པའི་མང་གཙོ་ནི་གང་དྲན་དྲན་སྨྲ་ཆོག་ཅིང་། ཅི་བསམ་བསམ་བསྒྲུབ་ཆོག་པའི་འགྲོ་སྟངས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡིན་ནམ། ཡང་ན་དཔྱོད་ཤེས་དང་ཤེས་ཡོན་ལ་བརྩི་མཐོང་བྱེད་པའི་གུས་བཀུར་རམ་འདྲ་མཉམ་དུ་ཡོད་པའི་ཐོབ་ཐང་ཞིག་ལ་ངོས་འཛིན་ནམ།

    Reply
  28. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    སྤྱི་ཚོགས་ཤིས་ལ་ཤེས་ཡོན་ཡོད་མེད་ཀྱི་ཐོག་ནས་བཤད་ན་ང་རང་ཚོའི་བཙན་བྱོལ་སྤྱི་ཚོགས་འདི་ནི་ཤེས་ཡོན་ལྡན་པའི་སྤྱི་ཚོགས་ཤིག་ཡིན།
    བཙན་བྱོལ་མི་མང་ནང་དུ་ཡིག་རྨོངས་མེད་པ་དང་འཛམ་གླིང་རྒྱལ་ཁབ་མང་པོའི་ལམ་ལུགས་ཤེས་རྒྱ་ཆེ་བའི་སྤྱི་ཚོགས་ཤིག་རེད་སྙམ།

    བཙན་བྱོལ་བོད་མིའི་ཤེས་ཡོན་གྱི་ཐོག་ནས་མང་གཙོ་འགན་ཁུར་ཐུབ་ཀྱི་མེད་ན།་་འོ་ན་སྤྱི་ཚོགས་ཤིག་གིས་མང་གཙོ་འགན་ཁུར་བ་ལ་ཤེས་ཡོན་ག་འདྲ་ཞིག་དགོས་སམ།

    Reply
  29. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    འདྲེ་རིག་ལྡན་ལགས། རེད་དེང་སང་དུས་བབ་དྲ་ཐོག་ཏུ་དངོས་ཤུགས་རྒྱུད་གསུམ་ནས་བཙན་བྱོལ་ནང་གི་མི་དྲག་སྐུ་དྲག་རྣམས་ལ་སྐྱོན་བརྗོད་བྱས་དུས་མང་གཙོ་ཟེར་བ་དང་སྨྲ་བརྗོད་ཀྱི་རང་དབང་ཟེར་བ་འགྲོ་བ་མིའི་ཐོབ་ཐང་ཟེར་བ་ལ་ཚད་འཛིན་བྱེད་དང་བྱེད་བཞིན་པ་རེད།

    ང་རང་ཚོའི་རྒྱ་ནག་མཉམ་དུ་བྱས་སྟངས་ལ་བསམ་བློ་གཏོང་དུས་ང་རང་ཚོའི་ངོས་ནས་རྒྱ་ནག་གི་སྲིད་ཧུང་ཅིང་ཐམ་ལ་ངོ་རྒོལ་དང་སྐད་འབོད་བྱས་དུས་སུ་ཁྱེད་ཤི་བ་ཤོག་ཟེར་བ་དང་ཁྱེད་ཀྱི་རྫུན་བཤད་ཀྱི་འདུག་ཟེར་བ་ལ་སོགས་བྱས་ཀྱིན་ཡོད་པར་མ་ཟད་མང་གཙོ་ཚད་ལྡན་གྱི་རྒྱལ་ཁབ་ནང་དུ་སྲིད་འཛིན་ཧུང་ཅིང་ཐམ་ཡི་ཐོག་ཏུ་ལྷམ་ཀོག་འཕེན་བ་ལ་སོགས་བྱས་ཀྱིན་ཡོད་རེད།

    སྔོན་མ་འཇར་མིན་ནིས་སྲིད་འཛིན་ཞིག་ལ་ཞིང་པ་རྨོ་རྨོ་ཞིག་གིས་འགྲམ་ལྕགས་ཤིག་རྒྱག་ནས་ཁྱེད་ཀྱི་རྒྱལ་ཁབ་ཀྱི་ལས་དོན་བྱས་ཕྱོགས་འགྲིག་མ་སོང་ཟེར་མྱོང་ཡོད་པ་དང་།

    ཧྥེ་རན་སི་ཡི་རྒྱལ་ས་ནང་དུ་སུད་སི་བུད་མེད་ཞིག་གིས་ཡེ་ཤེས་བླ་ཆེན་གྱི་བྲང་ཁར་བཟུང་ནས་ས་ལ་བརྡེགས་མྱོང་ཡོད་པར་འདི་ཚོ་ལ་བསམ་ཚེ་ང་རང་ཚོའི་དུས་བབ་དྲ་ཐོག་ཏུ་སྨྱུག་མིང་འོག་ནས་སྐྱོན་བརྗོད་བྱས་པ་ནི་ཆུང་ཆུང་རེད་སྙམ།

    འོ་ན་ང་རང་ཚོའི་སྤྱི་ཚོགས་ནང་དུ་བོད་མི་ཉམ་ཆུང་ཚོས་མི་དྲག་སྐུ་དྲག་རྣམས་ལ་སྐྱོན་བརྗོད་བྱེད་ན་འགྲིག་གི་མེད་ན་རྒྱ་ནག་གི་སྲིད་འཛིན་ལ་ཡང་སྐྱོན་བརྗོད་བྱས་རྣམས་ཁྲིམས་འགལ་ཞིག་ལ་བརྩི་དགོས་སམ།་་་སྨྲ་བརྗོད་ཀྱི་རང་དབང་ཞིག་ལ་བརྩི་དགོས་སམ།
    ཧཧཧཧཧཧཧཧཧཧ

    Reply
  30. སྣང་རྒྱལ་ཤེར་དགེ says:
    ལོ་ 15 སྔོན།

    ཤེས་ཡོན་ལྡན་ཞིང་ཕྱོགས་ཡོངས་ཀྱི་འགན་ཁུར་ལེན་ཐུབ་པའི་སྤྱི་ཚོགས་ཤིག་ལ་མཚོན་ན་དམངས་གཙོ་ནི་ཁྱིམ་ཚང་གི་ཕ རྒན་དང་འདྲ་ནའང་། བླུན་རྨོངས་དང་ཕྱོགས་འཐེན་གྱིས་བཟི་བའི་སྤྱི་ཚོགས་ཤིག་ལ་མཚོན་ན་འཆལ་བོ་ཙམ་མ་ཟད་སྲོག་གཅོད་ཀྱི་བཤན་པ་དང་ཡང་འདྲ།

    Reply
  31. འདྲེ་རིག་ལྡན། says:
    ལོ་ 15 སྔོན།

    ཅོ་རི་ཉི་མ་ལགས་ལ་སྐུ་རྩེད་དང་བཅས་ཞུ་འདོད་པ་ཞིག་ལ། ཆུ་ཡི་ཉ་མོ་ལག་ལེན་ཆུ་ལ་ཟབ། གང་གི་མྱོང་བ་དེ་ལ་རྒྱུས་སུ་ཆེ། ཟེར་བ་འདི་ནི། དོན་དངོས་ཀྱི་ལག་ལེན་དམར་ཁྲིད་དུ་བྱས་པའི་མྱོང་བ་ཡོད་མཁན་ཞིག་གི་སྣང་ངོར་བལྟས་ནས་བརྗོད་པ་ལས། ང་ཚོར་དཔེ་དེ་འགེབས་ས་ཨེ་འགྲོ་སྙམ།
    རྒྱ་གར་ནི་རྒྱལ་སྤྱིའི་ཐོག་གི་མང་གཙོའི་རྒྱལ་ཁབ་ཆེ་ཤོས་དེ་རེད་ཟེར་བ་ནི་མི་འབོར་གྱི་ཆ་ནས་བཤད་པ་ཡིན་གྱི། མང་གཙོའི་ལག་ལེན་གྱི་ཐོག་ནས་མ་རེད། ང་ཚོར་ཡང་མང་གཙོའི་བཅའ་ཁྲིམས་ཙམ་ཡོད་པ་དང་། སྤྱི་འཐུས་མགོ་མེད་མཇུག་མེད་རེ་ཟུང་འོས་འདེམས་བྱེད་ཀྱིན་པ་ཙམ་ལས། དོན་དམ་པའི་མང་གཙོའི་བསམ་སྤྱོད་དེ་དང་ད་དུང་ཆེས་ཆེར་ཐག་རིང་བ་རེད། དེ་བས། རང་རློམ་ཆེན་པོ་མི་བྱེད་པར། རང་གིས་རང་ཉིད་ལ་མཛུབ་མོ་བཙུགས་ནས་དག་ཐེར་རེ་བྱོས་དང་། མང་གཙོ་ཟེར་བའི་རྩ་བའི་གཞུང་ལུགས་དེའི་དོན་སྤྱི་ཙམ་ཡིད་ལ་འཁོར་རྒྱུ་འདུག་གམ། ཡོད་ན་རང་གི་ཉིན་རེའི་འཚོ་བའི་ཁྲོད་ནས་ཚུལ་མཐུན་གྱི་ལམ་ནས་དེའི་ཐོབ་ཐང་ལ་ལོངས་སུ་སྤྱོད་ཞོར་དུ་འོས་འགན་དེ་ཕྲག་ཏུ་ལེན་གྱིན་འདུག་གམ
    དྲ་ཐོག་འདི་གཅིག་པུ་ནས་བཤད་ན་ཡང་། མིང་རྫུན་མ་ཞིག་གི་འོག་ཏུ་སྦས་ནས་སྤྱི་ཚོགས་ཐོག་གི་ཤེས་ལྡན་པ་ནག་པོ་བཟོ་ཐབས་ལ་འབད་མཁན་ག་ཚོད་འདུག འདི་དག་ཐམས་ཅད་ཅིའི་ཕྱིར་ཡོང་བ་རེད། མང་གཙོ་ཡིན་པས་རེད་དམ།

    Reply
  32. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    དྲ་གྲོགས་རྣམ་པ་ཚོ་ཕེབས་ཤོག་མཆན་བུ་འདེབས་མཁན་ཕེབས་ཤོག་་་སྐྱིད་སྡུག་གླེང་མཁན་ཕེབས་ཤོག
    དགེ་ཆོས་མཆོག་གིས།
    མི་མཐུན་རིགས་དྲུག་འགྲོ་བའི་རྒྱལ་ཁམས་འདིར།
    བཅུ་ཡི་འདོད་པར་བརྒྱ་ཡི་མི་འདོད་ཞིང་།
    མི་ཡི་མཐོང་བ་ལྷ་ཡི་མི་མཐོང་བས།
    བདེན་རྫུན་ཚད་མའི་ཁྲིམས་ཐག་སུ་ཡི་ཆོད།་་་ཞེས་གསུངས་པར་ལྟར་འདི་བདེན་དང་འདི་རྫུན་ཞེས་ཐག་ཆོད་པ་དཀའ་ནའང་དགག་སྒྲུབ་ཆར་བ་འབབ་འབབ་གནང་མཁན་ཕེབས་རོགས།

    ཁྱེད་རྣམ་པ་ལ་དགག་པ་རྒྱག་ས་དགོས་ན་ང་ཉམ་ཆུང་ཅོ་རི་འདིར་ཡོད་དོ།

    Reply
  33. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    དགྲ་དམར་པོའི་མེ་མདའི་འོག་གི་སྤུན་གྲོགས་ལྷམ་ཀོག་ལགས་ཀྱིས་མང་གཙོ་སྐོར་རུ་མང་པོ་ཞིག་གསུངས་འདུག་ཀྱང་ང་ཚོང་མང་གཙོ་ཚད་ལྡན་གྱི་རྒྱལ་ཁབ་ནང་དུ་མི་ཚེ་སྐྱེལ་མཁན་རྣམས་ཀྱི་གོ་ཁག་ཙམ་འདུག

    དཔེར་ན།་ལྷམ་ཀོག་གིས།

    གལ་ཏེ་དེ་ལྟར་ཡིན་པའི་དབང་དུ་བཏང་ན་འཇིགས་སྐུལ་བ་དང་རྐུ་མ་ཆོམ་པོ་དག་གི་བཅའ་ཚུལ་ལས་ཚུལ་དེ་ཡང་ཁྲིམས་མཐུན་མིན་པའི་ངེས་པ་མེད་ཅིང་། སྨད་འཚོང་མ་དང་སྨད་འཚོང་མཁན། ནང་རུལ་བ་དང་ངོ་ལོག་པ་དག་ཀྱང་ཁྲིམས་དང་མི་མཐུན་པ་ཞིག་ཏུ་འགྱུར་ཚོད་མེད། ཞེས་སྨད་འཚོང་མའི་ལས་ཀ་དེར་ཁྲིམས་མཐུན་མི་ཚུལ་བཤད་འདུག་ཀྱང་འདི་ནི་ཨ་མ་མ་གཏོགས་མཐོང་མ་མྱོང་བ་རང་ཡུལ་མ་གཏོགས་འགྲོ་མ་མྱོང་བའི་སྐྱོན་དུ་གནང་།
    མང་གཙོ་ཚད་ལྡན་གྱི་རྒྱལ་ཁབ་ནང་དུ་སྨད་འཚོང་མའི་ལས་ཀ་འདིར་ཁྲིམས་མཐུན་ཡིན་པར་མ་ཟད་ལས་ཀ་འདི་འཇར་མིན་ནིས་ཀྱི་རྒྱལ་ཁབ་ཀྱི་གཞུང་གི་ལས་དོན་སློབ་སྦྱོང་ཞིག་གི་ཁུངས་སུ་འཇོག་ཡོད་པ་རེད།

    མ་ཟད་ངོ་ལོག་པ་ཞེས་བྲིས་འདུག་པ་འདི་རྒྱ་ནག་དམར་གཞུང་གི་རྩ་ཚིག་གིས་བསྟན་པའི་ངོ་ལོག་པ་ཞེས་པར་དེ་ཡིན་ན་འདིར་ཡང་མང་གཙོ་ཚད་ལྡན་ཡོད་པའི་རྒྱལ་ཁབ་ཁག་གི་ཁྲིམས་མཐུན་རྩིས་པ་ལས་ཁྲིམས་འགལ་བརྩི་གྱི་མེད།

    སྤུན་གྲོགས་ལྷམ་ཀོག་ལགས་དགེ་ཆོས་ཀྱིས་འདི་འདྲ་ཞིག་གསུངས་ཡོད།
    ཆུ་ཡི་ཉ་མོ་ལག་ལེན་ཆུ་ལ་ཟབ། གང་གི་མྱོང་བ་དེ་ལ་རྒྱུས་སུ་ཆེ།
    ཞེས་གསུངས་པ་ལྟར་མང་གཙོ་ཚོད་ལྡན་གྱི་རྒྱལ་ཁབ་ནང་དུ་མི་ཚེ་སྐྱེལ་མཁན་རྣམས་ཀྱི་མང་གཙོ་ཉམས་མྱོང་ཡག་པ་དང་ཟབ་པ་མེད་འགྲོ་སྙམ།
    ཐུགས་རྗེ་གཟིགས།

    Reply
  34. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    ལུང་རིགས་རྒྱལ་གྱི་སྐད་ཆེ་བཞེངས་འདུག དེ་བདེན་པའི་ནང་གི་བདེན་པ་ཞིག་རེད། དྲ་གྲོགས་ལྷམ་ཀོག་གིས་ས་ཐག་རིང་ནས་དུས་རྒྱུན་སེམས་ཚོར་བསྐུར་བ་ཡག་པོ་འདུག དགའ་བསུ་ཞུ།

    Reply
  35. karma dorje says:
    ལོ་ 15 སྔོན།

    དམངས་གཙོ་འམ་མང་གཙོ་ནི། ལས་འགན་དང་ཐོབ་ཐང་གཉིས་ཀར་སྤྱོད་ཤེས་མཁན་ཅིག་དགོས།

    Reply
  36. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    ཕ་རོལ་བོ་དེས་ག་རེ་བཤད་གིན་ཡོད་པ་གོ་ནས་དེ་མ་འགྲིག་པ་དང་མ་འཐུས་ཚུལ་གྱི་སྐྱོན་བརྗོད་བྱས་ན་ཉན་ཆོག་གི་རེད། ཡིན་ཡང་། ཕ་རོལ་བོས་ཅི་ཞིག་བཤད་གིན་ཡོད་པ་མ་གོ་བར་སྐྱོན་བརྗོད་བྱེད་མཁན་དེ་ཚོར་ག་རེ་ལབ་དགོས་པ་རེད།

    Reply
  37. གནམ་ལྕགས། says:
    ལོ་ 15 སྔོན།

    ལྷམ་ཀོག་ནི་མེ་མདའི་རྩེ་གྲིའི་ཁ་ན་རྐང་རྗེན་དུ་འགྲོ་བཞིན་པའི་རང་རེའི་གཞིས་བཞུགས་རྩོམ་པ་པོ་དམིགས་དཔེར་འོས་པ་ཞིག་ཡིན། ཁོང་གི་སྙིང་སྟོབས་དང་ཤེས་ཡོན་གྱི་ཆུ་ཚད། དེ་བས་ཀྱང་ལོ་ངོ་འདི་དག་རིང་ལ་བྲིས་པའི་འཇིགས་པ་མེད་པའི་རྩོམ་ཡིག་དག་ནི་སུས་ཀྱང་བསྒྲུན་དུ་མེད་པ་ཞིག་ཡིན། དེ་རིང་གི་རྩོམ་ཡིག་འདིས་ཀྱང་མང་གཙོ་མང་གཙོ་ཟེར་བཞིན་མང་གཙོའི་ཁྲིམས་དང་སྒྲིག་གཞི་མི་ཤེས་པའི་ཁྱོད་དང་ང་ལྟ་བུ་ལ་སློབ་ཁྲིད་ཐེངས་གཅིག་བྱས་འདུག་ཞུ་རྒྱུ་ཡིན།

    ཨོ་བརྗེད་སོང་བ་ཞིག་ལ། རྩོམ་ཡིག་འདི་བཀོད་པ་ལ་བརྟེན་ནས་དྲ་བདག་ལ་སྡིགས་པ་ནི་ཤིན་ཏུ་ནས་མ་རུང་ངོ་ཞུ་རྒྱུ་ཡིན། དེ་ལས་ལྡོག་སྟེ་ངས་དྲ་བདག་ལ་རྩོམ་ཡིག་འདི་བཀོད་པར་ཐུགས་རྗེ་ཆེ་ཞུའོ།།

    Reply
  38. གནམ་ལྕགས། says:
    ལོ་ 15 སྔོན།

    བོད་མིའི་ལས་དབང་ཟེར་བ་དང་བྲ་རྡོར་ཟེར་བ་གཉིས་ལགས།

    ཁྱེད་གཉིས་ཀྱིས་བྲིས་པའི་ཡིག་ཕྲེང་གཉིས་པོར་བལྟས་ན་གོང་གི་རྩོམ་ཡིག་འདིའི་ནང་དོན་མི་གོ་བ་ཁག་མི་འདུག རྗེས་མར་རང་གིས་མ་གོ་ན་མི་ལ་སྐྱོན་བརྗོད་མ་བྱེད། རང་རེའི་རྩོམ་པ་པོ་རྣམས་ཀྱིས་དུས་རྒྱུན་སྐད་ཤོར་སའི་ནད་ཚ་སྡུག་ཤོས་དེ་འདི་རེད། དེ་ལྟ་མ་རེད་བསམ་ན། རང་ཉིད་ཀྱིས་བྲིས་པ་དག་དང་བསྡུར་ན་ལས་སླ་བོར་ཤེས་ཐུབ། འདི་ཤ་ཚ་བའི་གཏམ་ཡིན།

    Reply
  39. བྲ་རྡོར says:
    ལོ་ 15 སྔོན།

    ལྷམ་མགོ་ལགས།གོ་རྒྱུ་ཞིག་མེད་པ་འདྲ་གང་ལྟར་ངས་གོ་མ་སོང་།དོན་གང་ཟེར་རྒྱུ་ཡོད་དམ།

    Reply
  40. བོད་མིའི་ལས་དབང༌། says:
    ལོ་ 15 སྔོན།

    གོ་རྟོགས་དང་གོ་རྒྱུ་རྩ་བ་ནས་མེད་པའི་རྩོམ་ཡིག་འདི་ལྟར་བོད་ཀྱི་དུས་བབ་ཀྱི་དྲ་རྒྱའི་ནང་ཇི་ལྟར་འགོད་ཀྱི་ཡོད་དམ།་་དངོས་ཆུབ་ཚ་བ་ལ།་ལུང་རིག་ལ་ཤེས་ཚད་ཨུ་ཙམ་ཡོད་བསམ་སོང་ཐེ་འདི་འགོད་ཡོང་དུས་གང་ཡང་མེད་པ་འདྲ།་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese