མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རིག་གནས་ཤིག་གི་རིན་ཐང་དང་མི་རབས་ཤིག་གི་འོས་འགན། སྤོབས་པ་མཐའ་ཡས།

བོད་ཀྱི་དུས་བབ།
༢༠༡༠/༠༦/༡༧
Share on FacebookShare on TwitterShare on EmailShare on Whatsapp

 

རིག་གནས་ཤིག་གི་རིན་ཐང་དང་མི་རབས་ཤིག་གི་འོས་འགན།
སྤོབས་པ་མཐའ་ཡས།

༼རྩོམ་སྒྲིག་པའི་བདམས་བཀོད་རྩོམ་ཡིག༽

རང་གཞན་ཚོས་བོད་པའི་རིག་གནས་འདི་རིན་ཐང་ཅན་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་པ་དེ་ཡང་ནང་པ་སངས་རྒྱས་པའི་ཆོས་ཀྱི་སྲོག་སྙིང་ལྡན་པའི་བོད་ཀྱི་རིག་གནས་འདི་ལ་གཏན་ཚིགས་དང་རྒྱུ་མཚན་ཡང་དག་གི་རྒྱབ་རྟེན་ཡོད་པའི་འཚེ་མེད་ཞི་བའི་རིག་གཞུང་ཚང་ལ་མ་ནོར་བ་ཞིག་ཡིན་པ་ཁོ་ནས་རང་གཞན་གྱིས་རྩིས་སུ་བྱེད་པ་ལོས་ཡིན། ང་ཚོས་རྩིས་སུ་བྱེད་པ་དེ་ཙམ་གྱི་རིན་ཐང་ཡོད་མེད་གང་ལྟར་ཡང་ང་ཚོ་དང་ང་ཚོའི་གྲོགས་པོ་ཚོས་དེ་ལྟར་ངོས་འཛིན་བྱེད་བཞིན་ཡོད་པ་རེད། ཉེ་རབས་ཀྱི་མཁས་པ་དགེ་འདུན་ཆོས་འཕེལ་གྱིས་ཀྱང་ནང་པའི་ཆོས་དང་དེང་རབས་ཀྱི་ས་ཡེན་སི་གཉིས་ཀྱིས་ཇི་སྲིད་བར་དུ་གོམ་པ་མཉམ་དུ་སྤོ་ཐུབ་ཚུལ་གསུངས་པའི་གནད་ཀྱང་འདི་ཡིན་ངེས་རེད། དེ་མིན་རང་རེའི་ལྷ་མཆོད་ཀླུ་གསོལ་དང་མོ་འདེབས་རྩིས་རྒྱག་སོགས་ཀྱང་མི་རིགས་ཤིག་གི་རིག་གནས་ཡིན་མོད་དེ་དང་དེ་འདྲ་བའི་རིག་གནས་ནི་གནའ་བོའི་གཞི་རྩའི་སྲོལ་རྒྱུན་ཡིད་ཆེས་ཙམ་ལས་ཚན་རིག་དང་མཉམ་དུ་གོམ་པ་སྤོ་ཐུབ་པ་ཞིག་ཅང་མ་རེད།

གནའ་ནས་དེང་གི་བར་དུ་ཆོས་དད་ཡིད་ཆེས་ཟེར་བ་འདི་ལས་མི་དང་མིའི་བར་ཀྱི་རྩོད་རྙོག་དང་དཀའ་ངལ་མང་པོ་ཞིག་བཟོས་ཡོད་སྟབས་མི་མང་པོ་ཞིག་ལ་ཆོས་ལུགས་ཟེར་དུས་རང་བཞིན་གྱིས་སུན་སྣང་ཞིག་སྐྱེས་ཡོང་གིན་ཡོད་པ་རེད། རང་རེ་བོད་མིས་ཀྱང་ཆོས་ཟེར་བ་འདི་ལ་རྒྱུ་མཚན་ཡོད་མེད་ཀྱི་ཞེན་ཆགས་ཆེ་དྲགས་ནས་སྲིད་འབྱོར་རིག་གསུམ་ལ་གནོད་སྐྱོན་བཏང་བར་ཚོད་ཅིག་མེད། ང་ཚོས་ཆོས་ལུགས་ལ་མཁྲེགས་འཛིན་མ་བྱས་པ་ཞིག་མིན། ཆོས་དད་ཡིད་ཆེས་འདིའི་ཐད་ནས་བོད་མི་ཟེར་བ་འདིས་གུ་དོག་པའི་མཐར་ཐུག་པའི་ལོ་རྒྱུས་ཤིག་བརྒྱུད་འདུག ཡིན་ན་ཡང་། རང་རེས་ཆོས་ལུགས་ལ་མཁྲེགས་འཛིན་བྱས་ནས་ནུས་པ་མ་ཐོན་པ་ཞིག་རེད། ད་ནི་ནུས་པ་མ་ཐོན་པའི་ཉམས་མྱོང་དེ་གཞི་ལ་བཞག སྤྱི་ཚོགས་ཀྱི་འགྱུར་འགྲོས་མཐོང་བ་བྱས་ཏེ་གུ་ཡངས་དང་། བསྟུན་མཁས། ཀུན་ཕན་བཅས་ཀྱི་ལམ་ཁ་ཞིག་འཚོལ་དགོས་འདུག སྤྱིར་ངས་ཆོས་མི་ཤེས་པའི་ཐོག་ལ་འདིར་གཏམ་གླེང་དཀྱུས་མའི་ཁྲོད་དུ་ཆོས་བཤད་ལུང་འདྲེན་མང་པོ་བྱས་ན་དེ་ཙམ་འོས་མིན་མི་ཤེས། ལར་ནས་བོད་མི་ས་ཡ་དྲུག་གི་སྒོ་གསུམ་གྱི་བྱ་བ་མཐའ་དག་ཐེག་པ་ཆེན་པོའི་ལྟ་གྲུབ་ཀྱི་སྒྲོམ་གཞིའི་ནང་དུ་འཇུག་ཐུབ་མིན་གང་ལྟར་ཡང་ང་ཚོའི་སེམས་ཁམས་གྲུབ་ཚུལ་འདི་འདྲ་ཞིག་ཡིན་པས་སྤྱི་ཚོགས་ཧྲིལ་པོའི་ཉིན་རེ་ཉིན་རེའི་བྱ་སྤྱོད་ལ་ལ་ཡང་ཆོས་ལུགས་འདིས་ཤུགས་རྐྱེན་ཐེབས་བཞིན་ཡོད་སྟབས་ཅུང་ཟད་ཙམ་རེ་མི་གླེང་ཐབས་མེད་རེད། རྒྱ་དམར་གཞུང་གིས་ཀྱང་བོད་མིའི་སེམས་ཁམས་དབང་དུ་བསྒྱུར་དགོས་ན་ཆོས་ལུགས་དང་འབྲེལ་དགོས་པ་ཤེས་ནས་མི་དམངས་འཐུས་མི་ཚོགས་ཆེན་ཀྱི་ནང་ན་ཡང་བླ་རྒན་ཁ་ཤས་རེ་མེད་དུས་ཤིག་ཕལ་ཆེར་མི་འདུག རྒྱུ་མཚན་དེ་ལ་བརྟེན་ནས་ད་ཐེངས་ཡང་འཛམ་གླིང་གི་སྟོན་པ་སངས་རྒྱས་ཀྱི་རྗེས་འཇུག་པ་དུང་ཕྱུར་གསུམ་ལྷག་གི་ནང་ནས་ང་ཚོ་སྔོན་ལ་ཐོན་ནས་ནུབ་ཕྱོགས་པའི་ཚོང་ལས་ཁག་ལ་ངོ་རྒོལ་གྱི་འཆར་གཞི་བཏིང་བ་རེད། ང་ཚོའི་བླ་མ་ཚོས་ནང་པའི་ཆོས་འདི་རྒྱུ་མཚན་གཞི་ལ་བཞག་པའི་རིག་པའི་གཞུང་ལུགས་ཤིག་ཡིན་པ་ལས་དད་མོས་ཁོ་ན་གཞིར་བཞག་གི་ཆོས་ལུགས་མིན་ཚུལ་ཐེངས་བརྒྱ་སྟོང་མང་པོར་གསུང་བཞིན་ཡོད། དེ་དང་མཚུངས་པར་སློབ་གྲྭ་ཁག་ལ་རིགས་ལམ་རྩོད་སྟངས་ཁྲིད་པ་སོགས་ནང་པའི་ལྟ་གྲུབ་ངོ་སྤྲོད་སོགས་འདིའི་ཕྱོགས་ལ་འབད་བརྩོན་ཡང་ཆེན་པོ་བྱེད་བཞིན་འདུག དེར་བརྟེན་སྟོན་པ་སངས་རྒྱས་ལ་རྒྱབ་སྐྱོར་བྱེད་འདོད་པ་དག་གིས་ཀྱང་ཁོང་གི་རྒྱུ་མཚན་ཅན་གྱི་ཆོས་འདིའི་གཞི་རྩའི་གོ་བ་ཞིག་གཞི་ལ་བཞག་ནས་སྤྱི་ཚོགས་ལ་བསྒྲགས་གཏམ་སྤེལ་རྒྱུ་དེ་གལ་ཆེན་རེད་སྙམ། ང་ཚོའི་ཆོས་ལུགས་འདི་རིག་པ་ཡང་དག་དང་གཏན་ཚིགས་ཟབ་མོ་ལྟེ་བར་འཛིན་པའི་གཞུང་ལུགས་ཤིག་ཡིན་ན་དེ་དང་མཚུངས་པའི་ལག་ལེན་ཞིག་མེད་ན་ཕང་པོ་རེད།

ང་ཚོས་གཟབ་དགོས་ས་ཞིག་ཡོད། ཧོར་གཙང་འཇིགས་མེད་ལགས་ཀྱིས་གསུངས་པའི་ཞེ་སྡང་དང་མ་འདྲེས་པའི་ངོ་རྒོལ་ཟེར་བ་དེ་སྙན་པོ་ཞིག་འདུག་མོད། དེ་ཡང་རྣམ་དཔྱོད་དང་བཟོད་སྲན་ཅན་ཞིག་ལ་འོས་པ་མ་གཏོགས་མི་དཀྱུས་མ་ཞིག་གིས་ཁུངས་འཁྱོལ་ཁག་ཙམ་ཡིན། ཆོས་ལུགས་ཀྱི་རྩོད་རྙོག་ཟེར་བ་འདི་མགོ་སློང་མི་རུང་། འདི་མགོ་བསླངས་ཚར་ནས་བཟུང་སྟེ་མཇུག་བསྡུ་མི་ཐུབ་པའི་ཚབས་ཆེན་ཞིག་རེད། དཔེར་ན། བྷིན་ལ་ཌན་སོགས་ཀྱིས་ཀྱང་ཐོག་མ་ནས་གསོད་དགོས་་་་་གཏུབ་དགོས་་་་་་རྒྱག་དགོས་་་་་་་གཏོར་དགོས་ཞེས་བཤད་མེད་ན་ཡང་ངའི་སྟོན་པ་དང་ངའི་ཆོས་ལུགས་ཟེར་རྒྱུ་མང་དྲགས་སོང་ནས་མཐའ་མ་འཇིགས་སྐུལ་བ། དྲག་སྤྱོད་པ། གཏོར་བཤིག་པ་ཟེར་བའི་མིང་འདི་ཁུར་ནས་འབྲོ་ས་གབ་ས་མི་རྙེད་པ་ཞིག་བྱུང་བ་འདི་རེད།

ལྷག་པར་ཡང་ང་ཚོ་ཆེ་ཆུང་ཚང་མས་ནང་པའི་ཆོས་འདི་དགེ་སློང་སྲིན་བུ་མི་གསོད་མཁན་དག་གིས་དར་བར་བྱས་པའི་ཞི་བདེའི་རིག་གཞུང་ཞིག་ཡིན་པའི་ངོམ་སོ་བྱེད་བཞིན་ཡོད་པ་རེད། འདི་ལ་ཁ་ཆེ་བ་དང་རྗེའུ་ཟེར་བའི་མི་ཤུགས་རྒྱུ་ཤུགས་ཅན་འདི་ཚོའི་ལད་མོ་བྱས་ནས་ཡར་ལ་རྭ་ཤད་དང་མར་ལ་འཕྲ་ཤད་སོགས་བྱ་རྒྱུ་བྱེད་རྒྱུ་མང་དྲགས་ན་ཕན་ནུས་མི་ཐོན་པའི་སྟེང་དུ་སྟོན་པ་སངས་རྒྱས་ནས་རང་རེའི་འདྲེན་མཆོག་བཀའ་དྲིན་མཚུངས་པ་མེད་པའི་བར་གྱི་རྩ་བ་དང་བརྒྱུད་པར་བཅས་པ་ཚང་མའི་མགོ་ལ་དབུ་ཞྭ་ནག་པོ་རེ་མི་གཡོགས་པའི་ངེས་པ་གཏན་ནས་མེད། འཛམ་གླིང་འདི་ན་སྟོན་པ་སངས་རྒྱས་ཀྱི་རྗེས་འཇུག་དུང་ཕྱུར་གསུམ་ཡིན་ནམ་ཞིག་ཡོད་པའི་ཁྲོད་ནས་ང་ཚོས་སྣེ་ཁྲིད་དེ་ནུབ་ཕྱོགས་པའི་བཟོ་ལས་ཁང་ལ་ངོ་རྒོལ་གྱི་མགོ་བཙུགས་པ་དེ་ལ་དགོས་ནུས་དེ་ཙམ་མི་འདུག་སྙམ། སྤྱི་ཚོགས་ཤིག་གི་ཁ་རྗེ་རླུང་རྟ་མར་རྒུད་བཞིན་པའི་ཉིན་མོར་དགྲ་གཉེན་གཙོ་ཕལ་གྱི་དབྱེ་བ་ངོས་ཟིན་པར་བྱས་ཏེ་ཉམས་ཆུང་ཚུལ་ལྡན་གྱི་འགྲོ་ལུགས་སྡོད་ལུགས་ཤིག་ཤེས་དགོས་པ་ཡང་གལ་ཆེན་དོན་ཆེན་མ་རེད་དམ། ལྷག་པར་ཡང་མཐོང་རྒྱ་ཐོས་རྒྱ་ཅན་ཚོས་རང་རེའི་སྤྱི་ཚོགས་འདི་གུ་ཡངས་དང་། དཔྱོད་ཤེས། རང་ཚུགས་ཐུབ་པའི་ལམ་དུ་ཁྲིད་པའི་འབད་བརྩོན་བྱེད་རོགས།

སྤོབས་པ་མཐའ་ཡས་ཀྱི་ཟིན་བྲིས་ལས་བཤུ་འགོད་བྱས།

འབྲེལ་ཡོད་གསར་འགྱུར།

State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

ཆུ་ཚོད་ ༡༣ སྔོན་ལ།
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

ཆུ་ཚོད་ ༡༤ སྔོན་ལ།
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦

མཆན། 7

  1. འབའ་ཐང་གི་བུ། says:
    ལོ་ 16 སྔོན།

    སྤོབས་པ་མཐའ་ཡས་མིང་ཅན་གྱིས་སངས་རྒྱས་ལ་བརྙེས་བཅོས་སུས་བྱེད། ཅེས་འགོ་བརྗོད་འོག་ཇུར་རྟ་སོགས་ཀྱི་སྟེང་དུ་སྟོན་མཆོག་སངས་རྒྱས་དང་ྋགོང་ས་མཆོག་གི་འདྲ་སྐུ་དཔར་བཀོད་བྱས་པར་ནོངས་མེད་པ་མ་ཟད། ད་དུང་ངོ་རྒོལ་བྱེད་མཁན་རྣམས་རྨོངས་དད་དང་རྗེས་ལུས་ཅན་ཡིན་མདོག་བཤད་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

    ངོ་རྒོལ་འདི་ནི་དྲག་རྒོལ་དང༌། སྡང་རྒོལ། འཇིགས་རྒོལ་སོགས་གང་ཡང་མིན། འདི་ནི་ད་ནས་བཟུང་ཁྱེད་དང་ཁྱེད་ཀྱི་འཁོར་དང་བཅས་པ་མཆོག་གསུམ་ལ་ཤེས་ནས་དད་པ་འཐོབ་ཐབས་ལ་འབད་དགོས་པའི་ཞེན་བསྐུལ་གྱི་རྒོལ་གཏམ་ཙམ་ཡིན།

    བཀུར་འོས་ཧོར་གཙང་གིས་བཤད་པ་མནོ་བསམ་མང་ཙམ་གཏང་དགོས་པ་དང༌། མདོ་ལས་ང་ནི་ཡི་གེའི་གཟུགས་སུ་བྱོན། ཞེས་གསུངས་པ་ལྟར་སྙིགས་མ་ལྔ་བདོའི་དུས་སུ་དེ་བཞིན་གཤེགས་པ་རྣམས་ཡི་གེའི་གཟུགས་སུ་བྱོན་ནས་སེམས་ཅན་འགྲོ་དོན་མཛད་པར་ལུང་བསྟན་པ་བཞིན་ཡི་གེ་ན་གཅིག་ཡན་ཆད་སངས་རྒྱས་མངོན་གྱི་འདུ་ཤེས་བཞག་དགོས་པ་ལས། འཕགས་པ་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་ཡིག་དྲུག་ལ་ཁྱད་གསོད་ཀྱིས་མ་འོས་པའི་ཧམ་འགོར་བཀོད་ཕབ་བྱས་པ་གཏན་ནས་མི་རུང་བ་ཤེས་དགོས་སྙམ།

    རྗེ་བཙུན་བྱམས་མགོན་གྱི་མངོན་པར་རྟོགས་པའི་རྒྱན་ལས། ཆོས་ཀྱི་དོན་གྱི་སྲོག་གཏོང་བ། ཞེས་གསུངས་པ་ལྟར་བསྟན་པ་འཇིག་པ་དང་དམ་ཆོས་ལ་གནོད་པའི་དགྲ་བྱུང་ཚེ་རང་གི་གཅེས་པའི་སྲོག་ཚུན་ཆད་བློས་གཏོང་བྱེད་དགོས་པ་བཏོན་ཡོད། དེ་བཞིན་གཤེགས་པ་དང་ནང་བསྟན་ཆོས་ལུགས་དབུ་ཁྲིད་ྋགོང་ས་མཆོག བླ་མ་དང་ངོ་བོ་དབྱེར་མེད་པའི་ཡི་དམ་སོགས་ཀྱི་འདྲ་སྐུ་ཧམ་ཀོག་སྟེང་དུ་དཔར་ཕབ་བྱས་པ་འདི་བསྟན་པ་འཇིག་པའི་དགྲ་མ་ཡིན་ན་ཅི་ཡིན།

    ཕྱི་ལོ་ ༡༩༥༩ ལོར་རྒྱ་དམར་གྱིས་དགོན་སྡེ་གཏོར་བཤིགས་བྱེད་སྐབས་སེ་འབྲས་དགའ་གསུམ་གྱི་དགེ་འདུན་པ་རྣམས་ཀྱིས་བསྟན་པ་འཇིག་པར་མི་བཟོད་པར་ལུས་ལ་ནང་བཟའ་གྱོན་ཡོད་ཀྱང༌། ལག་ཏུ་གྲི་མེ་མདའ་ཁྱེར་ནས་དམག་ནང་ཞུགས་ཡོད་པ་ཁྱེད་ཀྱིས་ཤེས་ཡོད་ཤག་ཡིན།

    ཁྱེད་ཀྱི་རྩོམ་ཡིག་ནང་ལུང་འདྲེན་བྱེད་པ་དེ་དག་ཀུན་སློང་མ་དག་པའི་ཐོག་ནས་གཞན་ལ་ཁྲོ་བ་དང༌། སྡང་བ་སོགས་བྱེད་མི་རིགས་པ་བསྟན་པ་ཙམ་ལས་སངས་རྒྱས་ཀྱི་དཔར་རིས་གང་བྱུང་དུ་བཀོད་ཕབ་བྱས་ན་འགྲིག་པ་བསྟན་པའི་ལུང་གཅིག་ཀྱང་མི་འདུག རང་ལས་གཞན་གཙིགས་སུ་འཛིན་དགོས་པའི་ནང་བསྟན་ཆོས་ལུགས་ཀྱི་རྗེས་འཇུག་པ་ཞིག་ཡིན་ཕྱིན་ཆད་བཟང་ངན་གྱི་ལས་གང་ཞིག་བརྩམ་ཡང་རྣམ་པ་ཐམས་ཅད་དུ་ཀུན་སློང་རྣམ་དག་ཅིག་དགོས་པ་ངས་ཀྱང་འདོད་ཀྱི་ཡོད།

    དེར་བརྟེན་ཁོང་ཁྲོ་དང་སྡང་སེམས་གྱི་གཞན་དབང་དུ་མ་སོང་བར་མཐའ་གཅིག་ཏུ་བསྟན་འགྲོའི་དོན་འབའ་བསམ་བློ་གཏོང་ནས་ངོ་རྒོལ་བྱེད་པ་འདི་དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་གཉིས་ཐད་ནས་འགལ་བ་གང་ཡང་མེད་ལ། འདི་ལྟར་བསམ་བློ་གཏོང་མཁན་ཡང་ས་མཐོན་པོར་གནས་པའི་གང་ཟག་ཅིག་ཀྱང་གཏན་ནས་ཡིན་དགོས། ཁྱེད་ཀྱིས་ཀྱང་དེ་ལྟར་ཀུན་སློང་བཅོས་ནས་ངོ་རྒོལ་བྱ་ཆོག་པ་ཡིན།

    Reply
  2. བློ་གྲོས་རྒྱལ་པོ། says:
    ལོ་ 16 སྔོན།

    དྲ་གྲོགས་རིགས་ཅིག་འཇུ་དགོས་པའི་གཞུང་ཤིང་དོར་དེ་ཡལ་ག་དང་ལོ་མ་ལ་ལག་སྙོབ་བྱེད་པའི་ཚོར་སྣང་བྱུང་། ཧོར་འཇིགས་གིས་གསུངས་བཞིན་པ་ནི་རང་རེའི་ཆོས་ལུགས་གོམ་གཤིས་ལ་གཅེས་སྲུང་དང་གུས་གཙི། གཞན་ལའང་དེ་ལུགས་གསེད་བཀྲོལ་ལམ་ནས་ཞུས་ནས་གོ་བརྡ་སྤྲོད་ཐབས་གནང་དགོས་གསུངས་བཞིན་པ་ལས། གོ་མཐོང་རིག་གསུམ་གྱིས་རྨོངས་ཤིང་དད་པའི་རྗེས་སུ་འགྲོ་དགོས་པ་ལྟ་བུ་དང་། ཆོས་ལུགས་ཀྱི་རྩོད་རྙོག་གི་མགོ་སློང་དགོས་པ་ལྟ་བུའི་གནས་ལུགས་ཤིག་གསུངས་མི་འདུག་སྙམ། བགྲོ་གླེང་མུ་མཐུད་གནང་རོགས།

    Reply
  3. མན་ཐང༌། says:
    ལོ་ 16 སྔོན།

    སྤོབས་པ་མཐའ་ཡས་ལགས། ཆོས་ལུགས་ལ་བརྟེན་ནས་རྙོག་ཟིང་སློང་མི་འོས་པ་བདེན་དུ་ཆུག་ཀྱང༌། གུས་སྲོལ་གོམས་གཤིས་རང་བཞིན་གྱི་མི་བུ་ཚོའི་སེམས་ཁམས་འདུ་ཤེས་རིག་གནས་ལ་བརྩི་འཇོག་ངེས་པར་བྱེད་དགོས། དེ་མིན་གཏོར་མ་ཁྱིས་ཟོས་ཀྱང་འཛུམ་དམུལ་དམུལ་ཟེར་པའི་དཔེ་ལས་མ་འདས་སྟབས། ཧོར་འཇིགས་ཀྱིས་བཤད་པ་དེ་གནད་ལ་འཁེལ་འདུག

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    ངོ་རྒོལ་བྱེད་མི་དགོས་པར་གཙོ་བཟུང་བྱས་དགོས། དེ་མ་བྱུང་ཚེ་རང་གཞན་གཉིས་ཕན་གྱིས་ཀུན་སློང་དང་བཟོད་སེམས་ཚད་ལྡན་གྱིས་སྒོ་ནས་བྱ་དགོས་སོ། །

    Reply
  5. བསྟན་འཛིན་ཤེས་རབ། says:
    ལོ་ 16 སྔོན།

    ངས་ཀྱང་རྒྱབ་སྐྱོར་བྱེད་རྒྱུ་ཡིན། རང་མི་ཐོན་ས་ཞིག་ནས་གཞན་མགོ་འདྲེན་རྒྱུ་བཞག་ན་དགའ་གི་རེད།

    Reply
  6. རྐང་གསུམ། says:
    ལོ་ 16 སྔོན།

    སྤྱིར་མིའི་རིགས་ཀྱི་འཚོ་གནས་ཁ་འཐོར་གྱི་བདག་དབང་ཚུར་བསྡུ་རུབ་བྱེད་དགོས་ན་དང་བོ། རྩ་འཛིན་གྱི་རྒྱུ་ཞིག་དགོས་པ་མ་ཟད་རྒྱུ་དེའི་བྱེད་ལས་དང་དེའི་མཐར་ཐུག་གི་ཕན་དགེ་གཉིས་ལ་དང་བོ་ངེས་པར་དུ་ལྟ་དགོས་པ་ནི་འཚོ་གནས་ཁ་འཐོར་དེའི་མ་རྩའི་གནད་དོན་གལ་ཆེན་ཞིག་རེད། དེའི་ཕྱིར་ང་ཚོ་བོད་མི་རིགས་ཀྱི་འདས་པའི་ལོ་རྒྱུས་ལ་ལྟ་ཞིབ་དང་ད་ལྟའི་གནས་བབ་ལ་སྐྱ་ཐིག་ཅིག་འཐེན་ཁུར་བྱས་ན། ང་ཚོའི་མི་རིགས་འདི་གོ་མཐོང་རིག་གསུམ་གྱིས་རྨོངས་ཤིང་དད་པའི་རྗེས་སུ་འགྲོ་བ་ལ་ཕན་དགེ་ཅི་ཞིག་ཐོན་ཡོད་མེད་གསལ་བོ་མཁྱེན་ཐུབ།

    Reply
  7. བྱམས་རྒྱལ། says:
    ལོ་ 16 སྔོན།

    ཆོས་ལུགས་ཀྱི་རྩོད་རྙོག་ཟེར་བ་འདི་མགོ་སློང་མི་རུང་། འདི་མགོ་བསླངས་ཚར་ནས་བཟུང་སྟེ་མཇུག་བསྡུ་མི་ཐུབ་པའི་ཚབས་ཆེན་ཞིག་རེད། ཞེས་པའི་གསུངས་འདི་ཡང་བདེན་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese