བོད་ཀྱི་དུས་བབ་དྲ་ངོས་ན་གཡག་ཞ་ར་སྐོར་ཞིག་གིས་རྩྭ་ཟ་བཞིན་ཡོད་པ་གོ་ཐོས་བྱུང་། དེ་ལ་བློ་ཕམ་དང་བཅས་འདིར་འུར་རྡོ་འགའ་མི་འཕེན་ཀ་མེད་བྱུང་། སུ་ལ་ཕོག་ན་ཐུགས་དགོངས་མི་འཚོམ་པར་ཞུ།
དྲ་མཁན་ཚོ། ཁྱོད་ཚོའི་མིག་ལ་སྐྱོན་ཞིག་ཡོད་ཐག་ཆོད་རེད། ཕྱོགས་གཅིག་ལ་མ་གཏོགས་ལྟ་ཤེས་གི་མི་འདུག རྩོམ་ཡིག་ཡིན་ན་ཡང་འདྲ། མཆན་ཡིན་ན་ཡང་འདྲ། མིག་ཡ་གཅིག་བཀབ་ནས་འབྲི་གི་འདུག བཤད་ཚད་དང་བྲིས་ཚད་དཀྱོག་དཀྱོག་འདྲ་བོ་ཞིག་ཆགས་འགྲོ་གི་འདུག
དཔེར་ན། ད་ལོ་མ་སུ་རི་སློབ་གྲྭའི་འཛིན་རིམ་དྲུག་པའི་ནང་གི་བུད་མེད་དེའི་འཁྲིག་སྤྱོད་ཀྱི་གནད་དོན་གླེང་སྟངས་ལྟ་བུ་རེད།
ཁྱོད་ཚོས་བུད་མེད་དེ་ད་དུང་ཡང་བྱིས་པ་ཞིག་གི་ངོ་བོར་བཀབ་སྟེ་བཙན་བྱོལ་བོད་གཞུང་དང་མ་སུ་རི་སློབ་གྲྭ་བཅས་རང་རེའི་སྒྲིག་འཛུགས་གལ་ཆེན་པོ་འདི་དག་ལ་ནག་ཉེས་འགེལ་ཇི་ཐབས་བྱེད་ཀྱིན་ཡོད་པ་རེད།
རང་གཞུང་ཉམ་ཆུང་འདིའི་འོག་ན་ད་སྐབས་བསམ་སྤྱོད་ལོག་ལམ་དུ་འཕྱན་པའི་གཞོན་སྐྱེས་དང་མང་ཚོགས་ཤིག་གཅིག་རྒྱབ་གཅིག་ལངས་བྱེད་ཀྱིན་པའི་རྣམ་པ་ཞིག་མཐོང་གི་འདུག
རང་རེའི་དབུ་ཁྲིད་དམ་པ་དེ་མེད་དུས་ཤིག་ལ་ཁྱེད་ཅག་གིས་གནས་ལུགས་དང་ལམ་ལུགས་ལ་མི་ལྟ་མི་དཔྱོད་པར། རྡོ་དང་རྒྱུགས་པ་བཟུང་ནས་ཡོང་སྟེ། གངས་ཅན་སྐྱིད་གཤོངས་འདི་ལེབ་ལེབ་མི་བཟོ་བའི་གདེང་ཚོད་དེ་རིམ་བཞིན་ཡལ་མགོ་བརྩམས། གནས་ལུགས་ལ་མིག་ཤེས་ཧ་ཅང་ཕྲ་བའི་སྐབས་དེར་རྒྱ་ནག་གཞུང་གིས་ཀྱང་ཇི་འདྲའི་གླེང་ཕྱོགས་ཤིག་བཟོ་རྒྱུ་ཡིན་པ་བཤད་དཀའ་བར་འདུག
སྤྱིར་ཡིན་ན་བྱིས་པ་དང་གཞོན་སྐྱེས་བཅུ་གྲངས་ཤིག་གི་འགྲོ་འདུག་གནས་མལ་ཐག་གཅོད་རྒྱུ་ནི་ལས་སླ་མོ་རེད་དེ། བཙན་བྱོལ་སྤྱི་ཚོགས་ཀྱི་སློབ་གྲྭ་ཁག་ནང་འབྱུང་བཞིན་པའི་འཁྲིག་སྤྱོད་ཀྱི་གནད་དོན་འདི་ཅུང་ཛ་དྲག་རེད། དཔེར་ན། ད་ལོ་འཛིན་རིམ་དྲུག་པའི་ནང་དུ་ལོ་ ༡༨ ཡིན་པའི་བུད་མེད་ཡོད་པ་ལྟ་བུ་རེད། དོན་དག་འདི་ལྟ་བུ་རེ་ཟུང་མ་རེད། སུ་ཇཱ་སོགས་བོད་ཁྱིམ་སློབ་གྲྭའི་འོག་ན་ཡང་མང་པོ་ཡོད་པ་རེད། འཛིན་རིམ་དམའ་ཡང་ལོ་ཚོད་མཐོ་བའི་རིགས་འདི་ནི་ལྷག་པར་དུ་བོད་ནས་ཡོང་བའི་ནང་དུ་ཡོད།
ཁོང་ཚོའི་གནས་བབ་ཀྱི་ཆ་ནས་ཆབ་སྲིད་ཀྱི་ཚོར་ཤུགས་རྐྱེན་པོ་ཡོད་པ་རེད། སྔོན་ཆད་བཙན་བྱོལ་ནང་གི་ཆབ་སྲིད་པ་ཚོས་གཞིས་ལུས་མི་དམངས་ཀྱི་སེམས་ལ་རྨ་ཁ་བཟོ་གི་རེད་ཅེས་པའི་དར་ཆ་འདི་ཕྱར་ནས་ལས་དོན་མང་པོ་བརྩམས་པ་ཇི་བཞིན་དུ། ད་ནི་བོད་ནས་འབྱོར་མཁན་ཚོས་དར་ཆ་འདི་ཕྱར་མགོ་བརྩམས་འདུག ཁ་ཉིན་གཞོན་བྱིས་དེ་ཚོ་ཕྱིར་འབུད་བྱས་མ་ཐག་མང་པོ་ཞིག་གིས་གནས་ཚུལ་འདི་གོ་ན་གཞིས་ལུས་མི་དམངས་ཀྱི་སེམས་ལ་ཕོག་རྒྱུ་ཡིན་པ་དང་། བོད་གཞུང་གིས་བྱིས་པ་འདི་དག་རྒྱ་ནག་གི་ལག་ལ་རྩིས་སྤྲོད་བྱས་པ་ཡིན་ཚུལ་སོགས་བཤད་པ་རེད། སྐད་ཆ་འདིའི་རིགས་ནི་གླེང་ཕྱོགས་བཟོ་བྱེད་ལ་ཤིན་ཏུ་འཚམ་པོ་ཡོད་སྟབས། ཐེངས་འདིར་ཡང་ཁེ་བཟང་དེ་སྤྱད་ནས་བོད་གཞུང་ལ་འཇིགས་སྐུལ་བྱེད་ཀྱིན་ཡོད་པ་རེད།
གནད་དོན་གཞན་ཞིག་ནི། སྤྱིར་རྒྱལ་སྤྱིའི་ཁྲིམས་ལུགས་ལྟར་ན་བཙན་བྱོལ་དུ་ཡོང་བའི་མི་རྣམས་བཙན་གནོན་བྱེད་མཁན་དེ་ལ་བཙན་ཚུགས་ཀྱིས་ཕྱིར་རྩིས་སྤྲོད་བྱེད་པའི་ལུགས་སྲོལ་མེད་ལ། དེ་ནི་བྱིས་པ་ཙམ་དུ་མ་ཟད། མི་རྒན་ཚོར་ཡང་དེ་འདྲའི་བྱ་བ་ལག་བསྟར་བྱེད་ཆོག་གི་མ་རེད།
ཡང་གཅིག་བཤད་ན། རྒྱལ་སྤྱིའི་ཁྲིམས་དང་འགྲོ་བ་མིའི་ཐོབ་ཐང་གི་རྩ་དོན་ལྟར་ན། བྱིས་པ་ལ་རྒྱལ་མཚམས་ཡོད་པ་མ་རེད། ཁོང་ཚོ་གང་དུ་འགྲོ་ན་རང་དབང་རེད། དེར་བརྟེན་བོད་རིགས་བྱིས་པ་ཚོ་ཕྱིར་རང་གི་ཕ་མའི་འགྲམ་དུ་ལོག་བཅུག་པ་འདི་རྒྱལ་སྤྱིའི་ཁྲིམས་ཐོག་ནས་འགྲིག་བསྡད་ཡོད་པ་རེད།
གལ་སྲིད་ཐེངས་འདིར་བོད་གཞུང་གིས་བྱིས་པ་དེ་ཚོ་ཕྱིར་རང་རང་གི་ཕ་མའི་འགྲམ་དང་སོ་སོའི་ཕ་ཡུལ་ལ་ལམ་འཇུག་བྱས་པ་དེ་རྒྱ་ནག་གི་ལག་ཏུ་རྩིས་སྤྲོད་བྱས་པར་ངོས་འཛིན་བྱེད་རྒྱུ་ཡིན་ཚེ། བོད་གཞུང་གིས་བོད་རིགས་ཚོ་རྒྱ་ནག་གི་ལག་ལ་རྩིས་སྤྲོད་བྱས་པར་གྲངས་ཀ་མེད། བོད་གཞུང་གིས་བོད་ནས་ཡོང་བའི་གཞོན་སྐྱེས་ཚང་མ་ཕྱིར་རྒྱ་ནག་ལ་རྩིས་སྤྲོད་བྱས་ཡོད། དཔེར་ན། གསོག་སྒར་སློབ་གྲྭའི་སློབ་མ་དང་འཛིན་གྲྭ་ཁུངས་མ་འཁྱོལ་མཁན་བོད་ཁྱིམ་གྱི་བྱིས་པ་ཚང་མ་ཕྱིར་བོད་དུ་ལོག་དགོས་པའི་སྲིད་བྱུས་བཟུང་ཡོད་པ་མ་ཟད། ད་བར་དུ་བོད་གཞུང་གིས་བྱིས་པ་དེ་དག་ལ་སོ་སོའི་ཕ་ཡུལ་བར་དུ་འདང་ངེས་པའི་ལམ་གྲོན་ཡང་སྤྲོད་ཀྱི་ཡོད། འདི་དག་ཀྱང་བཤད་ཕྱོགས་བརྗེ་ན་རྒྱ་ནག་ལ་རྩིས་སྤྲོད་བྱས་པ་ཡིན་པས་ཁྱབ་དགོས་པ་རེད།
དེར་བརྟེན། ངས་དེ་རིང་གང་གླེང་བ་ནི་མ་གཞི་ནས་འཁྲིག་སྤྱོད་བསྟེན་མཁན་འཛིན་རིམ་དྲུག་པའི་བུ་མོ་དེ་བྱིས་པ་ཞིག་རེད་དམ། བུད་མེད་ཅིག་རེད།
བཙན་བྱོལ་བོད་གཞུང་གིས་བྱིས་པ་དེ་དག་རྒྱ་ནག་ལ་རྩིས་སྤྲོད་བྱས་པ་རེད་དམ་ཕྱིར་ཕ་ཡུལ་ལ་ལམ་འཇུག་བྱས་པ་རེད།
གལ་སྲིད་རྒྱ་ནག་གི་ལག་ཏུ་རྩིས་སྤྲོད་བྱས་པ་བདེན་ན་བོད་གཞུང་གིས་བོད་ནས་ཡོང་མཁན་གཞོན་སྐྱེས་ཚང་མ་ཕྱིར་རྒྱ་ནག་ལ་རྩིས་སྤྲོད་བྱེད་པའི་སྲིད་བྱུས་བཟུང་ཡོད་པར་ངོས་ལེན་བྱེད་དམ།
འདི་དག་ནི་སྐབས་ཐོག་གི་བསམ་ཚུལ་བརྗེ་རེས་ཙམ་ཡིན་པས་རྒྱུ་མཚན་དང་གནས་ལུགས་བགྲང་མཁན་ཚོས་དགོངས་ཚུལ་རེ་འདོན་པའི་རེ་བ་ཡོད།
གཡག་ཞ་ར་དེ་དག་ལ་རེ་བ་བྱེད་གི་མེད།
སེམས་པ་གཅིག་ཏུ་བསྡུ་མི་བཏུབ་བཀག་རྒྱ་ནི།
བརྩེ་དུང་གི་ངར་ཤིགས་རེད།
རེད་རེད་ད་མང་པོ་ཞིག་གིས་དེང་སང་འདིའི་སྟེང་ལ་སྒྲོག་གླེང་ཤུགས་ཆེན་བྱེད་ཀྱི་ཡོད་པ་རེད་ཁྱེད་ཀྱིས་འདིའི་བསྐོར་ཡང་ཅིག་བྲིས་འདུག་པ་དགའ་ཡོད་ མ་གཞི་ནས་འདིའིབསྐོར་ཡང་བསམ་ཚུལ་ཁག་གཉིས་ལྟ་བུ་ཞིག་ཆགས་འདུག་སྙམ་གང་ཡིན་ཟེར་ན་ཁྱེད་ཀྱིས་དུས་བབ་མདུན་ངོགས་ལ་ལྟོས་ན་ཤེས་ཀྱི་རེད་གང་ལྟར་ཡུལ་མི་མང་པོ་ཞིག་གིས་ཧ་ཅང་ཐལ་དྲགས་འདུག་ཅེས་བྲིས་འདུག ང་ལ་མཚོན་ན་ཧ་ཅང་ཐལ་དྲགས་པའི་བསམ་ཚུལ་ཞིག་གཏན་ནས་དྲན་མ་སོང་གང་ཡིན་ཞེ་ན་བཙན་བྱོལ་བོད་མིའི་སློབ་གྲྭ་ཡང་དག་པ་ཞིག་དང་ སྒྲིག་ཚུལ་ཡག་པོ་ཞིག་བྱུང་ན་མི་ངན་ཁོ་ཚོའི་རིགས་ཏེ་རྩ་མེད་བཟོ་ན་འབྱུང་འགྱུར་སློབ་གྲྭ་འདིའི་ནང་མི་དེ་འདྲ་མི་ཡོང་ཕན་གྱི་རེད་ལ་མ་ཟད་སློབ་གྲྭ་གཞན་ཁག་ཡང་ཕན་གྱི་རེད་སྙམ་གྱིན་ཡོད་ ཡང་ཁག་ཅིག་གིས་འགྲིག་འདུག་ཅེས་བྲིས་འདུག་པ་འདི་ལ་མཐའ་གཅིག་དུ་སྒྱབ་སྐྱོར་ཡོད་དོ་རྒྱུ་མཚན་གོང་དུ་ཞུས་པ་བཞིན་རེད།།
༡ རེད་སྤྱིར་ན་གྲ་པ་དང་ཨ་ནེའི་རིགས་མ་གཏོགས་འཁྲིད་སྤྱོད་ལ་བཀའ་རྒྱ་ཡོད་པ་མ་རེད་ལ། དེ་ནི་འགྲོ་བ་མི་དབུལ་ཕྱུག་ཀུན་གྱི་ཐོབ་ཐང་ཡང་ཡིན། འོནད་ཀྱང་མ་སུ་རིའི་སློབ་གྲྭར་འགྲིག་ལམ་དེ་འདྲ་ཞིག་ཡོད་ན་ནི། སློབ་མ་དེ་དག་ནོར་བ་ཡིན། འོནད་ཀྱང་སློབ་གྲྭ་དེའི་འགྲིག་གཞི་འགྲིག་མིན་དེ་སྐད་ཆ་གཞན་ཞིག་རེད། ལ་ལས་འགྲིག་འདུག་བསམ་སྲིད་ལ་ལ་ལས་མི་འདུག་ཀྱང་སྙམ་སྲིད། ༢ ཁོང་ཚོ་རྒྱ་ལག་ཏུ་སྤྲད་པ་མིན་པའི་རྒྱུ་མཚན་དུ་ཤེས་རབ་དགའ་ཚལ་གླིང་སོགས་ཀྱི་སློབ་མ་བོད་དུ་གཏང་བ་དེ་བཤད་པ་ནི་བློ་གྲོས་ཞིབ་མ་ཚགས་པ་རང་རེད། མ་སུ་རའི་སློབ་མ་བཅུ་པོ་དེ་དག་མི་ཁ་དང་དོ་སྣང་གང་ཡོད་སྤྲད་ཀྱི་མེད་པའི་སློབ་མ་གཞན་དག་དང་འདྲའམ། ཁོང་ཚོ་བོད་དུ་གཏང་ན་རྒྱུ་ལག་ཏུ་སྤྲད་པ་ཙམ་ཟད། ཕ་ཡུལ་དུ་སོང་ན་ངོ་ཚ་པོ་དང་མི་གྲལ་ནས་བུད་ཀྱི་མ་རེད་དམ། རེད་ཁོ་རང་ཚོས་ཉེས་པ་བསགས་པས་ཆད་པ་འཁུར་དགོས་ངེས་ཀྱང་། ཁོང་ཚོས་གཞན་ལ་གནོད་པ་བསྐྱེལ་བའི་ལས་ཀ་གང་ཡང་བྱེད་མེད་པར་རང་ཉིད་ཀྱི་བདེ་སྐྱིད་བསྒྲུབ་པ་ཙམ་རེད། ཆད་པ་བཅད་དགོས་ན་ལུང་ཚན་ཕྱོགས་རེས་ཀྱིས་སློབ་སྦྱོང་གི་ཆུ་ཚད་ཞན་ཡང་དགེ་རྒན་དང་ལས་བྱེད་དུ་འཐེན་མཁན་གྱི་མ་སུ་རིའི་ལས་བྱེད་ཁོག་རུལ་དེ་ཚོར་ཆད་པ་བཅད་དགོས། སློབ་སྦྱོང་གང་ཡང་སྤྲོད་རྒྱུ་མེད་པར། གླ་ཕོགས་ཙམ་གྱི་ཆེད་བོད་ཕྲུག་མང་པོའི་་རིན་ཐང་ཆེ་བའི་ཆུ་ཚོད་འཕྲོ་བརླག་བཏང་བ་ལ་ཉེས་པ་གང་ཡང་མེད་པར། རང་གི་བདེ་སྐྱིད་ཙམ་བསྒྲུབས་པ་ལ་དེ་འདྲའི་ཆད་པ་ཐལ་དྲགས་པ་རང་རེད། ༣ ད་དུང་གངས་སྐྱིད་ཀྱི་བོད་གཞུང་ལ་རྒྱུག་འཁྱེར་ནས་ཡོང་དོགས་ཡོད་པ་དེར་བཤད་རྒྱུར། དེ་ནི་ཕན་ཐོག་མིན་ལ་འཐུག་པས་ཕན་མི་ཐོག་པའི་གཞུང་ཞིག་ཡིན་ན་རྒྱུག་པས་དེད་ཀྱང་མི་འོས་པ་ཡོད་དམ། དོན་དག་ཆེན་བོད་རྒྱ་ཞི་མོལ་ལྟ་བུ་ལྟ་ཞོགས། མི་གཅིག་གི་ལམ་འགྲོན་ཙམ་ལའང་ཕྱོགས་རེས་མི་མེ་ལྕེ་འབར་མཁན་དེ་ཚོ་ནི་ཡོད་དགོས་མི་དགོས་ཁོང་ཚོས་བྱ་བས་བསྟན་ཡོང་།
གནས་ཚུལ་ཁ་གསལ་བྱུང་མི་འདུག གང་ཡིན་ཟེར་ན་སློབ་གྲྭའི་ནང་འཁྲིད་སྤྱོད་ཀྱི་གནས་ཚུལ་བྱུང་བ་སྒྲིག་གཞི་དང་འགལ་བ་རེད་ཅེས་དང༌། དེ་ལྟར་ཐག་གཅོད་བྱས་པ་ནོར་མེད་པ་འདྲ་པོ་གསལ་བཤད་བྱས་འདུག ད་དུང་ང་ལ་དོགས་པ་བསླེབས་འོང་བ་ནི། སྒྲིག་གཞི་དང་འགལ་བ་ཟེར་བ་དེ་མ་སུ་རི་སློབ་གྲྭའི་སྒྲིག་གཞི་ལ་གོ་དགོས་པ་ཡིན་ནམ། ཡང་མིན་ན་བཙན་བྱོལ་བོད་མིའི་སྒྲིག་གཞི་ལ་གོ་དགོས་པ་ཡིན། དེ་གསལ་པོ་ཞིག་བཟོ་རོགས་ཞུ་རྒྱུ་ཡིན།
གཉིས་ནི་སྒྲིག་གཞི་དང་འགལ་བ་ཡིན་ན་སྒྲིག་གཞི་གང་དང་གང་ལ་འགལ་བ་ཡིན་མིན་སྒྲིག་གཞི་ལུང་འདྲེན་བྱེད་དགོས་པ་གནད་འགག་ཐུག་འདུག ལར་ནི་སློབ་ཕྲུག་ཕན་ཚུན་འདོད་མོས་བྱས་ནས་འཁྲིད་སྤྱོད་བྱེད་པ་ཞིག་ཡིན་སྟབས་སློབ་གྲྭ་ནས་ཕྱིར་ཕུད་བཏང་བ་དང༌། སྐྱབས་བཅོལ་བོད་མིའི་ཐོབ་སྐལ་བཅད་པའི་ཉེས་ཆད་འདི་འདྲ་བཏང་བ་འཛམ་གླིང་རྒྱལ་ཁབ་ཁག་དང་ལྷག་པར་དགྲ་བོ་རྒྱ་དམར་ཚང་ལའང་ཡོད་རྒྱུ་མ་རེད་སྙམ། ད་དུང་ལུས་འབྲེལ་བྱེད་མཁན་ཁྲོད་ནས་སློབ་ཕྲུག་བུ་ལོ་བཅུ་གསུམ་ཅན་ཞིག་ཀྱང་ཡོད་སྐད་འདུག་པས་ཁོང་ལ་ཉེས་ཆད་དེ་འདྲ་བཅད་པ་འོས་འཚམ་ཡིན་མིན་ཁ་གསལ་ཆགས་མི་འདུག་ཞུ་རྒྱུ་ཡིན།
ངས་ད་བར་ཡངས་ཤིང་རྒྱ་ཆེ་བའི་འཛམ་གླིང་འདིའི་ནང་སློབ་གྲྭའི་གནས་སྟངས་ཁག་ལ་རྒྱུས་ལོན་མི་དམན་ཙམ་བྱས་ཡོད་ཀྱང་སློབ་ཕྲུག་རང་ངོས་ནས་འདོད་མོས་ཐོག་སློབ་གྲྭའི་ནང་འཁྲིད་སྤྱོད་ཀྱི་བྱ་བར་བསྟེན་པར་གོང་མིང་ནས་ཉེས་ཆད་བཅད་པ་ཞིག་གོ་མྱོང་དང་མཐོང་མྱོང་གཏན་ནས་མེད། བོད་པའི་སློབ་གྲྭ་ཞིག་ནང་གནས་ཚུལ་འདི་འདྲ་ཐོན་པ་ཧ་ཅང་མ་རུང་བཞིག་ཡིན་པ་ངས་ཀྱང་འདོད་ཀྱི་ཡོད། དེ་མཚུངས་ཀྱི་ཉེས་ཆད་གཅོད་དགོས་པ་ཡང་འདོད་ཀྱི་ཡོད། འོན་ཀྱང་དགག་རྩ་ཐུག་ས་དེ་ཉེས་པ་དང་མཚུངས་པའི་ཐག་གཅོད་མ་བྱེད་སྟབས་སྤྱི་ཚོགས་ནང་ལབ་གླེང་སྣ་ཚོགས་བསླེབས་པ་རེད། ཕྱིན་ཆད་ཀྱང་མུ་མཐུད་རྙོག་གླེང་སྣ་ཚོགས་འོང་སྲིད། ད་དུང་སློབ་ཕྲུག་ཕོ་མོ་དེ་གཉིས་ཁྱིམ་ཚང་ནང་སྤྱོད་པ་གང་བྱུང་བྱེད་མ་ཕོད་པར་འཛིན་ཁང་ནང་བྱས་པ་ཞིག་ཡིན་སྟབས་སྒྲིག་འཛུགས་དགེ་རྒན་དང༌། དབུ་འཛིན། སློབ་སྤྱི་སོགས་འབྲེལ་ཡོད་རྣམས་ལ་ཆད་པ་གང་ཡང་མ་གཅོད་པར་ཁྱིམ་ཚང་གི་ཕ་ཚབ་མ་ཚབ་ལ་དེ་ཙམ་མནར་གཅོད་བཏང་དགོས་ཨེ་ཡོད་སྙམ་པའི་བསམ་ཚུལ་དང་དོགས་སློང་ཡོང་བཞིན་པ་རེད། དོན་གནད་འདིའི་ཐོག་ནས་ཀྱང་གསལ་པོ་བཟོ་དགོས་ཀྱི་འདུག
མ་གཞི་གསར་འགོད་པས་དྲི་བ་གནད་ལ་འཁེལ་བ་དྲིས་མི་འདུག་ལ། བཀའ་དྲུང་ནས་དེ་མཚུངས་ལན་འདེབས་གསལ་པོ་མ་སྐྱོན་པའི་མྱོང་ཚོར་བྱུང༌། ད་དུང་གནས་ཚུལ་གཏིང་རིང་པོ་དང་ཞིབ་ཚགས་པོ་བསྔོག་ཐུབ་པ་བྱེད་དགོས་ཀྱི་འདུག
གཙོ་བོའི་བཀའ། རྡ་རམ་ས་ལར་མི་མང་ཕོན་ཆེན་པོ་རེད། གསར་འབྱོར་འདུག་ས་གཙོ་བོ་འདི་རེད། གསར་འབྱོར་ཕྱིར་ལོག་གཏོང་བའི་སྲིད་བྱུས་བཟུང་ཏེ། གནས་དོན་འདི་ཐག་གཅོད་གཙང་མ་བྱེད་དགོས། གོ་སོང་ངམ། དེ་མིན་ཁྱེད་ལ་རེ་བ་མེད།
ཁ་སང་གི་ངའི་བསམ་ཚུལ་དེའི་ཐོག་ལ་མང་པོ་ཞིག་གིས་ངར་ངར་ཤུགས་ཤུགས་ཀྱིས་རང་རང་གི་རྒྱུ་མཚན་རེ་ཁྱེར་ནས་བསླེབས་འདུག ཁྱེད་ཚོ་ཚང་མར་དགའ་བསུ་ཞུ།
དེ་རིང་མི་རེ་རེ་ལ་ལན་འབྲི་རྒྱུར་དུས་ཚོད་ཀྱིས་འདང་གི་མི་འདུག དེའི་ཁར་སྐོར་ཞིག་ལ་ལན་བྲིས་ཀྱང་རྡོ་ཐོག་ལ་ཆུ་བླུག་པའི་དཔེ་ལྟར་རྔོ་ཐོག་པའི་རེ་བ་མི་འདུག
ཐོག་མར་གསལ་བཤད་བྱ་རྒྱུ་ཞིག་ལ། ངས་མ་སུ་རི་སློབ་གྲྭའི་ཐག་གཅོད་དེ་བརྒྱ་ཆ་བརྒྱ་འགྲིག་འདུག་ཅེས་བཤད་མེད། གང་བཤད་ཡོད་ཅེ་ན། ཁྱེད་ཚོས་གནད་དོན་འདི་གླེང་སྟངས་དང་། ནག་འའགེལ་དང་སྐྱོན་འཛུགས་བྱེད་ཕྱོགས་ནས་མིག་ཡ་གཅིག་བཙུམ་འདུག་ཟེར་གི་ཡོད།
ད་ནི་གསལ་བཤད་ཁ་ཤས་ཤིག་ཞུ་རྒྱུར། མདོར་སྒྲིལ་ན་བསམ་ཚུལ་འདོན་མཁན་མང་པོ་ཞིག་གིས་བྱིས་པ་ཚོར་ཕྱིར་ཕ་ཡུལ་ལ་ལོག་འདོད་ཡོད་མེད་སྐད་ཆ་དྲིས་མེད་ལུགས་བཤད་ཀྱིན་འདུག ཁྱོད་ཚོའི་དབང་དུ་བྱས་ནས་བཤད་ན། ས་འདི་ན་བརྟེན་ས་འཁོར་ས་མེད་པའི་བྱིས་པ་བསམ་མེད་སྐོར་ཞིག་ལ་ཁྱེད་ཚོ་གང་དུ་འགྲོ་རྒྱུ་ཡིན་ཅེས་དྲིས་ཀྱང་། ང་ཚོ་གང་དུ་འགྲོ་དགོས་མིན་ཁྱེད་ཚོས་ཐག་གཅོད་རོགས་མི་ཟེར་བའི་ངེས་པ་མེད། ཡིན་ཡང་། བོད་གཞུང་གིས་བྱིས་པ་འདི་དག་ལ་འགན་ལེན་བྱེད་ཁག་པོ་རེད། འདི་དག་ཁྱིམ་ཚང་ལ་བཅོལ་ས་མེད། ལས་ཀར་བཀོལ་ན་མི་འགྲིག སློབ་གྲྭ་གཞན་ལ་ནི་མི་ཚུད། གཞན་འདི་དག་ལ་འགན་ལེན་སྟངས་ཀྱི་གདམ་ཀ་ག་རེ་ཡོད་པ་རེད།
དེ་ནས་ཁོང་ཚོའི་ཕ་མ་རྣམས་ལ་ཁྱོད་ཚོའི་བྱིས་པ་ཚོས་སྒྲིག་འགལ་གྱི་ལས་འདི་དང་དེ་བྱས་ལུགས་བཤད་དེ། བྱིས་པ་ཚོ་ས་མཐའ་འདི་ནས་རང་དབང་གིས་འཁྱམ་འཇུག་གི་ཡིན་ནམ། ཡང་ན། ཁྱོད་ཚོ་ཕ་མའི་ཕྱོགས་སུ་གཏོང་རྒྱུ་ཡིན་ཅེས་དྲིས་ཡོད་ཚེ་ཕར་གཏོང་རོགས་ཟེར་རྒྱུ་ལས། ཁོང་ཚོ་ས་མཐའ་རུ་སྡོད་འཇུག་རོགས་ཟེར་མཁན་དཀོན་པོ་རེད།
གལ་སྲིད་བོད་གཞུང་གིས་འཁྲིག་སྤྱོད་དང་སྒྲིག་འགལ་དུ་གྱུར་བའི་བྱིས་པ་ཚོ་སློབ་གྲྭ་ནས་ཕྱིར་ཕུད་དེ་ས་ཆ་གཞན་ཞིག་ཏུ་ལོགས་སུ་ཉར་རྒྱུའི་ཐག་གཅོད་བྱས་ཚེ། ད་ཡོད་སློབ་གྲྭའི་ནང་གི་སློབ་ཕྲུག་བརྒྱ་ཆ་ ༦༠ ལྷག་ལོ་རེ་ཟུང་གི་ནང་དུ་དམིགས་བསལ་གྱི་ས་ཆ་དེར་འཚང་ཡོང་རྒྱུ་ཡིན་པ་མངོན་གསལ་རེད། གནད་འདི་ལ་བསམ་བློ་གཏོང་རྒྱུ་འདུག
ཡང་སྐོར་ཞིག་གིས་ནག་ཉེས་ལ་ལྕི་ཡང་ཡོད་སྟབས་དེ་ལ་གཞིགས་པའི་ཐག་གཅོད་བྱ་དགོས་པར་བཤད། སྒྲིག་འགལ་གྱི་ལས་དོན་འདིའི་རིགས་ནི་ཕྱིར་འབུད་བྱེད་པ་ལས་དེ་དག་ལ། སྒོར་མོའི་སྟེང་ནས་ཐག་གཅོད་བྱེད་ཤེས་ཐབས་མེད། ཐེངས་མ་ག་ཚོད་ལ་མཉམ་དུ་བསྡད་ཡོད་མེད་གཙོ་བོ་མ་རེད། ལས་ཀ་འདི་སྒྲིག་འགལ་ཡིན་པ་ཚང་མར་ཁྱབ་མཉམ་དུ་དགོས་པ་ལས་དམིགས་བསལ་སྟེར་ཐབས་མེད། དེ་དང་གཅིག་མཚུངས་སུ། བུ་མོ་དེས་བུ་དགུ་ཡི་འདོད་པ་བསྐངས་པ་བདེན་ཀྱང་། དེའི་ཉེས་པ་མོ་རང་གཅིག་པུས་འཁུར་རྒྱུ་དེ་ཡང་ལུགས་མཐུན་མ་རེད། མཉམ་དུ་སྡོད་པའི་ཐེངས་གྲངས་ལ་མ་ལྟོས་པར་སྒྲིག་འགལ་དུ་གྱུར་བ་གཅིག་མཚུངས་རེད། ཉེས་པ་ཡང་གཅིག་མཚུངས་ཡིན་དགོས་པ་རེད།
བྱིས་པར་རྒྱལ་མཚམས་ཀྱི་བཀག་སྡོམ་མེད་ཅེས་བཤད་པ་དེར་མཚར་མཚར་བྱེད་རྒྱུ་ཡོད་པ་མ་རེད། མུན་ནག་ནང་དུ་སུས་ལག་སྙོབ་བྱས་ཡོད་མེད་ཞིབ་འཇུག་གནང་རོགས། དེང་སྐབས་འཛམ་གླིང་སྟེང་རྒྱལ་མཚམས་ནས་སྲུང་སྐྱོབ་བྱེད་ཀྱིན་པ་ནི་བྱིས་པ་དང་བུད་མེད་རེད། རྒྱལ་ཁབ་སུས་ཀྱང་བྱིས་པར་དམིགས་བསལ་གྱི་སྲུང་སྐྱོབ་དགོས་པ་རེད། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱ་གྲམ་དམར་པོའི་ཚོགས་པ་སོགས་ནི་འདིའི་ཐད་སྐད་འབོད་བྱེད་མཁན་གྱི་གྲས་རེད། བྱིས་པ་ལ་ཆབ་སྲིད་ཀྱི་ནག་ཉེས་འགེལ་ཆོག་གི་མ་རེད། བཙོན་ཁང་ལ་འཇུག་ཆོག་གི་མ་རེད། དེ་མི་ཆོག་པའི་རྐྱེན་གྱིས་བྱིས་པར་ཆབ་སྲིད་ཀྱི་ནག་ཉེས་བཀལ་ཏེ་འཛིན་ཆོག་གི་མ་རེད་ལ། རྒྱལ་མཚམས་ནས་འགོག་སྡོམ་ཡང་བྱ་ཆོག་གི་མ་རེད། སྔོན་མ་ནང་པ་ལ་ནས་བོད་མི་བསད་ཅིང་། བྱིས་པ་ཉི་ཤུ་སྐོར་ཞིག་འཇུས་པའི་སྐབས་སུ་ཡང་བོད་དོན་རྒྱབ་སྐྱོར་བ་དག་གིས་བྱིས་པ་ཚོ་རྒྱལ་མཚམས་ནས་འགོག་སྡོམ་བྱ་མི་ཆོག་པའི་སྐད་འབོད་བྱས་པ་བརྗེད་ཡོད་ཀྱི་མ་རེད། དེར་བརྟེན། ཁྱོད་ཚོའི་ཉེས་འཛུགས་ཇི་བཞིན་བཙན་བྱོལ་བོད་གཞུང་ནི་རྒྱལ་སྤྱིའི་ཁྲིམས་ལ་འགལ་བསྡད་པ་ཞིག་ལ་མཐོང་གི་མེད།
ངའི་རྩོམ་ཡིག་གི་མཇུག་དེར་བཀོད་ཡོད་པ་ལྟར། སྤྱི་ཡོངས་ཀྱི་ཐོག་ནས་གནད་དོན་འདིའི་རིགས་ལ་འབབ་ས་ཞིག་འཚོལ་དགོས་པ་དང་། མ་འོངས་པར་གྲ་སྒྲིག་འཐུས་ཚང་ཞིག་ཡོང་ཆེད་དུ་བསམ་ཚུལ་དེ་ཕུལ་བ་ལས། ཕྱོགས་གཅིག་ཁོ་ནར་བལྟས་ཏེ་གཡག་ཞ་རའི་ལད་མོ་བྱེད་ཀྱི་མེད།
དེ་རིང་ཕྱི་དྲོ་དྲ་ངོས་ལ་ཡོང་སྟེ་མཆན་བུ་རྣམས་ལ་འཁྱུག་ལྟ་ཙམ་བྱས་ཏེ་རྙེད་པའི་དོན་གནད་འགའ་ལ་ལན་གྱི་ཚུལ་དུ་ཕུལ་བ་ཡིན། ད་དུང་འདི་ལས་ཞིབ་ཙམ་ལྟ་རྒྱུ་བྱུང་ན་ལན་འདེབས་དགོས་ས་མང་པོ་ཡོད་སྲིད་པས། ལན་འདེབས་བྱས་མེད་པ་རྣམས་ལ་དགོངས་དག་དང་བཅས་སྐབས་རྗེས་མར་ཞུ་ཆོག་པ་ཞུ།
ངའི་སྐད་ཆ་ལ་ནང་འགལ་ཤོར་ཡོད་རབས་བཤད་མཁན་རེ་ཟུང་ཡོད་པ་འདྲ། དེ་ཚོས་བསྐྱར་དུ་ཚིག་དོན་རེ་རེ་བཞིན་གཤིབ་བསྡུར་གྱིས་ཀློག་རོགས། དེ་ནས་ངས་ནང་འགལ་གྱི་སྐད་ཆ་བཤད་ཡོད་མེད་ཤེས་ཡོང་གི་རེད།
རིན་ཆེན་ཚེ་རིང་གིས་ ༢༠༡༠ ལོའི་ཟླ་ ༦ པའི་ཚེས་ ༢༥ ཕྱི་དྲོར་བྲིས།
ར་ལོའི་བསམ་ཚུལ་ལའང་བདེན་པའི་ཆ་འདུག་ལ་དྲ་གྲོགས་ཚོས་ཀྱང་བསམ་ཚུལ་ཡག་པོ་བཏོན་འདུག ཡིན་ནའང་ལྷག་བསྡད་པ་ནི་ཕ་ཚབ་དང་མ་ཚབ་ཀྱི་སྐོར་རེད། ཉམས་ཆུང་ནུས་མེད་ཀྱི་ཕ་ཚབ་མ་ཚབ་གཉིས་ཕྱིར་འཕུད་བཏང་ནས། དེ་ལས་གཞན་པའི་འབྲེལ་ཡོད་ཀྱི་ལས་བྱེད་ཁ་ཅན་དབང་ཅན་ཚོར་ཅི་ཡང་མ་བྱས་པ་དེ་དྲང་བདེན་མིན་པས་དེའི་སྐོར་ལ་དགོངས་ཚུལ་བཏོན་རོགས། གཞན་སློབ་ཕྲུག་ཚོའི་སྐོར་ལ་དྲ་གྲོགས་ཚོས་དོ་སྣང་ཡག་པོ་གནང་འདུག་ལ། ལྷག་པར་དུ་ཁང་རྡོར་ལགས་ཀྱིས་དགོངས་ཚུལ་གནད་ལ་ཐིངས་པ་བཤད་འདུག་པས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
གལ་སྲིད་མ་སུང་རི་སློབ་ཕྲུག་ཚོ་དང་ཕ་ཚབ་མ་ཚབ་རྒྱང་འབུད་བཏང་ཐག་གཅོད་དེ་བོད་གཞུང་བཀའ་ཤག་གི་བྱས་པ་ཡིད་ན་ ང་ཚོ་དེ་ལས་བློ་ཕམ་ཆེ་ ཁོང་ཚོའི་དབང་ཆ་དེ་བེད་སྤྱོད་ལོགས་པར་བཏང་བ་ལས་དྲང་བདེན་མིན་པ་སུས་ཀྱང་ཤེས་
ཁྱེད་རང་ཚོས་དུས་བབ་དྲ་ཚིག་སྟེང་གི་དབུས་བླུགས་འབྲས་ལ་གཟིགས་དང་མངོན་གསལ་དོད་པོས་མཁྱེན་ཐུབ། ད་ཐེངས་གི་གནས་ཚུལ་འདི་དགེ་སློབ་ཁ་ཤས་ཤིག་གི་ནོར་འཁྲུལ་ལས། བྱིངས་གཞན་གྱི་ནོར་འཁྲུལ་དུ་རྩིས་ན་འགྲིག་ཨེ་ཡོང་། བོད་གཞུང་དང་ཤེས་རིག་ལས་ཁུངས་ཀྱིས་འདི་འདྲ་ཐག་གཅོད་གནང་མདོག་ཁ་བོ་མ་རེད་བསམ་བཞིན་ཡོད། གང་ལྟར་གཞོན་སྐྱེས་དེ་དག་རྒྱ་ལག་ཏུ་ཤོར་མ་བཅུག་པ་བྱེད་རྒྱུ་དེ་གལ་ཆེན་ནང་གི་དོན་ཆེན་ཡིན། སྙིང་ནས་གཅེས་པའི་གཞོན་སྐྱེས་འདི་དག་ང་ཚོ་བོད་གངས་ཅན་གྱི་སོན་རྩ་ཡིན། ཐུགས་རྗེ་གཟིགས། རོགས་རམ་གནང་རོགས།།
མ་རི་སློབ་གྲའི་འགན་འཛིན་ཡིན་ན་དྲང་མོ་མ་རེད།གང་ཡིན་ཟེར་ན་འདིའི་ཟླ་ཁ་ཤེས་ཞིག་གི་སྔོན་ལ་སློབ་གྲ་དགེ་ལ་ཞིག་གི་གསར་འབྱོར་བུ་མོ་ཞིག་ལ་བཙན་གཡབ་བྱས་བ་དེ་གསང་ཐག་ཆོད་བྱས་སོང་ང་ཧ་གོ་ཡོད།དྲང་མོར་བྱས་ན་ཡག་པོ་ཡོད་རེད་མ་གཏོགས་མང་གཙོའི་ལུང་པ་རེད་ལས་ཀ་བྱས་ཡ་མང་པོ་ཡོད་རེད།
ར་ལོ་ཁྱེད་ཀྱི་སྐུབ་གཡུག་མ་གཡུག་ཡོད་པ་མ་རེད།ད་ཐེངས་ཁོང་ཚོས་ལས་ཀ་དེ་ཚད་ལས་བགད་འདུག།གསར་འབྱོར་བ་ཚོ་རྒྱ་མིའི་བསྡད་ཀི་མ་བཅུག་ནས་ཡོང་བ་མ་གཏོགས་སྐྱིད་ས་ཞིག་བཙན་ནས་ཡོང་མེད་པ་དེ་ཚང་མའི་ཤེས་དགོས།ཕྱིར་རྒྱ་མའི་འོག་དགོས་བ་ཅིས་ཕྱིར་ཡིན་ནམ།ཞེ་དྲག་བློ་ཕམ་ཡོད།
སློབ་ཕྲུག་དེ་ཚོ་རྗེས་ཕྱོགས་བོད་ལ་དགའ་ནི་མ་རེད།
འབྱུང་འགྱུར་ལ། གསར་འབྱོར་གསོན་དྭའི་རིགས་དེ་རྣམས་། བཙན་དབང་གིས་ག་འགྲོ་འདི་འགྲོ་མེད་པའི་གནས་སུ་མི་གཏོང་བའི་གསོལ་སྨོན་འདེབས་ཀྱིན་ཡོད
གནས་ཚུལ་འདི་ཅུང་མགོ་རྙོག་ཅན་ཞིག་ཏུ་འགྱུར་བཞིན་འདུག མི་རེ་ཟུང་ལ་འདིར་་་་ ཤོག་ཁ་སྒྲིག་པའི་་་ལྟ་ཚུལ་ཡོང་སྲིད་པ་ཞིག་རེད། དེ་བས། སྐད་ཆ་བཤད་དུས་གཞུང་དང་འབྲེལ་ཡོད་སྒྲིག་འཛུགས་ཁག་ལ་ཚུལ་མཐུན་དང་། ཁྲིམས་ལུགས་ཀྱི་རྩ་འཛིན་ལྟར་སྐད་ཆ་བཤད་ན་ཡག་པོ་ཡོད་པ་དངོས་ཡོད་རེད།
གང་ལྟར། སློབ་མ་དེ་དག་ལ་ནོར་འཁྲུལ་གང་འདྲ་ཞིག་ཡོད་ཀྱང་། དེ་ནི་གཙོ་བོ་སློབ་གྲྭ་དེའི་འགན་འཁུར་ལ་གནད་དོན་ཡོད་པ་ཡང་ཡིན་པས། སློབ་མ་ཕྱིར་ཕུད་བྱེད་རྒྱུའི་ཚབ་ལ་འབྲེལ་ཡོད་ལས་བྱེད་ཚོར་གོ་བརྡ་ཡག་པོ་ཞིག་སྤྲོད་རྒྱུ་གལ་ཆེན་པོ་རེད།
སྤྱིར་ན་སློབ་མ་ཕྱིར་ཕུད་བཏང་བ་འདི་འདྲ་བཙན་བྱོལ་ནང་ལ་དང་པོ་མ་རེད། སུ་ཇ་བོད་ཕྲུག་ཁྱིམ་སྡེ་ནས་ཡིན་ན་དགེ་རྒན་ཞིག་ལ་མིག་ལོག་གིས་བལྟས་པའམ་ཁ་ལན་སློག་པ་ཙམ་གྱིས་ཀྱང་ཕྱིར་ཕུད་བཏང་ཡོད་པ་དེ་འདྲ་བྱུང་མྱོང་བ་རེད། ཐ་མག་རྐང་གཅིག་འཐེན་པས་ཕྱིར་ཕུད་བཏང་བ་དེ་འདྲ་ཡང་བྱུང་མྱོང་ཡོད་པ་རེད། ང་ཚོའི་བཙན་བྱོལ་སྤྱི་ཚོགས་འདི་མང་གཙོ་དང་རང་དབང་ལྡན་པའི་གཞུང་ཞིག་གི་འོག་ཏུ་ཡོད་པའི་སྐད་ཆ་རེད་དེ། འོན་ཀྱང་། འདི་ལྟ་བུའི་གནད་དོན་གང་མང་བྱུང་དང་འབྱུང་བཞིན་ཡོད་པ་རེད།
ད་ལྟ་སློབ་ཕྲུག་དེ་ཚོ་སློབ་གྲྭ་ནས་ཕྱིར་ཕུད་བཏང་ཟིན་ཀྱང་། རྒྱ་གར་ལུང་བར་བསྡད་མི་ཆོག་ནི་སུས་ཀྱང་ཟེར་ཆོག་གི་མ་རེད། ད་དུང་། སློབ་མ་དེ་ཚོར་གང་ལ་གང་འཚམས་ཀྱི་སློབ་སྦྱོང་གི་གོ་སྐབས་སྤྲོད་དགོས་ངེས་རེད་ལ། འབྲེལ་ཡོད་སློབ་གྲྭའི་ལས་བྱེད་དང་དེ་འབྲེལ་གྱི་དགེ་རྒན་ཚོར་ཡང་ཉེས་ཆད་གཅོད་དགོས་ངེས་རེད། སློབ་མ་དགུ་འདི་ལྟར་སློབ་གྲྭ་ནས་ཕུད། ཕྱིར་དགྲ་ལག་ཏུ་འཇོག་པ་འདི་ལ་རྩ་བ་ཉིད་ནས་ཁས་ལེན་ཞུ་ཕུབ་པ་མི་འདུག་ཞུ་བ་ཡིན།
༄༅། མ་སུ་རིའི་སློབ་གྲྭ་ནས་ཕྱིར་འབུད་གཏང་བའི་སློབ་ཕྲུག་དེ་ཚོའི་སྐོར་ལ་བསམ་ ཚུལ་བཤད་མཁན་དང་ཟིན་བྲིས་སྤེལ་མཁན་མང་ཙམ་བྱུང་ཡོད།
དེ་རིང་སྟེ་༢༠༡༠/༦/༢༤ཉིན་རྭ་ལོ་རིན་ཆེན་ཚེ་རིང་ལགས་ཀྱི་འཛིན་རིམ་དྲུག་པའི་ནང་གི་བུད་མེད་དིའི་སྐོར་ཞེས་པའི་བསམ་ཚུལ་ཞིག་སྤེལ་འདུག དེ་ལ་ཁོ་བོའི་ཚིག་ཁ་ཤས་ཞིག་ཞུ་འདོད་བྱུང་དེ་ཡང་ཁོང་གི་རྩོམ་ཡིག་གི་ནང་དོན་ཁ་ཤས་འདིར་དྲང་ནས་ཞུ་ན། དང་པོ།༼ཁྱེད་ཚོའི་བུད་མེད་འདི་བྱིས་པ་ཞིག་གི་ངོ་བོར་བཀབ་སྟེ་བོད་གཞུང་དང་མ་སུ་རི་སློབ་གྲྭ་བཅས་རང་རེའི་སྒྲིག་འཛུགས་གལ་ཆེན་པོ་དེ་དག་ལ་ནག་ཉེས་འགེལ་ཇི་ཐུབ་བྱེད་ཀྱི་ཡོད་པ་རེད་༽ཞེས་གསུང་འདུག འོ་ན་སློབ་གྲྭ་ནས་ཕྱིར་འབུད་གཏང་བ་མ་ཚད་རང་གི་དགྲ་བོར་འབོད་བཞིན་པའི་རྒྱ་མིའི་ལགས་ཏུ་སྤྲོད་པ་དེ་བོད་གཞུང་གི་སྒྲིགས་འཛུགས་སམ་སློབ་གྲྭའི་སྒྲིགས་གཞི་ཞིག་རེད་དམ། གཉིས་པ། ༼ད་སྐབས་བསམ་སྤྱོད་ལོག་ལམ་དུ་འཕྱན་པའི་གཞོན་སྐྱེས་དང་མང་ཚོགས་༽ཞེས་གསུང་འདུག སློབ་ཕྲུག་རྣམས་ཀྱི་མི་ཚེའི་མདུན་ལམ་ལ་ཐུགས་བསམ་གནང་མཁན་གི་བོད་མི་དམགས་སྤྱིའི་འཐུས་མི་ཡོངས་དང་དྲྭ་གྲོགས་ཡོངས་ཀྱི་མ་བཀུལ་དྭངས་བླང་གི་ཐོག་ནས་ཕྱག་ལས་བཟང་པོ་འདི་བཞིན་གནང་བ་ལ་དེ་འདྲ་གསུང་ན་འཕགས་མཆོག་ཕྱག་ན་པད་མོའི་ཅི་ཞིག་མཁྱེན་སྲིད་ཀྱི་རེད། གསུམ་པ། ༼ཐེངས་འདིར་ཡང་ཁེ་བཟང་དེ་སྤྱད་ནས་བོད་གཞུང་ལ་འཇིགས་སྐུལ་བྱེད་ཀྱིན་ཡོད་པ་རེད།༽ ཞེས་གསུང་འདུག འཇིགས་སྐུལ་དང་རེ་སྐུལ་མ་ནོར་བ་གལ་ཆེ། བཞི་པ། ༼གནད་དོན་གཞན་ཞིག་ནི། སྤྱིར་རྒྱལ་སྤྱིའི་ཁྲིམས་ལུགས་ལྟར་ན་བཙན་བྱོལ་དུ་ཡོང་བའི་མི་རྣམས་བཙན་གནོན་བྱེད་མཁན་དེ་ལ་བཙན་ཚུགས་ཀྱིས་ཕྱིར་རྩིས་སྤྲོད་བྱེད་པའི་ལུགས་སྲོལ་མེད་ལ། དེ་ནི་བྱིས་པ་ཙམ་དུ་མ་ཟད། མི་རྒན་ཚོར་ཡང་དེ་འདྲའི་བྱ་བ་ལག་བསྟར་བྱེད་ཆོག་གི་མ་རེད།
ཡང་གཅིག་བཤད་ན། རྒྱལ་སྤྱིའི་ཁྲིམས་དང་འགྲོ་བ་མིའི་ཐོབ་ཐང་གི་རྩ་དོན་ལྟར་ན། བྱིས་པ་ལ་རྒྱལ་མཚམས་ཡོད་པ་མ་རེད། ཁོང་ཚོ་གང་དུ་འགྲོ་ན་རང་དབང་རེད། དེར་བརྟེན་བོད་རིགས་བྱིས་པ་ཚོ་ཕྱིར་རང་གི་ཕ་མའི་འགྲམ་དུ་ལོག་བཅུག་པ་འདི་རྒྱལ་སྤྱིའི་ཁྲིམས་ཐོག་ནས་འགྲིག་བསྡད་ཡོད་པ་རེད།༽ ཞེས་གསུང་འདུག།སྐད་ཆ་སྔ་ཕྱི་གཉིས་པོ་འགལ་བ་མ་ཚད་ཕྱི་མ་བཞིན་བྱེད་ན་ཁོང་ཚོ་གང་དུ་འགྲོ་ན་རང་དབང་རེད་གསུང་འདུག འོ་ན་སློབ་གྲྭ་ནས་ཕྱིར་འབུད་གཏང་བ་མ་ཚད་རྒྱ་མའི་ལག་ཏུ་འཇོག་པ་དེ་ཁོང་ཚོར་རང་དབང་སྤྲོད་པ་ཨེ་རེད། ལྔ་པ། ༼གལ་སྲིད་ཐེངས་འདིར་བོད་གཞུང་གིས་བྱིས་པ་དེ་ཚོ་ཕྱིར་རང་རང་གི་ཕ་མའི་འགྲམ་དང་སོ་སོའི་ཕ་ཡུལ་ལ་ལམ་འཇུག་བྱས་པ་དེ་རྒྱ་ནག་གི་ལག་ཏུ་རྩིས་སྤྲོད་བྱས་པར་ངོས་འཛིན་བྱེད་རྒྱུ་ཡིན་ཚེ། བོད་གཞུང་གིས་བོད་རིགས་ཚོ་རྒྱ་ནག་གི་ལག་ལ་རྩིས་སྤྲོད་བྱས་པར་གྲངས་ཀ་མེད། བོད་གཞུང་གིས་བོད་ནས་ཡོང་བའི་གཞོན་སྐྱེས་ཚང་མ་ཕྱིར་རྒྱ་ནག་ལ་རྩིས་སྤྲོད་བྱས་ཡོད། དཔེར་ན། གསོག་སྒར་སློབ་གྲྭའི་སློབ་མ་དང་འཛིན་གྲྭ་ཁུངས་མ་འཁྱོལ་མཁན་བོད་ཁྱིམ་གྱི་བྱིས་པ་ཚང་མ་ཕྱིར་བོད་དུ་ལོག་དགོས་པའི་སྲིད་བྱུས་བཟུང་ཡོད་པ་མ་ཟད། ད་བར་དུ་བོད་གཞུང་གིས་བྱིས་པ་དེ་དག་ལ་སོ་སོའི་ཕ་ཡུལ་བར་དུ་འདང་ངེས་པའི་ལམ་གྲོན་ཡང་སྤྲོད་ཀྱི་ཡོད། འདི་དག་ཀྱང་བཤད་ཕྱོགས་བརྗེ་ན་རྒྱ་ནག་ལ་རྩིས་སྤྲོད་བྱས་པ་ཡིན་པས་ཁྱབ་དགོས་པ་རེད།༽ཅེས་གསུང་འདུག བོད་མི་ཡོངས་རྫོགས་བོད་དུ་ཕྱིར་ལོག་དགོས་པ་དེ་བོད་གཞུང་གི་སྲིད་བྱུས་རེད་དེས་ན་གསོག་སྒར་དང་འཛིན་གྲྭ་ཁོང་མ་འཁྱོལ་མཁན་ལབ་དགོས་ཀྱི་མ་རེད། བོད་གཞུང་གི་དཔལ་འབྱོར་གཏང་ཡང་ཁོང་ཚོ་ས་མཚམས་ནས་རྒལ་ཚར་དུས་རྒྱ་དམགས་ཀྱི་ལག་ཏུ་འགྲོ་རྒྱུ་རང་རེད། ཁྱེད་རང་བོད་མ་མྱོང་མཁན་ཞིག་ཡིན་པ་འདྲ་མ་གཏོག་བོད་ལ་ག་འདྲ་ཡོད་བོད་མི་ཙམ་དུ་མ་ཚད་འཛམ་བུ་གླིང་གི་རྒྱལ་ཁབ་མང་ཆེ་ཤོས་ཀྱི་མཁྱེན་གསལ་རེད། དྲུག་པ། ༼དེར་བརྟེན། ངས་དེ་རིང་གང་གླེང་བ་ནི་མ་གཞི་ནས་འཁྲིག་སྤྱོད་བསྟེན་མཁན་འཛིན་རིམ་དྲུག་པའི་བུ་མོ་དེ་བྱིས་པ་ཞིག་རེད་དམ། བུད་མེད་ཅིག་རེད།༽ཅེས་གསུང་འདུག བྱིས་པ་ཡིན་ན་བུད་མེད་ཡིན་མི་ཆོག་པ་དང་བུད་མེད་ཡིན་ན་བྱིས་པ་ཡིན་མི་ཆོག་པ་དེ་འདྲ་མ་རེད། བུད་མེད་དང་བྱིས་པ་གཉིས་ཀ་རེད་ཟེར་ན་འགྲིག་གི་རེད། བདུན་པ།༼ བཙན་བྱོལ་བོད་གཞུང་གིས་བྱིས་པ་དེ་དག་རྒྱ་ནག་ལ་རྩིས་སྤྲོད་བྱས་པ་རེད་དམ་ཕྱིར་ཕ་ཡུལ་ལ་ལམ་འཇུག་བྱས་པ་རེད།༽ཅེས་གསུང་འདུག སྐད་ཆ་བཤད་སྟང་འདི་ལ་ལྟོས་ན་ཁོང་བོད་ཀྱི་གནས་སྟང་གཏན་མི་མཁྱེན་མཁན་ཞིག་རེད་འདུག་གང་ཡིན་ཞེ་ན། བོད་ཀྱི་ཡུལ་ཚང་མ་རྒྱ་མིའི་ལག་ཏུ་ཡོད་རེད་མ་གཏོག་བཙན་བྱོལ་ནས་ཕྱིར་ལོག་མཁན་དེ་དག་སྡད་ས་རེད་ཟེར་ནས་ས་ཆ་སྐྱིད་པོ་ཞིག་ཡོད་མ་རེད། བརྒྱད་པ།༼གལ་སྲིད་རྒྱ་ནག་གི་ལག་ཏུ་རྩིས་སྤྲོད་བྱས་པ་བདེན་ན་བོད་གཞུང་གིས་བོད་ནས་ཡོང་མཁན་གཞོན་སྐྱེས་ཚང་མ་ཕྱིར་རྒྱ་ནག་ལ་རྩིས་སྤྲོད་བྱེད་པའི་སྲིད་བྱུས་བཟུང་ཡོད་པར་ངོས་ལེན་བྱེད་དམ།༽ ཞེས་གསུང་འདུག དེ་ད་ལྟ་བཤད་མི་ཕོད་ཀྱང་སློབ་ཕྲུག་དེ་ཚོ་ལ་ཐག་ག་འདྲ་ཞིག་བཅད་འདུག་ལྟ་རྒྱུ་རེད། དགུ་པ། ཁྱེད་ཀྱི་གོང་དུ་སློབ་ཕྲུག་དེ་དག་བྱིས་པ་མ་རེད་མདོག་མདོག་གསུང་ཐལ། འོག་ནས་ཡང་བྱིས་པ་དེ་ཚོ་ཞིག་གསུང་འདུག་ད་སོ་སོའི་སྐད་ཆའི་མགོ་འཇུག་ཙམ་ལ་ཡང་བསམ་བློ་གཏང་མི་ཤེས་པ་འདྲ། ཕེབས་ཤོག་ད་ཡག་པོ་བཤད་ཆོག
ཨ་ཙི། ཨ་ཙི། དེ་འདྲའི་གནས་ཚུལ་དེ་དངོས་ཡོད་ཨེ་ཡིན་ན། གལ་སྲིད་དངོས་འབྲེལ་ཡིན་ན། བཀའ་ཤག་དང་། ཤེས་རིག མ་སུ་རི་སློབ་གྲྭའི་འགན་ཁུར་བ་ཚོ་ལ་གུས་མོས་འགྲོ་བ་མིའི་ཐོབ་ཐང་དེ་སློབ་ཁྲིད་བྱེད་ཀྱི་ཡིན། དུས་ཚོས་སྟོང་པ་ག་དུས་བྱུང་ན་ང་སློབ་པར་ཡོང་ཆོག མི་གཅིག་གི་ནོར་འཁྲུལ་ལ་ཉེས་པ་གཉིས་ཡོད་མ་རེད། བཙན་བྱོལ་བོད་གཞུང་གི་སྲིད་བྱུས་མ་རེད། ཡིན་ནའང་ལས་བྱེད་པའི་ཁ་སྟབས་དང་ཤེས་རྒྱ་དེ་ལས་མེད་པ་གསལ་པོ་རེད།
ཁ་ཕར་ལ་འཁོར་དུས་འགྲོ་བ་མིའི་ཐོབ་ཐང་ཟེར་ནས་ངར་གྱི་རེད། དོན་ངོ་མར་འགྲོ་བ་མིའི་རིན་ཐང་ལ་བརྩི་བཀུར་མི་འདུག
སྙིང་རྗེ། ཡ་ང་བའི་ཕྲུ་གུ་དེ་ཚོ། ཤ་ཚ་བའི་ཕྲུ་གུ་དེ་ཚོ། བདག་པོ་མེད་པའི་ཕྲུ་གུ་དེ་ཚོ།
གུས་མོས་ལམ་སྟོན་གཅིག་ཞུས་ན། གཞུང་འབྲེལ་མིན་པའི་ཚོགས་པ་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ཁང་གི་འགན་འཛིན་ཨུ་རྒྱན་བསྟན་འཛིན་ལགས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་སྐོར་ལ་ཕྱག་ལས་གནང་གི་ཡོད་པ་བཞིན། ད་ལན་གཞོན་སྐྱེས་དེ་དག་གི་ཆེད་དུ་ཁ་ཡོད་ལག་ཡོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་སྐོར་ལ་ཁ་ཅིག་གྲགས་རོགས་གནང་དང་། མ་ཟད་ལམ་སྟོན་ཡང་གནང་རོགས་གནང་།
ཉིད་ཀྱིས་བོད་རྒྱ་ཆེའི་མི་མང་གི་གཞུང་ལ་ཤ་ཞེན་དང་ཁྲིམས་ལ་བརྩི་མཐོང་ཡོད་པ་དེ་ནི་དུས་ནས་དུས་སུ་གོང་བཀུར་བྱ་ཡུལ་རེད། འོན་ཀྱང་། གནད་དོན་དངོས་ལ་མ་བལྟས་པར་རང་ཞེན་ཁོག་བཅུགས་མིག་བཙུམ་བྱས་པ་ཙམ་གྱིས་གནད་དོན་དངོས་ལ་ཅང་ཕན་གི་མ་རེད་བསམ་གི། ཕྱི་ལོ་ ༥༩ ཡར་སྔོན་ལའང་རང་ཞེན་ཁོག་བཅུགས་མིག་བཙུམ་གྱི་ན་ཟུག་འདི་མེད་པས་མ་རེད། གནད་དོན་དངོས་ཐག་གཅོད་བྱེད་ཕྱོགས་ཐད་གནས་ལུགས་དང་མ་འཚམ་པའི་ནོར་འཁྲུལ་ཤོར་བས་རྐྱེན་གྱིས་རང་མགོ་གཞན་ལག་ཏུ་ཞོར་བ་རེད། ངས་བལྟས་ན་སྒྲིག་འཛུགས་གང་རུང་གི་གནད་དོན་ཐག་གཅོད་ཐད་མི་མང་གི་ངོས་ནས་བལྟ་རྟོག་དགག་གཞག་ཡོད་པ་འདིའང་། སྒེར་གཅོད་སྲིད་གཞུང་ཁ་སྐྱེངས་ངོ་ཚ་སྐྱེས་བྱེད་ཀྱི་རང་རེའི་ང་རྒྱལ་ཅིག་ཏུ་སེམས་ཆོག་པར་བསམ། གལ་སྲིད། ང་ཚོའི་བཙན་བྱོལ་གཞུང་འདིའང་། ནམ་ཞིག་གི་ཚེ་ཕྱི་གསལ་ནང་གསལ་མེད་པའི་ལྐོག་ལས་གཡོ་ཇུས་ཅན་ཞིག་ཏུ་གྱུར་བ་ཡིན་ན། དེ་དུས། ང་ཚོར་དགྲ་ལ་གྱོད་རྒྱག་བྱེད་ཀྱི་ལྕེ་ལྐུགས་ཟིན་པ་རེད་ལ། ང་ཚོ་བོད་ཀྱི་མ་འོངས་པའི་འཐབ་རྩོད་ཀྱི་མདུན་ལམ་ཡང་གཞི་ནས་ཚར་ཟིན་པ་རེད།
གནད་དོན་གྱི་ངོ་བོ།
༡ གལ་སྲིད་ཁྱོད་ཀྱིས་བརྗོད་བ་ནང་བཞིན་བྱིས་པ་མ་ཡིན་པར། ཤ་དར་ཁྲག་དར་གྱི་གསར་བུ་གསར་མོ་ཏག་ཏག་ཡིན་པའི་དབང་དུ་བཏང་ནའང་། ཐོག་མར་སློབ་མ་དེ་ཚོ་རང་ཉིད་ཕྱིར་ཡུལ་དུ་ལོག་འདོད་ཡོད་མེད་གཞི་ལ་བཞག་སྟེ་ཐག་གཅོད་དགོས་པ་ཞིག་རེད། ཁོ་ཚོར་ཡང་བཙན་བྱོལ་བ་སྤྱི་མཚུངས་ལྟར་སྐྱབས་བཅོལ་ཏུ་བསྡད་ཆོག་པའི་ཐོབ་ཐང་ཡོད་པ་རེད།
༢ སློབ་མ་ ༩ སྡེབས་གཅིག་ལ་འཁྲིག་སྤྱོད་གནད་དོན་དང་འབྲེལ་ནས་ཕྱིར་ཕུད་གཏོང་དགོས་ཐུག་པ་དེས་སྤྱིར་སློབ་གྲྭ་དེ་གའི་ཁོར་ཡུག་ཏུ་སློབ་མའི་བར་འཁྲིག་སྤྱོད་ཀྱི་གནད་དོན་ཞིག་གནས་སྡོད་ཡོད་པ་བསྟན་འདུག དེ་ཡིན་དུས། སློབ་མ་ ༩ དང་ཁྱིམ་ཚང་ཕ་མ་རེ་འགའ་ཕྱིར་ཕུད་བཏང་བ་ཙམ་གྱིས་གནད་དོན་འདི་རྩ་བ་ནས་སེལ་ཐུབ་གི་མ་རེད། གནད་དོན་དེ་རྩ་བ་ནས་སེལ་བ་ལ་སློབ་གྲྭའི་སྒྲིག་གཞི་དང་སློབ་གསོའི་མཁའ་དབུགས། མགོ་སློབ་གྲྭའི་འགན་འཛིན་དང་དགེ་རྒན་ཚང་མར་རེག་ལས་ཡོད་པས། ཞིབ་འཇུག་གཏིང་ཟབ་གནང་སྟེ་ཕྱོགས་ཡོངས་ནས་འགྱུར་བཅོས་གཏོང་དགོས་པ་ཞིག་རེད།
༣ མ་སུ་རུ་སློབ་གྲྭར་ད་ཐེངས་ཀྱི་སློབ་མའི་བར་གྱི་འཁྲིག་སྤྱོད་གནད་དོན་འདི་གཅིག་པུ་ཙམ་མ་རེད། དེ་སྔོན་ཡང་ཁྱིམ་ཚང་པ་ལགས་དང་སློབ་མའི་བར། དགེ་རྒན་དང་སློབ་མའི་བར་བཅས་སུ་ཚུལ་མཐུན་མ་ཡིན་པའི་འཁྲིག་སྤྱོད་རིགས་ཀྱང་བྱུང་མྱོང་བའི་གཏམ་སྤྱི་ཚོགས་ཁྲོད་མང་དུ་བརྡོལ་ནས་ཡོང་གིན་ཡོད། དེར་བརྟེན། གནད་དོན་འདིའི་རིགས་ཡང་ཡང་མི་འབྱུང་བ་ཞིག་བྱ་རྒྱུ་དེ་གཙོ་བོའི་ནང་གི་གཙོ་བོ་རེད།
རང་གི་བསམ་ཚུལ།
༡ ན་ཚོད་དང་མི་མཐུན་པའི་སློབ་མའི་འཁྲིག་སྤྱོད་སྔོན་འགོག་ཡོང་ཆེད། འཛིན་རིམ་བདུན་པའི་ཡན་ཆད་དང་མན་ཆད་ཀྱི་སློབ་མ་རྣམས་སློབ་གྲྭའི་ཁོར་ཡུག་གཅིག་ཏུ་བཞག་ན་འོས་འཚམ་མ་རེད། ཁོ་ཚོའི་ན་ཚོད་དང་བསམ་གཞིགས་ལ་ཧེ་བག་ཆེན་པོ་འདུག
༢ དགེ་རྒན་ཚོས་དུས་རྒྱུན་སློབ་མ་རྣམས་ལ་བརྩེ་དུང་དང་དགའ་རོགས་ཀྱི་སྐོར་དང་འབྲེལ་བའི་འཆལ་གཏམ་མང་པོ་གང་བྱུང་དུ་མ་སྨྲས་ན་འོས། དེ་བཞིན་སློབ་གྲྭ་ཁག་གི་ཁྱིམ་ཚང་དུ་སློབ་མའི་བསམ་གཞིགས་ཀྱི་ནུས་ཚད་དང་འཚམ་པའི་བརྙན་འཕྲིན་རིགས་སྟོན་དགོས་པ་ལས། དབྱེན་འཁྲུགས་དམར་གསོད་དང་འཆར་ཡན་འཇིགས་སྐུལ། བརྩེ་དུང་དང་ཆགས་སྲེད་བཅས་ཀྱི་འཁྲབ་གཞུང་དག་མ་བསྟན་ན་ལེགས།
༣ གུང་གསེང་སྐབས་སློབ་མ་རྣམས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་དག་ཐེར་བསླབ་བྱ་གནང་མཁན་གྱི་ཕ་མ་དང་ཤ་ཉེ་སྤུན་མཆེད་ཀྱི་ཁྱིམ་ཚང་སློབ་གསོ་མེད་པས་ན། སློབ་མ་༼བུ་མོ༽རྣམས་གུང་གསེང་དུ་ལེན་མཁན་གྱི་དོ་བདག་དག་ལ་བརྩད་ཞིབ་དང་ཁྲིམས་མཐུན་འགན་འཁེལ་ཡོད་པའི་ཐོག་ནས་གཏོང་རྒྱུ་གལ།
༤ སྤྱིར་བཏང་གི་སྤྱོད་སྒོ་ཅན་གྱི་ཅ་དངོས་ཤིག་བཟོ་བ་ལའང་ཞིབ་འཇུག་དང་མཐུན་རྐྱེན་མི་ཉུང་བ་ཞིག་འཛོམས་དགོས་པ་ལྟར། སྨྲ་ཤེས་དོན་གོ་བའི་མི་ཚད་ལྡན་ཞིག་སྐྱེད་སྲིང་གི་ཆེད་དུ་སློབ་གསོ་འཛིན་སྐྱོང་བྱེད་སྐབས། མིའི་བསམ་གཞིགས་འཚར་ལོངས་ཀྱི་བརྒྱུད་རིམ་ལ་དབྱེ་ཞིབ་ཀྱི་སྒོ་ནས། བསླབ་གཞི་དང་། ཁོར་ཡུག སྒྲིག་གཞི་བཅས་འཐུས་སྒོ་ཚང་བ་ཞིག་ཡོང་བ་ལ་སློབ་གསོ་ཆེད་ལས་པའི་དཔུང་ཁག་ཅིག་མི་ལྡན་ནའང་། འབྲེལ་ཡོད་དག་གིས་འཛམ་གླིང་གི་སློབ་གསོ་སྨྲ་བ་དག་གིས་མི་རབས་རིམ་བརྒྱུད་ལ་བརྩད་གཅོད་ཞིབ་འཇུག་བྱས་ཏེ་གཏན་ལ་ཕབ་པའི་རིག་པའི་གཞུང་ལུགས་དག་ལའང་ཟུར་བལྟས་ཀྱིས་སྙིགས་དོར་བཅུད་བྱེད་དགོས་པ་ལས། རང་སྣང་གང་ཤར་དུ་སླ་ཆོས་སླ་ལས་མི་བྱེད་པ་མཁྱེན།
ཕྱོགས་གཉིས་ཀའི་སྟེང་ལ་བལྟ་དགོས་པ་དེ་གས་ཆེན་པོ་རེད། གླེང་ཕྱོགས་འདི་བརྒྱུད་ནས་ནང་ཁུལ་ལ་འགལ་བ་དང་དཀྲུག་ཤིང་གི་གོ་སྐབས་
འཛིན་མི་ཡང་ཡོད་མི་སྲིད་པ་ཅི་ལ་ཡིན། དེས་ན་ད་དུང་ཞིབ་འཇུག་དང་འབྲེལ་
བའི་ཁྲིམས་གཤེར་བྱེད་ཐུབ་ན་ཚང་མའི་རེ་དོགས་པ་སེས་ངེས་རེད། གང་བོད་ལ་གཏོར་རྒྱུར་ཕྲུ་གུ་ཁོ་ཚོའི་ངོས་ནས་འདོད་པ་ཡོད་ན་ཕལ་ཆེར་དེ་ག་རང་རེད། དེ་མིན་བཙན་ཤེད་ཀྱིས་གཏོང་གི་ཡོད་ན་ཚང་མས་རྒྱབ་བྱས་ནས་འགྲོ་
མི་དགོས་པ་བྱེད་རྒྱུ་གལ་ཆེན་མཐོང་།
གནད་ལ་འཁེལ་བའི་རྩོམ་ཞིག་ཏུ་མ་མཐོང་ཞིང༌། ཁུངས་ལུང་དང་རྒྱབ་ལྗོངས་དེ་བས་ཀྱང་མི་འདུག་པས་འདིར་ཞུ་རྒྱུ་གང་ཡང་མེད།
དྲ་གྲོགས་ཁང་གསར་ཚང་གིས་འདི་སྐོར་སྤེལ་བའི་རྩོམ་ཡིག ༼བོད་གཞུང་དང་སྤྱི་སྒེར་གྱི་སྒྲིག་འཛུགས་ཡོངས་ཀྱི་གཟབ་དགོས་པ་ཞིག༽ ཞེས་པར་ཐེངས་གཅིག་བཀླག་རྒྱུའི་རེ་སྐུལ་ཙམ་ཞུ་རྒྱུ་ཡིན།
༡། ཕྲུ་གུ་ལ་རྒྱལ་མཚམས་མེད་པར་གང་དུའང་སོང་ཆོག་ཆོག་ཡིན་པར་སྨྲ་བ་དེ་ཁྱད་མཚར་རེད། ཁུངས་དང་དཔེ་མཚོན་ཞིག་གསུངས་ན་ལེགས། དེ་འདྲ་ཡིན་ན། ནང་པ་ལ་ནས་བྱིས་པ་དེ་ཚོ་འཛིན་བཟུང་བྱེད་དོན་ཅི་རེད། བལ་ཡུལ་ནས་རྒྱ་གར་གྱི་ས་མཚམས་འགྲིམས་སྐབས་ཡིག་ཆ་དགོས་དོན་ཅི་རེད། ལྐོག་རྔན་སྤྲོད་དགོས་དོན་ཅི་རེད།
༢། འཁྲིག་སྤྱོད་ཀྱི་ཟླ་ཡ་བུ་མོ་དེ་ལོ་ ༡༨ ཡིན་པའི་རྒྱུ་མཚན་གྱིས་ཕྲུ་གུའི་བརྡས་བསྙད་མི་ཆོག་པར་སྨྲ་བ་འདི་ཡང་རྒྱུ་མཚན་འཐད་ལྡན་མིན། དང་པོ་ལོ་ ༡༨ རེད་ཟེར་མཁན་སློབ་གྲྭའི་མི་སྣ་རེད་མ་གཏོགས་དོན་དངོས་སུ་ལོ་ ༡༨ ཡིན་པའི་དཔང་རྟགས་གསལ་པོ་བསྟན་མེད། ལོ་ ༡༨ ཅན་ཡིན་པ་ཤེས་བཞིན་དུ་འཛིན་གྲྭ་ ༦ པར་བཞག་པ་འདི་ཡང་སློབ་གྲྭའི་སྒྲིག་ལམ་དང་འགལ་བ་ཞིག་རེད། གང་ལྟར་ཕྱིར་འབུད་བྱས་པའི་ཁོངས་སུ་སློབ་མ་ལོ་ ༡༣ ཅན་ཡང་ཡོད་པ་དེ་དྲན་པར་གྱིས།
༣། སློབ་གྲྭའི་སྒྲིག་ལམ་དང་འགལ་བར་ཉེས་ཆད་བཅད་པར་བདག་ཅག་གིས་ཅི་ཡང་བཤད་ཀི་མེད། དེ་ནི་འོས་པ་ཞིག་རེད། འོན་ཀྱང་ཉེས་ཆད་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་དང་མ་འགལ་བ་ཞིག་དང་། རྒྱལ་སྤྱིའི་ཁྲིམས་ལུགས་དང་མ་འགལ་བ་ཞིག་དགོས་ཟེར་བ་ཡིན།
༤། ཕྲུ་གུའི་བདག་པོ་ཕ་མ་ལ་རྩིས་སྤྲད་མ་སྤྲད་དེ་གནད་དོན་མ་རེད། གནད་དོན་ནི་ཕྲུ་གུ་དེ་དག་ད་ཆ་རྒྱ་གར་ནས་བལ་ཡུལ་དང་དེ་ནས་རྒྱ་ནག་བཅས་རྒྱལ་ཁབ་གསུམ་གྱི་ས་མཚམས་བརྒལ་དགོས་ཀྱི་ཡོད། དེ་དག་སོ་སོའི་ཕ་མ་སྤུན་མཆེད་ཀྱི་དྲུང་དུ་བདེ་བར་སླེབས་ཐུབ་པའི་གདེང་ཅི་ཡོད། འདི་དག་གི་ཁོངས་ནས་གཅིག་གི་ལུས་སྲོག་ལ་སྐྱོིན་བྱུང་སོང་ན་ཅི་ཆགས་སོང་།
༥། ལོ་ ༡༨ དང་དེ་ཡན་ཡིན་ན། ཐག་གཅོད་གང་བྱས་བྱས་ཤིག་རེད་དམ། ཉེས་པ་ག་རེ་བཏང་བཏང་རེད་དམ། འགྲོ་བ་མིའི་ཐོབ་ཐང་ནང་དུ་མི་སུ་ཡིན་རུང་སྐྱབས་བཅོལ་དུ་བསྡད་ཆོག་པ་གསལ་ཡོད། ཁོང་ཚོི་འདི་ལྟར་གཞན་དབང་གི་འོག་ཏུ་བརྫངས་པ་འདི་རང་འདོད་རེད་དམ། སྐད་ཆ་དྲིས་ཡོད་དམ།
༧། དངོས་གནས་བྱས་ན། སློབ་གྲྭའི་སྒྲིག་འཛུགས་ཆུང་ཆུང་ཞིག་གི་ནང་། བུ་མོ་གཅིག་ལ་བུ་དགུས་འཁྲིག་སྤྱོད་ཐེངས་མང་བྱས་པའི་གནས་ཚུལ་འདི་ད་བར་ཤེས་རྟོགས་མ་བྱུང་བའམ། ཕྱི་གྱར་མ་བྱུང་བ་འདི་རང་གིས་སློབ་གྲྭས་འཐུས་ཤོར་ཆེན་པོ་བྱས་པ་དེ་གསལ་པོ་རེད། ཁྱེད་ཅག་སོམ་དང་། གལ་སྲིད་ཁྱེད་ཅག་གི་ཕྲུ་གུ་སློབ་གྲྭ་དེའི་ནང་ཡོད་ཚེ། ད་ཆ་བློ་བདེ་ས་ཨེ་རེད། རང་གི་ཕྲུ་གུའི་མདུན་ལམ་ལ་ཉེན་ཁ་ཇི་ཙམ་རེད། དངོས་གནས་བྱས་ན། སློབ་གྲྭས་དགོངས་སེལ་ཞུ་དགོས། བོད་མི་དམངས་དང་ལྷག་པར་གཞིས་ལུས་མི་དམངས་ལ་དགོངས་སེལ་ཞུ་དགོས། མ་སུ་རི་བོད་ཁྱིམ་ནང་དེ་སྔོན་ཡང་གནས་ཚུལ་དེ་རིགས་བྱུང་བ་རེད།
༨། ཉེས་པ་གཏོང་སྟངས་ལ་གཅིོག་ལྟོས་དང་། ང་ཚོས་བལྟས་པ་ཙམ་གྱིས་སློབ་ཕྲུག་དེ་ཚོར་ཉེས་པ་ཆེ་ཆུང་ཡོད་པ་ཤེས་ཐུབ། དཔེར་ན། བུ་མོ་དེས་བུ་དགུ་དང་འཁྲིག་པ་སྤྱད་པ་རེད། མོ་ཉེས་པ་ཆེ་ཤོས་རེད། འོན་ཀྱང་ཉེས་ཆད་ནི་ཚང་མར་ཆེ་ཆུང་གཅིག་པ་བཏང་མི་འདུག་གམ། སློབ་གྲྭ་ཞེས་པ་དེ་ནོར་འཁྲུལ་ལ་ཡོ་བསྲང་དང་ལེགས་བཅོས་བྱེད་ས་ཞིག་རེད་མ་གཏོགས། ནོར་བ་དང་རྒྱུག་པ་ལེབ་རྡུང་གིས་མིོ་ཚེ་འཕྲོ་བརླག་གཏོང་ས་ཞིག་མ་རེད།
༩། སློབ་ཕྲུག་དེ་དག་བོད་ཁྱིམ་དང་སྃ་བྷོ་ཊ། བོད་སློབ་འཛིན་ཚོགས་སོགས་ཀྱི་སློབ་གྲྭ་གང་རུང་དུ་ཁ་འཕྲལ་ནས་བཏང་ན་གཏོང་ཐུབ་པ་ཞིག་རེད། དེ་ལྟར་མ་བྱུང་ཡང་དེ་སྔོན་དུས་བབ་ཀྱི་ཟིན་བྲིས་ནང་གླེང་སློང་བྱུང་བ་ལྟར། སྔོན་མ་ཨ་མདོ་ནས་ཡིན་པའི་སློབ་ཕྲུག་བུ་མོ་ཞིག་ལ། མ་སུ་རི་བོད་ཁྱིམ་ནང་འཁྲིག་སྤྱོད་བྱས་པའི་གནས་ཚུལ་བྱུང་རྗེས། རྙོག་དྲ་མ་ཡོང་བའི་ཆེད་དུ་བུ་མོ་དེ་ལ་མ་སུ་རི་བོད་ཁྱིམ་གྱིས་སློབ་ཡོན་སྤྲད་དེ་སློབ་གྲྭ་གཞན་ལ་བཏང་བ་རེད། སྔོན་མ་དེ་འདྲ་བྱས་ཆོག་པ་ལ་ད་རེས་དེ་འདྲ་བྱས་མ་ཆོག་པ་ག་རེ་རེད།
༡༠། ང་ཚོས་ད་ཕན་ཐག་གཅོད་འདི་མ་སུ་རི་བོད་ཁྱིམ་རང་གིས་བྱས་པ་ལས། བོད་གཞུང་གིས་བྱས་པའི་ངོས་འཛིན་བྱས་མེད། འོིན་ཀྱང་ད་ཆ་བོད་གཞུང་གི་ལས་བྱེད་རང་གིས། དེ་བོད་གཞུང་བཀའ་ཁྲི་དང་ཤེས་རིག་བཀའ་བློན་གྱིས་ཐག་གཅོད་བྱས་པ་རེད་ཅེས་གསུང་གི་ཡོད་རེད། འདི་ལ་གནད་དོན་ཡོད་པ་ནི། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཀྱང་ངོས་འཛིན་གནང་འདུག ད་འདི་ལ་སྐྱོན་བརྗོད་མ་བྱས་ན་ག་པར་བྱེད་དགོས་རེད། བོད་གཞུང་གིས་བྱས་ན་ཁ་བཙུམ་དགོས་པ་དང་གཞན་གྱིས་བྱས་ན་རྒྱ་གྲགས་བོད་གྲགས་བྱེད་དགོས་ཟེར་རམ།
༡༡། དོན་དངོས་སུ། བོད་གཞུང་ལ་སྐྱོན་བརྗོད་བྱས་ན། རྒྱ་གཞུང་གི་ལག་ཆ་ཆགས་ཀི་རེད་ཟེར་བ་དང་། བོད་གཞུང་ལ་སྐྱོན་བརྗོད་བྱས་ན། ༸རྒྱལ་བ་རིན་པོ་ཆེ་ཐུགས་ཕམ་གི་རེད་ཅེས། གཞན་གྱི་ཁ་བཀག་ནས་ལོ་ངོ་འདི་ཙམ་སོང་བ་རེད། འོན་ཀྱང་ཁ་བཀག བཙོག་པ་ཚང་མར་ཐལ་བས་བཀབ་ནས་བསྡད་པའི་མཐའ་འདིར། ཕྱོགས་དང་མཚམས་ཀུན་ནས་འཐུས་ཤོར་གྱི་དཀའ་ངལ་འཕྲད་བཞིན་ཡོད། མ་སུ་རི་བོད་ཁྱིམ་གྱི་གནས་ཚུལ་འདི་ཡང་དེའི་ཁྲོད་ཀྱི་གཅིག་རེད། ད་དུང་མྱོས་རྫས་བཟའ་བ་དང་བཟི་སྨན་འཐུང་བ། ཕ་ཚབ་ཀྱིས་སློབ་ཕྲུག་ལ་བཙན་གཡེམ་བྱེད་པ་དང་གཉེར་པས་ཕྲུ་གུའི་ཟས་གྲོན་ལྐོག་ཟ་བྱེད་པ་སོགས་གནད་དོན་མང་པོ་ཉིན་རེ་བཞིན་འབྱུང་བཞིན་པ་རེད། འདི་ཚོ་བཀབ་ནས་བཞག་ན་ཡག་ས་རེད། ཚང་མའི་མདུན་ལ་བཤམས་ཏེ་གང་དགའ་ཅི་ལེགས་ཀྱི་གྲོས་བྱས་ན་ཡག་ས་རེད།
༡༢། བོད་གཞུང་འདི་ལ་ང་ཚོ་བསམ་ཡོད་ཚང་མ་ལོས་དགའ། ལོས་གཅེས། དེའི་དབང་གིས་གནས་ཚུལ་འདི་གླེང་གི་ཡོད། བོད་གཞུང་དང་བོད་མི་མང་ལ་དགའ་གཅེས་མེད་ན། གང་ཡང་མ་གོ། ཅི་ཡང་མ་ཐོས་མདོག་མདོག་བྱས་ཏེ་སྦོ་ལུག་བཅུག་ན་ཡག་ས་མ་རེད་དམ།
ཡ། ད་ཞོགས་ཇ་གཅིག་འཐུང་བར་འགྲོ་གི་ཡིན། ད་ནངས་ཞོགས་ཇ་རག་མ་བྱུང་། ཞོགས་ཇ་ཟེར་ནའང་ཉིན་གུང་གི་ཁ་ལག་དང་གཅིག་ལྕོགས་འདྲ་བོ་ཆགས་ས་རེད།
ཕྱིར་ལོག་གི་སྲིད་བྱུས་བཟུང་ཡོད་པ་བདེན་པ་རེད། དེ་ལ་ངོས་ལེན་ཡོད། ཡིན་ནའང་། ཕྱིར་ལོག་དང་མི་ལོག་གི་ཐད་ལ་རང་དབང་ཡོད་པ་རེད། དེར་བརྟེན་ད་བར་བོད་ནས་གསར་དུ་འབྱོར་བ་ང་ལྟ་བུ་ཕྱིར་ལོག་མ་བྱས་པར་བསྡད་ཡོད་པ་རེད། འདི་ཡང་ཕྱིར་ལོག་སྲིད་བྱུས་འོག་ཏུ་ཡོད་པའི་གནས་སྟངས་ཤིག་རེད།
ཡིན་ནའང་། ཐེངས་འདིའི་བྱིས་པ་ཚོར་ལྷག་པའི་གནས་ཚུལ་འདི་དེ་འདྲ་ཞིག་ལ་ངོས་འཛིན་བྱེད་ཐབས་ཡོད་པ་མ་རེད། དེ་ལ་རྒྱུ་མཚན་འགའ་ཡོད། སློབ་ཕྲུག་ཕྱིར་འབུད་བྱས་པ་དེ་ཚོ་ཕར་བལ་ཡུལ་སྣེ་ལེན་ཁང་བར་སྐྱེལ་ཚར་བ་རེད། ད་བར་ཕྱིར་ལོག་སྲིད་བྱུས་ཀྱི་འོག་ནས་བོད་གཞུང་གིས་བོད་དུ་ཕྱིར་ལོག་མཁན་ཚོར་དངུལ་གནང་གི་ཡོད་པ་བདེན་ཡང་། ཕྱིར་སྐྱེལ་གྱི་ཡོད་མ་རེད། ད་ལན་སློབ་ཕྲུག་དེ་ཚོ་ག་རེ་བྱས་ནས་སྐྱེལ་གྱི་ཡོད་རེད། ཕ་མའི་སར་སྐྱེལ་དགོས་པའི་སྒྲིག་གཞི་ལག་བསྟར་བྱས་པ་ཡིན་ཟེར་གྱི་ཡོད་རེད། ཕྲུ་གུ་དེ་ཚོའི་ཕ་མ་གང་དུ་ཡོད་པ་རེད། ཕ་མ་ཡོད་སའི་སྤྱི་ཚོགས་དེ་སུས་དབང་བསྒྱུར་ཡོད་པ་རེད། དབང་བསྒྱུར་མཁན་རྒྱ་དམར་གྱི་ལག་འོག་ཏུ་མི་ཤོར་བའི་འགན་ལེན་བོད་གཞུང་བཀའ་ཤག་གིས་བྱེད་ཀྱི་རེད་དམ། ཤེས་རིག་གིས་བྱེད་ཀྱི་རེད། མ་སུ་རི་སློབ་གྲྭས་བྱེད་ཀྱིས་རེད། སུ་གཅིག་གིས་བྱེད་ཐུབ་ཀྱི་མ་རེད་བསམ་གྱི་འདུག དེ་གཅིག་རེད།
དུས་བབ་གསར་འགྱུར་ལ་གཟིགས་དང་། སློབ་གྲྭ་དང་། བཀའ་ཤག ཤེས་རིག་སྐད་ཆ་བྱས་པ་ཡིན་ཟེར་བ་མ་གཏོགས་ཕྲུ་གུ་ལ་སྐད་ཆ་བྱས་ཡོད་མེད་ཅི་ཡང་བཤད་མེད་པ་དེས་ག་རེ་སྟོན་གྱི་འདུག སྐབས་དེར་ཕྲུ་གུའི་དེ་ཚོར་རང་དབང་ག་ཚོད་ཡོད་ས་རེད། དེ་གཉིས་ཡིན།
འགྲོ་བ་མིའི་ཐོབ་ཐང་དང་བྱིས་པའི་ཐོབ་ཐང་། དེ་བཞིན་ཁྲིམས་ལུགས་སྲུང་སྐྱོབ་བྱེད་ཀྱི་ཡོད་པའི་སྤྱི་ཚོགས་སུ་ལོ་བཅོ་བརྒྱད་བར་བཙོན་ཁང་དུ་འཇུག་གི་ཡོད་མ་རེད། ལོ་ཆེ་དྲག་པའི་རྒས་ཁོག་དང་། ཆུང་དྲག་པའི་ན་གཞོན་ལ་ཁྲིམས་ལུགས་ཀྱི་དམིགས་བསལ་གནང་གང་འཚམས་ཡོད་པ་རེད། ཐ་ན་རྒྱ་ནག་དམར་པོའི་གཞུང་གིས་ཕྱི་ལོ་ ༢༠༠༨ ཕྱི་ཟླ་ ༣ ཚེས་ ༡༠ ཉིན་འཇུས་པའི་ཁམས་དབོན་པོ་དགོན་པའི་གྲྭ་ཕྲུག་ལོ་ཆུང་དེ་ཕྱིར་མངགས་ཡོད་པ་རེད། དེ་གསུམ་ཡིན།
འདི་སླར་ཡང་བཟླས་འདོད་བྱུང་སོང་། ་་་་་་། གལ་སྲིད་ང་ཡིན་ན་ཆད་པ་ནན་མོ་ཞིག་བཅད་ནས་གཞན་དག་སྤ་ཀོང་བར་བཟོ་དགོས་པ་ལས། ཕྱིར་མི་ལྡོག་པའི་ཐག་གཅོད་འདི་འདྲས་གཞན་དག་སྤ་ཀོང་བར་འཇུག་པ་ནི་ཅུང་ཡིད་ལ་ཐད་པ་རང་མི་འདུག ་་་།
དྲ་བའི་མི་རྗེ་སྐུ་ངོ་མཆོག་ལ་ཞུ་རྒྱུར།
རང་རེའི་ཟིན་བྲིས་པའི་སྡེར་ཡོད་པའི་བོད་མི་མང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་འོད་ཟེར་མཆོག་གིས་འདིའི་སྐོར་ལ་བསམ་ཚུལ་གསར་བ་ཡིན་ལ། མདོར་བསྡུས་ཡིན་པ་ཞིག་གསུང་འདུག རྩོམ་ཐུང་དེ་འདིར་འགོད་ཐུབ་ན་དྲ་གྲོགས་ལྷན་རྒྱས་ལ་དོན་སྣང་དང་དགེ་ཕན་ཅུང་ཡོད་པ་འདྲ་བས། སྐུ་ཉིད་དེར་ཕེབས་ཏེ་མིག་བཤེར་ཙམ་བྱེད་རྒྱུ་རེ་བ་ཡིན།
རིན་ཆེན་ཚེ་རིང་ལགས།
ད་ལན་གྱི་མ་སུ་རིའི་སློབ་གྲྭའི་ཕྲུ་གུ་ཚོ་ལ་ཐག་བཅད་བྱས་པ་འདི་བཙན་བྱོལ་བོད་གཞུང་གིས་ཐག་བཅད་གཅིག་ལ་ངེས་འཛིན་བྱས་ཀྱི་མེད། གང་ཡིན་ཟེར་ན་སྤྱི་འཐུས་གྲོས་ཚོགས་ཀྱིས་མ་མཁྱེན་པའི་ཐག་བཅད་པའི་བྱ་བ་ཞིག་བཙན་བྱོལ་གཞུང་གི་ཐག་བཅད་ཤིག་ངེས་འཛིན་མེད།
བཀའ་བློན་ཁྲི་པ་དང་ཤེས་རིག་བཀའ་བློན་མ་སུ་རིའི་སློབ་གྲྭ་བཅས་ཀྱིས་ཐག་བཅད་པའི་བྱ་བ་ཞིག་ལ་ངེས་འཛིན་བྱེད་བཞིན་ཡོད།
གཅིག་ནས་མ་སུ་རིའི་སློབ་གྲྭའི་ཕྲུ་གུ་ཚོའི་ལོ་ཚོད་ལ་ལྟས་ན་འཁྲིག་པ་སྤྱོད་འོས་པ་ཞིག་རེད་མ་གཏོགས་འཁྲིག་པ་སྤྱོད་པ་དེར་ཁྲིམས་འགལ་གཅིག་ལ་བརྩི་དགོས་པ་འཛམ་གླིང་རྒྱལ་སྤྱིའི་ཁྲིམས་ལ་ཡང་མེད་སྙམ།
ཁྱེད་ཀྱིས།
《ཡང་གཅིག་བཤད་ན། རྒྱལ་སྤྱིའི་ཁྲིམས་དང་འགྲོ་བ་མིའི་ཐོབ་ཐང་གི་རྩ་དོན་ལྟར་ན། བྱིས་པ་ལ་རྒྱལ་མཚམས་ཡོད་པ་མ་རེད། ཁོང་ཚོ་གང་དུ་འགྲོ་ན་རང་དབང་རེད། དེར་བརྟེན་བོད་རིགས་བྱིས་པ་ཚོ་ཕྱིར་རང་གི་ཕ་མའི་འགྲམ་དུ་ལོག་བཅུག་པ་འདི་རྒྱལ་སྤྱིའི་ཁྲིམས་ཐོག་ནས་འགྲིག་བསྡད་ཡོད་པ་རེད།》
ཞེས་གསུངས་འདུག་ཀྱང་ཁོང་ཚོ་གང་དུ་འགྲོ་ཀྱང་རང་དབང་ཡིན་ནམ། ཡིན་ན་ཕྲུ་གུའི་ཕ་མ་རྣམས་ཀྱིས་འདོད་པ་ལྟར་བཙན་བྱོལ་བོད་གཞུང་གི་སློབ་གྲྭ་ནང་དུ་སློབ་སྦྱོང་བྱེད་པ་འགྲོ་འདོད་ཡོད་པ་མ་ཚད་བསླེབས་པ་རེད།
བསླེབས་པས་མ་ཚད་སློབ་གྲྭ་ལ་བསྡད་པ་རེད། ཡིན་ནའང་ཕྲུ་གུ་དང་ཕྲུ་གུའི་ཕ་མ་སྤུན་ཆེད་རྣམས་ལ་འདོད་པ་མེད་ས་ཕྱིར་རྒྱ་ནག་པོ་འོག་ཏུ་སྐྱེལ་བརྩི་བྱེད་བཞིན་ཡོད་པར་འདིར་བཙན་ནོན་མིན་ན་ག་རེ་རེད་དམ།
གསོག་སྒར་སློབ་གྲྭའི་སློབ་མ་དང་འཛིན་གྲྭ་ཁུངས་མ་འཁྱོལ་མཁན་བོད་ཁྱིམ་གྱི་བྱིས་པ་ཚང་མ་ཕྱིར་བོད་དུ་ལོག་དགོས་པའི་སྲིད་བྱུས་བཟུང་ཡོད་པ་བདེན་པ་རེད། ཡིན་ནའང་བཙན་དབང་མ་རེད། འདོད་མོས་རེད།
བོད་གཞུང་བཀའ་ཤག་གིས་ངེས་ནས་གསར་འབྱོར་བ་ཚོ་བོད་ལ་ཕྱིར་ལོག་བྱེད་ན་དགེ་མཚན་བརྩི་སྟངས་ནི་རང་ས་རང་གིས་བཟུང་ཐུབ་པས་ཆེད་དུ་ཡིན་ཁུལ་རེད།
ཡིན་ནའང་གསར་འབྱོར་རེ་གཉིས་བོད་ལ་ཕྱིར་ལོག་བྱས་པ་རྣམས་ཀྱིས་རང་ས་རང་གིས་བཟུང་ཐུབ་པ་ཕར་ཞོག་རང་སྲོག་ཀྱང་འགོ་ཐོན་གྱི་མེད།
དཔེར་ན། རྟའུ་ཉི་མ་གྲགས་པ་ཡང་བོད་ལ་ཕྱིར་ལོག་བྱས་ནས་རང་སྲོག་ཤོར་བ་རེད།
གསར་འབྱོར་བ་ཚོ་བཙན་བྱོལ་སྤྱི་ཚོགས་ནང་དུ་སྡོད་འདོད་ཡོད་ཀྱང་སྡོད་སའི་གཞི་ཁུངས་ཤིག་དང་འཚོ་བའི་ཡོང་ཁུངས་ཤིག་བཙན་བྱོལ་བོད་གཞུང་གིས་ངེས་ནས་གྲལ་སྒྲིག་མེད།
དེས་རྐྱེན་པས་བོད་ནས་ཕེབས་པའི་གསར་འབྱོར་བ་མི་ཉུང་བ་ཞིག་འཚོ་བ་དཀའ་ངལ་བརྟེན་ནས་བོད་དུ་ཕྱིར་ལོག་བྱས་མཁན་རེ་འགའ་བྱུང་ཡོད།
ང་ཚོས་ཅིག་བཤད་བསྡད་པ་འདི་བཙན་བྱོལ་བོད་གཞུང་དང་བཙན་བྱོལ་བོད་མིའི་བར་གྱི་འབྲེལ་བ་འགྲིག་མེད་པ་འདི་ཚོ་བཤད་བསྡད་ཡིན་མ་གཏོགས་གངས་ཅན་སྐྱིད་གཤོངས་ལ་རྡོ་དང་རྒྱུགས་པས་འཐབ་འཛིན་བྱེད་ཡོང་བསམ་པའི་སེམས་འཁྲུལ་ཁྱེད་རང་གིས་གནང་དགོས་ཀྱི་མ་རེད།
དེ་ལས་སེམས་འཁྲུལ་བྱེད་དགོས་ས་མ་སུ་རིའི་སློབ་གྲྭ་ནས་རྒྱང་འབུད་བཏང་བའི་ཕྲུ་གུ་བདག་མེད་རྣམས་རེད།
ཁྱེད་ཀྱིས་འདོད་པ་བྱེད་ན་ཕྲུ་གུ་དེ་ཚོ་ཕྱིར་བོད་ལ་ལོག་གཏོང་ན་འགྲིག་པ་འདུག་གམ། དེར་འགྲིག་གི་ཡོད་ན་ཁྱེད་ཡང་རང་མི་དགྲ་ལག་ཏུ་བཞག་མཁན་གྱི་མི་ཞིག་ངེས་ལེན་རང་བཞིན་གྱི་སླེབས་ཡོང་གི་འདུག་ཞུ།
རྭ་ལོ་རིན་ཚེ་ལགས།
༼སྤྱིར་རྒྱལ་སྤྱིའི་ཁྲིམས་ལུགས་ལྟར་ན་བཙན་བྱོལ་དུ་ཡོང་བའི་མི་རྣམས་བཙན་གནོན་བྱེད་མཁན་དེ་ལ་བཙན་ཚུགས་ཀྱིས་ཕྱིར་རྩིས་སྤྲོད་བྱེད་པའི་ལུགས་སྲོལ་མེད་ལ། དེ་ནི་བྱིས་པ་ཙམ་དུ་མ་ཟད། མི་རྒན་ཚོར་ཡང་དེ་འདྲའི་བྱ་བ་ལག་བསྟར་བྱེད་ཆོག་གི་མ་རེད། ཡང་གཅིག་བཤད་ན། རྒྱལ་སྤྱིའི་ཁྲིམས་དང་འགྲོ་བ་མིའི་ཐོབ་ཐང་གི་རྩ་དོན་ལྟར་ན། བྱིས་པ་ལ་རྒྱལ་མཚམས་ཡོད་པ་མ་རེད། ཁོང་ཚོ་གང་དུ་འགྲོ་ན་རང་དབང་རེད། དེར་བརྟེན་བོད་རིགས་བྱིས་པ་ཚོ་ཕྱིར་རང་གི་ཕ་མའི་འགྲམ་དུ་ལོག་བཅུག་པ་འདི་རྒྱལ་སྤྱིའི་ཁྲིམས་ཐོག་ནས་འགྲིག་བསྡད་ཡོད་པ་རེད།༽ འོ་ན། བྱིས་པ་འདི་དག་གི་ཕ་མ་གང་དུ་ཡོད་དམ། རྒྱ་འོག་དེ་བཙན་འོག་ཡིན་པས་ཁྱབ་བམ། གལ་སྲིད་བཙན་འོག་ཡིན་ན་བྱིས་པ་འདི་དག་རྩིས་སྤྲད་ལས་བསྐྱེད་པའི་ནག་ཉེས་ཅི་ཞིག་འབོད་དམ། དེ་ལས་ལྡོག་ནས་བཙན་འོག་མིན་ན་མི་ལོ་ལྔ་བཅུ་དྲུག་ཅུར་ཕྱི་ལོགས་སུ་བོད་མི་སྡོད་དགོས་དོན་གང་ལ་ཐུག་ཡོད་དམ།
རྭ་ལོའི་ཚིག་ལ་བདེན་པ་དང་དྲངས་ཕྱོགས་མང་བས་འདི་ལ་དགའ་བསུ་དང་རྒྱབ་སྐྱོར་ཡོད། སློབ་གྲྭའི་ཁོར་ཡུག་ནས་འདི་འདྲའི་སྤྱོད་པ་དེ་དམ་འཛིན་བྱེད་དགོས་པ་
སློབ་གྲྭ་དེ་དང་དེའི་སྒྲིག་གཞིའི་གྲུབ་ཆ་ཞིག་རེད། འོན་ཀྱང་འཁྲིག་སྤྱོད་ཀྱི་དོན་
རྐྱེན་འདི་ཡིས་རྩ་དགོང་བཏང་བ་དེ་མ་འགྲིགས་པ་ཞིག་མཐོང་སོང་། ལར་ནས་
ཕྱིར་བཏང་བ་དང་ཕྱིར་བོད་ལ་སྐྱེལ་བ་འདི་སློབ་ཕྲུག་ཚོའི་འདོད་མོས་བྱས་པ་ཡིན་ན་བརྗོད་མེད་རེད། འོན་ཀྱང་དེ་ལྟར་མ་བྱུང་ཡང་བོད་ལ་སྐྱེལ་རྩིས་བྱས་ན་
ཚིག་སྙན་པོའི་འོག་ནས་དོན་ནག་པོ་ཞིག་འཁྲབ་པ་རེད། རང་དབང་ལུང་པ་འདི་
ནས་ནག་ཉེས་སུས་བྱས་ཀྱང་ཐེར་འདོན་བྱེད་རྒྱུ་གས་ཆེན་པོར་མཐོང་།
བདག་གིས་སྔོན་མར་གསོག་སྒར་སློབ་གྲྭ་དང་ལྷག་པར་བོད་ནས་སླེབས་པའི་གཞོན་སྐྱེས་ཤེས་ཡོན་པ་དག་ལ་བོད་གཞུང་གི་ངོས་ནས་བདག་པོ་ཞིག་རྒྱག་དགོས་པའི་འབོད་སྐུལ་ཡང་དང་རིམ་པས་ཞུས་་མྱོང་། དེའི་རྒྱུ་མཚན་ནི་གཤམ་གསལ་ལྟར་ཡིན།
གསར་འབྱོར་རྣམས་བོད་ནས་སླེབས་སྐབས། བརྒྱ་ཆའི་ལྔ་བཅུའི་ཡན་ལ་དམིགས་ཡུལ་ངེས་ཅན་རེ་ཡོད། ལྷག་པར་དུ་དགྱ་ནག་གི་གཞུང་ཞབས་བྱས་པ་དག་གིས་དེ་གཡུག་ནས་ཡོང་བ་ལ་ངེས་པར་དུ་བདག་པོ་རྒྱག་དགོས་ཀྱི་འདུག དེ་མ་བྱས་པར་ཚང་མ་གསོག་སྒར་སློབ་གྲྭར་བཅུག་ནས་ལོ་ངོ་བཞི་ལ་དབྱིན་ཡིག་ཙམ་པོ་སྦྱངས་ནས་ཕྱིར་ལོག་དགོས་པ་ཐུག་དུས། བོད་གཞུང་གི་དམིགས་ཡུལ་ནི་མི་དེ་ཕྱིར་བོད་དུ་ལོག་ན་གཞིས་བཞུགས་བོད་རིགས་མི་མང་ལ་ཕན་པར་རེ་ཡོད་ཀྱང་། དོན་དངོས་ཀྱིས་དགྱ་ནག་གཞུང་གིས་དེའི་རིགས་ལ་ལྟ་རྟོག་ནན་མོ་བྱས་ནས་ལས་ཀ་སོགས་ཧ་ཅང་གིས་རེག་ཁག་པོ་ཡིན། ད་དུང་ཞོགས་དུང་གི་སྐད་ཆ་ཞིག་བཤད་ན། སྒལ་ཚིགས་མེད་པ་དག་གིས་ཁ་ཕར་འཁོར་ནས་ལྡོག་ཕྱོགས་ནས་ལས་ཀ་བྱས་ཏེ། དགྱ་ནག་ལ་ཕན་གྱི་ཡོད། དེའི་རིགས་ཀྱིས་དགྱ་ནག་གི་གསང་ཉུལ་ལས་ཀ་བྱེད་མཁན་ཡང་སྔོན་མ་ང་གསོག་སྒར་དུ་ཡོད་དུས་འཛིན་གྲྭ་གཅིག་པ་ཕ་ཡུལ་རྡོ་སྦུས་ནས་ཡིན་པ་ཞིག་ཡོད། དེས་ད་སྐབས་ཟི་ལང་ན་ལས་ཀ་དེ་ག་རང་བྱེད་ཀྱི་ཡོད། གང་ལྟར་ཕྱིར་བོད་དུ་ལོག་པའི་ཁྲོད་ཡག་པོ་འགའ་རེ་མེད་མི་སྲིད། ཆ་སྙོམས་ཀྱིས་ཡག་པོ་ཁྱོན་ནས་འབྱུང་གི་མེད།
རྡོག་རྡོག་བོད་ནས་ཡོང་སྐབས་ཀྱི་སེམས་ཤུགས་དང་རེ་བ། དམིགས་ཡུལ་་སོགས་བརྗེ་བོ་རྒྱག་དགོས་འཁེལ་བའི་ཕོ་གསར་མོ་གསར་དེ་དག་གིས་མི་ཚེའི་མཇུག་ལ་ཡང་བསྐྱར་ལམ་ཁ་ཞིག་བདམས་དགོས་ན། དེ་ནི་མི་ཞིག་གི་མི་ཚེ་ཕལ་ཆེར་འཕྲོ་ལྷག་ཏུ་བཏང་བར་མི་བརྩིའམ།
དེའི་སྟབས་ཀྱིས་མ་སི་རི་སློབ་གྲྭའི་ངོས་སམ་བོད་གཞུང་གི་ངོས་ནས་ད་རེའི་ལས་ཀ་འདི་ཞེ་དྲག་གི་ཡག་པོ་མ་རེད།་ངས་བལྟས་ན། ཕོ་གསར་མོ་གསར་དེ་འདྲ་ལ་བརྩེ་དུང་དང་འཁྲིག་སྤྱོད་ཙམ་བྱས་པར་ཁ་གཡར་ནས་ཐག་གཅོད་དེ་འདྲ་བྱེད་དགོས་དོན་མ་མཐོང་། གཙོ་བོ་སློབ་གསོ་རྒྱག་རྒྱུ་གལ་ཆེ་བར་སྙམ། གལ་སྲིད་ང་ཡིན་ན་ཆད་པ་ནན་མོ་ཞིག་བཅད་ནས་གཞན་དག་སྤ་ཀོང་བར་བཟོ་དགོས་པ་ལས། ཕྱིར་མི་ལྡོག་པའི་ཐག་གཅོད་འདི་འདྲས་གཞན་དག་སྤ་ཀོང་བར་འཇུག་པ་ནི་ཅུང་ཡིད་ལ་ཐད་པ་རང་མི་འདུག
ཕྱོགས་གཞན་ཞིག་ནས་བཤད་ན། སྤྱི་འཐུས་ཆེ་གེ་མོའི་སྙན་ཞུ་བརྒྱུད་ནས། བཀའ་ཤག་ལ་རེ་སྐུལ་ཞིག་ཞུས་པ་དེ་ཧ་ཅང་གི་ཡག་པོར་མཐོང་སོང་། ཡིན་ནའང་རྟ་རྒྱུག་ཤུལ་དང་རྡུལ་འཚུབ་ཤུལ་ཡིན་པ་ཧ་ཅང་ཕངས།
གཞོན་སྐྱེས་མི་དགུ་དེ་ད་སྐབས་བལ་ཡུལ་དུ་ཡོད་ན་ད་དུང་ཆེས་མཐར་ཐུག་གི་ཐག་གཅོད་ཅིག་ཡོད་ངེས་ཕྱིར། ད་དུང་རང་རེའི་ངོས་ནས་འདི་ལ་གླེང་སློང་ཤུགས་ཆེན་བྱེད་དགོས་པ་འདྲ། གཙོ་བོ་ཁོང་དག་ལ་མུ་མཐུད་དུ་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་ཐོབ་རྒྱུ་དེ་རེད། ང་ཚོའི་མིའི་ངོས་ནས་བཤད་ན། ཕོ་མོ་གཉིས་ཀྱིས་འཁྲིག་སྤྱོད་ཅིག་བྱས་པར་དེ་འདྲའི་ཧ་ལས་རྒྱུ་ཅི་ཡོད།
གཞུང་གི་ཐག་གཅོད་དེ་ཅུང་ལྕི་འདུག་པར་སེམས། དྲ་གྲོགས་རྭ་ལོས་བཤད་པའི་སྐད་ཆར་ཡང་བདེན་པའི་ཆ་མང་ཙམ་འདུག
རྒྱལ་ཁབ་གཅིག་ལ་ཆ་བཞག་ན་རྩ་ཁྲིམས་གལ་ཆེ་ཤོས་ཡིན་ལ་རྒྱལ་ཁྲིམས་ཡག་པོ་མེད་ན་རྒྱལ་ཁབ་ཉམ་རྒུད་དུ་འགྲོ་ངེས་ཡིན། དེ་བཞིན་དམག་དཔུང་ཞིག་ལ་ཆ་བཞག་ནའང་ངེས་པར་དམག་ཁྲིམས་དགོས།
དགོན་སྡེ་དང་ཚོགས་སྡེ་གང་ཞིག་ཡིན་རུང་ཁྲིམས་དང་སྒྲིག་གཞི་ཟེར་བ་དེ་ངེས་དུ་དགོས་ངེས་ཅན་ཞིག་རེད། དེ་བཞིན་སློབ་གྲྭ་གཅིག་ལ་ཆ་མཚོན་ན་སློབ་གསོའི་སྒྲིག་གཞི་དང་། སློབ་གྲྭའི་ཁྲིམས་ནི་ངེས་པར་དུ་སྲུང་རྩི་བྱེད་དགོས།
ཁྲིམས་དང་འགལ་ན་སུ་ཞིག་ཡིན་ཀྱང་ཕྱིར་འབུད་ངེས་པར་དུ་བྱེད་དགོས། རྒྱ་ནག་གི་མཁས་པ་སུན་ཙེས་བཤད་པ་ལྟར་བྱམས་བརྩེས་སྐྱོང་དགོས་ལ་ཁྲིམས་ཀྱིས་ཀྱང་གཅུན་དགོས། བྱམས་བརྩེས་བསྐྱངས་ནས་ཁྲིམས་ཀྱི་མ་གཅུན་ན་གཅེས་ཕྲུག་ལང་ཤོར་བ་དང་འདྲ་བས་དགོས་པའི་དུས་སུ་ཕན་མི་ཐོག་པ་ལྟར་རེད།
ཡིན་ནའང་ཕྲུ་གུ་དེ་ཚོའི་མི་ཚེའི་མདུན་ལམ་ལ་ངེས་པར་དགོངས་བཞེད་གཞན་ཞིག་བཞེད་དགོས། ས་པཎ་གྱིས་ཞབས་ཀྱིས། ཆོས་རྒྱལ་དགྲ་དང་འཕྲད་པ་ན། །ལྷག་པར་འཁོར་ལ་བྱམས་པ་སྐྱེ། །ན་བའི་བུ་ལ་ཁྱད་པར་དུ། །མ་ནི་གདུང་བ་སྐྱེ་བར་འགྱུར། །ཞེས་པ་ལྟར་རེད།