གྲྭ་བློ་བཟང་སྨོན་ལམ་ལགས་ཀྱིས་ཉི་ཧོང་གི་ཨོ་ཐ་ནེས་མཐོ་སློབ་ཁང་དང་ཀུ་ཤུ་གློག་ཀླད་བཟོ་གྲྭ་གཉིས་དང་མཉམ་འབྲེལ་ཐོག སྨོན་ལམ་བོད་ཡིག་གསུམ་པ་དེང་རབས་ཀྱི་འཕྲུལ་ཆས་གསར་པའི་སྟེང་བེད་སྤྱོད་ཀྱི་ཚོད་ལྟ་ལེགས་འགྲུབ་བྱུང་འདུག
ཕྱི་ཚེས་ ༢༤ ཉིན་གྱི་གངས་ཅན་སྐྱིད་གཤོངས་ནི་དབྱར་གྱི་ཚ་སྨུག་གིས་བཏུམས་འདུག་ལ། ང་གྲྭ་བློ་བཟང་སྨོན་ལམ་ལགས་ཀྱི་སར་ཐོན་དུས། ཁོང་ནི་རང་གིས་ཡུན་རིང་འབད་བསྒྲུབ་གནང་བའི་ལས་དོན་ཞིག་ལེགས་འགྲུབ་བྱུང་སྟེ་གདོང་ན་རྒྱལ་ཁའི་འཛུམ་མདངས་ཀྱིས་ཁེངས་འདུག བལྟས་ཚོད་ཀྱིས་ཁོང་ལ་དེ་རིང་གི་ཚ་གདུང་འདིས་ངལ་དུབ་གང་ཡང་སྟེར་གྱི་མེད་པའི་སྣང་བ་འཆར།
དེ་ཡང་ཡིན་ཏེ་ཉིན་འདི་ནི་ཁོང་གིས་ཉི་ཧོང་དུ་རྟེན་གཞི་བྱས་པའི་ཨོ་ཐ་ནེས་མཐོ་སློབ་ཁང་ Otani University དང་ཀུ་ཤུ་བཟོ་གྲྭ་ Apple Inc. གཉིས་དང་མཉམ་འབྲེལ་ཐོག་ iphone ཁ་པར་དང་ ipad དང་ ipod བཅས་སུ་རྒྱལ་སྤྱིའི་གཅིག་གྱུར་ཨང་སྒྲིག་ཐོག་ཡོད་པའི་སྨོན་ལམ་བོད་ཡིག་གསུམ་པ་ཚོད་ལྟ་ལེགས་འགྲུབ་བྱུང་སྟེ། བོད་སྐད་ཡིག་འདི་བཞིན་འཛམ་གླིང་གི་དེང་རབས་ཀྱི་ཐོན་རྫས་གསར་བའི་ནང་དུ་བེད་སྤྱོད་གཏོང་ཐུབ་པར་གྱུར་བས་ཡིན།
ཁོང་གིས་སྤྲོ་སེམས་འཁོལ་བའི་ངང་གསུངས་དོན། ཉེ་ཆར་ངས་ཉི་ཧོང་ཨོ་ཐ་ནེས་མཐོ་སློབ་ཁང་དང་ཀུ་ཤུ་གློག་ཀླད་བཟོ་གྲྭ་གཉིས་དང་མཉམ་འབྲེལ་ཐོག ཡུན་རིང་ཚོད་ལྟ་བྱས་པ་བརྒྱུད་ད་ལྟ་སྨོན་ལམ་བོད་ཡིག་གསུམ་པ་དེང་རབས་ཀྱི་ཐོན་རྫས་གསར་བ་ iphone དང་ ipad དང་ ipod བཅས་སུ་ནང་འཇུག་ལེགས་འགྲུབ་བྱུང་ཡོད་པས། འཕྲུལ་ཆས་འདིའི་རིགས་ནང་ད་ནས་བཟུང་བོད་ཡིག་བེད་སྤྱོད་གཏོང་རྒྱུར་དཀའ་ངལ་གང་ཡང་མེད་ཅེས་དང་། མཉེན་ཆས་དེ་དག་ནང་བོད་ཡིག་ལེགས་འགྲུབ་བྱུང་སྟབས། རྗེས་ཕྱོགས་ iphone ཁ་པར་ནང་ཡིག་ཆ་བསྔོག་པ་དང་དྲ་རྒྱ་བསྔོག་པ། ཡིག་ཆ་ཡར་མར་ཕབ་ལེན་བྱེད་པ་སོགས་བྱེད་ཐུབ་ཀྱིན་ཡོད། དེར་བརྟེན་དེས་གློག་ཀླད་ལྟར་བོད་ཡིག་དྲ་རྒྱ་སོགས་སྤྱོད་རྒྱུར་ཧ་ཅང་གི་སྟབས་བདེ་བོ་ཆགས་ཡོད་པས། སྤྱི་ཡོངས་ཀྱི་ཆ་ནས་འདིས་མ་འོངས་པར་ང་ཚོར་ཕན་ཐོགས་ཆེན་པོ་ཡོང་གི་རེད། ཅེས་གདེང་ཚོད་ཆེན་པོས་གསུངས།
ཡིན་ནའང་། ཁོང་གིས་དེང་སྐབས་གོང་གསལ་ཐོན་རྫས་དེ་དག་བོད་སྤྱི་ཚོགས་སུ་ད་དུང་དེ་ཙམ་གྱིས་ཁྱབ་རྒྱ་ཆེན་པོ་མིན་སྟབས། བོད་མི་ཚང་མས་བེད་སྤྱོད་གཏོང་ཐུབ་མིན་ཐད་ད་དུང་དུས་ཡུན་གང་འཚམ་འགོར་སྲིད་པའི་ཚོད་དཔག་གནང་གི་འདུག
ཁོང་གིས་མུ་མཐུད་དེ་གསུངས་དོན། གནས་སྐབས་རིང་བོད་མི་ཚོས་ཐོན་རྫས་གསར་བ་འདི་དག་བེད་སྤྱོད་གཏོང་ཐུབ་མིན་བཤད་ཁག་པོ་རེད། ཡིན་ནའང་། རིམ་གྱིས་བོད་མི་ཚོས་ཐོན་རྫས་འདིའི་རིགས་སྤྱོད་རྒྱུར་ཧ་ཅང་གལ་ཆེན་པོར་ཆགས་ཡོད། ལྷག་པར་དུ་ ipad ལྟ་བུར་མཚོན་ན་འཛམ་གླིང་ནང་སྐད་གྲགས་ཆེ་བའི་ཐོན་རྫས་གསར་ཤོས་ཀྱི་ཅ་ལག་རེད། དེར་བརྟེན་དེའི་ནང་དུ་བོད་ཡིག་ཏག་ཏག་ཅིག་བེད་སྤྱོད་གཏོང་ཐུབ་ཚེ་བོད་སྐད་ཡིག་ཐད་ནས་དགེ་མཚན་ཆེན་པོ་ཡོང་གི་རེད་ཅེས་གསུངས། དེས་ནི་ཁོང་གིས་ད་བར་སྨོན་ལམ་བོད་ཡིག་དང་པོ་དང་གཉིས་པ། གསུམ་པ། གཞན་ཡང་སྨོན་ལམ་བོད་ཀྱི་ཐུན་མོང་སྐད་གདངས་སོགས་རིམ་བཞིན་བཟོས་ཏེ། བོད་སྐད་ཡིག་འདི་ཡང་འཛམ་གླིང་གི་རྒྱལ་ཁབ་གཞན་ཁག་གི་སྐད་ཡིག་དང་དཔུང་པ་མཉམ་གཤིབ་བྱ་ཐུབ་པའི་སྐད་ཡིག་ཅིག་ཆགས་རྒྱུར་འབད་བརྩོན་གནང་གིན་ཡོད་སྟབས། བོད་སྐད་ཡིག་ལ་བཅངས་པའི་དུང་ཞེན་མཚོན་འདུག
གང་ལྟར་འདི་ནི་ཁོང་གིས་ལོ་སྔོན་མའི་ལོ་མགོར་སྨོན་ལམ་བོད་ཡིག་གསུམ་པ་དང་སྨོན་ལམ་བོད་ཀྱི་ཐུན་མོང་སྐད་གདངས་གཉིས་བཟོ་སྐྲུན་ལེགས་འགྲུབ་བྱུང་རྗེས། བོད་སྐད་ཡིག་འདི་བཞིན་རྒྱལ་སྤྱི་རང་བཞིན་ཅན་དང་དུས་རབས་རང་བཞིན་ཅན། དེང་རབས་ཀྱི་ཐོན་རྫས་ཆེས་གསར་བའི་བརྡ་འཕྲིན་རིགས་སུ་བེད་སྤྱོད་བྱེད་རྒྱུའི་བྱ་བ་ཧུར་ཐག་གིས་བསྒྲུབས་ཏེ། ལེགས་འགྲུབ་བྱུང་བ་ཐོག་མ་དེ་ཆགས་ཡོད།
ཁོང་གིས་ད་དུང་། གོང་གསལ་ཐོན་རྫས་དེ་དག་ནང་དུ་སྨོན་ལམ་བོད་ཡིག་ཙམ་མིན་པར་མི་རིང་བར་ལེགས་འགྲུབ་འབྱུང་ལ་ཉེ་བའི་སྨོན་ལམ་ཚིག་མཛོད་ཀྱང་རིམ་གྱིས་འཇུག་གཏན་འཁེལ་ཡོད། ཅེས་གསུངས།
སྨོན་ལམ་ཚིག་མཛོད་ཆེན་མོ་ནི་ལོ་སྔོན་མའི་ཟླ་ ༧ ནས་མགོ་བརྩམས་ཏེ་ད་བར་ལོ་གཅིག་རིང་བསྒྲིགས་པའི་དབྱིན་བོད་ཚིག་མཛོད་ཅིག་ཡིན་ལ། དེའི་ནང་དུ་བོད་དབྱིན་ཚིག་མཛོད་ ༼ བོད་དབྱིན་ཚིག་མཛོད་རྐྱང་པ་ ༽ དང་དབྱིན་བོད་ཚིག་མཛོད་ ༼ བོད་ཡིག་གི་ནང་དོན་དབྱིན་ཡིག་ནང་ཡོད་པ་ ༽ བོད་དབྱིན་ཚིག་མཛོད་ ༼ དབྱིན་ཡིག་གི་ནང་དོན་བོད་ཡིག་ནང་ཡོད་པ་ ༽ ། གསར་བྱུང་ཚིག་མཛོད་སོགས་ཡོད་ལ། ཚིག་མཛོད་དེའི་ནང་བོད་དབྱིན་གྱི་ཐ་སྙད་ཉིས་འབུལ་ལྷག་ནང་འཇུག་བྱེད་བཞིན་པ་དང་། ཚོད་དཔག་བྱས་པ་ལྟར་ན་འདི་ལོའི་ལོ་མཇུག་བར་དུ་དངོས་སུ་སྤྱི་ཚོགས་ཁྲོད་དགྲམ་ཐུབ་པ་བྱུ་རྒྱུ་ཡིན་འདུག
ཁོང་གིས་ཚིག་མཛོད་འདི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ལ་སྤྱན་འབུལ་ཞུས་པ་མ་ཟད། ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་༧གོང་ས་མཆོག་ལའང་སྤྱན་འབུལ་ཞུས་ཡོད་འདུག་ལ། མི་རིང་བར་ཚིག་མཛོད་འདིའི་སྐོར་ལ་བཙན་བྱོལ་གྱི་མཁས་དབང་ཁག་ཅིག་གདན་ཞུས་ཀྱིས་བགྲོ་གླེང་དང་གྲོས་བསྡུར་བྱ་རྒྱུ་ཡིན་པ་དང་། དེ་ལྟར་བྱེད་དོན་ཚིག་མཛོད་འདི་ང་མི་སྒེར་བ་ཞིག་གི་ལྟ་བ་དང་ལངས་ཕྱོགས་ཙམ་མིན་པར། ཡོངས་གྲགས་ཅན་ཞིག་ཏུ་ཆགས་ཐུབ་ཆེད་ཡིན་ཞེས་གསུངས།
ཚིག་མཛོད་དེའི་ཁྱད་ཆོས་གཙོ་བོ་བོད་ཡིག་གི་མིང་ཚིག་ཅིག་གི་གོ་དོན་བཙལ་སྐབས། ཚིག་དེའི་གོ་དོན་བཙལ་བདེ་བ་དེ་ཡིན། དཔེར་ན། ༼ གྲངས་ ༽ ལྟ་བུ་ཞིག་འཚོལ་བཤེར་བྱེད་སྐབས། གྲངས་ཞེས་པའི་བོད་ཡིག་དེ་དབྱེ་འདེམས་ Select བྱས་རྗེས། བོད་དབྱིན་གང་གི་ནང་དུ་ཚིག་དེའི་གོ་དོན་བཙལ་དགོས་ནའང་། བོད་ཡིག་གི་གོ་དོན་དགོས་ན་བོད་ཡིག་སྟེང་ནས་འདེགས་གནོན་དང་། དབྱིན་ཡིག་གི་གོ་དོན་དགོས་ན་དབྱིན་ཡིག་སྟེང་ནས་འདེགས་གནོན་བྱས་རྗེས། གྲངས་ཞེས་པའི་ཚིག་གི་གོ་དོན་རང་ཤུགས་ཀྱིས་བཙལ་ཡོང་བ་དེ་རེད། དེ་བཞིན་ཚིག་མཛོད་འདིའི་སྟེང་དུ་གདམ་ག་ཞེས་པ་ཞིག་ཡོད་ཅིང་། དེའི་སྟེང་ནས་ཡིག་གཟུགས་ཆེ་ཆུང་རང་གིས་གང་འདོད་ལྟར་བསྒྲིག་ཆོག་པར་མ་ཟད། རྒྱབ་ལྗོངས་ཀྱི་ཚོན་མདོག་སོགས་ཀྱང་རང་གིས་གདམ་ཆོག
མཇུག་མཐར་ཁོང་གིས། ང་ཚོས་དེང་རབས་ཀྱི་འཕྲུལ་ཆས་གསར་བའི་རྗེས་ཟིན་ཐུབ་པ་བྱ་རྒྱུ་གལ་ཆེན་པོ་ཡིན་སྟབས། ཐེངས་འདིའི་ཚོད་ལྟ་ལེགས་འགྲུབ་འདི་ང་ཚོས་དེང་རབས་ཀྱི་འཕྲུལ་ཆས་གསར་བའི་རྗེས་ཆོད་རྒྱུའི་ཐེམ་སྐས་དང་པོ་བརྒལ་ཟིན་པའི་དཔེ་མཚོན་ལྟ་བུ་རེད་ཅེས་གསུངས།
གྲྭ་བློ་བཟང་སྨོན་ལམ་ལགས་ལོ་སྔོན་མར་ཉི་ཧོང་ནང་རྟེན་གཞི་བྱས་པའི་ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་བཟོ་གྲྭ་དང་། ཨོ་ཐ་ནེས་མཐོ་སློབ་ཁང་གཉིས་སུ་ཆེད་ཕེབས་ཀྱིས་ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་ནང་། རྒྱལ་སྤྱིའི་གཅིག་གྱུར་ཨང་སྒྲིག་ཐོག་ཡོད་པའི་སྨོན་ལམ་བོད་ཡིག་གསུམ་པ་ལྡུག་རྒྱུར་མཉམ་འབྲེལ་གནང་སྟེ། ཕྱི་ལོ་ ༢༠༡༡ ལོ་ནས་བཟུང་ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་ནང་སྨོན་ལམ་བོད་ཡིག་རང་ཆས་སུ་ཡོད་པ་བྱ་གཏན་འཁེལ་ཡོད་པ་དང་། ཐེངས་འདིར་ཁོང་གིས་གོང་གསལ་ཐོན་རྫས་གསར་བ་དག་ཏུའང་སྨོན་ལམ་བོད་ཡིག་གསུམ་པ་ཚོད་ལྟ་ལེགས་འགྲུབ་བྱུང་སྟེ། འབྱུང་འགྱུར་གྱི་ལོ་ཟླའི་ནང་བོད་མི་རྣམས་ཀྱི་རང་རང་གི་ལག་ཁྱེར་ཁ་པར་ལས་བོད་ཡིག་གི་དྲ་རྒྱ་སྔོག་པ་དང་ཡིག་ཆ་ཉར་ཚགས་བྱེད་པ་སོགས། བོད་ཡིག་བཀོལ་སྤྱོད་བྱེད་པ་སོགས་ལ་དཀའ་ངལ་མེད་པ་བྱ་རྒྱུ་ཡིན་འདུག
ཡང་ཁོང་གིས། དེང་སྐབས་ད་དུང་གོང་གསལ་ཚོགས་པ་གཉིས་དང་ང་ཚོས་མི་རིང་བར་ལེགས་འགྲུབ་འབྱུང་བ་ཉེ་བའི་སྨོན་ལམ་ཚིག་མཛོད་ཆེན་མོ། ཀུ་ཤུ་རྟགས་ཅན་གྱི་གོང་གསལ་ཐོན་རྫས་སོགས་ཀྱི་ནང་དུ་རང་ཆས་སུ་སྒྲིག་རྒྱུར་འབད་བརྩོན་བྱེད་ཀྱིན་ཡོད་ལ། གོང་གསལ་ཚོགས་པ་གཉིས་ཀྱིས་སྨོན་ལམ་ཚིག་མཛོད་ཆེན་མོར་དམིིགས་བསལ་གྱི་ཐུགས་སྣང་གནང་གི་འདུག་ཅེས་གསུངས།
འདི་ལྟར་སྤྱིར་བཏང་བའི་གྲྭ་རྐྱང་དཀྱུས་མ་ཞིག་གི་གནས་བབ་ནས་དེང་རབས་ཀྱི་ཚན་རིག་པ་ཞིག་ཏུ་གྱུར་བའི་གྲྭ་བློ་བཟང་སྨོན་ལམ་ལགས་ཀྱིས། ཕྱོགས་སྣ་སྒོར་མོ་ནས་བོད་སྐད་ཡིག་འདི་བཞིན་བརྡ་འཕྲིན་དུས་རབས་ཀྱི་རྗེས་ཆོད་རྒྱུར་རླབས་ཆེ་ཞིང་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་བྱ་བཞག་བསྐྱངས་དང་སྐྱོང་བཞིན་པ་ཡིན་ལ། ཁོང་གིས་ད་དུང་མ་འོངས་པར་བོད་དབྱིན་ཡག་པོ་ཡོད་པའི་ལས་རོགས་པ་བྱུང་ན། ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་ནང་གི་མཉེན་ཆས་ཡོད་ཚད་བོད་ཡིག་ཐོག་བཟོ་ཐུབ་པ་བྱ་རྒྱུའི་དམིགས་འདུན་ཡང་བཅངས་འདུག
གསར་འགོད་པ། ཨ་རིག་འགྱུར་མེད།
དུས་ཀྱི་དགོས་མཁོས་གསུངས་པ་ཤིན་ཏུ་བདེན།
མཐོ་སློབ་མིང་ཙམ་ཡིན་པའི་བུ་ཆུང་ངས།
ཁྱེད་ཀྱི་བཀའ་མོལ་རྙིང་གི་བུ་གར་བཟུང་
བྷོ་ཊ་གཉིས་པ་སྨོན་ལམ་མཆོག་གི་མཛད།
རྗེས་སུ་ཡིད་རངས་སློབ་སྦྱོང་ཞུ་རྒྱུ་ཡིན།།
འདི་ཤིན་ཏུ་བཟང་གི
ཨ་ཁུ་སྨོན་ལམ་ལགས། ཐུགས་རྗེ་ཆེ། ཁྱོད་ཀྱིས་བོད་ལ་བྱས་རྗེས་ཆེན་པོ་བཞག་སོང་། ད་དུང་མུ་མཐུད་ནས་ཡར་རྒྱས་གཏོང་རོགས། ཁྱོད་དང་ཁྱོད་འདྲ་བ་མང་པོ་འབྱུང་བ་དང་དེ་ཡང་འུ་ཅག་རྔ་བའི་ཡུལ་དུ་སྐྱེ་བའི་སྨོན་ལམ་འདེབས། ཨ་ལ་ཀུ་རེ་ཡིན། ཁྱེད་ཀྱི་བྱ་བ་ལམ་ལྷོང་ཡོང་བར་ཤོག བཀྲ་ཤིས་བདེ་ལེགས།
རྒན་བློ་བཟང་སྨོན་ལམ་ལགས། ཁྱེད་ནས་དཀའ་བ་ཁྱད་བསད་ཀྱི་སྨོན་ལམ་བོད་ཡིག་དེང་དུས་རིག་གསར་འཕྲུལ་ཆས་ནང་བེད་སྤྱོད་གཏང་ཐུབ་པ་ནི་ལས་སླ་བོ་ཞིག་མ་ཡིན་པས། ཁྱེད་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
རྗེས་appleགློག་ཀླད་ནང་སྨོན་ལམ་བོད་ཡིག་འཇུག་སྐབས་འཛུབ་བསྣོན་ལ་འདམ་ཀ་ཡོད་པ་ཞིག་བཟོ་ཐུབ་པའི་རེ་སྐུལ་ཞུ་
དྲ་གྲོགས་རྣམས་པ་སྐུ་ཁམས་བཟང་། གུས་པས་བོད་མི་རིགས་ཀྱི་ཆེད་དུ་ལས་ཀ་ཅུང་ཙམ་ལས་ཁུལ་བྱས་པར་རྒྱབ་སྐྱོར་གནང་བ་སྙིང་ནས་ཐུགས་རྗེ་ཆེ་ཞུ། གསལ་བཤད་དགོས་པ་ཞིག་ལ་གུས་པའི་ལས་ཀ་འདི། གསར་འབྱོར་དང་རྙིང་འབྱོར། ཆོལ་ཁ་ཆོས་ལུགས། རིག་གསར་རིག་རྙིང་། གཞུང་དང་སྒེར། རྒན་པ་གཞོན་པ། ཆོས་དང་ཆབ་སྲིད། སེར་མོ་དང་སྐྱ་བོ་སོགས་འཐེན་འཆེར་ཡོང་ཆེད་བཟོས་པ་ཞིག་གཏན་ནས་མིན། ཁྱེད་རྣམས་ཀྱིས་ཀྱང་རྒྱབ་སྐྱོར་གནང་ནའང་རེད། ངོ་རྒོལ་བྱེད་ཀྱང་རུང་། གང་ལྟར་གོང་གི་ཕྱོགས་ལྷུང་རིགས་སུ་མ་སོང་བར་བོད་མི་ཞིག་གི་ཆ་ནས་ཅིས་ཀྱང་གནང་རོགས་གནང་། དེ་མིན་གུས་པའི་ལས་ཀ་འདི་རྩོད་གཞི་ཞིག་གི་ངོ་བོར་སོང་ཚེ། ཕན་ལས་གནོད་ཆེ་བས་དགོངས་པ་བཞེས་རོགས་གནང་། ཅེས་འབོད་སྐུལ་ཞུ་བཞིན་ལགས།
གསར་འབྱོར་བ་གྲྭ་རྐྱང་འདིས། ལྕགས་རྟ་ཞོན་མི་ཤེས་པའི་དུས་རབས་ལས་བརྒལ་ཏེ་དེང་རབས་སྔོན་མཐོན་ཚན་རྩལ་གྱི་དོ་ར་འདིར་བོད་མི་ཚོར་མིག་ཟུང་གསར་བ་ཞིག་དང་རེ་བས་ཁེངས་པའི་མ་འོངས་པའི་མདུན་ལམ་ཡངས་པོ་ཞིག་ལྟན་འདུག་པས། བྱིས་པར་འཇིགས་སྣང་སྐུལ་བྱེད་ཀྱི་་་གསར་འབྱོར་སླེབ་སོང་ད་་་་་ཞེས་པའི་ཚིག་ཐུང་འདིར་གསར་བརྗེ་ཐེངས་ཅིག་བྱས་ཡོད་པའི་ཡིད་ཆེས་ཡོད། ཐུགས་རྗེ་ཆེ་ཨ་ཁུ་སྨོན་ལམ།
སྐུ་ཞབས་སྨོན་ལམ་ལགས་ལ་བཀྲ་ཤེས་བདེ་ལེགས་ཞུ་བ་དང་ཆབས་ཅིག་ཏུ་རྒན་གྱི་ལོ་དུ་མའི་རིང་ལ་དཀའ་བ་ཁྱད་དུ་བསལ་ངལ་བ་དང་དུ་བླང་བའི་གྲུབ་འབྲས་མངོན་དུ་གྱུར་བ་ལ་སྙིང་ཐེག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་རྒན་གྱི་མ་འོང་དམིག་འདུན་དང་ལས་འཆར་ཅི་ཡོད་ཐམས་ཅད་ཅི་བསམ་ལྷུབ་གྱིས་འགྲུབ་པ་དང་མཚན་སྙན་འཛམ་གླིང་ཡོང་ལ་ཁྱབ་པ་དང་བོད་ཀྱི་ཡི་གེ་ལ་འཛམ་གླིང་གོ་ལ་ཧྲིལ་བོའི་ལོངས་སུ་སྤྱོད་ཐུབ་པའི་སྨོན་འདུན་ཞུ
ཨ་ཁུ་བློ་བཟང་སྨོན་ལམ་ལགས་ཀྱིས་རླབས་ཆེན་གྱི་བྱས་རྗེས་རེ་རེ་ལ་ཁ་ཞེ་གཉིས་མེད་ཀྱི་སྒོ་ནས་བསྔགས་བརྗོད་དང་རྗེས་སུ་ཡི་རངས་ཞུ་བ་ཆབས་ཅིག་མ་འོངས་པའི་འཆར་གཞི་རྣམས་ལམ་འགྲོ་དང་ལེགས་འགྲུབ་ཡོང་བས་སྨོན་འདུན་བཅས།
ཨ་ཁུ་སྨོན་ལམ་ལགས། ཐུགས་རྗེ་ཆེ། ཁྱེད་ཀྱི་བྱ་བ་ལེགས་གྲུབ་བྱུང་བར་རྟེན་འབྲེལ་ཞུ་རྒྱུ་དང་། མ་འོངས་པར་ཡང་འདི་ལྟ་བུའི་ལེགས་སྐྱེས་གང་མང་ཞིག་བསྣམས་ཡོང་བར་ཡིད་ཆེས་ཡོད།
ཨ་ཁུ་སྨོན་ལམ་ལགས། ཁྱེད་ལ་བཀའ་དྲིན་ཆེ་ཞུ།
སྐུ་ཞབས་བློ་བཟང་སྨོན་ལམ་ལགས་་་་་་་་་
ཁྱེད་ཀྱི་ལོ་མང་རིང་དཀའ་སྡུག་གི་ངལ་བ་འབུམ་ཁྲག་དགོང་ལན་བྱས་པར་
དེ་རིང་གྲུབ་འབྲས་ཀྱི་རྒྱལ་ཁ་ཐུབ་པའི་ཉིན་མོ་ཞིག་ཏུ་ངས་ངོས་འཛིན་བྱེད་ནས
དེང་རབས་ལ་མོས་པ་ཅན་ཐམས་ཅད་ཀྱི་འཚབས་བྱེད་དེ་བཀྲིས་བདེ་ལེགས་ཞུ།།
སྨོན་ལམ་ལགས་ཁྱེད་ནི་དངོས་གནས་བོད་ལ་དུང་བའི་བོད་མི་འཁྲུལ་མེད་ཞིག་རེད་འདུག་པས་ངས་ཁྱེད་ཀྱི་མཛད་རྗེས་རྣམས་ལ་དགའ་གུས་ཞུ་བཞིན་ཡོད་ཐུགས་རྗེ་ཆེ།
i phon ཐོག་བོད་ཡིག་ཡོད་པའི་གཏམ་བཟང་དེའི་སྐོར་ཞིབ་ཕྲ་ཞིག་གསུངས་རོག་གནང།
དངོས་གནས་གཏམ་བཟང་དང་བྱས་རྗེས་ཆེན་པོ་རེད། ཁོང་ལ་ཐུགས་རྗེ་ཆེ་དང་བཀྲིས་བདེ་ལེགས་ཡོད། མ་འོངས་འོང་རྒྱུར་བསྡད་པའི་ཅ་དངོས་གསར་བ་དེ་དག་རིགས་འདྲ་བའི་iphone སོགས་སུ་སྨོན་ལམ་བོད་ཡིག་གསར་འཇུག་བྱེད་ཨེ་ཐུབ། ད་དུང་རེ་བ་ཞིག་ལ་སྨོན་ལམ་ཚིག་མཛོད་ཆེན་མོའི་ལས་གཞི་མཇུག་བསྒྲིལ་གྱི་མེད་ན། ཚིག་མཛོད་དེར་བོད་ལུགས་གསོ་རིག་སྐོར་གང་མང་འཇུག་འགོད་བྱ་ཐུབ་ན་ཧ་ཅང་གིས་དགེ་ཕན་ཆེ། ཚིག་མཛོད་གསར་རྩོམ་གནང་དགོས་མེད་པར། གཡུ་ཐོག་དགོངས་རྒྱན་དང་། གསོ་རིག་ཚིག་མཛོད་ཆེན་མོ་སོགས་གསོ་རིག་སྐོར་གྱི་ཚིག་མཛོད་ཁག་ཅིག་སྨོན་ལམ་ཚིག་མཛོད་ཆེན་མོའི་མཛེས་རྒྱན་ལྟ་བུར་འགོད་ཐུབ་པའི་རེ་བ་ཆེ།
བོད་ནས་ཐོན་པའི་བློ་བཟང་Ebook ནང་གསོ་རིག་སྐོར་ཧ་ཅང་དཀོན་པོ་རེད། ད་དུང་ནང་ཆོས་སྐོར་གྱི་ཚིག་མཛོད་སྤུས་དག་རེ་ཡང་ཚིག་མཛོད་སྔར་ཡོད་བཞིན་སྣོན་འཕྲི་དང་བཅོས་བསྒྲིགས་གང་ཡང་མེད་པར་སོར་འཇོག་གནང་ན་དངོས་གནས་ཕན་ཆེ་བས་དེ་ལུགས་དགོངས་འཇགས་མཁྱེན་ཅེས་ཞུ་བ་ཆབས་གཅིག་སྤྱི་སྒེར་ཀུན་གྱིས་ཁོང་གི་ལས་གཞི་འདིར་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་རྣམ་དག་བྱེད་པའི་རེ་བ་སྙིང་ནས་ཞུ།
ཚ་རླབས་ཀྱིས་མྱུར་བསྐྱོད་ཆེ་བའི་དེང་རབས་གོམ་འགྲོས་དང་བསྟུན་ཏེ། མཁོ་དགུ་སྐྲུན་ནུས་པའི་ངའི་གྲོགས་པོ་གྲྭ་སྨོན་ལམ་ལགས། ཁྱེད་ཀྱི་རླབས་ཆེན་གྱི་བྱ་བཞག་ལ། ངས་སྙིང་ནས་ཐུགས་རྗེ་ཆེ་དང་བཀྲ་ཤིས་བདེ་ལེགས་གྲངས་མེད་ཡོད། ད་དུང་གུས་པའི་རེ་བར། ཨ་ཡེ་ཁ་པར་ཙམ་མ་ཟད། ཐོན་གསར་བའི་ཁ་པརརིགས་ཕལ་ཆེར་ལ་དབྱིན་ཡིག་ནང་བཞིན་བོད་ཡིག་འབྲི་འཇུག་བྱེད་ཐུབ་པའི་རེ་བ་ཤིན་ཏུ་ཆེ། གང་ཡིན་ཞེ་ན། གུས་པས་ཉེ་ཆར་ཁ་པར་༼ན་༩༧ ནོ་ཀེ་ཡ༽ ཞིག་ཉོས་ཚར་ཙམ་ཡིན། གལ་སྲིད་ཁྱེད་ཀྱིས་བདུན་ཕྲག་ཁ་ཤས་སྔོན་བཟོས་གནང་ཡོད་ན། གུས་པས་ཨ་ཡེ་ཁ་པར་ཞིག་ཉོ་ས་རེད། ཡིན་ན་ཡང་ད་ལྟ་ཚར་ཚར་བ་རེད། ཧ་ཧ་ཧ་ཧ་
༄༅ ། ། བློ་བཟང་ལགས་དངོས་གནས་ཐུགས་རྗེ་ཆེ། བོད་པའི་ཕོ་གསར་ཡིན་མདོག་མདོག་བྱེད་མཁན་དེ་ཚོ་མཐོ་སློབ་དང་སློབ་ཆེན་སོགས་ག་ཚོད་འགྲིམས་ཀྱང་ཁོང་དང་འདྲ་བ་ཞིག་མི་ཡོང་བ་རྒྱུ་རྐྱེན་གང་ལ་ཐུག་གམ། ད་ཡིན་ན་སྒོར་མ་ཉུང་ཡང་ iPhone ཞིག་ཉོས་རྒྱུ་རང་ཡིན། མཉེན་ཆས་དེ་ཁ་པར་ཀུནད་ནང་ནང་འདྲེན་བྱ་ཐུབ་པ་ཞིག་བཟོ་ཐུབ་ན་དེ་བས་བཟང་བ་ལ།
ཨ་རོ་སྨོན་ལམ་ཁྱོད་ངོ་མ་ངར་གི ཁྱོད་ངོ་མ་དེང་སང་གི་བོད་གངས་ཅན་གྱི་ཐོན་མི་སམ་པོ་ཊ་ངོ་མ་ཞིག་རེད། སྙིང་ཐག་པ་ནས་བཀའ་དྲིན་ཆེ་དྲིན་ཆེན་པོ།
རྒན་སྨོན་ལམ་ལགས་ཀྱི་སྐུ་ཁམས་གསལ་ཐང་དང་འདོད་དོན་མཐའ་དག་འགྲུབ་པའི་སྨོན་འདུན་ཡོད།
ཨ་ཨ་ཨ་དངོས་གནས་ཡ་མཚན་ཞིག་རེད། བོད་ཕྱི་ནང་གི་ཚན་རིག་པ་སྐྱ་སེར་མང་པོ་ཞིག་ཡོད་པ་ཚོས་འདི་འདྲ་གནང་ཐུབ་ན་ག་འདྲ་ཡག་པོ་ཡོད་པ་རེད།
བོད་རྒྱལ་ཁབ་ཀྱི་ཆེད་དུ་མི་བུ་ཁྱེད་ལྟར་བུ་གང་མང་མང་ཡོད་ན་དགའ་བ་ལ། ཁྱེད་བཀའ་དྲིན་ང་ཚོས་ནམ་ཡང་བརྗེད་མི་སྲིད།
ཐུགས་རྗེ་ཆེ་ཞུ།
ཨ་ཁུ་སྨོན་ལམ་ལགས་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཁོང་གི་ལས་དོན་རྣམས་ལམ་ལྷུང་ཡོངས་བས་སྨོན་འདུན་གྲངས་མེད་བཅས། ཁོང་གི་དཀའ་དྲིན་ལས་ངའི་གློག་ཀླད་ནང་དུ་བོད་ཡིག་བྲིས་ཤེས་ཙམ་བྱུང།
༧གོང་ས་མཆོག་གིས་བོད་རིགས་རིགས་གཅིག་རྐང་འཛིན་དགོས་འདུག་གསུངས་པ་དེ། འདི་འདྲ་ལ་མི་གོའམ་རྗེས་སུ་ཡི་རང་ཞུ་བ་དང་བཅས།
བློ་བཟང་སྨོན་ལམ་ལགས་ཀྱི་ལས་དོན་ཞིག་ལེགས་གྲུབ་བྱུང་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བ་དང་ཆབས་ཅིག་མ་འོངས་པའི་ཁོང་གི་ལས་གཞི་རྣམས་ལམ་འགྲོ་ཡོང་ཐུབ་རེ་དང་། ཐུབ་ངེས་ཀྱི་ཡིད་ཆེས་གཉིས་ཀ་ཡོད་པས་རང་རེའི་གཞུང་མང་ཡོངས་ཀྱིས་ཁོང་ལ་དགོས་ངེས་ཀྱི་རྒྱབ་སྐྱོར་ངེས་པར་དུ་གནང་རྒྱུ་ནི་གལ་ཆེ་དོན་ཆེན་ཞིག་ཏུ་སེམས།
་ཨ་ཁུ་སྨོན་ལམ་ལགས་
ཁ་དྲོ་བཀྲིས།་ངོ་མ་དགའ་ནི་ཞིག་རེད
ད་ཡིན་ན་ཀུ་ཤུ་རྟགས་ཅན་ཞིག་ལ་ཉོ་ཐག་ཆོད་ཡིན།་
སྨོན་ལམ་ལགས་བཀྲ་ཤིས་བདེལེགས་ཞུ་ཞཱུ་ཞཱུ །།།
རང་གི་རྒྱལ་ཁབ་ལ་བརྩེ་ཞིང་ལྷག་བསམ་དང་རྣམས་སྤྱོད་ལྡན་པའི་གྲྭ་བློ་བཟང་སྨོན་ལམ་ལགས་ཁྱེད་ལ་གུས་པའི་ཐུགས་རྗེ་ཆེ་ཞུ་ཞུ་་་་་་་ཁྱེད་ལ་བྱ་བ་ལམ་འགྲོ་ཡོངས་བ་སྨོན་
ད་ལྟ་ནས་ཨ་ཡེ་ཁ་པར་ནང་བོད་ཡིག་བེད་སྤྱོད་ཐུབ་ཀྱི་རེད་པས།
ཨེ་མ། ལྷག་བསམ་དང་ཤེས་རབ་ཀྱིས་ཕྱུག་པའི་མཁས་པ་བློ་བཟང་སྨོན་ལམ་མཆོག་་གི་མཛད་རྗེས་ལ། སྙིང་ནས་དགའ་བས་བསྟོད་བསྔགས་དང་འབྲེལ་་ཐུགས་རྗེ་ཆེ་ཞུ།
ཁྱེད་ཀྱིས་ཕུལ་བྱུང་རྣམ་དཔྱོད་ལས་བྱུང་བའི་སྨོན་ལམ་བོད་ཡིག་མཉེན་ཆས་སོགས་ཀྱི་ཕྲིན་ལས་ཀྱིས། ད་ལྟ་ཉམས་དམའ་བའི་བོད་ཀྱི་སྐད་ཡིག་འདི་ཉིད་འཛམ་གླིང་གི་རྒྱལ་ཁབ་གཞན་དག་གི་སྐད་ཡིག་དང་དཔུང་པ་མཉམ་གཤིབ་ཐུབ་པའི་སྐད་ཡིག་གི་ལམ་ཆེན་ཞིག་ཏུ་ཁྲིད་བཞིན་འདུག་པས། ཁྱེད་ཀྱིས་ཅི་འདྲའི་དགའ་འོས་པའི་བྱ་བ་རླབས་ཆེན་བྱས་དང་བྱེད་བཞིན་པ་ལ། ཁོ་བོས་ཁ་ཙམ་མིན་པའི་ཡི་རང་གི་མེ་ཏོག་ཕྱོགས་དུས་ཀུན་ནས་འབུལ་ངེས་ཡིན་ལ་དགའ་བཞིན་སྤྲོ་བཞིན་རོགས་སྐྱོར་གང་ནུས་བྱེད་འདོད་ཡོད།
མ་འོངས་པར་ཁྱེད་ནས་ཕྱོགས་རིས་མེད་པའི་བོད་ཀྱི་ཆོས་དང་རིག་གཞུང་རྣམས། དྲང་པོའི་ཐུགས་ཀྱིས་གོང་ནས་གོང་དུ་འཕེལ་བའི་སྨོན་ལམ་མངོན་གྱུར་གནང་རོགས་ཞུ།
རྒན་བློ་བཟང་སྨོན་ལམ་ནི་བཙན་བྱོལ་བོད་ཀྱི་ནང་ནས་འབུར་དུ་ཐོན་པའི་ཕུལ་བྱུང་གི་བོད་མི་ཞིག་ཡིན། དུས་ནམ་ཡང་ཁྱེད་ཀྱི་མཁྱེན་རྩལ་དང་། ཁྱེད་ཀྱི་སྙིང་སྟོབས། ཁྱེད་ཀྱི་བྱ་བཞག་ལ་སྙིང་གི་དཀྱིལ་ནས་དགའ་གུས་ཡིད་རངས་ཞུ་རྒྱུ་ཡིན
ང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་ལ་གྲྭ་སྨོན་ལམ་ལྟ་བུ་རང་ཉིད་ཀྱི་ཐེག་ཚད་འཇོན་ཚོད་ཀྱིས་་མི་རིགས་འདིའི་ཐད་ལ་བྱ་བ་བསྒྲུབ་མཁན་ཉུང་ཉུང་རེད། ཁོང་ལྟ་བུ་ཡོད་ན་ང་ཚོའི་མི་ལོ་ལྔ་བཅུ་ཤེས་ཡོན་འཐུས་ཤོར་དུ་སོང་མེད་ལ། ང་ཚོ་ལ་སྟོན་ཆོག་ཆོག་ལེགས་སྐྱེས་མི་ཉུང་བ་ཞིག་ཡོད་པར་གདོན་མི་ཟ། ཡིན་ནའང་། ད་དུང་སྤྱི་དོན་གྱིུ་ལས་ཀར་འཇུག་པའི་བགྲོད་ལམ་ཡོད་ཡོད་པ་རེད།
བོད་མི་རིགས་ལ་དུང་ཞེན་ཆེ་བའི་གྲྭ་སྨོན་ལམ་གྱི་བྱ་བ་མཐའ་དག་ལེགས་འགྲུབ་ཡོང་བར་སྙིང་ཐག་་པ་ནས་ཐུགས་རྗེ་ཆེ་་ཞུ་བ་དང་། ད་དུང་རང་ཉིད་ཀྱི་མི་རིགས་འདི་དང་སྐད་ཡིག་འདིའི་ཆཻད་དུ་བརྩོན་པ་ལྷོད་པ་མེད་པར་ཧུར་ཐག་གིས་འཇུག་རྒྱུ་ངའི་རེ་བ་ཡིན།
བཙན་བྱོལ་གཞུང་དང་གཞུང་འབྲེལ་མ་ཡིན་པའི་བོད་ཀྱི་རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ་ཚོགས་པ་སུ་གང་གིས་མ་ཐུབ་པ་དང་འགན་མ་ཁུར་བར། གྲྭ་བློ་བཟང་སྨོན་ལམ་ལགས་ཀྱིས་འབད་བརྩོན་ལ་བརྟེན་ནས་དེང་དུས་ཀྱི་ཚན་རྩལ་འཕྲུལ་ལས་དང་གོམས་པ་མཉམ་སྤོ་ཐུབ་པའི་བོད་ཡིག་བེད་སྐྱོད་སྟབས་བདེ་རུ་དང་དར་སྤེལ་གཏོང་བར་དངོས་གནས་དགའ་འོས་པའི་རང་བཞིན་ཞིག་ཡིན་པས། ཁོང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
རང་རེ་བོད་རིགས་རྣམས་ཕྱི་རྒྱལ་ཡུལ་ཁག་ཏུ་སླེབས་ནས་མི་ལོ་ལྔ་བཅུ་ལྷག་སོང་རིང་། ནམ་ཡང་རྒྱ་ནག་གིས་བོད་གཏོར་སོང་། བཅོམ་སོང་། བཤུ་བཞོག་བྱས་སོང་་ཞེས་བཤད་བསྡད་པ་ལས། རང་གིས་གང་ཞིག་འཇོན་མིན་ཐད་རྩིས་རྒྱག་གི་མེད་པ་དང་། རྩིས་རྒྱག་རྒྱུར་ཡང་མི་དགའ་བ་ནི་ཡ་མཚན་ཞིག་ཡིན། ཡིན་ཡང་། སུས་ཀྱང་ཉམས་སྣང་མེད་ས་ཞིག་དང་། གྲོང་མཐའ་རི་སུལ་ལྟ་བུ་ཞིག་ནས་གློ་བུར་དུ་མི་རིགས་ཀྱི་བདེ་དོན་སེམས་གཏིང་དུ་ཉར་ཞིང་། དགོས་པའི་ལས་དོན་གྱི་བྱས་རྗེས་གྱ་ནོམ་པ་ཞིག་ཁུར་ནས་འཛམ་གླིང་གི་བོད་པ་རྣམས་ལ། རེ་བ་གསར་པ་ཞིག་དང་། དགའ་ཚོར་ཁྱད་འཕགས་ཤིག་སྐྲུན་སྐབས་གཞུང་སྒེར་གྱི་ཚོགས་སྡེ་གང་མང་ཞིག་ངོ་ཚ་དགོས་པ་དང་། ཁ་སྐྱེངས་དགོས་པ་ཆགས་ཡོད་པ་ནི་ཤོད་མ་དགོས་ལ། ཕྲན་རང་ཉིད་ཐེ་བའི་བོད་རིགས་ཀྱི་ན་གཞོན་ཤེས་ཡོན་པ་རྣམས་ཀྱང་སྤྱི་དོན་ཐད་ཁ་སྟོང་ལག་སྟོང་ཞིག་ཡིན་པ་གཞི་ནས་རྟོགས་སོང་། དེས་ན་འདིར་སླར་ཡང་དགེ་སློང་བློ་བཟང་སྨོན་ལམ་ལགས་སུ་བཀའ་དྲིན་བླ་མེད་དུ་ཆེ་ཞུ་རྒྱུ་དང་། སྤྱི་དོན་ཐད་སེམས་ཤུགས་དང་ལྷག་བསམ་དཀར་པའི་གཞུང་སྒེར་གྱི་ཚོགས་སྡེ་སུས་ཀྱང་ཁོང་ལ་རོག་རམ་རེ་གནང་བར་ཞུ་བ་ནི་སེམས་ཀྱི་རེ་བ་ཆེ་ཤོས་ཤིག་ཡིན།
མི་རིགས་ཀྱི་སྐད་ཡིག་ལ་ཤ་ཞེན་ཆེ་བའི་རྒན་བློ་བཟང་སྨོན་ནམ་ལགས་
ཐེང་འདིེའི་ལས་ཆར་དེ་ལེགས་འགྲུབ་བྱུང་བར་གུསསྙིང་ངས་བཅོས་མིན་གྱིས་འཚམས་བཀྲི་ལན་མང་ཞུ་བ་དང་ཆབ་གཅིག་
མ་འོང་པར་དེང་དུས་རྒྱ་གར་ནང་སྙན་གྲགས་ཆེབའི་ལག་ཁྱེར་ཁ་པར་Nokia ནང་དུ་ཡང་ཡོང་བའི་སྨོན་འདུན་བཅས།།་
ཁ་དྲོ་བཀྲ་བཤིས་བདེ་ལེགས།།
སྐུ་ཞབས་སྨོན་ལམ་ལགས་སུ་སྙིང་དབུས་ནས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། ད་དུང་ཁོང་གི་མཛད་འཆར་རྣམས་ལེགས་གྲུབ་ཡོང་བའི་རེ་སྨོན་ཡོད།
དུས་ནམ་ཡང་སེམས་དབུས་ཀྱི་ཉི་མ་འདྲ་བོ་རྒན་བློ་བཟང་སྨོན་ལམ་ལགས་ལ་ཐུགས་རྗེ་ཆེ་ཞུ།
ཨ་ཁུ་བློ་བཟང་སྨོན་ལམ་ལགས་ལ་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག་ཐེངས་འདིའི་ལས་དོན་ལེགས་གྲུབ་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུ།
བོད་ཡིག་ལ་ཤ་ཞེན་ཟབ་པའི་གྲྭ་བློ་བཟང་སྨོན་ལམ་ལགས་ཀྱི་་ཐེང་འདིས་ལས་ཆར་དེ་ལེགས་འགྲུབ་བྱུང་བ་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་མ་ཟད་སླད་ཀྱི་ཆར་ལ་ཡང་འབད་བརྩོན་ལྷོད་མེད་གནང་བའི་རེ་བ་ཡོད།