མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ན་གཞོན་གྱི་གནམ་འོག བོན་རྒྱ་བསྟན་འཛིན་རབ་རྒྱས།

བོད་ཀྱི་དུས་བབ།
༢༠༡༠/༠༦/༢༩
Share on FacebookShare on TwitterShare on EmailShare on Whatsapp

 

མི་རབས་གསར་བ་གསོན་ནའང་ང་རྒྱལ་གྱི་སྣང་བ་ར་རྩེར་ཁུར་ནས་གསོན་དགོས་ལ།  
མི་རབས་གསར་བ་ཤི་ནའང་དཔའ་སྐད་ཀྱི་གླུ་སྒྲ་འཇགས་པ་མེད་པར་ཤི་དགོས། 

བོན་རྒྱ་བསྟན་འཛིན་རབ་རྒྱས།

     ད་ལྟ་ནི་འདྲ་མཉམ་དང་མཛའ་མཐུན་གྱི་དུས་རབས་ཤིག་རེད་ལ།  ན་གཞོན་གྱི་གནམ་འོག་ཅིག་ཡང་རེད།  གནམ་འོག་འདི་རྒན་རབས་པ་སུས་དོགས་པོར་བཟོས་ན་དེ་ལས་ནག་ཉེས་མེད་ཅེས་བཤད་མི་ཐུབ་ལ།  རྒན་རབས་པ་སུས་བདག་གིར་བྱས་ན་དེ་མཁྲེགས་བཟུང་མ་རེད་ཅེས་ཀྱང་བཤད་མི་སྤོབས།  ལྷག་པར་ན་གཞོན་གྱི་གནམ་འོག་ནས་རྒན་རབས་པས་ཧམ་སེམས་ཀྱི་ཁ་ཆེན་པོར་གདང་བ་ནི་ཐལ་ཆེས་པ་དང་།  གནས་ལུགས་མིན་པ་ནི་ཐག་རིང་པོར་འདང་རྒྱག་དགོས་པ་ཞིག་མ་རེད།  ངའི་སེམས་ལ་འདི་ལྟར་དྲན་གྱིན་འདུག  དྲན་པ་འདི་བཞིན་གླེང་ཕོད་པ་ནི་ངའི་སྙིང་སྟོབས་ཤིག་ཡིན་ལ།  གླེང་དགོས་པ་དེའང་རྩོམ་པ་པོའི་འགན་འཁྲི་ཡིན་ནོ།  །

༡༽ འཁྲབ་སྟོན་སྙིང་རྗེ་བོ་དེ་ཀུན་པོ་ན་བཟའ་སེར་བོ་ཅན་གྱི་མཚོན་ཆ་ཤ་སྟག་རེད།

   ཁ་གསལ་བོའི་བཤད་ན།  “གཞོན་པའི་ཤེད་ལས་རྒན་པའི་ཇུས་བཟང་”  ་ཟེར་བ་དང་།  “ཉམས་མྱོང་ཉམས་མྱོང་”ཟེར་བའི་ཚིག་འདི་དག་ནི་རྒན་རབས་པའི་དབང་ཤུགས་རྟག་བརྟན་དུ་བྱེད་པའི་བསླུ་བྲིད་ཀྱི་ལག་ཆ་འབའ་ཞིག་རེད་ལ།  བཀའ་ཁྲི་ལས་སྤྱི་འཐུས་གལ་ཆེ་བ་དང་། བཀའ་ཁྲི་ལས་བཀའ་བློན་གལ་ཆེ་བ།  “ཕོ་རབ་གཅིག་གི་བློ་རྩེ་ལས་ཕོ་འབྲིང་གསུམ་གྱི་གྲོས་ཁ་ལེགས་པ”ཟེར་བ་སོགས་ནི་མང་ཚོགས་བསླུ་བྲིད་གཏོང་བྱེད་ཀྱི་གཡོ་ཚིག་འབའ་ཞིག་རེད།  མི་རབས་གསར་བ་འབུར་འཇོམས་བྱེད་སྤྱད་ཀྱི་ན་བཟའ་སེར་བོ་ཅན་གྱི་མཚོན་ཆ་འབའ་ཞིག་རེད། ད་དུང་བློ་བཟང་སེང་གེ་ཁྲིམས་ཞིབ་པར་འོས་ལུགས་དང་།  སྟག་འདྲ་གཟིག་འདྲ་ཤིན་ཏུ་མང་ལུགས་སོགས་ནི་མི་མང་གི་འོས་ཁ་འཐོར་དང་།  བསམ་བློ་ཐེ་ཚོམ་ཅན་དུ་བྱེད་སྤྱད་ཀྱི་ཆབ་སྲིད་པའི་འཁྲབ་སྟོན་ཤ་སྟག་རེད།  འདི་དག་གིས་འདི་ལྟར་ཞི་འཇམ་གྱི་འཁྲབ་སྟོན་སྙིང་རྗེ་ཞིང་བླ་སྲོག་གཏོར་བ་ཤ་སྟག་འཁྲབ་ནས།  ཤེས་རྨོངས་དང་གོ་རྟོགས་མ་སད་པའི་མི་རིགས་ཤིག་རྩེད་སྤྱད་བྱེད་ཀྱིན་ཡོད།   ཡིན་ནའང་།  ད་ལྟ་ནི་གནམ་འོག་འདི་ན་གཞོན་གྱི་གནམ་འོག་དང་། དུས་རབས་འདི་རྟོགས་སད་ཀྱི་དུས་རབས་ཤིག་ལ་སླེབས་ཚར་བས།   བོད་མི་རིགས་ཚོའང་ལོ་རེ་བཞིན་རྟོགས་སད་དང་རང་རྟོན་གྱི་འདུ་ཤེས་སྐྱེ་བཞིན་ཡོད་པས་སྐྱུག་བྲོ་བའི་འཁྲབ་སྟོན་དེ་འདྲར་ས་མིག་གཏན་ནས་མེད་པ་མ་ཟད།  རྙིང་ཞེན་མཁྲེགས་བཟུང་དང་།  དབང་ཤུགས་འཕྲོག་རྩོད།  གོ་ས་བསླུ་འཛིན་སོགས་ནི་ང་ཚོ་མི་རབས་གསར་བས་བློ་ཐག་རྦད་བཅད་ཀྱིས་འཐབ་མོ་བྱེད་ས་ཤ་སྟག་ཡིན་པས།  གཉིད་མ་ཁུགས་པར་རྨི་ལམ་སྐྱིད་པོ་མ་གཏོང་རོགས།  དེ་ལས་འཁྲབ་སྟོན་མཚམས་འཇོག་དང་།  དུས་རབས་ངོས་ལེན།  ན་གཞོན་ལ་རྩིས་སྤྲོད་བཅས་བྱས་ན་གནམ་འོག་འདིའི་ལུགས་དང་མཐུན་པ་དང་།  དུས་རབས་འདིའི་འགྲོས་དང་མཐུན་པ་རེད་ལ།  ང་ཚོས་ཀྱང་ཁྱེད་ཅག་གི་འཇོན་ཐང་དང་བཀའ་དྲིན་ལ་ནམ་ཡིན་རུང་བརྩི་འཇོག་བྱེད་ངེས་པ་ཡིན། 

༢༽ བཀའ་ཤག་ལ་ལྷན་པོ་རྒྱག་གི་ཡིན་ནམ།  གྲོས་ཚོགས་ལ་ཞིག་གསོ་བྱེད་རྒྱུ་ཡིན།

    “ལོ་ཆེ་ན་སྙིང་ཆུང་བ་དང་སྙིང་ཆུང་ན་ལམ་མེད་པ་”སོགས་ནི་ཆོས་ཉིད་ཀྱི་འཕེལ་རིམ་ལྡོག་ཏུ་མེད་པ་ཞིག་རེད་ལ།  འགྱུར་བ་དེ་ཁྱེད་ཅག་རྒན་རབས་པའི་སྟེང་ནས་ཀྱང་མངོན་སུམ་དུ་མཐོང་ཐུབ་ཀྱི་འདུག  དཔེར་ན།  བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་འགྲིབ་རིམ་ཐད་ལ་བསམ་བློ་ཞིག་ཐོངས་དང་།  ༸གོང་ས་མཆོག་གི་ཐུགས་རྗེ་དབྱིངས་དཔྱད་ཀྱིས་ཞི་བའི་དོན་ཚན་ལྔ་དང་སི་ཊ་སི་སྦག་གི་གསུང་བཤད་གནང་བ་རེད།  དེ་བཞིན་རྒྱལ་སྤྱིའི་འགྱུར་བ་དང་།  རྒྱ་བོད་ཀྱི་གནས་བབ། ༸གོང་ས་མཆོག་གི་རླབས་ཆེ་བའི་དགོངས་བཞེད་ཀུན་ཁྱབ་སེམས་ཁུར་བཅས་ཀྱི་རྒྱབ་རི་དང་རྨང་གཞི་བྱས་པ་ལས་དབུ་མའི་ལམ་གྱི་སྲིད་བྱུས་བྱུང་བ་རེད།  ཡིན་ནའང་།  ད་ལྟ་ནི་མངོན་པར་གསལ་ལ་མི་གསལ་བའི་སྒོ་ནས་དབུ་མའི་ལམ་གྱི་རྣམ་པ་ཡོངས་སུ་འགྱུར་ཏེ། རིག་གནས་རང་སྐྱོང་ཙམ་ཞིག་གི་ངོ་བོར་གྱུར་བ་མ་ཟད།  རྒྱ་དམར་གྱི་རྩ་ཁྲིམས་འོག་ལ་འཛུལ་རྒྱུ་ཡིན་ལུགས་དང་།  རྒྱ་དམར་གཞུང་གི་བདག་དབང་དང་ས་ཁོངས་གཅིག་གྱུར་ཟེར་བ་ལ་ཆ་འཇོག་ཡོད་ལུགས་ཀྱི་སྐད་ཆ་ཉམས་དམའ་བ་མང་པོ་གཉའ་ཞུམ་ཞུམ་གྱིས་ཤོར་གྱིན་ཡོད།  འདི་ལྟར་ང་ཚོ་ལོ་རེ་ནས་ལོ་རེ་བཞིན་དཔའ་ཇེ་ཞུམ་དང་སྙིང་ཇེ་ཆུང་ལ་སོང་ནས་ང་ཚོའི་འཐབ་རྩོད་ལ་རྒས་རྟགས་ཤིག་ཁད་ཀྱིས་མངོན་པ་མ་ཟད།  ད་ལྟ་ནི་དབུ་མའི་ལམ་གྱི་འགྲེལ་བཤད་ཐེངས་དང་པོ་སི་ཊ་སི་སྦག་གི་གསུང་བཤད་རྩིས་མེད་བཏང་བ་མ་ཟད།  དེབ་ཆུང་དམར་རིལ་མ་ལའང་འགྱུར་བ་གཏོང་དགོས་པའི་གནས་བབ་ཞིག་ལ་འགྱུར་བཞིན་ཡོད།   དོན་དངོས་སུ་འདི་དག་ཅི་ཞིག་རེད།  འདི་ནི་ཁྱེད་བཀའ་ཤག་གིས་ལག་པས་བྲིས་པ་རྐང་པས་བསུབ་པ་མ་རེད་དམ།  ཁྱེད་ཅག་ལོ་དང་ནམ་ཚོད་ཀྱིས་ཐུབ་སྟེ་སེམས་ཁ་ཇེ་གཉོམ་དང་།  སེམས་ཁུར་ཇེ་ཆེར་ཕྱིན་ནས་སྙིང་སྟོབས་དང་དཔའ་སྤོབས་ཀྱིས་འདང་གིན་མེད་པ་ལས་བོད་ཀྱི་སྟོབས་ཤུགས་ཇེ་གཉོམ་ལ་གྱུར་བ་གཏན་ནས་མིན།    རྒྱ་ནག་གིས་ཚུར་འཇིགས་སྐུལ་མ་བྱས།  རེ་བ་མ་བཏོན་པར་ང་ཚོ་རང་ངོས་ནས་༸གོང་ས་མཆོག་གི་ཐུགས་རྗེ་དབྱིངས་དཔྱད་ཀྱི་གསུང་བཤད་གལ་ཆེན་ཞི་བའི་དོན་ཚན་ལྔ་ནི་སྔོན་འགྲོའི་འཆར་སྣང་ཙམ་ལས་དབུ་མའི་ལམ་ལ་འབྲེལ་བ་མེད་ལུགས་དང་། སི་ཊ་སི་སྦག་གི་གསུང་བཤད་ནི་རང་བཞིན་གྱིས་ནུས་མེད་ལ་གྱུར་ཏེ་དུས་ལས་ཡོལ་ལུགས་སོགས་ཅིའི་ཕྱིར་གླེང་གིན་ཡོད།  ངས་བལྟས་ན་སི་ཊ་སི་སྦག་གི་གསུང་བཤད་དུས་ལས་ཡོལ་ཏེ་རྒས་པ་མ་ཡིན་པར་ཁྱེད་ཅག་རྒས་སོང་བ་ཡིན་པར་འདོད།  ད་དུང་དབུ་མའི་ལམ་ནི་ལོ་༢༥༠ཡར་སྔོན་ནས་རྩ་བ་ཚུགས་པའི་གླེང་མོལ་གནང་གིན་ཡོད།  འདི་དག་ནི་ཅི་ཞིག་རེད།  བསམ་བཞིན་མང་ཚོགས་མགོ་རྨོངས་པར་བྱེད་ཀྱིན་ཡོད་དམ།  ད་ནི་ཁྱེད་ཅག་གིས་མང་ཚོགས་རྒྱབ་ཤེད་དུ་ཁུར་ནས་་༸གོང་ས་མཆོག་དབུ་སྐོར་གཏོང་སྟངས་དང་།  ༧གོང་ས་མཆོག་རྒྱབ་ཤེད་དུ་ཁུར་ནས་མང་ཚོགས་མགོ་སྐོར་གཏོང་ལུགས་ཀྱི་འཁྲབ་སྟོན་དེ་དག་ལ་སེམས་བསམ་པའི་གཏིང་ནས་སུན་གྱིན་འདུག  ཟ་མ་ཞིག་ལ་དཔེ་བླངས་ནས་བཤད་ནའང་དུས་ལས་ཡོལ་དུས་ད་དུང་ཟོས་ན་གྲོད་ཁོག་ན་གི་རེད། ཚེ་སྲོག་ལའང་སྡང་གི་རེད།   དེ་ནི་དུས་ལས་ཡོལ་བའི་ཉེས་བྱས་རེད།  གནས་ལུགས་འདི་གང་ལ་སྦྱར་ནའང་འགྲིག་གི་རེད།

     སྤྱིར་བཏང་མི་རྒས་སོང་ན་སྙིང་ཇེ་ཆུང་ལ་འགྲོ་བ་ནི་ཁྱེད་ཅག་གཅིག་པུའི་སྐྱོན་མིན་པར་འགྲོ་བ་མི་སྤྱིའི་མི་སྤུས་ཀྱི་འགྱུར་བ་ཞིག་རེད་ལ།  བོད་ཀྱི་ངག་རྒྱུན་སྡོམ་ཚིག་ཁྲོད་ནའང་”བྱིས་པ་དབང་ལོག་དང་།  ལོ་ལོན་ཧོན་ལོག་”ཅེས་ཚད་གཞི་ཏག་ཏག་གཏན་འབེབས་བྱས་ཡོད།  ད་དུང་རྒྱ་དཔོན་མའོ་ཙེ་ཏུང་ཡང་རྒས་ཁོག་ཆགས་དུས་རང་གི་ལངས་ཕྱོགས་བརྟན་སྲུང་བྱེད་མ་ཐུབ་པར་འགལ་ཟླའི་ཚིག་མང་དུ་ཤོར་ཡོད། དེའི་རྐྱེན་གྱིས་གུང་ཁྲན་ཏང་གིས་”མའོ་ཙེ་ཏུང་ལོ་ལོན་དུས་ཀྱི་སྐད་ཆ་མའོ་ཙེ་ཏུང་གི་སྐད་ཆ་མིན་”ཞེས་བཤད་དགོས་བྱུང་བ་རེད། འདི་ལྟ་བུས་ཀྱང་ལོ་རྒས་དུས་རང་གི་སྙིང་སྟོབས་རྒྱུན་འཁྱོངས་བྱེད་ཐུབ་ཀྱི་མེད་ན།  གཞན་དག་ལྟ་ཅི་སྨྲོས་རེད།  ཡིན་ནའང་།  སྐྱེས་སྟོབས་ཀྱི་ལང་ཚོ་དང་རྣམ་དཔྱོད་ཀྱི་བློ་གྲོས་དར་བའི་མི་རབས་གསར་བ་ཡོད་བཞིན་དུ་བོད་ཀྱི་རྩ་དོན་འཐབ་རྩོད་ལ་རྒས་རྟགས་ཤར་ན་གཏན་ནས་མི་འགྲིག  ཁྱེད་ཅག་གིས་ཀྱང་ལོ་དང་ནམ་ཚོད་ལ་རྩིས་བརྒྱབ་ནས་དུས་ཚོད་ལ་བསྟུན་རྒྱུ་ཧ་ཅང་གལ་ཆེན་པོ་རེད། རྒྱ་ཆེའི་མང་ཚོགས་ཀྱིས་ཀྱང་ཆོལ་ཞེན་དང་།  རྙིང་ཞེན།  བརྒྱུད་བསྐུལ་བཅས་ཀྱི་གཡོ་ཆེན་པོ་གསུམ་གྱི་འོག་ཏུ་མི་ཚུད་པར།  མི་རེ་རེ་བཞིན་རང་ཉིད་ཀྱི་འོོས་ཤོག་ནི་རང་ཉིད་གཅིག་པུ་ཙམ་མིན་པར།  མ་མཐའ་ཡང་གཞིས་ལུས་སྤུན་ཟླ་ ༦༠ རེའི་(6000000/100000=60)ཚབ་བྱས་ནས་འོས་འཕེན་གྱིན་ཡོད་པའི་ཁོག་རྩིས་ངོས་ཟིན་པར་བྱས་ནས་འོས་འཕེན་དགོས་པ་ཡིན།  

     འུ་ཚང་གི་རྒས་ཀོག་ཚོས་ཁ་ནས་མི་རབས་གསར་བ་དགའ་རབས་དང་།  གཞོན་སྐྱེས་ཚོས་འགན་ཁུར་དགོས་རབས་བཤད་ཀྱིན་བཤད་ཀྱིན།  འཇོན་ཐང་ཅན་གྱི་མི་རབས་གསར་བ་བློ་བཟང་སེང་གེ་ལྟ་བུ་ཡར་ལངས་ནའང་ཉམས་མྱོང་མེད་རབས་དང་།  མི་འོས་མི་འགྲིག་རབས་ཀྱི་འབུར་འཇོམས་བྱེད་ཀྱིན་ཡོད་པ་རེད།   ཁྱེད་ཅག་གི་ཕྱི་ནང་གཉིས་ལྡན་གྱི་སྐད་ཆ་དེ་དག་ནི་ཆབ་སྲིད་ཀྱི་སྐད་ཆ་ཟེར་བ་ཡིན་རྒྱུ་རེད་དེ།  བདག་གིས་བྱིས་པའི་ལབ་བརྡོལ་འབའ་ཞིག་ལས་གཞན་དུ་མཐོང་གི་མི་འདུག མང་ཚོགས་ཀྱིས་ཀྱང་སྐད་ཆ་འདིའི་རིགས་ལ་ངེས་པར་དུ་གཟབ་དགོས་པའི་རིགས་ཡིན།  ད་ལོར་ཡང་བཀའ་ཁྲི་རྒས་ཀོག་ཅིག་ལས་མ་རྙེད་ན༸གོང་ས་མཆོག་གིས་ཀྱང་ཟམ་གདོང་རིན་པོ་ཆེ་བསྐྱར་འདེམས་སྐབས་ཀྱི་གསུང་ཚིག་དེ་འདྲ་ཞིག་འབྱོན་སྲིད་པ་རེད་ལ།  ང་ཚོས་ཀྱང་སྔར་གྱི་དགུང་ན་བགྲེས་པའི་བཀའ་ཤག་དང་རང་ཚུགས་མེད་པའི་གྲོས་ཚོགས་ར་བར་ཞིག་གསོ་ཆུང་ཆུང་ཞིག་དང་།  ལྷན་པ་ཐེབས་ཆག་ཅིག་བརྒྱབ་པ་ཙམ་ལས་ཅི་ཡང་འཇོན་མེད་པ་ཡིན་ནོ། །

༣༽མི་སྤུས་ཀྱི་སྣང་བ་མཐོ་བའི་བཀའ་ཁྲི་ཞིག་འཚོལ་དགོས། 
    བྱ་བ་གང་ཞིག་སྒྲུབ་ནའང་འགྱུར་བ་མེད་པའི་ཆོད་སེམས་དང་སྙིང་སྟོབས་ནི་རྩ་བའི་ས་བོན་ཡིན་ལ།  ས་བོན་དེའི་ལང་ཚོ་ཇི་ཙམ་དར་ན་དེ་མཐུན་གྱི་འབྲས་བུ་དུས་སུ་སྨིན་པ་ནི་ལྡོག་ཏུ་མེད་པའི་རྒྱུ་འབྲས་ཀྱི་ཆོས་ཉིད་ཅིག་རེད།  མ་ཚང་མེད་རྒྱུ་དེ་ལ་ནི། །འབྲས་བུ་གང་གིས་ལྡོག་པར་ནུས། །ཞེས་པ་བཞིན།  དེ་ནི་ང་ཚོའི་མི་ཐོག་འདི་ནས་བལྟས་ནའང་ཤིན་ཏུ་གསལ་བོ་རེད། 

    ཁྱེད་རྒན་རབས་པ་རྣམས་ལོ་ཤིན་ཏུ་གཞོན་དུས།  རྒྱ་གར་ནས་ས་དང་གནམ་ལས་སུ་གང་ངོ་མི་ཤེས་ཤིང་། ཐ་ན་རྒྱ་གར་སྐད་དུ།  ཨེ་ཀི། རྡོ། ཏུན་ཙམ་ཡང་ཟེར་ཤེས་ཀྱི་མེད་པའི་སྐབས་སུ།  ཁྱེད་ཅག་གིས་ན་གཞོན་གྱི་སྣང་བ་སྙིང་སྟོབས་ཀྱིས་ངོམ་ནས་མཛའ་མཐུན་གྱི་ལག་རྡང་སྦྲེལ་ཏེ།  བོད་རང་བཙན་སླར་གསོའི་རྩ་དོན་རྩོད་ལེན་བྱེད་རྒྱུར་གནས་མཆོག་རྡོ་རྗེ་གདན་དུ་མནའ་གན་མཐུ་མོ་ཆེ་བཞག་སྟེ་ཡར་ལངས་པ་རེད།    སྔོན་གྱི་སྐུ་དྲག་ལམ་ལུགས་རྩད་རྫོགས་ཀྱིས་བོད་གཞུང་དེ་ཆོས་སྲིད་གཉིས་ལྡན་བོད་མང་གཙོའི་སྲིད་གཞུང་དུ་བསྒྱུར་བ་དང་།  “ྋགོང་ས་མཆོག་དང་བཀའ་ཤག་གང་དུ་ཡོད་ས་དེར་བོད་རྒྱ་ཆེའི་མི་མང་གིས་བོད་གཞུང་ཡིན་པར་ངོས་ལེན་བྱེད་ཀྱི་ཡོད་པ་རེད་”ཅེས་གྲོས་མཐུན་དོན་ཚན་བཅུ་བདུན་རྩིས་མེད་ཀྱི་གསར་འགོད་བསྒྲགས་གཏམ་སྤེལ་བ་རེད།  དེ་དུས་ཀྱི་ཁྱེད་ཅག་ནི་ང་ཚོས་སྨོན་ཡུལ་གྱི་ཁྱེད་ཅག་ཡིན་ལ།   མི་རབས་གསར་བའི་སྙིང་སྟོབས་ཅན་གྱི་ཁྱེད་ཅག་ཡིན།  དེ་དུས་ཀྱི་ཁྱེད་ཅག་ལ་ང་ངོ་མཚར་བཞིན་ཡོད།   དེ་དུས་ཀྱི་ཁྱོད་ཚོ་ཡང་ད་སྐབས་ཀྱི་ཁྱོད་ཚོ་བཞིན་གནས་ཡུལ་རྒྱལ་ཁབ་ཀྱིས་འདུག་གི་འཇུག་མིན་ལ་སྐྲག་མཁན།  རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱབ་སྐྱོར་ཡོང་མིན་ལ་སྐྲག་མཁན། རྒྱ་དམར་གཞུང་གིས་ཁས་ལེན་མིན་ལ་སྐྲག་མཁན། ཚེ་ཐོག་འདིར་བོད་ཀྱིན་བདེན་མཐའ་སེལ་མིན་ལ་སེམས་ཁྲལ་གནང་མཁན་ཞེ་གཅིག་ཡིན་ཚེ།  ད་ལྟའི་བཙན་བྱོལ་གཞུང་འདི་འདྲའི་ཚགས་ཚུད་ཅན་ཞིག་ཕར་ཞོག།  རང་རང་གི་ལྟོ་རྒྱབ་ཙམ་ཡང་འགྲུབ་ཡོད་མེད་དོགས་པའི་གནས་ཡིན།  དེའི་ཕྱིར།  ཡ་གིའི་ལྷ་ལ་འཕོག་དོགས་དང་མ་གིའི་ཀླུ་ལ་གནོད་དོགས་ཀྱི་སྙིང་ཆུང་བྱིའུ་རྟུག་ཙམ་ཞིག་གིས་བོད་ཀྱི་རྩ་དོན་ག་ལ་རྩོད་དེ་གཏན་ནས་རྩོད་མི་ཐུབ་པོ། །དེས་ན་ང་ཚོ་ལ་དགོས་པའི་བཀའ་ཁྲི་ནི།  ཡར་མར་དྲུག་གསུམ་བཅོ་བརྒྱད་ལ་དོགས་པ་དང་སེམས་ཁུར་ཅན་གྱི་བཀའ་ཁྲི་སྙིང་ཆུང་དེ་རིགས་མིན་པར།  ཐག་གཅོད་ཀྱི་སྙིང་སྟོབས་དང་མི་སྤུས་ཀྱི་སྣང་བ་མཐོན་པོ་ཅན་གྱི་བཀའ་ཁྲི་ན་གཞོན་ཞིག་དགོས་པ་ཡིན། 

༤༽ རྒྱ་བོད་ཀྱི་སྟོབས་ཤུགས་བསྡུར་ནས་བལྟས་ནའང་ང་ཚོ་སྡར་སྐད་ཤོར་དགོས་དོན་མི་འདུག

   ང་ཚོ་ལ་འཚེ་བ་མེད་པའི་སྟོབས་ཤུགས།  བདེན་པའི་སྟོབས་ཤུགས།  ནང་བ་གཤེན་རབ་པ་དང་སངས་རྒྱས་པའི་ཆོས་ལུགས་ཀྱི་སྟོབས་ཤུགས།  ༸གོང་ས་མཆོག་གི་དབུ་ཁྲིད་པའི་སྟོབས་ཤུགས།  གཞིས་ལུས་རྒྱ་ཆེ་མི་མང་གི་ཞུམ་པ་མེད་པའི་རིགས་ཞེན་གྱི་སྟོབས་ཤུགས།  རྒྱལ་སྤྱིའི་རྒྱབ་སྐྱོར་དང་རོགས་ཚོགས་ཀྱི་སྟོབས་ཤུགས།    བཙན་བྱོལ་བོད་མི་འཇོན་ཐང་ཅན་རྒྱལ་ཁབ་གང་སར་ཁྱབ་པའི་སྟོབས་ཤུགས།  མང་གཙོ་དང་ཆོས་སྲིད་གཉིས་ལྡན་གྱི་གཞུང་ཚད་ལྡན་དང་བཅས་པའི་སྟོབས་ཤུགས།  རིག་གཞུང་རྩ་ལག་དང་བཅས་པ་སྲུང་སྐྱོབ་ཀྱི་ཁོར་ཡུག་ཕུན་སུམ་ཚོགས་པའི་སྟོབས་ཤུགས།  ངེས་དོན་གྱི་ཉམས་མྱོང་དང་འཇོན་ཐང་གཉིས་ལྡན་གྱི་རྒན་རབས་པ་ཞལ་བཞུགས་པའི་སྟོབས་ཤུགས།  རེ་བ་ཅན་གྱི་གཞོན་སྐྱེས་ཁྱུ་ཚོགས་ཤིག་ང་རྒྱལ་གྱིས་ཡར་ལངས་ཀྱིན་པའི་སྟོབས་ཤུགས།  འཛམ་གླིང་ཁོར་ཡུག་སྲུང་སྐྱོབ་ཀྱི་གལ་ཆེའི་ཁོར་ཡུག་ལ་གྱུར་བའི་སྟོབས་ཤུགས་སོགས་བཙན་བྱོལ་བ་སུ་ལའང་མེད་པའི་སྟོབས་ཤུགས་སྣ་མང་ཞིག་ང་ཚོ་ལ་འཛོམས་ཡོད་པས།  ང་ཚོ་རྒྱུ་མཚན་མེད་པར་སྡར་སྐད་ཤོར་དོན་ཞིག་གཏན་ནས་མེད་དོ།  །ང་ཚོས་མེས་པོ་སྟག་འདྲ་གཟིག་འདྲ་དག་གི་བླ་སྒུལ་མི་ཉན།  རེ་བ་དང་ཁ་ཆེམས་རླུང་ལ་སྐུར་མི་ཉན།

    དུར་ཐང་ན་སྤྱན་མིག་ཅེར་རེར་གཟིགས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་དག་གི་ཟུངས་ཁྲག་གི་རིན་ཐང་ལ་ངོས་ཟིན་ཟབ་མོ་གནང་དགོས།  ཁོང་ཚོས་གཅེས་པའི་སྲོག་དོར་ནས།  དགའ་བའི་གྲོགས་བཞག་ནས།  བརྩེ་བའི་གཉེན་བསྐྱུར་ནས་ཅིའི་ཕྱིར་བཞུད་པ་རེད།   འདི་དག་ནི་ང་ཚོས་ཉིན་མཚན་མེད་པར་རང་ཉིད་ལ་གཏོང་དགོས་པའི་དྲི་བ་ཤ་སྟག་ཡིན།  ང་ཚོས་ངེས་པར་དུ་ལོ་རྒྱུས་ལ་འགན་ཁུར་དགོས། དེང་སྐབས་རྒྱ་གུང་ཁྲན་ཏང་སྟོབས་ཆེན་གྱི་རྒྱལ་ཁབ་ཀྱི་གྲས་ན་ཡོད་པ་ཤིན་ཏུ་བདེན་ཚོད་རེད་དེ།  ཁོ་ཚོའི་སྟོབས་ཤུགས་ནི་ཉམས་རྒུད་དང་འཇིགས་ཉེན་གྱི་གནས་བབ་ན་ཡོད་པའང་ཧ་ཅང་གསལ་བོ་རེད།  

   ཁོ་ཚོའི་སྟོབས་ཤུགས་ནི་དམག་གི་སྟོབས་ཤུགས་དང་།  དཔལ་འབྱོར་གྱི་སྟོབས་ཤུགས།  མི་མང་གི་སྟོབས་ཤུགས་བཅས་རེད།    དམག་ཤུགས་ནི་དུས་རབས་དང་མིའི་ཤེས་རབ་ཀྱི་འཕེལ་རིམ་གྱིས་རྫོགས་ཚིག་འབྲི་ལ་ཉེ་བས་ཚེ་ཐག་རིང་བོར་གནས་ཐུབ་རྩ་བ་ནས་མེད།   གཉིས་པ་ནི་དཔལ་འབྱོར་གྱི་སྟོབས་ཤུགས་རེད།  དེ་ཡང་ཚོང་འབྲེལ་གྱི་འཁོར་རྒྱུག་ཆེ་བ་དང་།   དེ་ནི་གཙོ་བོ་རྒྱ་མིའི་ཅ་ལག་གི་རིན་གོང་སླ་བ་དང་རྣམ་པ་མཛེས་པ་གཉིས་ལ་ཐུག་ཡོད་མོད།   རྒྱ་ནག་གི་ཅ་ལག་ལ་རྣམ་པ་ལས་སྤུས་ཀ་མེད་པ་དང་།   སྒོར་གྱི་འདུ་སྒོ་ལས་མི་སེར་གྱི་ཁེ་ཕན་གཙོ་བོར་བཟུང་མེད་པ་ཕྱི་གསལ་ནང་གསལ་ལ་གྱུར་ནས།  དེང་སང་རྒྱལ་སྤྱིའི་སྤྱི་ཚོགས་སྟེང་རྒྱ་ནག་གི་ཅ་ལག་ཟེར་དུས་རྣམ་རྟོག་ལངས་ས་ཞིག་དང་། ཡིད་ཆད་ཀྱིས་སྣ་གཉེར་བྱེད་ས་ཞིག་ལ་འགྱུར་བཞིན་ཡོད་པ་མ་ཟད།  རྒྱལ་ཁབ་ཁ་ཤས་ནང་རྒྱ་མིའི་ཅ་ལག་ཉོ་ཚོང་གཏན་འགོག་གི་ལས་འགུལ་རྩོམ་བཞིན་པའང་གོ་རྒྱུ་འདུག་པས།  མི་རིང་བར་རྒྱ་མིའི་དཔལ་འབྱོར་སྟོབས་ཤུགས་ཀྱང་ཉམས་རྨས་སུ་འགྲོ་རྒྱུ་ཡིན་པ་ནི་གཏན་འཁེལ་ཐུབ་པ་ཞིག་རེད།  གསུམ་པ་ནི་མི་མང་གི་སྟོབས་ཤུགས་རེད།  དེ་ཡང་མི་རིང་བར་ཉམས་རྨས་སུ་འགྲོ་བ་ནི་གཏན་འཁེལ་བ་ཞིག་རེད།  དེང་སང་མིའི་རིགས་ཀྱི་རྣམ་དཔྱོད་དར་བའི་རྩེ་མོར་སོན་པའི་སྐབས་ཡིན་ལ།  གནས་བབ་འདི་འདྲ་ཞིག་ལ་མི་མང་དུང་ཕྱུར་མང་པོའི་མིག་བཀབ་ནས། ཐ་ན་དྲ་བ་ལས་འཛམ་གླིང་གི་འདྲ་རིས་ཙམ་ཡང་མཐོང་གི་མ་བཅུགས་པར་བཀག་ནས་ཡོད་པ་རེད།  དུས་རབས་འདི་འདྲ་ཞིག་ལ་སྲིད་བྱུས་འདི་འདྲ་རྒྱུན་བསྲིང་འདོད་པ་ནི་རྨི་ལམ་ཁོ་ན་ཡིན་ལ།  དེ་ལྟར་གྱི་རྟགས་མཚན་ཡང་མང་དུ་མངོན་གྱིན་ཡོད།  ༸གོང་ས་མཆོག་གིས་རྒྱ་ནག་མི་མང་ལ་རེ་བ་གནང་གི་ཡོད་ལུགས་གསུངས་ཀྱིན་པའང་།  རྒྱ་རིགས་མི་མང་ངེས་པར་དུ་གོ་རྟོགས་སད་རྒྱུ་ཡིན་པ་ལ་དགོངས་ཀྱིན་ཡོད་པ་རེད།  དེའི་ཕྱིར་རྒྱ་བོད་གཉིས་ཀྱི་སྟོབས་ཤུགས་ཀྱི་རྒྱུ་སྤུས་དང་ནུས་ཤུགས་ལ་བལྟས་ན་བོད་པའི་སྟོབས་ཤུགས་བརྟན་པོ་དང་ནུས་ལྡན་ཡིན་པ་ཧ་ཅང་གསལ་བོ་རེད།  དེའི་ཕྱིར།  ཕྱོགས་གང་ནས་བལྟས་ནའང་ད་ལྟ་ནི་ང་ཚོ་སྡར་སྐད་ཤོར་དགོས་པའི་གནས་བབ་ཅིག་གཏན་ནས་མ་རེད།  དེ་ལས་ལྡོག་སྟེ་རེ་བ་དང་སྙིང་སྟོབས་ཀྱིས་ཡར་ལངས་པའི་དུས་ཚོད་ཅིག་རེད།   ཡིན་ནའང་།   ད་ལྟ་ང་ཚོས་ངེས་པར་དུ་གཟབ་དགོས་པ་ཞིག་ནི་༸གོང་ས་མཆོག་གིས་དབུ་ཁྲིད་པའི་སྟོབས་ཤུགས་དང་།  ངེས་དོན་གྱི་ཉམས་མྱོང་དང་འཇོན་ཐང་གཉིས་ལྡན་གྱི་རྒན་རབས་པ་ཞལ་བཞུགས་པའི་སྟོབས་ཤུགས་འདི་གཉིས་རྒྱུན་རིང་ལོངས་སྤྱོད་ཀྱི་བསོད་བདེ་ཡོད་མེད་ནི་བཤད་དཀའ་བ་ཞིག་རེད།  དེའི་ཕྱིར་ཉམས་མྱོང་རྩིས་ལེན་ཧ་ཅང་གལ་ཆེན་ལ་གྱུར་ཡོད།  ཁོང་དག་གི་གསེར་ཞལ་དངོས་སུ་བཞུགས་པའི་སྐབས་དང་བསྟུན་ནས་མི་རབས་གསར་བའི་བཀའ་ཁྲི་ཞིག་གསོ་སྐྱོང་བྱེད་རྒྱུ་ཆེས་གལ་ཆེ་བའི་རང་བཞིན་ལ་གྱུར་ཡོད།  མི་རྒན་ཚོས་རྙིང་ཞེན་བརྒྱུད་སྐུལ་དང་མི་མང་ཆོལ་ཞེན་གྱི་དབང་དུ་མི་འགྲོ་བར་བཀའ་ཁྲི་ན་གཞོན་ཞིག་འཚོལ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀི་འགན་འཁྲི་ལྡོག་ཏུ་མེད་པ་དེ་ཡིན་ནོ། ། 

༥༽ ཡར་ལོངས་ཤོགས།   བདག་གི་མི་རབས་གསར་བ།

    བདག་གི་མི་རབས་གསར་བ།  ཡར་ལོངས་ཤོགས།  ད་ལྟ་ནི་ན་གཞོན་གྱི་གནམ་འོག་ལས།  ཀླད་རྙིང་མཁྲེགས་བཟུང་གི་གནམ་འོག་གཏན་ནས་མིན།  འདྲ་མཉམ་དང་རང་དབང་གི་གནམ་འོག་ལས།  རྙིང་ཞེན་དང་བག་འཁུམ་གྱི་གནམ་འོག་གཏན་ནས་མིན།  ང་ཚོས་རུལ་སུངས་ཀི་བསམ་བློ་དང་།  བག་འཁུམ་གྱི་བསམ་བློ།  ཆོལ་དཀྲུག་གི་བསམ་བློ།  རྗེས་ལུས་ཀྱི་འདུ་ཤེས་དང་།  རང་དམན་གྱི་འདུ་ཤེས་དག་གི་ངན་འཚང་བརྗོད་དགོས།  ང་ཚོར་བདག་ཉིད་ལ་ཡིད་ཆེས་ཀྱི་བསམ་བློ་དང་།  སྙིང་སྟོབས་ཀྱི་སྤོབས་པ་དགོས་པ་ཡིན།  མི་རབས་གསར་བ་ནི་ནམ་ཡང་གསར་བ་ཡིན་དགོས་པ་ལས།  གཏན་ནས་རྙིང་བར་འགྱུར་མི་རུང་།  མི་རབས་གསར་བ་གསོན་ནའང་ང་རྒྱལ་གྱི་སྣང་བ་ར་རྩེར་ཁུར་ནས་གསོན་དགོས་ལ།   མི་རབས་གསར་བ་ཤི་ནའང་དཔའ་སྐད་ཀྱི་གླུ་སྒྲ་འཇགས་པ་མེད་པར་ཤི་དགོས།  ཡར་ལོངས་ཤོགས།   བདག་གི་མི་རབས་གསར་བ།  འབྲོང་རྒོད་ཟས་སུ་བྱ་བའི་སྲིན་པོ་མི་རིགས་ཤིག་འདི་ལྟར་གོ་མེད་གྲགས་མེད་དུ་ཤི་ན་ག་ལ་འགྲིག  རྐྱང་རྒོད་བཞོན་པར་བཏུལ་བའི་དཔའ་བོའི་གདུང་རྒྱུད་ཅིག།  འདི་ལྟར་ཤེས་མེད་ཚོར་མེད་དུ་འགྱེལ་ན་ག་ལ་འགྲིག  

ཡར་ལོངས་ཤོགས།  བདག་གི་མི་རབས་གསར་བ།  མེས་པོའི་བླ་མ་སྒུལ་བར་ཡར་ལོངས་ཤོགས། 
ཡར་ལོངས་ཤོགས། བདག་གི་མི་རབས་གསར་བ།  ན་ཟླར་མཚང་མ་འཇོག་པར་ཡར་ལོངས་ཤོགས།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༡ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

ཡེ་ཤུ་ཆོས་དཔོན་ཕོབ་ལེའོ་མཆོག་ལ་༧གོང་ས་མཆོག་དང་ལྷན་དུ་མགྱོགས་མྱུར་མཇལ་འཕྲད་གནང་བའི་འབོད་སྐུལ་ཞུས།

ཆུ་ཚོད་ ༢༡ སྔོན་ལ།
Mobile App

གཏམ་གླེང་དམར་རྗེན་མ།

ཆུ་ཚོད་ ༢༣ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ། བོད་པའི་སློབ་གྲྭ་ཁག་གི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་རྣམས་ལ་སཱི་ཤེས་ཡོན་སློབ་གསོའི་སྦྱོང་བརྡར་སྤྲད། ༢༠༢༥།༥།༢༡ དུས་བབ་ཀྱི་པར།
Mobile App

འཛམ་གླིང་གི་རྒྱལ་ཁབ་ ༡༤༡ ནང་སཱི་ཤེས་ཡོན་སློབ་གསོ་ངོ་སྤྲོད་གནང་ཟིན་འདུག

༢༠༢༥/༠༥/༢༡
FILE PHOTO: Salal Dam on the Chenab river, in Reasi district, J&K, Monday, May 5, 2025. All gates of Salal Dam on the Chenab River were closed following suspension of the Indus Waters Treaty in the aftermath of the Pahalgam terror attack.(PTI)
Mobile App

པཱ་ཀི་སི་ཐན་ནང་ཆུ་རགས་གསར་རྒྱག་གི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་།

༢༠༢༥/༠༥/༢༡
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁེ་ན་ཌའི་ཨོན་ཊ་རེའོ་བོད་མི་རྣམས་ལ་གསུང་བཤད་གནང་། ༢༠༢༥།༥།༡༨ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་འདི་ལོའི་ཆོས་ཚོགས་ཐེངས་ལྔ་པའི་ཐོག་༧སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཁག་ཅིག་གསལ་པོ་ཆགས་རྒྱུ་ཡིན་སྐོར་གསུངས།

༢༠༢༥/༠༥/༢༡

མཆན། 33

  1. མཁའ་དབུགས་གསར་བ says:
    ལོ་ 15 སྔོན།

    ཁྱེད་ཉིད་ཀྱི་འབོད་སྐུལ་དང་བརྗོད་དོན་ལ་དགའ་བསུ་ཞུ།

    Reply
  2. རིན་ཆེན་རིལ་བུ། says:
    ལོ་ 15 སྔོན།

    ཕྱིར་རྟོགས།་འདུ་ཤེས་ཆེ་ཙམ་སྲིང་སའི་རྒལ་སྟེགས
    ཕུན་ཚོགས་ལགས། ངས་ཁྱེད་ལ་བོད་སྐད་ཀྱི་ཚབ་བྱས་ནས་མིང་གསར་པ་འདི་དག་གསར་བཟོ་བྱས་པར་ཐུགས་རྗེ་ཆེ་ཞུས་པ་ཡིན། ཡིན་ནའང་མིང་འགྲེལ་ཞིག་ཡོད་པར་མཁྱེན་ཞུས་པ་ཡིན། དེ་མེད་ན་ངོ་མ་སུན་སྣང་སྐྱེས་ཀྱིན་འདུག

    Reply
  3. རིན་ཆེན་རིལ་བུ། says:
    ལོ་ 15 སྔོན།

    ཕྱིར་རྟོགས།་ འདུ་ཤེས་ཆེ་ཙམ་སྲིང་སའི་རྒལ་སྟེགས་
    ཕུན་ཚོགས་ལགས། ངས་ཁྱེད་ལ་བོད་སྐད་ཀྱི་ཚབ་བྱས་ནས་མིང་གསར་པ་འདི་དག་གསར་བཟོ་བྱས་པར་ཐུགས་རྗེ་ཆེ་ཞུས་པ་ཡིན། ཡིན་ནའང་མིང་འགྲེལ་ཞིག་ཡོད་པར་མཁྱེན་ཞུས་པ་ཡིན། དེ་མེད་ན་ངོ་མ་སུན་སྣང་སྐྱེས་ཀྱིན་འདུག

    Reply
  4. ཕུན་ཚོགས ། says:
    ལོ་ 15 སྔོན།

    འདི་ནི་སུ་ཞིག་ལ་དད་པ་ཡོད་མེད་དང་།་སུ་ཞིག་དད་ལོག་ཡིན་མིན་ཀྱི་གནས་ཚུལ་ཐག་གཅོད་བྱེད་ས་ཞིག་ཏུ་འགྱུར་དགོས་རྒྱུ་དེ་མ་ཡིན་པར།དངོས་ཡོད་དང་གནས་ལུགས།ལོ་རྒྱུས་དང་ཕྱིར་རྟོགས།དཀྱེལ་ཡང་དང་དཔྱད་སྟོབས་ཀྱི་འདུ་ཤེས་ཆེ་ཙམ་སྲིང་སའི་རྒལ་སྟེགས་ཆེན་པོ་ཞིག་ཏུ་གྱུར་ན་འགྲིག་པ་དེ་ཡིན།

    Reply
  5. རིན་ཆེན་རིལ་བུ། says:
    ལོ་ 15 སྔོན།

    སྙིང་རྗེ། བླ་རྒན། བླ་རྒན་ཀླད་རྙིང་ཞིག་གིས་བསམ་བློ་གསར་བ་བཤད་ཤེས་ནི་མ་རེད། དེ་གཅིག་ཡིན། མི་རབས་གསར་བ་གསོན་ནའང་ང་རྒྱལ་གྱི་སྣང་བ་ར་རྩེར་ཁུར་ནས་གསོན་དགོས་ལ། མི་རབས་གསར་བ་ཤི་ནའང་དཔའ་སྐད་ཀྱི་གླུ་སྒྲ་འཇགས་པ་མེད་པར་ཤི་དགོས། ཞེས་པ་འདི་ནི་ཤར་དུང་རི་ལས་ཟུར་རྐུ་བྱས་པ་ཡིན་ལྟ་བུ་ཞིག་ཀྱང་མི་འབྲི་བ་དང་ཚིག་སྔ་ཕྱི་ཐོད་མི་ཐུག་པ་སོགས་ལ་བལྟས་ན། མི་རབས་གསར་བ་ནི་མགོ་ཆག་གི་ཁ་བསླ་བསླ་བྱེད་མཁན་ཞིག་ཡིན་ས་རེད། ཁྱེད་ཀྱི་ཚིག་བསྒྲིགས་འདི་དག་མགོ་ནས་མཇུག་བར་དུ་བཀླགས་ན་ནང་དོན་གཅིག་འདུག་པ་སྟེ། ཡར་ལངས་ནས་རྒྱུགས་ཡ་ཞེས་པ་འདི་མ་གཏོགས་ཅི་ཡང་མི་འདུག འདི་ལྟ་བུའི་ཀླད་རྙིང་ཡིན་ལ་བྱིས་པ་ཡང་ཡིན་པའི་བསྒྲགས་གཏམ་ཞིག་ཡོད་ནི་མ་རེད། ཁྱེད་ཀྱི་ཚིག་བསྒྲིགས་སྟངས་ལ་ཁྱད་ཆོས་འབུར་ཏུ་ཐོན་པ་ཞིག་ཡོད་པ་ནི་མི་ཤེས་ཤེས་ཁུལ་གྱི་ཧོལ་རྒྱུག ཨ་འདྲོགས་སྐྱ་འདྲོགས་ཀྱི་འུར་ཤོམས། ཤི་ཡང་ནོར་འཁྲུལ་ངོས་ལེན་མེད་པའི་གླེན་རྟགས་བཅས་རེད། འདི་དག་བསྒྱུར་པ་ཡིན་ན་ཚིག་སྒྲིག་ནས་རྩོམ་ཡིག་གི་ལམ་ལ་རེ་བ་བྱས་ན་འགྲིག་གི་རེད། ངོ་མ་ཡིན། སེམས་ཤུགས་བཅགས་པ་མིན་ལ་ཆག་སའང་མ་རེད།

    Reply
  6. ལྷ་མོ་དོན་གྲུབ། says:
    ལོ་ 15 སྔོན།

    ““ལོ་ཆེ་ན་སྙིང་ཆུང་བ་དང་སྙིང་ཆུང་ན་ལམ་མེད་པ་”སོགས་ནི་ཆོས་ཉིད་ཀྱི་འཕེལ་རིམ་ལྡོག་ཏུ་མེད་པ་ཞིག་རེད་ལ། འགྱུར་བ་དེ་ཁྱེད་ཅག་རྒན་རབས་པའི་སྟེང་ནས་ཀྱང་མངོན་སུམ་དུ་མཐོང་ཐུབ་ཀྱི་འདུག”ཅེས་དང།
    “སྤྱིར་བཏང་མི་རྒས་སོང་ན་སྙིང་ཇེ་ཆུང་ལ་འགྲོ་བ་ནི་ཁྱེད་ཅག་གཅིག་པུའི་སྐྱོན་མིན་པར་འགྲོ་བ་མི་སྤྱིའི་མི་སྤུས་ཀྱི་འགྱུར་བ་ཞིག་རེད་ལ། བོད་ཀྱི་ངག་རྒྱུན་སྡོམ་ཚིག་ཁྲོད་ནའང་”བྱིས་པ་དབང་ལོག་དང་། ལོ་ལོན་ཧོན་ལོག་”ཅེས་ཚད་གཞི་ཏག་ཏག་གཏན་འབེབས་བྱས་ཡོད།”
    “སྐྱེས་སྟོབས་ཀྱི་ལང་ཚོ་དང་རྣམ་དཔྱོད་ཀྱི་བློ་གྲོས་དར་བའི་མི་རབས་གསར་བ་ཡོད་བཞིན་དུ་བོད་ཀྱི་རྩ་དོན་འཐབ་རྩོད་ལ་རྒས་རྟགས་ཤར་ན་གཏན་ནས་མི་འགྲིག ཁྱེད་ཅག་གིས་ཀྱང་ལོ་དང་ནམ་ཚོད་ལ་རྩིས་བརྒྱབ་ནས་དུས་ཚོད་ལ་བསྟུན་རྒྱུ་ཧ་ཅང་གལ་ཆེན་པོ་རེད།”
    གོང་གི་འདི་དག་ཀྱང་བསམ་བློ་ཁོ་ནའི་ཁྱད་པར་ཞིག་འབྱེད་ཀྱི་རྒྱུ་མཚན་ཡིན་ནམ། ངས་བལྟས་ན་ཁྱོད་ཀྱིས་རང་གིས་བྲིས་པ་དེ་ཚོ་ཡང་བསྐྱར་གཅིག་བཀླག་ན་བཟང། ད་དུང་མའོ་ཙེ་ཏུང་དཔེ་མཚོན་ལ་བཞག་ནས་ཧོན་ལོག་གི་དོན་གསལ་བཤད་བྱས་ཡོད། དེ་བདེན་པ་རེད། འོན་ཀྱང་བཙན་བྱོལ་ནང་ལ་དེ་འདྲའི་དབང་འཛིན་པ་ཧོན་ལོག་ཡོད་དམ། ཁྱོད་ཀྱིས་གཟས་ས་དེ་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་ཚང་ཡིན་ན་དེ་ཧོན་ལོག་ཡིན་ཚུལ་གཅིག་ཤོད་དང།
    ཡང་། ” “ལོ་ཆེ་ན་སྙིང་ཆུང་བ་དང་སྙིང་ཆུང་ན་ལམ་མེད་པ་”སོགས་ནི་ཆོས་ཉིད་ཀྱི་འཕེལ་རིམ་ལྡོག་ཏུ་མེད་པ་ཞིག་རེད་ལ། འགྱུར་བ་དེ་ཁྱེད་ཅག་རྒན་རབས་པའི་སྟེང་ནས་ཀྱང་མངོན་སུམ་དུ་མཐོང་ཐུབ་ཀྱི་འདུག”ཅེས་དང།” མི་རབས་གསར་བ་ནི་ནམ་ཡང་གསར་བ་ཡིན་དགོས་པ་ལས། གཏན་ནས་རྙིང་བར་འགྱུར་མི་རུང”ཟེར། འོ་ན་ཁྱོད་ཅག་ལོ་ལོན་རྒྱུ་ཡོད་དམ། ཡོད་ན་འགྱུར་རྒྱུ་ཡོད་དམ། ཁྱོད་ཀྱིས་”ཁྱེད་ཅག་གི་ཕྱི་ནང་གཉིས་ལྡན་གྱི་སྐད་ཆ་དེ་དག་ནི་ཆབ་སྲིད་ཀྱི་སྐད་ཆ་ཟེར་བ་ཡིན་རྒྱུ་རེད་དེ། བདག་གིས་བྱིས་པའི་ལབ་བརྡོལ་འབའ་ཞིག་ལས་གཞན་དུ་མཐོང་གི་མི་འདུག”ཅེས་པ་འདི་ཕྱིར་ཁྱོད་རང་ཉིད་ལ་བཤད་ན་འོས།
    མི་རབས་གསར་བས་དྲང་བདེན་གྱི་ཐོག་ནས་དཔྱད་གཏམ་བརྗོད་གལ་ཆེ། ནོར་བ་སུ་ལའང་ཡོང་སྲིད་པས་ཡོ་བསྲང་བྱ་མིན་ནི་ཀུན་སྤྱོད་ཀྱི་ཚད་གཞི་ཁོ་ན་ཡིན།

    Reply
  7. གཉའ་འབྲོང་ཐུ་བུ། says:
    ལོ་ 15 སྔོན།

    བོན་རྒྱ་བའི་བསྒྲགས་གཏམ་གཉིས་ཀར་བཤད་རྒྱུ་ཞིག་མེད་ཀི། རྩོམ་མགོ་འཛིན་ཚུལ་དང་། ཚིག་སྦྱོར་སྤེལ་སྟངས་གང་གི་ཆ་ནས་ཀྱང་མི་རབས་གསར་བ་ཞིག་གི་བསྒྲགས་གཏམ་ལེ་ཡིན་འདོད་ཀི། ཕོ་སར་གྱི་སྣང་བ་དང་གཡག་སར་གྱི་རྭ་རྩེ་ཧ་ཅང་ངོམ་ཡོད་ཀི། དེའི་སྟབས་ཀྱིས་སྣང་བ་མི་འགྲོ་ནི་ཡང་ཡོད་ཚོད་རེད་དེ། ཅི་ཁག མི་སུམ་ཅུར་བསམ་པ་སུམ་ཅུ། མཛོ་སུམ་ཅུར་རྭ་ཁ་དྲུག་ཅུ་རེད། འོན་ཀྱང་སྣང་བ་དེའི་ཚོད་ཀྱི་དཔའ་ཅུང་ཟད་ཞུམ་ཐལ། དེ་སྣང་བ་འགྲོ་མ་སོང་། དངོས་གནས་ཡིན། བཤད་སྟངས་མ་འདྲ་བ་ཙམ་མ་གཏོགས་མི་རབས་གསར་བའི་ནང་ན་བགྲེས་པོ་དང་། མི་རབས་རྙིང་བའི་ནང་ན་ན་གཞོན་ཡོད་ན་འབབ་ས་གཅིག་པ་རེད། བསྒྲགས་གཏམ་གྱི་དགོས་པ་ཡང་འགྲུབ་ས་མ་རེད། ༢༠༡༡ལོའི་བཀའ་བློན་ཁྲི་བ་དང་སྤྱི་འཐུས་ཚོ་ན་གཞོན་རྐྱང་རྐྱང་ལ་རེ་བ་རྒྱག་གི་མི་འདུག་གཱ རྩོམ་གྱི་རྒྱུ་སྤུས་ལ་ལྟ་བཞིན་ཡོད་ཡིག་ནོར་ལ་རང་གིས་གཟབ་གཟབ་བྱོས་དང་། རྩོམ་སྒྲིག་པ་དཀའ་ལས་ལ་གཏད་དོན་མེད་ཀ རྩོམ་ཡོང་ན་ཡིག་ནོར་ལས་སླ་བོ་རེད་དཱ།

    Reply
  8. ཟ་ལེ་རྒྱལ། says:
    ལོ་ 15 སྔོན།

    ད་སྐོར་ལོག་མོ་བཤད།
    ཚེ་རིང་སྒྲོལ་མའི་མིང་ལ་དོན་འགྲུབ་སྒྲོལ་མ་བཏགས་ཀྱང་མི་གཞན་པ་ཞིག་ཏུ་འགྱུར་ཐུབ་ནི་མ་རེད། འདི་ནི་ཁྱོད་ཀྱི་རྩོམ་ཉོག་འདི་ལ་བལྟས་བའི་འཆར་སྣང་ཡིན།

    Reply
  9. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 15 སྔོན།

    ངའི་རྩོམ་སྔ་ཕྱི་གཉིས་ཀྱི་ནང་ནས་མི་རབས་གསར་བར་གོ་བ་ལོན་མེད་མཁན་ཚོར་གསལ་བཤད་བྱ་རྒྱུ་ཞིག་ལ།
    མི་རབས་གསར་བ་ཟེར་བ་ལ་ལོ་ཚོད་ཀྱི་ཆ་ནས་མི་རབས་གསར་བ་ཡིན་ལ་བསམ་བློའི་ཆ་ནས་མི་རབས་གསར་བ་མ་ཡིན་པ། བསམ་བློའི་ཆ་ནས་མི་རབས་གསར་བ་ཡིན་ལ་ལོ་ཚོད་ཀྱི་ཆ་ནས་མི་རབས་གསར་བ་མ་ཡིན་པ། བསམ་བློ་དང་ལོ་ཚོད་གཉིས་ཐད་ནས་མི་རབས་གསར་བ་ཡིན་པ། གཉིས་ཐད་ནས་མི་རབས་གསར་བ་མ་ཡིན་པ་བཅས་མུ་བཞི་བཞག་ན་འགྲིག་གི་རེད།

    ཁ་སང་ངས་མི་རབས་གསར་བ་ཡར་བཞེངས་སྟངས་དེ་སྙིང་སྟོབས་དང་། རང་སྣང་། དྲང་ཚུགས་སོགས་ཀྱི་ཆ་ནས་ཡར་ལངས་དགོས་པ་རེད་ཅེས་བསམ་བློའི་སྐོར་ཤ་སྟག་ནས་བཤད་ཡོད་མོད། དེ་ལ་གོ་བ་ལོན་ཡོད་པ་མ་རེད། མ་གཞི་ནས་ཁྱོད་ཚོ་ལ་རྒྱུན་ཤེས་འདི་ཙམ་ཞིག་དང་། རིགས་པ་འདི་ཙམ་ཞིག གོ་བ་འདི་ཙམ་ཞིག་ཡང་འཁོར་ཐུབ་གི་མེད་ན་ཕལ་ཆེར་འུ་ཚོ་བགྲོ་གླེང་ཐག་ཉེ་མོ་ཞིག་ཡོད་ཁེགས་པོ་རེད། ཡིན་ནའང་། སེམས་ཤུགས་མ་ཆག་པར་ཨུ་ཚུགས་ཀྱིས་ཕེབས་པ་ལ་དགའ་ཡོད།

    Reply
  10. རྫ་སྲས་བདེ་ཆེན says:
    ལོ་ 15 སྔོན།

    རེད་རེད། ང་ཚོར་ངེས་པར་དུ་དགོས་པ་ནི་བོན་རྒྱ་ལགས་ཀྱིས་བཤད་པ་ལྟར་མི་རབས་གསར་བའི་དཔུང་ཁག་ཅིག་དང་། དེའི་སྒུར་ཤུགས་ཤིག་ངེས་པར་དུ་དགོས་གི་འདུག། དེ་ཡང་འཀའ་ཁྲི་གཅིག་བུར་ཐུགས་མེད་ལ་། འཀའ་ཁྲི་གཅིག་བུས་བསྒྲུབ་ཐུབ་པ་ཅིག་ཀྱང་རྩད་ནས་མ་རེད་། གཞུང་གི་སྲིད་འཛིན་ལས་མི། དགོན་པའི་སྒྲིག་ལམ་དོ་དམ་པ། དེ་བཞིན་མི་རིགས་ཀྱི་བླ་སྲོག་བཟོ་བསྐྲུན་དུ་འབོད་པའི་དགེ་རྒན་སོགས་ཕྱོགས་ཡོངས་ནས་གྲ་སྒྲིག་བྱེད་རྒྲུ་གལ་ཆེན་པོ་རེད།

    ག་སྲིད་བློ་བཟང་སང་གེ་མི་རབས་གསར་བ་རེད་ཟེར་ནས་འཀའ་ཁྲི་ལ་འདེམས་པའི་དབང་དུ་བཏང་ཡང་འུ་ཚང་གི་རྒས་འཁོགས་ཀྱི་དཀྱིལ་འཁོར་དེ་ནས་བསྟུན་ཤས་འགྲོ་ཤས་བྱས་དུས་ཚོད་བསྐྱེལ་པ་མ་གཏོགས། ཁོས་མང་བོ་ཞིག་ལ་བརྒྱབ་འགལ་དང་། དགའ་རབས་ཤིག་ལ་ཐོད་བརྒལ་བྱ་རྒྱ་རེད་བསམ་ན་ཕལ་ཆེར་ནོར་གི་ཡོད་རེད་བསམ་གི ངས་ཁོང་གི་གཏམ་བཤད་ཤ་ཤས་ལ་ཉན་ནས་བསམ་ཚུལ་ཞིག་བྱུང་ནི་ཁོང་ཅི་འདྲའི་མི་འགོ་བདེ་ཞིག་རེད་ཨང་བསམ་པ་བྱུང་།

    Reply
  11. གནམ་ལྕགས། says:
    ལོ་ 15 སྔོན།

    གོང་གི་རྩོམ་ཡིག་ལས་ཨ་ཁུ་བོན་རྒྱའི་འོག་གི་གསལ་འདི་ཁ་གསལ་བོ་དང་ཡག་པོར་མཐོང་སོང་། ཧ་ཧ་ཧ། རྩེད་མོ་ཡིན། ཨ་ཁུ་བོན་རྒྱས་བཤད་པ་ལྟར་རང་གིས་འོས་གཞི་ཞིག་བཏོན་པ་གཞན་གྱི་འོས་གཞིར་དམའ་འབེབས་རེད་ཟེར་ས་མི་འགྲོ དེ་གསལ་བཤད་གནང་བ་ཤིན་ཏུ་བཟང་།

    Reply
  12. ལྷ་མོ་དོན་གྲུབ། says:
    ལོ་ 15 སྔོན།

    ཁ་སང་ཁྱོད་ཀྱི་མི་རབས་གསར་བའི་བསྒྲགས་གཏམ་ནང་ལ་ལ་རྒས་ཀྱི་ཉི་མ་ཞེས་རྒན་རབས་དང་མི་རབས་གསར་བ་དེ་ལོ་ནའི་ཁྱད་པར་གྱིས་ཕྱེས་ཏེ་ངར་ངར་བཤད་ཡོད་ལ། འདིར་ཡང་དེ་ལྟར་བཤད་ཡོད། ཀློག་མཁན་ཚང་མས་དེ་ལྟར་གོ་ཡོད། འོན་ཀྱང་ད་ཡང་མཆན་ནང་ལ་མི་རབས་གསར་བ་ཟེར་བ་དེ་བསམ་བློའི་ཆ་ནས་བཤད་པ་ཡིན་ཚུལ་ཟེར། མི་རབས་གསར་བའི་བསྒྲགས་གཏམ་སྤེལ་མཁན་ཞིག་འདི་ལྟར་འགྱུར་སླ་བོ་དང་གཏད་སོ་མེད་པ་ཞིག་ཡིན་ན་ད་མི་རབས་གསར་བ་ཡང་ཚར་འདུག ངས་བལྟས་ན་ཁྱོད་ཀྱིས་གློ་བུར་བའི་འཆར་སྣང་རེ་འུད་ཀྱིས་སྒྲོག་བཞིན་པ་ཞིག་ལས་སྤྱི་ཚོགས་ཤེས་ཤིང་ལྟ་བའི་རྐང་ཚུགས་ནས་བརྗོད་མཁན་ཞིག་མ་རེད། ཁྱོད་ཀྱིས་སྐུ་ཞབས་བློ་བཟང་སེང་གེ་ལགས་ཡར་འགྱོག་རྒྱུ་ལས་མར་འདྲུད་ཉེན་འདུག རྗེས་མ་ནས་སྐད་ཆ་སོམས་ལ་ཤོད། རྩམ་པ་ལྡོད་ལ་མིད། འདི་ངས་གཞིས་ལུས་མི་དམངས་ཀྱི་ཚབ་བྱས་ནས་སྤུན་ཟླ་ལགས་ལ་ཁ་བརྡ་ཞིག་བྱས་པ་ཡིན།

    Reply
  13. གླང་དར་མ། says:
    ལོ་ 15 སྔོན།

    ཕོ་རྒོད་པོ་ཨ་ཁུ་བོན་རྒྱ་བསྟན་འཛིན་རབ་རྒྱས་ལགས་ཁྱེད་ཀྱི་བསམ་བློ་གཏང་ནས་ འགན་ཞིག་འཁྱེར་ནས་སྐད་ཆ་བཤད་འདུག་རྒྱབ་སྐྱོར་ཡོད་ ཁྱེད་དང་ང་དང་ ང་ཚོའི་ བསམ་པ་ལྷུན་གྱི་སྒྲུབ་པར་སྨོན་།

    Reply
  14. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 15 སྔོན།

    དྲ་གྲོགས་རྣམས་ལ་གསལ་བོར་བཤད་འདོད་པའི་དོན་ཚན་དྲུག

    ༡༽ བརྩེ་བའི་དྲ་གྲོགས་རྣམ་པ་ལགས། རྩོམ་ཡིག་འདི་གཉིས་གླེང་སྐབས༸གོང་ས་མཆོག་ཆོས་ཅན་ལ་ཁྱེར་ནས་མ་འོངས་རོགས། འདི་ཞུ་བ་ཡིན་ལ་རེ་བའང་ཡིན། རྒྱུ་མཚན་ནི། གོང་ས་མཆོག་དང་ཁྱེད་རྒན་རབས་པ་རྣམས་རྩ་བ་ནས་འདྲ་གི་མ་རེད། ༸གོང་ས་མཆོག་སྐྱེས་པ་ནས་བཟུང་བོད་ཁ་བ་ཅན་གྱི་ལྷ་མི་གཉིས་ཀྱིས་སྐུ་དབང་དེ་ཁོང་ལ་ཕུལ་ཚར་བ་ཞིག་རེད། ཁོང་གིས་ངེས་པར་དུ་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་དགོས་པ་རེད། དེ་ལྟར་མ་གནང་བ་ཡིན་ན་ཐད་ཀར་བཤད་ན་རྒྱུ་འབྲས་ལ་རུང་གི་མ་རེད། ཁོང་གི་སྐུ་དབང་ལ་འགྱུར་བ་གཏོང་མིན་དེ་བོད་ཁ་བ་ཅན་གྱི་ལྷ་མི་གཉིས་དང་། དེའང་དོན་གྱི་བདག་པོ་གཞིས་ལུས་རྒྱ་ཆེའི་མི་མང་གིས་ལྟ་དགོས་པ་ཞིག་ལས། ང་ཚོ་བཙན་བྱོལ་བ་ཚོ་ཕར་ཞོགས། དབང་ཚད་དེ་༸གོང་ས་མཆོག་ཁོང་ལའང་ཡོད་པ་མ་རེད། དེའི་ཕྱིར་ཆེས་དམིགས་བསལ་གྱི་ཡུལ་རེད། དེའི་ཕྱིར་ངའི་རྩོམ་ཡིག་ཁག་གིས་༸གོང་ས་མཆོག་ལ་ཅི་ཡང་བཤད་ཀྱིན་མེད་ལ། ཡོད་རབས་ཟེར་བ་དག་གིས་ང་ལ་བསྙོན་འཛུགས་ཀྱིན་ཡོད། ད་དུང་ཚུར་རིགས་སྒྲུབ་བྱས་ནས་བཤད་རྒྱུ་ཡིན་དང་བཤད་ཀི་འདུག་ཟེར་ན་ཁྱོད་ཚོས་ལྟོས། ང་རང་གིས་མ་བསགས་པའི་ཉེས་པར་གཏན་ནས་མི་སྐྲག

    ༢༽ མི་རབས་རྒན་པ་འདི་རེད་ཅེས་ཆོས་ཅན་ལ་འཛུགས་དགོས་དོན་མེད་ཀི། ད་དུང་ངས་འདི་ལ་བཤད་ཀི་ཡོད་དང་། དེ་ལ་བཤད་ཀི་ཡོད་ཅེས་ཁྱོད་ཚོ་ར་སྤྲོད་དགོས་དོན་ནི་དེ་བས་ཀྱང་ཡོད་ནི་མ་རེད། ངས་དེ་ལྟར་བཤད་ས་ཁྱོད་ཚོ་ཡིན་ནི་མ་རེད་ལ། ང་ལ་འདྲི་མཁན་ཡང་ཁྱོད་ཚོ་ཡིན་མ་རེད། དེ་ཤེས་པ་གནང་རོགས།

    ༣༽ མི་རབས་གསར་བ་ནི་མཐའ་གཅིག་ཏུ་ལོ་ཚོད་ཀྱིས་ངོས་བཟུང་ན་འགྲིག་ནི་མ་རེད། ལོ་ཉི་ཤུ་ནང་གི་ཕོ་གསར་རྒན་ཞེན་ཅན་དག་ལོ་ཚོད་ཀྱི་ཆ་ནས་མི་རབས་གསར་བ་ཡིན་ནའང་མི་རབས་གསར་བའི་སྙིང་སྟོབས་དང་སྣང་བ་ཡོད་ནི་མ་རེད་ དེའི་ཕྱིར་རྒན་རབས་པ་རེད། དེ་དག་ལ་རྙིང་ཞེན་དང་བག་འཁུམས་ཀྱི་བསམ་བློ་ཡོད་པ་རེད། དེ་དག་ནི་ཆེས་སྡུག་ཤོས་ཚེ་ཐག་རིང་ཤོས་ཀྱི་རྒན་རབས་པ་རེད། ངས་འདི་རུ་མི་རབས་གསར་བ་ཟེར་བ་ནི་གཙོ་བོ་བསམ་བློ་ཞིག་བཤད་ཀྱིན་ཡོད། བསམ་བློ་དེ་ནི་བག་མི་འཁུམ་པའི་སྙིང་སྟོབས་ཤིག་དང་། ཡིད་ཆེས་ཀྱི་རང་རྟོན་འདུ་ཤེས་ཤིག་བཤད་ཀྱིན་ཡོད། དེ་གཉིས་ནི་གཙོ་བོ་ཡིན། ལོ་བགྲེས་ནའང་གཞོན་པའི་སྙིང་སྟོབས་དང་རང་རྟོན་འདུ་ཤེས། འགྱུར་བ་ལ་ངོས་ལེན་ཡོད་མཁན་དག་ནི་ནམ་ ཡང་མི་རབས་གསར་བ་ཡིན་ནི་རེད།

    ༤༽ བདག་གིས་གཞན་གྱི་འོས་མི་དག་ལ་སྐྱོན་རྒྱག་དང་དེ་ནི་དེ་ལ་མི་འོས་པ་དང་འདི་ལ་འོས་པ་སོགས་ཀྱི་སྐད་ཆ་སྔར་ཡང་བཤད་མེད་ལ་མ་འོངས་པར་ཡང་བཤད་རྒྱུ་མིན། དྲ་གྲོགས་བསྟན་འཛིན་ཚེ་དཔག་གིས་བཤད་པ་བཞིན། ཚང་མས་གོ་བ་ཡག་ཕྱོགས་དང་བསམ་བློ་དྲང་ཕྱོགས་ནས་གཏོང་ཐུབ་ན། མི་རབས་གསར་བ་ཞིག་ཧ་ཅང་གལ་ཆེན་ཡིན་ནི་རེད།

    ༥༽ བདག་གིས་བློ་བཟང་སེང་གེ་བདམས་རོགས་ཞེས་བཤད་དོན་ནི། གཙོ་བོ་ཁོང་གི་སྙིང་སྟོབས་དང་འགྲན་སེམས་ཀྱི་འདུ་ཤེས་དེས་ཡིད་འཕྲོག་པ་ཡིན་ལ། རྒྱལ་སྤྱིའི་སྤྱི་ཚོགས་དང་དམར་པོ་རྒྱ་ཡིས་བལྟས་ནའང་རེད་བསམ་པ་ཞིག་དང་། ངོམ་ཆོག་པ་ཞིག་ལ་ཁོང་ལས་ལྷག་ཅིག་མེད་པ་ནི་དངོས་ཡོད་ཡིན་པས་བདག་གིས་ཁོང་བདམས་པ་ཡིན། ཡིན་ནའང་ཁོང་ལ་ཐོབ་མི་ཐོབ་ཟེར་བ་ནི། རྒན་རབས་པ་རྣམས་དྲང་ཕྱོགས་ལ་བུད་མ་བུད་དང་རྒན་རབས་པས་མི་རིགས་ལ་བསམ་བློ་བཏང་མ་བཏང་གི་ཐག་གཅོད་ཅིག་རེད། དེའི་ཕྱིར་བདག་གིས་ད་ལོ་ཁྱེད་རྒན་རབས་པ་རྣམས་ཀྱི་དྲང་ཚུགས་ཀྱི་བསམ་བློ་དང་མི་རིགས་ཀྱི་བསམ་བློར་ལྟད་མོར་བལྟས་ནས་འདུག་རྒྱུ་ཡིན།

    ༦༽ བདག་གིས་བསྒྲགས་གཏམ་སྤེལ་བ་ལས་གཏོར་མ་བརྡབས་པ་མ་རེད། དེའི ཕྱིར་ཁྱོད་ཚོ་དེ་ཙམ་སྐྲག་དགོས་པ་མ་རེད། བསྒྲགས་གཏམ་ལས་རང་ཉིད་ཀྱིས་ཅིག་བྱེད་པ་གལ་ཆེན་རེད་ཟེར་བ་དག་ལ་ཤིན་ཏུ་བདེན་པ་རེད་ཅེས་ཞུ་བ་དང་ལྷན་དུ། གཞན་གྱི་དམོད་མགོར་བུད་ནས་བྲིས་པའི་རྩོམ་འདི་དག་ཆ་ཚང་ངས་ཅིག་བྱས་པའི་ཁུལ་ཡིན། ཞོགས་དུང་ཡང་ཉིས་སྟོང་བརྒྱད་ལོར་སྒོ་ཁར་བུད་ཡོད་ནི་མ་རེད། མདོར་ན། རྩོམ་པ་པོར་གནས་ལུགས་དྲང་ཐད་ནས་རྩོམ་འབྲི་བ་ལས་གཞན་དུ་བྱེད་རྒྱུ་ཞིག་ཡོད་ནི་མ་རེད། དེ་ལྟར་ཐུགས་ལ་འཛིན་རོགས།

    Reply
  15. རྡོ་རྗེ། says:
    ལོ་ 15 སྔོན།

    ཕྱོགས་ཡོངས་ལ་བསམ་བློ་ཞིབ་ཙམ་བཏང་མཐར་བཀའ་ཁྲིའི་འོས་མི་གསུམ་རྙེད་པ་ནི་
    ༡ བཀྲས་མཐོང་བསྟན་རྣམ།
    ༢ ཚོགས་གཙོ་སྤེན་པ་ཚེ་རིང་།
    ༣ མཁས་དབང་བློ་བཟང་སེང་གེ་བཅས་ཡིན།
    ངས་ཆོལ་ཁ་རེ་ནས་རེ་རེ་ཡོང་དགོས་པའི་ལྟ་ཚུལ་མ་བཟུང་བར་གོང་གི་མི་སྣ་འདེམས་པ་ཡིན་ཡང་། རང་བཞིན་གྱིས་ཆོལ་ཁ་རེ་རེ་ནས་མི་རེ་སླེབས་འདུག་པ་དེ་ཡང་འགྲིག་རྟགས་ཤིག་ཡིན་སྲིད། གང་ལྟར་ཁོང་རྣམས་སྔོན་འགྲོའི་འོས་གཞིར་སླེབས་པ་བྱས་ནས་མཐར་མི་མང་ལ་ཁོ་ཚོས་གཏམ་བཤད་པ་དང་མི་མང་གིས་ཁོང་ཚོའི་ལོ་རྒྱུས་བཀླགས་པ་སོགས་བརྒྱུད་ནས་དངོས་གཞིའི་འོས་བསྡུ་ཆེན་མོའི་རྒྱལ་ཁ་འགྲན་རྕོད་བྱེད་དགོས་གལ་ཆེ།

    Reply
  16. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 15 སྔོན།

    ད་སྔོན་བཀོད་པའི་མཆན་ནང་ལའང་ཡིག་ནོར་ཤོར་འདུག འདི་ནི་ཕལ་ཆེར་རྒན་པ་རྣམས་དང་རྒན་ཞེན་པ་རྣམས་ལ་གུས་མེད་ཀྱི་ཚིག་མང་པོ་ཤོར་སོང་བའི་ཆ་ནས་ཡིན་རྒྱུ་རེད། དགོངས་དག། རྗེས་མ་ནས་ཚིག་ཁ་ཇེ་འཇམ་ལ་ཨེ་ཐོངས་འབད་པ་བྱེད་ངེས་ཡིན། ཡིན་ནོར་ལ་སྔར་ནས་གཟབ་ཀྱིན་ཡོད་ནའང་། མཚམས་རེར་མི་ཤེས་ཀི། མཚམས་རེར་མི་རིག་གི། མཚམས་རེར་གཉན་པོ་རྣམས་ཀྱིས་གཉན་མངགས་ནས་བལྟས་བལྟས་ལ་ཤོར་འགྲོ་གི། གང་ལྟར་དགོངས་དག

    Reply
  17. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    ཚང་མ་ཀློག་ཚར། ཀློག་ཚར་བས་རྗེས་ལ་ང་ནི་ཅི་ཡང་བཤད་མི་ཤེས་པའི་ལྐུག་པ་ཞིག་དུ་གྱུར།

    Reply
  18. འབའ་ཐང་གི་བུ། says:
    ལོ་ 15 སྔོན།

    སྤྱིར་བཏང་མི་རབས་གསར་པ་ཞེས་པ་དེ་མཚམས་གང་ནས་བཟུང་དགོས་མིན་ངས་ཏག་ཏག་ཅིག་ཤེས་མ་སོང༌། འོན་ཀྱང་ངེད་རང་གིས་ལྟ་ཚུལ་བྱས་ན་ལོ་རྒན་དྲུག་ཅུ་མན་ཆད་ལ་མི་རབས་གསར་པ་ཟེར་ན་འགྲིགས་པ་མཐོང༌། བཀའ་ཁྲི་དང་སྤྱི་འཐུས། བཀའ་བློན་དང་དྲུང་ཆེ་སོགས་སུ་ཡིན་རུང་ཤེས་ཡོན་དང་འཇོན་ཐང་ལྷག་བསམ་རྣམ་དག་ཅིག་ཡོད་ན་ཆོག་པ་ལས་ངེས་པར་དུ་མི་རབས་གསར་པ་དང་གཞོན་སྐྱེས། ཕོ་ལས་མོ་དང་སྐྱ་བོ་ལས་གྲྭ་བཙུན་ཞིག་གཏན་ནས་ཡིན་མི་དགོས། ཨ་མའི་བུ་ལ་ཡོན་ཏན་ཡོད་ན། དགའ་ལྡན་ཁྲི་ལ་བདག་པོ་མེད་ཟེར་བ་ལྟར་སུས་འཇོན་ན་འགྲིགས་པ་འདོད། འོན་ཀྱང་བླ་རྒན་བོན་རྒྱས་རེ་འབོད་ལྟར་བྱས་ན་གཤམ་འོག་འོས་མི་རྣམས་བཀའ་ཁྲི་དང་བཀའ་བློན་གནང་ན་མི་འགྲིགས་ཞིག་མི་འདུག་སྙམ།
    ༡ བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ།
    ༢ མཁས་དབང་བློ་བཟང་སེང་གེ།
    ༣ སྐུ་ཚབ་སྐལ་བཟང་རྒྱལ་མཚན།
    ༤ ཚོགས་གཙོ་སྤེན་པ་ཚེ་རིང༌།
    ༥ ཚོགས་གཞོན་རྒྱ་རི་སྒྲོལ་མ།
    ༦ ཚོགས་ཟུར་ཀརྨ་ཆོས་འཕེལ།
    ༧ བཀའ་ཟུར་བློ་བཟང་སྙན་གྲགས།

    Reply
  19. རེབ་གོང་སེང་ཕྲུག says:
    ལོ་ 15 སྔོན།

    དྲ་གྲོགས་ཚོ།
    མི་རབས་གསར་བའི་བཀའ་ཁྲི་དང་མི་རབས་གསར་བའི་བསམ་བློ་དུས་རབས་ཉེར་ཅིག་གི་སྦྱི་ཚོགས་དང་ཤིན་ཏུ་མཐུན།
    མི་རབས་རྙིང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་དུས་རབས་ཉེར་ཅིག་གི་སྦྱི་ཚོགས་དང་་་་་་་་་་་་་་་་་་་་་་་་་་།

    Reply
  20. བསྟན་འཛིན་ཚེ་དཔག says:
    ལོ་ 15 སྔོན།

    ང་ཚོའི་རྒན་རབས་པ་དང་། ཕྱོགས་མཚུངས་སྲིད་དོན་དབྱེ་ཞིབ་པ་མང་པོས། རྒྱ་ནག་གི་ཆབ་སྲིད་ལ་འགྱུར་བ་འགྲོ་བའི་རེ་བ་རྒྱག་པ་དང་། ཡང་ན། རྒྱ་ནག་ལ་གཞི་རྩའི་འགྱུར་བ་ཞིག་འགྲོ་བ་ལ་ནི། མི་རབས་གསར་པའམ་མི་ཐོག་གསར་པའི་དབུ་ཁྲིད་ཅིག་སྲིད་སྟེགས་མཐོ་ཤོས་སུ་སླེབས་པར་དང་། དེའི་ལས་རོགས་དག་ཀྱང་གཞོན་སྐྱེས་ཁྲོད་ནས་སླེབས་ཐུབ་པས་མཚོན། མི་རབས་གསར་པའི་སེམས་ཁམས་དང་མི་རབས་གསར་པའི་སྟོབས་ཤུགས་དེར་རེ་བ་རྒྱག་གི་ཡོད་ཅིང་། རྒྱ་ནག་འདི་དམངས་གཙོར་འགྱུར་བའི་སྟོབས་ཤུགས་དེ་ཡང་མི་རབས་གསར་པའི་ངོས་ཤིག་ནས་མངོན་དགོས་པར་གླེང་གི་ཡོད་པ་དེར་གནས་ལུགས་ཡོད་པ་ཡིན་ན། བོད་ཀྱི་ཆབ་སྲིད་ལ་བལྟ་སྐབས་ཀྱང་གནས་ལུགས་ཇ་འཇུ་དགོས་པ་གལ་ཆེ་བར་འདུག་དྲན་ནོ།།

    ད་ཆ་ང་ཚོའི་གཞུང་འཛིན་བཀའ་ཤག་གི་ཁྲི་པ་གཞོན་སྐྱེས་ཤིག་ཡིན་དགོས་པ་དང་། གཞོན་སྐྱེས་ཤིག་སླེབས་དགོས་པར་གླེང་སྐབས། རྒན་རབས་པའི་བསམ་བློའི་རིགས་དང་། དེ་ཁོ་ནའི་རྗེས་སུ་འབྲངས་མཁན་མང་དག་ཅིག་ནས། ཉམས་མྱོང་མེད་པར་ལས་དོན་ཅི་ལྟར་སྒྲུབ་ཅེས་བརྗོད་ཅིང་ཡོད་པར། གནས་ལུགས་ཀྱི་ལྗིད་ཀོག་ཁྱོན་ནས་མེད་པ་ག་ལ་ཡིན་ཏེ། མིན་པ་དེ་ལྟར་ནའང་། ད་ཡོད་རྒན་རབས་པ་ཉམས་མྱོང་གི་མཛོད་དུ་གྱུར་པ་འདི་དག་ཀྱང་དང་པོའི་གནས་སྐབས་ན། ད་ལྟའི་ཉམས་མྱོང་གི་ཆ་འདིའི་ཆ་ཤས་ཡང་ཤས་རེའང་མེད་པ་ནས། ཡོད་ཙམ་ནས་རིམ་པས་ཚད་འདིར་སླེབས་པ་ལས། གཞན་གང་ཡང་མིན་ན། ཛ་དྲག་དང་གནད་འགག་གི་དུས་སྐབས་འདིར། འདམས་ཀ་མ་ནོར་བ་དགོས་པ་དེ་གལ་ཆེན་མ་རེད་ཞུ་ག་ལ་རུང་སྙམ་དུ་འདོད་དོ།།

    ས་བྱི་ལོའི་ཞི་རྒོལ་ཆེན་མོའི་སྐོར་གླེང་སྐབས། བརྒྱ་ཆ་བརྒྱད་ཅུ་མི་རབས་གསར་པ་ཡིན་པའི་ལས་འགུལ་ཞིག་ཡིན་པ་བོད་དོན་འདི་ལས་སླ་པོས་རྩ་མེད་བཟོ་མི་ཐུབ་པའི་རྒྱུ་མཚན་ཨང་དང་པོར་བགྲངས་པ་དེ་དང་།་ད་ཆ་གཞོན་སྐྱེས་ཚོར་ཉམས་མྱོང་མེད་པ་ཁོ་ནས་འགན་འཁྲི་མི་ཐེག་པར་སྒྲོག་མཁན་ཚོའི་བསམ་ཚུལ་དེ་ཏག་ཏག་ཅིག་མ་རེད་སྙམ་དུ་འདོད། རྒྱུ་མཚན་འདི་འདྲ་མང་དག་ཅིག་གི་ངོས་ནས་བལྟས་པ་ཡིན་ན། གཞོན་སྐྱེས་སམ་མི་རབས་གསར་པའི་སྟོབས་ཤུགས་འདིར། རྒན་རབས་པས་བྱུས་ཀྱི་བློ་འདོན་དང་། རྒན་རབས་པས་ཐབས་ཀྱི་བློ་འདོན་ཡོད་ན། གནང་དགོས་པའི་ཚོད་ཆགས་ཡོད་པ་ལས། རྒན་རབས་པ་ཚོ་ལས་གཞོན་རབས་པ་ཚོས་འཇོན་གྱི་མ་རེད་སྙམ་པའི་བློ་དོགས་དེས་ཕན་གྱི་མ་རེད། གལ་ཆེ་ཤོས་གཅིག་ནི། རྒན་རབས་པ་ཚོས་ལོ་ཤས་ཀྱི་ལས་བསྡོམས་ཀྱི་ཚབ་ཏུ། བཟོད་གསོལ་གྱི་ཐན་སྐད་རེ་བསྒྲགས་བསྡད་པས་ལྷག་ཏུ་ག་ལ་འགྲིག ད་ནི་གནང་སྟངས་དེ་རིགས་དུས་ཚོད་ཡོལ་ཟིན་པར་འདུག་གོ།

    རྒན་རབས་པ་ཚོར་ཐབས་རྩལ་ལྷག་མ་དང་། བྱུས་གཞི་ལྷག་མ་འདྲ་ཡོད་པ་ཡིན་ན། ད་ནི་ཟུར་བཞུགས་ཀྱི་ངོ་བོ་ནས་གཞོན་སྐྱེས་ཚོར་ལེགས་སྐྱེས་སུ་གནང་རོགས། མ་གཞི་ནས་བོན་རྒྱས་བཤད་པ་ལྟར་རེད། དུས་ཚོད་ཡོལ་ལ་ཉེ་བའི་ཟས་རིགས་དེ་མགྱོགས་པོར་བེད་སྤྱོད་བྱེད་དགོས། དུས་ཚོད་རྫོགས་ཚར་བའི་ཟས་རིགས་ཀྱིས་གཟུགས་པོའི་འཕྲོད་བསྟེན་ལ་གནོད་ཀྱི་རེད། མ་མཐར་ཡང་རྒན་རབས་པ་དག་གིས་འདི་ཙམ་ནི་མཁྱེན་པའི་རེ་བ་ཞུ་ཡི་ཡོད་ཅེས་ཞུ་བར་ཐལ་ལོ།།

    Reply
  21. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 15 སྔོན།

    གྲོགས་ཨ་རིག་འགྱུར་མེད་ལགས། ངས་རྒན་ཞེན་ཅན་དག་གིས་ངའི་རྩོམ་འདི་མི་ཀློག་པར་ཤོགས་ཅེས་པའི་སྨོན་ལམ་དང་བཅས་ཁྱེད་རྩོམ་སྒྲིག་ཁང་ལ་བཏང་ཡོད་མོད། ཡིད་སྐྱོ་བ་ཞིག་ལ་ཁྱོད་ཀྱིས་མགོ་ཡི་དུམ་ཚན་དང་པོ་དེ་བཀླགས་ཚར་འདུག མཇུག་ལ་མི་གཟིགས་རྒྱུ་ངའི་རེ་བ་ཡིན། རྒྱུ་མཚན་མགོ་ནས་ཐུག་ཤར་གསུམ་བཀླགས་ནས་ཞེད་ཀི་ཡོད་པ་ཞིག ལྔ་དང་དྲུག་བཀླག་ན་རྨི་ལམ་འཁྲུག་པ་དང་། སྨྱོ་བ་སོགས་ཀྱི་ལྟས་ངན་མང་དུ་འབྱུང་སྲིད་པས་མི་ཀློག་རྒྱུ་ངའི་རེ་བ་ཡིན།
    ཨོ། ཁྱོད་ཀྱིས་ཡིག་ནོར་བཟུང་བ་ལ་ཐུགས་རྗེ་ཆེ། ཡིན་ནའང་། གྲོགས་པོ་ནང་མོལ་གྱི་ཚུལ་དུ་བཤད་འདོད་པ་ཞིག་ལ། ཁྱོད་རྩོམ་སྒྲིག་པ་དང་དྲ་བདག་ཡིན་པའི་ཆ་ནས་ཡིག་ནོར་ཤེས་བཞིན་མཐོང་བཞིན་དུ་ཡིག་ནོར་དང་བཅས་ཏེ་རྩོམ་དྲ་ཐོག་ལ་བཀོད་པ་དང་། ད་དུང་བྱེད་སྟངས་འདི་ལྟར་བྱེད་པ་ནི་གླེན་རྟགས་དང་གསར་རྟགས་མཉམ་དུ་བསྟན་པ་རེད། རྗེས་ཕྱོགས་ནས་རིགས་འདི་ལ་གཟབ་པར་འཚལ། རེ་བ་གཞན་ཞིག་ལ་ངའི་རྩོམ་འཆལ་ནང་གི་ཡིག་ནོར་དག་བཟོ་ཞོར་དུ་ཁྱོད་ཀྱི་མཆན་ཐུང་འདི་རུའང་ཡིག་ནོར་ཤོར་འདུག་པས་དེ་ཡང་བཟོ་རོགས།

    Reply
  22. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 15 སྔོན།

    དྲ་གྲོགས་ཚོ་ཕེབས་ནས་བསམ་ཚུལ་བཤད་པར་དགའ་ཡོད། མུ་མཐུད་ནས་བསམ་ཚུལ་བཤད་རྒྱུ་གལ་ཆེན་པོ་རེད། དུས་རབས་འདི་བགྲོ་གླེང་གི་དུས་རབས་རེད། དེའི་ཕྱིར། མུ་མཐུད་ནས་བགྲོ་གླེང་གནང་རོགས། ཁྱེད་ཅག་གི་བསམ་ཚུལ་ལ་ཉན་གི་ཡོད།

    Reply
  23. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    བོན་རྒྱ་བསྟན་རབ་ལ་མི་རབ་གསར་པ་བཀའ་བློན་འོས་མི་བློ་བཟང་སེངྒེ་ལས་རྙེད་མིན་འདུག་པས་ངས་མི་རབ་གསར་པའི་བཀའ་བློན་བཀའ་ཁྲི་བ་ངེས་པར་དགོས་པ་མི་འདོད་ཀྱང་།
    ངེས་པར་བཀའ་བློན་མི་རབ་གསར་པའམ་ན་གཞོན་ཞིག་དགོས་ཀྱི་ཡོད་ན་བློ་བཟང་སེངྒེ་ལས་ལྷག་པའི་ན་གཞོན་ཤེས་ཡོན་གཉིས་ལྡན་ཉམས་མྱོང་གསུམ་ལྡན་ལྷག་བསམ་བཞི་ལྡན་ང་ཚོའི་སྤྱི་ཚོགས་ནང་མང་རབ་ཡོད་པས་དེ་རྣམས་ལ་གཟིགས།
    བཀའ་བློན་ཐུབ་བསྟན་ལུང་རིགས།
    བཀའ་ཟུར་བློ་བཟང་སྙན་གྲགས།
    སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་།
    སྤྱི་འཐུས་ཚོགས་ཟུར་ཀརྨ་ཆོས་འཕེལ།
    སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ།
    སྐུ་ཚབ་སྐལ་བཟང་རྒྱལ་མཚན།
    དེ་རྣམས་ངས་བལྟ་ཚུལ་ལ་བློ་བཟང་སེངྒེ་ལས་ཆ་རྐྱེན་ལེགས་པ་ཡོད་པ་མཐོང་།

    Reply
  24. སེར་གཙང་འཇམ་དབྱངས། says:
    ལོ་ 15 སྔོན།

    དྲ་གྲོགས་བོན་རྒྱ་བསྟན་འཛིན་རབ་རྒྱལ་ལགས་སྐུ་ཉིད་ཀྱི་རྩོམ་ཡིག་ནང་ལ་
    རྒན་གཞོན་གྱི་འཐབ་རྩོད་སྐོར་ཤུགས་ཆེ་བས་ཕྱི་ནས་རྩོམ་ཡིག་སྤེལ་བའི་སྐབས་རྒན་གཞོན་གྱི་འཐབ་རྩོད་སྐོར་གང་ཉུང་ན་ལེགས་
    གང་ཡིན་ཟེར་ན་བཀའ་ཁྲིའི་འོས་མི་ལ་རྒན་གཞོན་གྱིས་དབྱེར་བ་མེད་ལ་ཕོ་མོ་དང་སྐྱ་གསེར་གྱིས་དབྱེར་བ་དེ་བས་མེད།།

    Reply
  25. མིག་གསུམ་པ། says:
    ལོ་ 15 སྔོན།

    བླ་རྒན་གྱིས་གནས་ལུགས་དང་རྒྱུ་མཚན་ཡོད་པ་ཞིག་བཤད་འདུག རྒྱབ་སྐྱོར་ཡོད། མི་རབས་གསར་བར་ཡར་ལངས་དགོས་པའི་འབོད་ཚིག་ཡོང་དུས་རང་ཉིད་ལ་མི་རིགས་ཤིག་གི་བདེ་སྡུག་ལ་འཁྲི་བའི་བྱ་བཞག་ཡོད་པར་ངེས་ཤེས་རྙེད་འདུག

    Reply
  26. ལྷ་མོ་དོན་གྲུབ། says:
    ལོ་ 15 སྔོན།

    ཁྱོད་ཀྱི་བསམ་ཚུལ་ལྟར་ན་རྒན་རབས་པས་རང་གི་འདོད་མོས་ཀྱི་འོས་མི་འདེམས་མི་ཆོག་པ་འདྲ། དེ་ཡང་ཁྱོད་ཀྱི་འོས་གཞི་ལས་གཞན་བདམས་ན་ལྷག་པར་མི་འགྲིགས་པ་འདྲ། འདི་འདྲའི་གུ་དོག་གི་དམངས་གཙོ་ནི་གྲ་སའི་ལམ་ལུགས་དག་དང་འབྲེལ་བ་ཡོད་པ་མིན་ནམ། “གནམ་འོག་འདི་རྒན་རབས་པ་སུས་དོགས་པོར་བཟོས་ན་དེ་ལས་ནག་ཉེས་མེད་”ཟེར། ཁྱོད་ཀྱིས་འདི་ལྟར་དོག་པོ་བཟོ་བ་བྱས་རྗེས་ཆེན་པོ་ཡིན་པར་སུས་ཁས་ལེན།
    དོན་ངོ་མ་ཁྱོད་ཀྱིས་བཤད་ཀྱིན་པའི་དབང་ཆ་མཁྲེགས་འཛིན་ཟེར་བ་དེ་སུ་སུ་རེད། ༸གོང་ས་མཆོག་དང་བཀའ་ཁྲི་ཟམ་གདོང། བཀའ་བློན་རྣམ་པ། སྤྱི་འཐུས་ཚོགས་གཙོ་གཞོན་དག་ལ་ཟེར་བ་ལོས་ཡིན། དེ་མིན་ཧོན་ལོག་གི་དབུ་འཛིན་ཞིག་སུ་ཡོད་དམ། དེ་དག་གི་གོ་ས་ཁྱོད་ཚོ་ལ་གནང་དགོས་ཟེར་བ་ཡིན་ནམ།
    གོང་གི་དབང་འཛིན་པ་རྒན་རབས་རྣམ་པས་ཁྱོད་ཀྱི་ཁ་གཡང་འདི་མ་བསྒྲགས་པའི་ལོ་མང་སྔོན་ནས་གཞོན་སྐྱེས་ཚོས་འགན་ལེན་ཐུབ་པ་དགོས་ཚུལ་མང་པོ་གསུངས་འདུག དམངས་གཙོ་ཡིན་ན་སུས་ཀྱང་དབང་ཆ་མཁྲེགས་འཛིན་བྱེད་ས་མི་འགྲོ དབང་ཆ་གནང་མཁན་རྒྱ་ཆེ་བའི་མི་དམངས་རེད། བཤད་རྒྱུ་ཡོད་ན་མར་འཁོར་ནས་མི་དམངས་ལ་ཤོད། ཨ་མའི་བུ་ལ་ཡོན་ཏན་ཡོད་ན་དགའ་ལྡན་ཁྲི་ལ་བདག་པོ་མེད་ཅེས་པ་བཞིན་དམངས་གཙོའི་གཙོ་འཛིན་རྣམ་པ་ཡང་དེ་རང་ཡིན། རང་རང་གིས་འབད་བརྩོན་བྱོས། སུས་ཀྱང་བཀག་མི་འདུག རྒན་རབས་པ་རྣམ་པས་གཞོན་སྐྱེས་ཚོར་ངན་བཤད་དང་ཁ་གཏོང་གི་མི་འདུག ཁྱོད་ཅག་ཁ་ཤས་ཤིག་གིས་འདི་ལྟར་དོན་རྒན་རབས་པ་ཚོར་ཁ་བཏང་ན་བཟང་པོ་མ་རེད།
    ངོ་མ་ཁྱོད་ཀྱིས་བཤད་པ་ལྟར་ཡིན་ན། རྒྱ་ནག་གི་དབང་འཛིན་ལམ་ལུགས་དང་གཅིག་པ་ཡིན་ས་རེད། རྒྱ་ནག་གིས་ཀྱང་དམངས་གཙོ་ཡིན་ཟེར་གྱིན་ཡོད་པ་རེད། འོན་ཀྱང་མི་དམངས་ལ་འོས་འདེམས་ཀྱི་དབང་ཚད་ངོ་མ་མེད་པ་རེད། འདི་གནད་དོན་གཙོ་བོ་ཞིག་རེད།
    རང་བཙན་ནས་དབུ་མའི་ལམ་དུ་ཕྱིན་པ་ནི་གུ་དོག་ནས་གུ་ཡངས་དང་བློ་སྤོབས་ཆེ་ནས་ཆེར་བསྐྱེད་ཀྱི་དགེ་མཚན་ཆེ་བའི་ཐབས་ལམ་ཞིག་ལས་སྡར་མའི་སྤྱོད་ཚུལ་ཞིག་ཅི་ལ་ཡིན། ལྷག་པར་དུ་ཡང་ཁོང་རྣམ་པ་རྒྱ་གཞུང་ལ་སྐྲག་དགོས་དོན་ཅི། ༸གོང་ས་མཆོག་དང་བཀའ་ཁྲི། སྐུ་ཚབ་ཚོགས་པ་བཅས་ཀྱི་སྲོག་ལ་ཉེན་ཁ་ཡོད་དམ། ཁོང་རྣམ་པའི་ཁེ་ཕན་གང་ཞིག་འཆོར་བར་སྐྲག་པ་རེད། གལ་ཏེ་བློ་བཟང་སེང་གེ་ལགས་ཁྲི་བར་བཞུགས་ན་དབུ་མའི་ལམ་ནས་ཕྱིར་རང་བཙན་འཐབ་རྩོད་ལ་ཞུགས་ངེས་ཡིན་ནམ། ཞུགས་མ་ཐུབ་ན་དེ་ཡང་སྡར་མའི་རྗེས་འཛིན་པ་ཞིག་ཏུ་གྱུར་བ་ལས་ཅི།
    གཞོན་ནུ་གདོང་མཆོང་བ་ལགས། ང་ཚོས་མང་ཚོགས་ལ་ཆབ་སྲིད་ཀྱི་བསམ་ཚུལ་གླེང་དུས་སྐད་ཆ་གོ་བདེ། ཁ་གསལ། དོན་འདུས་རེ་གླེང་ན་ཕན་པ་ལས་ལང་ཚོའི་རྦབ་ཆུའི་ལད་ཟློས་འདྲ་བོའི་སྙན་ངག་གི་ཚིག་སྦྱོར་འདི་དག་སྤེལ་ནས་ཅི་བྱེད། ཁྱོད་ཀྱི་ང་རྒྱལ་གྱི་མགོ་འཕང་གནམ་ལས་མཐོ་བ་འདྲ། དོན་གྲུབ་རྒྱལ་དང་དགེ་ཆོས་ལྟ་བུའི་དོན་གྱི་ང་རྒྱལ་ཞིག་ཏུ་འགྱུར་བར་སྨོན།
    རྒན་རབས་པ་རྣམས་མུ་མཐུད་ལོངས་ཤོག གཞོན་སྐྱེས་རྣམས་ཀྱང་མུ་མཐུད་ལོངས་ཤོག རྒན་གཞོན་ཚང་མ་མཉམ་དུ་ལངས་དགོས། གནམ་འོག་འདི་ང་ཚོ་ཚང་མའི་རེད། ང་ཚོ་འདི་ལྟར་ལངས་ན་དོན་ངོ་མའི་འདྲ་མཉམ་དང་མཛའ་མཐུན། རང་དབང་གི་དུས་རབས་རེད།

    Reply
  27. ཨ་རིག་འགྱུར་མེད། says:
    ལོ་ 15 སྔོན།

    ད་ལྟ་ནི་འདྲ་མཉམ་དང་མཛའ་མཐུན་གྱི་དུས་རབས་ཤིག་རེད་ལ། ན་གཞོན་གྱི་གནམ་འོག་ཅིག་ཡང་རེད། གནམ་འོག་འདི་རྒན་རབས་པ་སུས་དོགས་པོར་བཟོས་ན་དེ་ལས་ནག་ཉེས་མེད་ཅེས་བཤད་མི་ཐུབ་ལ། རྒན་རབས་པ་སུས་བདག་གིར་བྱས་ན་དེ་མཁྲེགས་བཟུང་མ་རེད་ཅེས་ཀྱང་བཤད་མི་སྤོབས། ལྷག་པར་ན་གཞོན་གྱི་གནམ་འོག་ནས་རྒན་རབས་པས་ཧམ་སེམས་ཀྱི་ཁ་ཆེན་པོར་གདང་བ་ནི་ཐལ་ཆེས་པ་དང་། གནས་ལུགས་མིན་པ་ནི་ཐག་རིང་པོར་འདང་རྒྱག་དགོས་པ་ཞིག་མ་རེད། ངའི་སེམས་ལ་འདི་ལྟར་དྲན་གྱིན་འདུག དྲན་པ་འདི་བཞིན་གླེང་ཕོད་པ་ནི་ངའི་སྙིང་སྟོབས་ཤིག་ཡིན་ལ། གླེང་དགོས་པ་དེའང་རྩོམ་པ་པོའི་འགན་འཁྲི་ཡིན་ནོ། །

    གོང་གི་དུམ་ཚན་འདི་བཀླགས་རྗེས་ཀློག་མཚམས་བཞག་པ་ཡིན། གཅིག་བྱས་ན་ངས་ཤེས་པ་ཉུང་དྲགས་པ་དང་ཨ་ཁུ་བོན་རྒྱས་མཁྱེན་པ་མང་དྲགས་འདུག གཅིག་བྱས་ན་ཨ་ཁུ་བོན་རྒྱས་ལབ་བརྒྱབས་པ་བཙན་དྲགས་པ་དང་ངས་གདེང་འཇོག་བྱས་པ་གཉོམ་དྲགས་པ་ཡིན་སྲིད། དེ་ཡང་མིན་ལ་ང་འུར་འགྲོགས་ལ་སྐྲག་པ་དང་ཨ་ཁུ་བོན་རྒྱས་དོན་མེད་ལ་འུར་བརྒྱབས་པ་ཡིན་སྲིད། གང་ལྟར་ཡང་། ངས་མུ་མཐུད་དེ་ཀློག་འདོད་མ་བྱུང་།

    འགྲོ་ཞོར་དུ་བཤད་རྒྱུ་ཞིག་ལ་ཐེངས་འདིར་ཨ་ཁུ་བོན་རྒྱས་ཅིག་ཡང་བྲིས་འདུག་པས་རྗེས་ཕྱོགས་ནས་ཅིག་ཀྱང་འབྲི་བར་བསྐུལ་བ་ཡིན་ལ། ཡང་དོགས་པོར་བྲིས་འདུག་པར་དོག་པོ་དང་། ཐལ་ཆེས་བྲིས་པ་ཐལ་ཆེ་འབྲི་རྒྱུའི་རེ་སྐུལ་ཡང་ཞོར་ནས་ཞུ། འདི་ལྟར་བསམ་ན་ཨ་ཁུ་བོན་རྒྱས་བསྒྲགས་གཏམ་སྤེལ་རྒྱུར་རྔམ་ནས་དག་སྡེབ་ལ་གཟབ་མི་འདུག་གོ །

    Reply
  28. རླུང་པུ says:
    ལོ་ 15 སྔོན།

    མི་རབས་གསར་བ་ཤི་ནའང་དཔའ་སྐད་ཀྱི་གླུ་སྒྲ་འཇགས་པ་མེད་པར་ཤི་བ་ལས་མི་རབས་གསར་པས་བསྒྲུབ་ནའང་དཔའ་སྐད་ཀྱི་གླུ་སྒྲ་འཇགས་པ་མེད་པར་བསྒྲུབ་ཐུབ་ན་ཅི་མ་རུང་།

    ཡང་། མི་རབས་གསར་བ་ནི་ནམ་ཡང་གསར་བ་ཡིན་དགོས་པ་ལས། གཏན་ནས་རྙིང་བར་འགྱུར་མི་རུང་། འོན་ཀྱང་། ང་ལ་གསར་རྙིང་གི་དབྱེ་བ་མེད་ལ། རྒན་གཞོན་གྱི་དབྱེ་བ་དེ་ལས་ཀྱང་ག་ལ། སུའི་བོད་ཀྱི་རྩ་དོན་ལ་ཕན་ཐོག་ཐུབ་ན་དེ་རླབས་ཆེན་ཡིན།

    Reply
  29. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཕྱུག་པོ་གཏམ་ལ་དགའ། སྤྲང་པོ་ཟས་ལ་དགའ་ཞེས་ཟེར་སྲོལ་ཡོད་པ་ལྟར་བཙན་བྱོལ་ནང་གི་བཀའ་ཟུར་སྤྱི་ཟུར་རྒད་པ་ཚོ་ལ་དགོས་པ་ནི་མཚན་དང་སྙན་གྲགས་རེད།
    ན་གཞོན་སློབ་མ་ཚོས་འདོད་ཆགས་བྱས་འདོད་པ་བཞིན་དུ་བཀའ་ཟུར་སྤྱི་ཟུར་མི་རྒན་ཚོས་དུས་ནམ་ཡང་བློའི་གཏོང་འདོད་མེད་པ་ནི་གོ་གནས་ཡིན། རྒྱུན་དུ་བྱ་འདོད་པ་ཡོད་ནི་དཔོན་གནས་ཡིན།

    ཁོང་རྣམ་པ་ཚོས་ཉམས་མྱོང་རྩ་བ་ཆེ་པོ་ཡིན་པས་སྒྲུབ་བྱེད་བཀོད་བསྡད་འདི་ནི་ཁོང་རང་ཚོའི་གོ་གནས་མུ་མཐུད་ནས་བཟུང་ཐུབ་པའི་ཆེད་དུ་བཤད་བསྡད་པར་རེད།
    མ་འོང་བཀའ་སྤྱི་ཕེབས་པར་ཉམས་མྱོང་དགོས་ཟེར་བསྡད་མཁན་ཚོས་ཡང་བསྐྱར་མི་རྒན་ཀླད་རྙིང་པ་དེ་ཚོ་འོས་འདེབས་དགོས་ཞེས་པའི་དོན་རེད།

    ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་ལས་བྱེད་པ་ཞིག་རང་ལོ་༦༧་ལ་ཕེབས་དུས་རྒད་ཡོལ་ཟེར་བ་ཞིག་ཆགས་ཀྱི་རེད། དེ་དུས་ལས་ཀ་བྱེད་མ་དགོས་པ་རྒད་གསོ་ཟ་ནས་སྡོད་ཀྱི་རེད། བཙན་བྱོལ་གཞུང་གིས་ལས་བྱེད་ཚོ་ལོ་ཚོད་ག་དུས་རྒད་ཡོལ་ཆགས་ཀྱི་ཡོད་དམ།
    ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་རང་ལོ་༦༧་བསླེབས་པའི་མི་ཞིག་ཡིན་དུས་མི་དེར་རྒད་ཁོག་ཆགས་པར་བརྩི་གི་རེད། རང་ལོ་༦༧་ཡོལ་འགྲོ་དུས་ལུས་ཀྱི་སྟོབས་ཤུགས་ཉམ་པ་དང་དབང་པོའི་རྩ་ཉམ་པ་རིག་པ་མི་གསལ་བ་སོགས་ཆགས་ཀྱི་ཡོད་པས་ལས་ཀ་བྱེད་མི་དགོས་པ་རེད།
    མ་ཟད་རྒད་པོ་རང་ལོ་༨༠ལོན་པའི་མི་རྒན་དང་རང་ལོ་༡༨་མ་ལོན་པའི་བྱིས་པ་ཚོ་ནི་ཁྲིམས་ཀྱི་མདུན་ས་དཔང་རྟགས་བྱེད་མཁན་ཡང་མི་འགྲིག་པ་རེད།
    བརྒྱད་བཅུ་ཧན་ལོག་ཟེར་བའི་དུས་ཚོད་གཅིག་དང་བྱིས་པ་བསམ་མེད་ཟེར་བའི་དུས་ཚོད་གཅིག་ལ་གནས་ཡོད་དུས་ལས་བྱེད་པ་འགྲིག་གི་མེད་པ་རེད།
    ང་རང་ཚང་བཙན་བྱོལ་གཞུང་གི་ལུགས་སྲོལ་ལྟར་ན་བོད་རྒྱལ་ཁབ་ཀྱི་དབང་ཆ་ཆེ་ཤོས་ནི་མི་རྒན་རྒད་ཡོལ་ཆགས་ཚར་མཁན་རྣམས་རེད། མིག་གིས་མཐོང་ལ་མ་མཐོང་ལ་དང་རིག་པ་གསལ་ལ་མ་གསལ་བ་ཡོད་པའི་མི་རྒན་ཚོ་ལ་བོད་རྒྱལ་ཁབ་ཀྱི་དབང་ཆ་ཡོད་པ་མ་གཏོགས་ལོ་ཆུང་ཁ་མིག་རིག་པ་གསལ་པོ་ཡོད་མཁན་ཚོ་ལ་བོད་རྒྱལ་ཁབ་ཀྱི་མདུན་ལམ་ལམ་སྟོན་བྱེད་པའི་དབང་ཆ་ནམ་ཡང་ཐོབ་མྱོང་མེད།

    ཐུགས་རྗེ་གཟིགས་དྲང་བཤད་ཤིག་ཤོར་སོང།

    Reply
  30. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ངའི་བློ་ངོར་ཡོད་པའི་བཀའ་ཁྲིའི་འོས་མི་ནི་གཟབ་གདོང་རིན་པོ་མཆོག་དང་རྒྱ་རི་རིན་པོ་ཆེ་རྣམ་གཉིས་ཡིན་ཡང་། དེ་ལྟར་མ་བྱུང་ཚེ་། ༸གོང་ས་མཆོག་སྐུ་བཞུགས་སྐབས་ཉིད་ནས་གཞོན་སྐྱེས་ཚོར་བཀའ་ཁྲིའི་ལས་འགན་སྤྲད་ཐུབ་པ་ཡིན་ན་དགེ་མཚན་ཆེན་པོ་ཡོད་པ་མ་རེད་དམ།

    Reply
  31. མི་ཆུང་། says:
    ལོ་ 15 སྔོན།

    མི་རབས་གསར་པར་གུས་བརྩི་ཡོད། ལ་ཞེན་ལ་དེ་བས་ཡིད་རང་ཡོད།

    འོན་ཀྱང་རྩོམ་ཡིག་ཁྱོན་ཡོངས་ནས་བལྟས་ཡོང་དུས་དང་། ལྷག་དོན་ལམ་དབུ་མའི་འཕེལ་རིམ་སོགས་ལ་ཉན་ན། ཕལ་ཆེར་སྙན་ངག་པ་ད་དུང་ཡང་། དེང་གི་སྤྱི་ཚོགས་ཀྱི་གནས་བབ། ལྷག་དོན་ང་ཚོ་དང་རྒྱ་ནག་བཅས་ཀྱི་སྐོར་ལ་རྟོག་སད་ཐེབས་མེད་པ་འདྲ།

    དེ་འདྲ་ཡིན་རྒྱུ་རེད། རི་མོ་བ་དང་། སྙན་ངག་པ། ཤིང་བཟོ་བ། ཆབ་སྲིད་པ། ཞིང་པ། སོགས་ཕལ་ཆེ་བ་སོ་སོའི་ལས་གནས་ཀྱི་རིམ་པ་ཙམ་ལས་རིག་ཚན་གཞན་ལ། གོ་རྟོགས་དང་རྒྱུས་མངའ་མེད་པ་ཡོང་ངེས་རེད།

    གང་ལྟར་ཡང་རྗོད་སྟངས་ཀྱི་ཐད་ནས་འགྲིགས་འདུག གཞན་ད་དུང་ཚོད་དཔག་དང་། དངོས་ཡོད། འབྱུང་འགྱུར། ཆབ་སྲིད་ཀྱི་འཕེལ་འགྱུར་སོགས་མིག་འོག་ན་ལུས་ཡོད་པ་འདྲ།

    Reply
  32. གནམ་ལྕགས། says:
    ལོ་ 15 སྔོན།

    སྙིང་སྟོབས་ཀྱི་ཁུ་ཚུར་བྲག་ལ་གཞུས་པའི་མི་རབས་གསར་བ་ཞིག་འདི་ལྟར་ལམ་ལ་བུད་བྱུང
    ཀླད་རྙིང་གི་མཁྲེགས་བཟུང་ཐལ་བར་གཏོར་བའི་གནམ་ལྕགས་ངོ་མ་ཞིག་ཀྱང་འདི་ལྟར་ལམ་ལ་བུད་བྱུང
    ལྐོག་གཡོ་ཐབས་ཇུས་ཀྱི་དཀྱིལ་འཁོར་རྣམ་པར་འཐག་པའི་རིག་པ་རྣལ་མ་ཞིག་འདི་ལྟར་ལམ་ལ་བུད་བྱུང
    སྒེར་གཅོད་ཀྱི་བྱེ་ཕུག་རླུང་ལ་བསྐུར་མཁན་གྱི་དཔའ་བོའི་གད་རྒྱངས་ཤིག་འདི་ལྟར་སྒྲོག་བྱུང
    བདག་གི་མི་རབས་གསར་བའི་ན་གཞོན་ཚོ ཡུལ་དང་དུས་ཀྱིས་བྱིན་པའི་དེ་རིང་གི་ཉིན་མོ་འདིར
    ང་ཚོས་རང་ལྟ་མཆོག་འཛིན་གྱི་རུལ་སོང་གི་ལྟ་བ་དག་དོར་ནས་ལམ་ལ་ཆས་ཡ

    Reply
  33. དཔའ་ཆེན་དོན་གྲུབ། says:
    ལོ་ 15 སྔོན།

    ཞིབ་བཀླགས་ཟིན། སྙིང་རྗེ་བོ་དཔེ་རེད་འདུག རྒན་གཞོན་འཐབ་རྩོད་མེད་ན་བཟང་ལེ་རེད

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese