མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངས་རྒྱ་ནག་ལ་འདི་ལྟར་ལྟ་བཞིན་ཡོད། ཀླུ་སྨྱོན།

བོད་ཀྱི་དུས་བབ།
༢༠༡༠/༠༧/༠༢
Share on FacebookShare on TwitterShare on EmailShare on Whatsapp

ལོ་རབས་བརྒྱད་ཅུ་པའི་དུས་མགོ་ཙམ་ནས་རྒྱ་ནག་གིས་སྒྱུར་བཅོས་སྒོ་འབྱེད་ཀྱི་སྲིད་ཇུས་ཤིག་ལག་བསྟར་བྱས་ཏེ་རང་ཉིད་ཀྱི་ད་ལྟ་དང་མ་འོངས་པའི་མདུན་ལམ་དེ་རང་ས་དང་འཛམ་གླིང་སྟེང་རྒྱ་བསྐྱེད་ཡོང་ཐབས་བྱས་པ་རེད། བྱེད་ཐབས་དེ་ཡིས་སྤྱི་ཡོངས་ནས་རྒྱ་ནག་གི་ཆབ་སྲིད་དང་དཔལ་འབྱོར། དམག་དོན་དང་རིག་གཞུང་དར་སྤེལ་སོགས་ལ་རྫིག་རྫིག་རྔམ་རྔམ་གྱི་སྒོ་ནས་ཕན་ཐོགས་ཆེན་པོ་ཞིག་བྱུང་ཡོད་པ་མ་ཟད། རྒྱ་ནག་རང་ཉིད་ཀྱི་གཟུགས་བརྙན་དེ་ཨེ་ཤི་ཡའི་སྤྱི་གཙུག་ནས་བརྒལ་ཏེ་ཡོ་རོབ་གླིང་ཆེན་གྱིས་མ་ཁོགས་པར་སྟོབས་ཆེན་ཨ་རིའི་རྒྱལ་ཁབ་ཀྱི་ཁ་གཏད་དུ་ལངས་ཐུབ་པའི་དུས་རབས་གསར་པའི་ལྕགས་རི་རིང་པོ་ཞིག་ཏུ་གྱུར་ཡོད་པ་རེད།

ཧྭ་ཡིས་མི་བཞི་ཤོག་ཁག་གཏོར་ཕམ་བཏང་བ་དང་མའོ་འདས་གྲོངས་སུ་ཕྱིན་པ་གཉིས་བསྡོངས་ཏེ་རིག་གནས་གསར་བརྗེའི་དུས་ཟིང་མཇུག་སྒྲིལ་ཐུབ་ཙམ་བྱུང་བ་དེས། ཁྲག་དྲི་བྲོ་བའི་ལོ་རྒྱུས་འཇིགས་སུ་རུང་བ་ཞིག་རྒྱ་ནག་ལྕགས་རིའི་ཕྱི་ལོགས་སུ་འདེད་ཐུབ་པ་ཞིག་བྱུང་བས། རྒྱ་ནག་གི་སྤྱི་འབངས་རྒན་དར་གཞོན་གསུམ་ཚང་མར་དབུགས་དབྱུངས་ཚད་ངེས་ཅན་ཞིག་སྤྲད་པ་དང་། ཕ་ཡི་ནག་ཉེས་བུ་ཡིས་འཁུར་མི་དགོས་པའི་ཆབ་སྲིད་ཀྱི་འགྱུར་ལྡོག་ཆེན་པོ་དེས་ཁྱིམ་རྒྱུད་འཛུག་སྐྲུན་དང་མི་རབས་བར་གྱི་འབྲེལ་ལམ་གོང་དུ་འགྲོ་བར་ཡང་ཕན་ཐོགས་ཆེན་པོ་ཞིག་བྱུང་ཡོད་ལ། དེ་བཞིན་ཐོན་སྐྱེད་ནུས་ཤུགས་དེ་ཡང་རིག་གསར་དུས་སྐབས་དང་མི་འདྲ་བར་གལ་སྲིད་དཀའ་སྤྱད་འབད་བརྩོན་བྱས་ཚེ་མང་ཉུང་ལ་མ་ལྟོས་པའི་འབྲས་བུ་ལྗིད་ཏིག་ཏིག་གང་མང་ཞིག་མིག་གིས་མཐོང་རྒྱུ་ཡོད་པའི་འཇིག་རྟེན་གསར་པ་ཞིག་གི་ནང་དུ་བསྐྱོད་ཐུབ་ཡོད།

ཧུའུ་ཡིས་ཧྭ་ཡི་དུས་སྐབས་སུ་མགོ་བཙུགས་པའི་བྱ་བ་བཟང་པོ་གང་མང་ཞིག་གི་མཇུག་བསྐྱངས་ཡོད་པ་དང་། དེ་དག་གི་ཁྲོད་དུ་གླེང་རིན་ཆེན་པོ་ཡོད་པ་ཞིག་ནི་ཆབ་སྲིད་ཀྱི་མཁའ་དབུགས་ཏེ་འབག་རྩོག་ཅན་ནས་དྭངས་གཙང་གི་ཕྱོགས་སུ་ཁ་ལོ་ཞིག་སྒྱུར་ཨེ་ཐུབ་བལྟས་ཡོད་པ་དེ་ཡིན། དཔལ་འབྱོར་སྲིད་བྱུས་ཀྱི་ཕྱོགས་ནས་ཞིབ་ཚགས་པོས་སྒོ་ནས་མ་བལྟས་ཚེ་ཧུའུ་ཧྭ་གཉིས་ལ་ཁྱད་པར་ཆེན་པོ་ཞིག་མི་མཐོང་ན་ཡང་། སྤྱི་དམངས་ཀྱི་གཞི་རྩའི་ཆབ་སྲིད་ཁེ་དབང་ལམ་ལུགས་དེ་ཧུའུ་ཡིས་མངོན་གསལ་དོད་པོའི་སྒོ་ནས་བཅོས་སྒྱུར་བྱེད་འདོད་བྱས་ཡོད་པ་རེད། དེ་ཡང་སྤྱི་དམངས་ཚོས་རྒྱལ་ཁབ་ཀྱི་སྲིད་བྱུས་གཏན་འབེབ་ཡིག་ཆ་གཅིག་པོ་མ་ཎི་བཞིན་སྐྱོར་མི་དགོས་པར་རང་རང་གི་སེམས་ནང་གི་བརྗོད་འདོད་པ་དག་དབུས་གཞུང་གི་མགོ་ཁྲིད་ཚོའི་རྣ་ལམ་དུ་སྒྲོག་ཆོག་པ་དང་སྒྲོག་ཐུབ་པའི་གོ་སྐབས་ཤིག་བྱུང་ན་བསམས་པ་དེ་ནི་ཧུའུ་དེ་ཧྭ་ལས་ཐོལ་བརྒལ་བྱུང་བའི་རྟགས་མཚན་གསར་པ་ཞིག་རེད། གོ་སྐབས་འདི་བཟུང་ནས་རྒྱ་ནག་གི་སློབ་ཆེན་སློབ་མ་དག་གིས་དམངས་གཙོའི་ལས་འགུལ་སྤེལ་བའི་བློ་སྤོབས་ཤིག་རྙེད་དེ་མཇུག་མཐར་ཕམ་ཉེས་བྱུང་མིན་ལ་མ་ལྟོས་པར་སྔ་ཕྱིར་འཛམ་གླིང་གི་གསར་འགྱུར་ཆེ་གྲས་སུ་གྱུར་པའི་དམངས་གཙོའི་ལས་འགུལ་འདྲ་མིན་ཞིག་སྤེལ་བ་རེད།

ཏིང་གི་དངོས་ཐོག་བདེན་འཚོལ་དང་སྒྱུར་བཅོས་སྒོ་འབྱེད་ཀྱི་སྲིད་ཇུས་དེ་རྩ་བའི་ཆ་ནས་སྤྱི་དམངས་དག་གི་བློ་ལ་ཧ་ཅང་འབབ་པོ་བྱུང་སྟེ་འགོག་རྐྱེན་ཅི་ཡང་མེད་པར་ཐོལ་བརྒལ་རང་བཞིན་གྱི་གྲུབ་འབྲས་གང་འཚམ་ཞིག་བླངས་པ་མ་ཟད། དེས་ཏིང་རང་ཉིད་ཐེ་བའི་དམར་ཕྱོགས་མགོ་ཁྲིད་ཚོའི་གཟུགས་བརྙན་དེ་ཡང་མའོ་ཡི་དུས་རབས་ཀྱི་དྲག་གཟུགས་ནས་ཞི་གཟུགས་དང་ཞི་གཟུགས་ནས་མཛེས་གཟུགས་སུ་འཕར་བ་དང་། སྤྱི་དམངས་ཚོའི་སེམས་པའི་ནང་དུ་དཔལ་འབྱོར་གྱིས་ཡོད་ཚད་ཐག་གཅོད་ཐུབ་པའི་འདོད་སེམས་ཤིག་མི་མངོན་པའི་ངང་བསྐྲུན་ཐུབ་ཡོད། འདི་ལ་ཡང་རྒྱབ་ལྗོངས་ཆེ་ཐག་ཆོད་ཅིག་ཡོད་པ་སྟེ། རིག་གནས་གསར་བརྗེའི་དུས་སུ་རྒྱ་ནག་མི་མང་གི་ལུས་པོས་ལྟོགས་སྐོམ་དང་སེམས་པས་དོགས་འཇིགས་ཀྱི་སྡུག་བསྔལ་ཚད་ལས་བརྒལ་བ་ཞིག་མྱངས་ཡོད་པས། ཏིང་གིས་མི་མང་ཚོར་རང་གི་ལུས་སེམས་དང་ས་ཞིང་སོགས་རང་ལ་དབང་བར་གྲགས་པའི་གསེར་གྱི་དུས་རབས་ཤིག་གཏན་འབེབ་བྱས་པར་མི་དགའ་བའི་རྒྱལ་འབངས་སུ་ཞིག་ཡོད་དམ།

ཅང་གི་མཚོན་བྱེད་གསུམ་སོགས་ཀྱི་ཁ་གཡང་མཐོན་པོ་དེ་ཡང་རྩ་བའི་ཆ་ནས་སྤྱི་དམངས་ཚོར་བཙིར་གནོན་དེ་ཙམ་མེད་པའི་ལྷོད་ཡངས་ཀྱི་སྲིད་བྱུས་ཤིག་ཡིན་ཞིང་། དཔལ་འབྱོར་སྲིད་བྱུས་ཀྱི་ཆ་ནས་ཨ་མའི་བུ་ལ་འཇོན་ཐང་ཡོད་ན་དགའ་ལྡན་ཁྲི་ལ་བདག་པོ་མེད་པའི་གོ་སྐབས་ཤིག་བརྒྱུད་བསྒྲགས་དང་ལག་ལེན་ཡང་གང་འཚམ་བྱས་ཡོད་པས། རྒྱ་ནག་གི་སྤྱི་འབངས་ཧ་ཅང་མང་པོ་ཞིག་སྒོར་དུང་ཕྱུར་དུ་མའི་བདག་པོར་གྱུར་པ་དང་། མི་རབས་གསར་པ་གང་མང་ཞིག་ཨ་རིས་གཙོས་པའི་ཕྱི་རྒྱལ་གྱི་སློབ་གྲྭར་ཆེད་སྦྱོང་ལ་འགྲོ་ཐུབ་པ་བྱུང་བ་དེས་མ་འོངས་པའི་བདག་པོ་ཡིན་པའི་མི་རབས་ཤིག་ལ་འཛམ་གླིང་གི་གནས་ཚུལ་རྒྱུས་ལོན་ཐད་གོ་སྐབས་བཟང་པོ་རབ་དང་རིམ་པ་ཞིག་བྱུང་ཡོད་པ་རེད། དེ་བཞིན་རྒྱ་ནག་ནང་ཕྱི་རྒྱལ་གྱི་ཁེ་ལས་པ་ཚོར་མ་རྩ་ཚོད་མེད་འཇོག་ཏུ་བཅུག་པ་དེས་ཨ་རི་སོགས་འབྱོར་ལྡན་རྒྱལ་ཁབ་ཚོ་རྒྱ་ནག་གི་དཔལ་འབྱོར་གྱི་དྲ་རྒྱའི་ནང་དུ་འཐེན་ཐུབ་པ་བྱུང་ཞིང་། དེ་ཡང་ཕྱི་རྒྱལ་ཁག་ཅིག་ཆབ་སྲིད་ཀྱི་དཀའ་རྙོག་སོགས་ཀྱིས་འཇིགས་ཏེ་རེ་ཞིག་དྲ་རྒྱ་འདི་ལས་ཐར་འདོད་སྐྱེས་ན་ཡང་ཕྱོགས་མང་པོ་ཞིག་ནས་སྲོག་ལ་འཚེ་ཡང་རེག་བྱ་འཇམ་པའི་གསེར་གྱི་དྲ་རྒྱ་འདི་བློས་མི་ཐོངས་པའི་ཚད་དུ་སྐྱེལ་ཐུབ་པ་ཞིག་བྱུང་ཡོད་པ་ནི་དངོས་ཡོད་ལོ་རྒྱུས་སུ་གྱུར་ཡོད། ཉིན་གཅིག་གི་སྔོན་ལ་རྒྱ་ནག་དང་ཐེ་ཝན་གཉིས་ཀྱི་བར་དུ་ཚོང་དོན་ཆིངས་ཡིག་འཇོག་ཐུབ་པ་བྱུང་བ་འདིས། མཚོ་འགག་གཉིས་ཀྱི་འགལ་ཟླ་ཆེན་པོ་ཞིག་འཐོར་ཞིག་ཏུ་སོང་སྟེ་མི་འགྱངས་པར་ཐེ་ཝན་མཚོ་གླིང་འདི་བཞིན་ད་ལྟའི་ཧོང་ཁོང་ལྟ་བུའི་རྒྱ་ནག་གི་ཟུར་གཏོགས་རང་སྐྱོང་ས་ཁུལ་ཞིག་ཏུ་འགྱུར་རྒྱུའི་སྐྱ་ཐིག་བཏབ་ཟིན་ཅིང་།  སྐྱ་ཐིག་འདིའི་སྟེང་དུ་ཚོན་མདོག་ཅི་འདྲ་ལྡན་པའི་མཛེས་རིས་ཤིག་བཞེང་ཐུབ་མིན་ནི་གཙོ་བོ་རྒྱ་ནག་གི་ཉ་འཛིན་སྲིད་བྱུས་དང་ཐེ་ཝན་གྱི་ཉ་ཟས་འཇུ་རྩལ་ལ་རག་ལས་ཡོད།

ཧུའུ་གཉིས་པ་འདིའི་རིང་ལ་རྒྱ་ནག་གི་ཆབ་དཔལ་དམག་རིག་བཞི་པོ་ལྟོས་འཇོག་གིས་དར་རྒྱས་ཀྱི་རྩེ་མོར་བསླེབས་ཏེ་ང་རྒྱལ་དང་སྤོབས་པ་བྱེད་ཆོག་ཆོག་གི་དུས་རབས་ཤིག་ལ་བསླེབས་ཡོད་པ་རེད། དེ་ཡང་གནའ་སྔ་མོར་རྒྱ་ནག་གི་སྤྱི་འབངས་ཤིག་ནུབ་ཕྱོགས་རྒྱལ་ཁབ་ཏུ་བསླེབས་དུས་རང་ཉིད་རྒྱ་ནག་པ་ཞིག་ཡིན་ཞེས་བརྗོད་རྒྱུར་ངོ་ཚ་དགོས་པ་ཡིན་ན། ཧུའུ་གཉིས་པའི་དུས་རབས་འདིར་རྒྱ་མི་སུ་ཞིག་ཡིན་ཡང་ནུབ་ཕྱོགས་དང་ཤར་ཕྱོགས་སྤྱི་ཚོགས་གང་ཞིག་ཏུ་ཡང་རང་ཉིད་རྒྱ་ནག་པ་ཞིག་ཡིན་ཞེས་མགོ་བོ་མཐོན་པོ་དང་བྲང་ཁོག་དགྱེ་དགྱེ་བྱེད་ཆོག་གི་ཡོད་ལ་དེ་བཞིན་བྱེད་ཀྱིན་ཡང་ཡོད་པ་རེད། དཔེར་ན་དེང་སྐབས་འཛམ་གླིང་གི་ས་ཕྱོགས་གང་སར་ཡོད་པའི་རྒྱ་ནག་པ་ཆེས་མང་པོ་ཞིག་གིས་རང་རང་གནས་ཡུལ་རྒྱལ་ཁབ་དེའི་ནང་དུ་དམངས་གཙོ་དང་རང་དབང་གི་ཁེ་དབང་ལ་ལོངས་སུ་སྤྱོད་བཞིན་ཡོད་ན་ཡང་། ནམ་ཞིག་རྒྱ་ནག་གི་གཟི་བརྗིད་དམ་མཚན་སྙན་ལ་ཐུག་པའི་གཏམ་བཤད་སྤེལ་བ་དང་ཁྲོམ་སྐོར་བྱེད་སྐབས་སུ། ད་ལྟའི་རྒྱ་ནག་རྒྱལ་ཁབ་འདི་སྲིད་དབང་གཅིག་སྡུད་ལམ་ལུགས་ཀྱིས་སྐྱོང་བའི་རྒྱལ་ཁབ་ཅིག་ཡིན་མིན་ལ་མ་ལྟོས་པར་རང་རང་གི་མེས་རྒྱལ་རྒྱ་ནག་གི་ཕྱོགས་སུ་ལངས་ཏེ་སྤོབས་པ་དང་ང་རྒྱལ་ཆེན་པོས་རྒྱ་ནག་རྒྱལ་ཁབ་འདི་ལས་ལྷག་པའི་རྒྱལ་ཁབ་ཅིག་ས་སྟེང་དུ་མེད་པ་ལྟ་བུའི་འབོད་ཚིག་སྒྲོག་རྒྱུར་ཡ་ང་ཅི་ཡང་མེད་པ་དང་། ཐ་ན་རྒྱ་ནག་ནས་ཁ་མ་སོས་ནམ་མ་ལངས་པར་མཚོ་ཐོག་ནས་ཁྲིམས་འགལ་གྱིས་ཨ་རིར་བྲོས་ཡོང་སྟེ་གནས་སྡོད་བྱེད་བཞིན་པའི་རྒྱ་མི་ཞིག་ཡིན་ཡང་། བོད་མི་ཚོས་རྒྱ་རྒོལ་ཁྲོམ་སྐོར་བྱེད་སྐབས་རྒྱལ་བ་རིན་པོ་ཆེར་ཚིག་ངན་གཅིག་གི་སྐྱོན་བརྗོད་ལས་མེད་ཀྱང་དེ་བོད་མི་ཚོའི་རྣ་ལམ་དུ་སྐྱེལ་ཨེ་ཐུབ་ཀྱི་འབད་བརྩོན་བྱེད་བཞིན་ཡོད་པ་རེད། དཔེར་ན་༢༠༠༨ལོར་ཨ་རིའི་སྒྲ་ཁུ་མཐོ་སློབ་ཏུ་རྒྱ་རིགས་བུ་མོ་ཞིག་གིས་བོད་པའི་རང་དབང་རྩོད་ལེན་གྱི་རྩ་དོན་ལ་རྒྱབ་སྐྱོར་གྱི་སྐད་ཆ་ཚིག་འགའ་བརྗོད་པར་ཨ་རིའི་མཐོ་སློབ་དེ་གར་སློབ་གཉེར་བྱེད་བཞིན་པའི་རྒྱ་རིགས་གཞོན་སྐྱེས་ཚོས་འཇིགས་སྐུལ་དང་དམའ་འབེབ་སྣ་ཚོགས་བྱས་པ་དང་། དེ་འབྲེལ་རྒྱ་ནག་ཏུ་ཡོད་པའི་ཁོ་མོའི་ཕ་མ་གཉིས་ལ་ཡང་འཇིགས་སྐུལ་གྱིས་སྡོད་མི་བདེ་བ་བཟོས་པ་དང་། ཐ་ན་རྒྱ་རིགས་ཐེ་ཝན་གྱི་མི་སེར་ཐེ་ཝན་རང་བཙན་འདོད་མཁན་དང་ཧོང་ཁོང་གི་མི་སེར་དམངས་གཙོ་དོན་གཉེར་བ་ཞིག་ཡིན་ན་ཡང་བོད་རང་བཙན་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ་འདིས། རྒྱ་ནག་པ་འདི་ཚོ་ཡུལ་དུས་གནས་སྐབས་ག་འདྲ་ཞིག་ཏུ་འཚོ་སྡོད་བྱེད་བཞིན་ཡོད་ཀྱང་། སེམས་ཀྱི་གཏིང་ན་རྒྱ་རིགས་ཆེན་པོའི་རིང་ལུགས་དང་རྒྱ་རིགས་སྒེར་གཅོད་རིང་ལུགས་འདི་རྩ་བ་བརྟན་ཅིང་རྩེ་མོ་རྒྱས་ནས་བསྡད་ཡོད་པ་དེ་ལས་སླ་བོའི་སྒོ་ནས་མཐོང་གི་འདུག ཕྱོགས་གཅིག་ནས་བལྟས་ན་ལོས་ཡིན་ཏེ། རྒྱ་མིས་གཙོས་པའི་འགྲོ་བ་མི་སུ་ཞིག་ཡིན་ཡང་རང་རང་གི་ཕ་མེས་ཡང་མེས་དག་གི་ཤ་ཁྲག་རུས་གསུམ་ས་རུ་ཐིམ་ས་དང་རང་ཉིད་ཀྱི་ལྟེ་ཁྲག་དྲོན་མོ་ཐོར་སའི་ས་ཆ་དང་རང་གི་རིགས་རྒྱུད་དུ་གཏོགས་པའི་མི་དམངས་ལ་བརྩེ་དུང་མེད་པའི་གང་ཟག་སུ་ཞིག་མཆིས། ཡིན་ན་ཡང་། རྒྱ་རིགས་འདི་དག་གིས་ང་ཆེ་ང་བཙན་གྱི་ང་རྒྱལ་ཆེན་པོའི་སྒོ་ནས་རང་གི་མི་རིགས་མ་གཏོགས་མི་རིགས་གཞན་པ་དག་མིའི་གྲས་སུ་འཇོག་གིན་མེད་པར་དེ་དག་གི་ཐོབ་ཐང་ཡོངས་རྫོགས་རྡོལ་རོལ་དུ་བཏང་བ་དང་གཏོང་བཞིན་པའི་སྤྱོད་ངན་དེ་དག་མིག་གིས་མཐོང་ཐེངས་རེ་རེར། ཤེས་པ་རྣལ་དུ་གནས་པའི་མི་ཞིག་ཡིན་ཚེ་སྙིང་ལ་མི་བཟོད་པའི་སྐྱོ་སྣང་དང་ཁོང་ཁྲོ་སྐྱེས་ཡོང་བ་དང་། ཅིའི་ཕྱིར་རྒྱ་མི་རིགས་འདིས་བོད་མི་གཙོས་པའི་གྲངས་ཉུང་མི་རིགས་དག་ལ་ཐུབ་ཚོད་དང་གཉའ་གནོན། ཐ་ན་བཤུ་གཞོག་སོགས་བྱེད་པ་ཡིན་ནམ་ཞེས་རང་གིས་རང་ལ་དྲི་བ་འདོན་པར་བྱེད་དོ།།

ཕྱོགས་གཞན་ཞིག་ནས་བལྟས་ཚེ་འདི་ལ་ཡ་མཚན་རྒྱུ་ཅི་ཡང་མེད་དེ། འགྲོ་བ་མིའི་རིགས་ཀྱི་སེམས་ཁོང་ན་རང་ཉིད་དང་རང་གི་རིགས་སུ་གཏོགས་པ་ཚོར་ཞེན་ཆགས་དང་དེ་ལས་ལྡོག་པ་ཚོར་སྡང་སེམས་དང་འདོར་སེམས་ཡོད་ཚུལ་ནི་ནང་ཆོས་ཀྱི་གྲུབ་མཐའི་གཞུང་ལུགས་ཁག་ལས་ཡང་དང་ཡང་དུ་འབྱུང་ཞིང་། དེ་ལ། བདག་ཡོད་ན་ནི་གཞན་དུ་ཤེས། །བདག་དང་གཞན་ལས་ཆགས་དང་སྡང་། །ཞེས་པའི་སྡོམ་ཚིག་རྒྱུ་མཚན་གྱིས་ཡོངས་སུ་བསྡམས་པ་ཞིག་བྲིས་གནང་ཡོད་པ་རེད། གོང་གི་སྡོམ་ཚིག་འདི་གཞི་ལ་བཞག་ནས་ཞིབ་འཇུག་ཅིག་བྱས་ཚེ། རང་རེ་བོད་ཀྱི་ས་ཆ་གང་མང་ཞིག་ཏུ་གྲངས་ཉུང་མི་རིགས་སུ་གྱུར་པའི་ཁ་ཆེ་ཚོས་རང་རང་གི་ཆོས་ལུགས་ཀྱི་ཆོ་ག་གཉེར་སའི་ལྷ་ཁང་བཞེང་རྩིས་བྱེད་དུས་ས་གནས་བོད་རིགས་ཚོས་དེ་ལ་ངོ་རྒོལ་བྱས་ནས་བཞེང་དུ་མ་བཅུག་པའི་གནས་ཚུལ་ཡོད་པ་དང་། བདག་གི་ཕ་ཡུལ་དུ་དེ་ལས་ཀྱང་ཚབས་ཆེ་བ་ཞིག་ནི་ནང་པའི་སྤྱི་ཚོགས་ལས་རྒྱ་ཆུང་བའི་བོད་རིགས་བོན་པོའི་དད་ལྡན་པ་ཚོས་བོན་ལུགས་ལྷ་ཁང་དང་དགོན་པ་བཞེང་གྲབ་བྱེད་དུས་ས་གནས་ཀྱི་ནང་ཆོས་དད་ལྡན་པ་ཚོས་ངོ་རྒོལ་བྱས་ཏེ་བར་ཆད་བརྩམས་པའི་ལོ་རྒྱུས་ཀྱང་གནའ་ནས་ད་ལྟ་ལ་ཐུག་གི་བར་དུ་ཡོད་པ་ཀུན་གྱིས་མཁྱེན་གསལ་རེད། འདི་ནི་སྤྱི་ཚོགས་ཆེ་བས་ཆུང་བར་ཐུབ་ཚོད་དང་གཉའ་གནོན་བྱེད་སྟངས་ཤིག་ཡིན་པས་རྒྱ་ནག་གཞུང་དང་མི་དམངས་ཀྱིས་བོད་ལ་འཛིན་པའི་སྲིད་བྱུས་དང་རྩུབ་སྤྱོད་དག་ཀྱང་གོང་གི་དཔེ་མཚོན་དེ་དག་ལས་མ་འདས་སོ།།

གླེང་གཞི་ཟུར་བ་ཞིག་སྟེ། ད་ལྟ་རྒྱ་ནག་ཕྱི་ནང་དུ་ཡོད་པའི་མི་ཧ་ཅང་མང་པོ་ཞིག་གིས་རེ་སྒུག་དང་ཚོད་དཔག་སྣ་ཚོགས་བྱེད་ཡུལ་དུ་གྱུར་པའི་དམངས་གཙོའི་ལམ་ལུགས་དེ་དུས་ནམ་ཞིག་དར་ཆ་དམར་པོའི་འོག་གི་རྒྱ་ནག་སྐམ་ས་ཆེན་མོར་ལམ་ལྷོངས་ལྡན་པའི་ངང་གཞུང་འབྲེལ་ཆབ་སྲིད་ལམ་ལུགས་ཤིག་ཏུ་འགྱུར་ཐུབ་བམ་ཞེས་དང་། གལ་སྲིད་བཟང་རྒུའི་འབྱུང་ཁུངས་སུ་བརྗོད་པའི་དམངས་གཙོའི་ལམ་ལུགས་དེ་རྒྱ་ནག་ཏུ་སྤྱི་ཡོངས་ནས་ལག་ལེན་བྱས་ཚེ་དེས་རྒྱ་མི་རིགས་སྤྱི་དང་ཁྱད་པར་དུ་བོད་པས་གཙོས་པའི་གྲངས་ཉུང་མི་རིགས་དག་ལ་ཁེ་ཕན་ཇི་འདྲ་ཞིག་འཐོབ་བམ་ཞེ་ན། ད་ལྟའི་དམར་ཕྱོགས་ལམ་ལུགས་འདིའི་འོག་ནས་ཀྱང་སྤྱི་ཡོངས་ནས་རྒྱ་ནག་གི་མི་རིགས་ཚོར་དཔལ་འབྱོར་དང་ཤེས་ཡོན་སོགས་ཕྱོགས་གང་མང་ཞིག་ནས་ཁེ་ཕན་ཆེན་པོ་ཞིག་ཐོབ་དང་འཐོབ་བཞིན་པ་དང་། དེ་བཞིན་བོད་མི་རིགས་འདི་ལ་ཡང་སློབ་གྲྭ་མེད་སར་སློབ་གྲྭ་དང་ལམ་ཁ་དང་གློག་མེད་སར་ལམ་ཁ་བཟོ་བ་དང་གློག་འཐེན་པ་སོགས་ཕྱིའི་ལྟར་སྣང་གི་འཚོ་བའི་མཐུན་རྐྱེན་ཁྲ་ཁྲ་ཟིང་ཟིང་གང་མང་ཞིག་སྤྲོད་བཞིན་ཡོད་པར་སུས་ཀྱང་ངོས་ལེན་བྱེད་ངེས། དེ་བཞིན་དགོན་པའི་གྲྭ་བཙུན་ཚོར་ཆོས་འདུལ་བ་དང་མཐུན་པའི་ཁང་པ་གསར་རྒྱག་དང་རབ་བྱུང་གི་བཅའ་ཁྲིམས་དང་དེ་ཙམ་མི་མཐུན་པའི་བརྙན་འཕྲིན་བཙན་སྤྲོད་བྱེད་པ་ལྟ་བུ་བཟང་ངན་གྱི་གདམ་ག་རྒྱག་མི་ཤེས་པའི་རོགས་སྐྱོར་གྱི་ཟློས་གར་ཡང་གང་མང་ཞིག་འཁྲབས་དང་འཁྲབ་བཞིན་ཡོད། ཡིན་ན་ཡང་། གལ་སྲིད་རྒྱ་ནག་འདི་དམངས་གཙོའི་ལམ་ལུགས་ཅན་དུ་གྱུར་ཚེ་དེས་རྒྱ་མི་རིགས་ལ་ད་ཡོད་ལས་ལྷག་པའི་འགྲོ་བ་མིའི་གཞི་རྩའི་ཁེ་དབང་དང་དཔལ་འབྱོར་རིག་གཞུང་སོགས་གང་ཐད་ནས་ཁེ་ཕན་ཆེན་པོ་ཞིག་འཐོབ་རྒྱུ་ཡིན་ཞིང་། གྲངས་ཉུང་མི་རིགས་ཚོར་ཡང་རང་རང་གི་ཆོས་རིག་བདག་ཉར་སོགས་ཕྱོགས་གང་ཐད་ནས་སྔོན་དང་མི་འདྲ་བའི་གོ་སྐབས་མང་ཙམ་འཐོབ་རྒྱུར་ཐེ་ཚོམ་མེད། ཡིན་ན་ཡང་། རྒྱ་ནག་དེ་དམར་ཕྱོགས་ཅན་ཡིན་ན་འདྲ། དམངས་གཙོ་ཅན་ཡིན་ཡང་རུང་རྒྱ་ནག་ནི་སྔར་བཞིན་མི་གྲངས་དུང་ཕྱུར་བཅུ་གྲངས་གསོ་སྐྱོང་བྱེད་དགོས་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པས། བོད་ཡུལ་གྱི་གཏེར་དངོས་རིན་ཐང་བྲལ་བ་དེ་དག་སྔར་བཞིན་དང་ཡང་ན་སྔར་ལས་ལྷག་པར་དགོས་མཁོ་ཆེ་བ་ཡོད་དེ། ད་ལྟ་རྒྱ་ནག་དམར་གཞུང་གི་འོག་ཏུ་མི་དམངས་ཚོར་འཆར་ལྡན་བུ་སྐྱེ་ཞེས་པའི་སྲིད་བྱུས་ལག་ལེན་བྱས་ཏེ་མི་གྲངས་འཕེལ་རྒྱས་ལ་ཚོད་འཛིན་ཆེན་པོ་ཞིག་བྱེད་བཞིན་ཡོད་པ་དང་། གལ་སྲིད་མ་འོངས་པར་རྒྱ་ནག་འདི་སྤྱི་དམངས་དག་ལ་བུ་ཕྲུག་ཅི་ཙམ་འདོད་པ་དེ་ཙམ་སྐྱེ་ཆོག་པའི་རང་དབང་ཅན་གྱི་དམངས་གཙོའི་ལམ་ལུགས་ཤིག་ཏུ་བསྐྱོད་པ་ཡིན་ན། དེ་དུས་རྒྱ་ནག་གི་མི་འབོར་འདི་ད་ལྟའི་དུང་ཕྱུར་བཅུ་ཡས་མས་ནས་དུང་ཕྱུར་ཉི་ཤུ་དང་སུམ་ཅུའི་བར་དུ་ཧ་ཅང་མགྱོགས་མྱུར་ཆེན་པོའི་སྒོ་ནས་འཕར་རྒྱུ་ཡིན་པ་གདོན་མི་ཟ་བས། དེ་དུས་ཀྱི་མི་འབོར་ཚད་ལས་བརྒལ་བའི་རྒྱ་ནག་རྒྱལ་ཁབ་དེར་བོད་པའི་གཏེར་ཁ་དེ་དག་སྔར་ལས་དགོས་མཁོ་ཆེ་བ་ཡོད་པ་ནི་ལོང་བས་བལྟས་ཀྱང་ཁམས་གསུམ་མ་ཡིན་ནམ། རང་ལག་ཏུ་ཐོབ་ཟིན་པའི་ས་ཆ་དང་ཐོན་ཁུངས་ནི་རྒྱལ་ཁབ་ཅིག་དམར་པོ་ཡིན་ན་འདྲ་དམངས་གཙོ་ཡིན་ཡང་རུང་ནམ་ཡང་བློས་གཏོང་མི་སྲིད་དེ། རྒྱ་གར་དེ་དམངས་གཙོའི་རྒྱལ་ཁབ་ཅིག་ཏུ་གྱུར་པའི་ཉིན་དང་པོ་ནས་བཟུང་སྟེ་ཀ་ཤི་མིར་གྱི་ས་ཆ་ལག་མཐིལ་འདྲ་བོ་དེའི་ཕྱིར་དུ་ལོ་ངོ་ལྔ་བཅུའི་རིང་ལ་ཕ་ཁི་སི་ཐན་དང་མཉམ་དུ་ཁྱོད་ཤི་ང་གསོན་གྱི་དམར་འཛིང་བྱས་ཡོད་པ་མ་ཡིན་ནམ། འོ་ན་རྒྱ་ནག་དམངས་གཙོར་གྱུར་དུས་ཀྱི་བོད་མི་ཚོར་རང་གི་ས་ཆའི་གཏེར་ཁ་འདོན་ཆོག་དང་མི་ཆོག་གི་གདམ་ཁ་རྒྱག་པའི་རང་དབང་ཡོད་ཅེ་ན། དེ་ནི་ཤིན་ཏུ་ནས་ཀྱང་མ་ངེས་ཏེ། རྒྱ་གཞུང་གིས་ཡོངས་བསྒྲགས་བྱས་པའི་ཡིག་ཆ་ཁག་ཏུ་བོད་རང་སྐྱོང་ལྗོངས་ཁུལ་དུ་བོད་རིགས་རྒྱ་རིགས་ལས་མང་ཚུལ་རྗོད་བཞིན་ཡོད་ཀྱང་། ད་ལྟ་ནས་རྒྱ་མི་རིགས་ཕོན་ཆེ་ཞིག་བོད་ཡུལ་དུ་གནས་སྤོ་བྱས་ཏེ་བོད་ས་ཡོངས་སུ་བོད་མི་རིགས་འདི་གྲངས་ཉུང་མི་རིགས་སུ་གྱུར་དང་འགྱུར་བཞིན་ཡོད་པ་དངོས་ཡོད་གནས་ཚུལ་ཡིན་ཞིང་། མ་འོངས་པར་དམངས་གཙོ་ཅན་གྱི་རྒྱ་ནག་གམ་བོད་དུ། ས་གནས་དཔོན་རིགས་འདེམ་བསྐོ་དང་གཏེར་ཁ་སྔོག་འདོན་སོགས་མང་མོས་ཀྱི་ལམ་ནས་ཐག་གཅོད་བྱེད་དགོས་དུས། བོད་ས་གང་དུ་རྒྱ་མིའི་གྲངས་འབོར་མང་ཚེ་བྱ་བ་གང་དང་གང་བྱེད་ཀྱི་འོས་ཤོག་དེ་རྒྱ་མི་ཚོར་ཐོབ་རྐྱང་མ་ཡིན་ནམ། དཔེར་ན་ལྷ་ས་བ་བཀྲ་ཤིས་ཚེ་རིང་སོགས་ཀྱིས་བྲིས་པའི་ཁོང་གི་མི་ཚེའི་ལོ་རྒྱུས་ནང་དུ། ལྷ་སའི་རྒྱ་རིགས་སློབ་ཕྲུག་གི་གྲངས་འབོར་དེ་བོད་རིགས་ལས་ལྡབས་འགྱུར་གྱིས་མང་བ་ཡོད་ལུགས་འཁོད་པ་དེས་མིག་ཁ་ཕྱེ་བར་ཕན་ཐོགས་ཆེན་པོ་འདུག མཐའ་དོན་ད་ལྟ་རྒྱ་ནག་འདི་བཞིན་རང་ཉིད་ཀྱི་དཔལ་འབྱོར་སྲིད་ཇུས་དང་དམག་དོན་དྲག་ཤུགས་གཉིས་ཐད་ནས་འཛམ་གླིང་འདིའི་སྟེང་དུ་རྫིག་རྫིག་རྔམ་རྔམ་གྱི་སྒོ་ནས་ཉིན་རེ་ནས་ཉིན་རེ་བཞིན་འབུར་དུ་འཐོན་བཞིན་ཡོད་པ་དང་། བོད་པ་ཚང་ནི་ཉིན་རེ་བཞིན་སེམས་ཤུགས་ཆེན་པོ་ཞིག་མ་གཏོགས་ཆོས་རིག་སྲིད་གསུམ་གང་ཐད་ནས་རང་ལམ་མི་རྙེད་གཞན་རྗེས་མི་ཆོད་པའི་གནས་དུས་ཤིག་ཏུ་བསླེབས་ཡོད་པས། རང་རེ་རྣམས་རྒྱ་རིགས་ཆེན་པོའི་རིག་གཞུང་དང་ཆབ་སྲིད་ཀྱི་ནང་དུ་ཡོངས་སུ་འཐིམ་རྒྱུ་ཡིན་ནམ། ཡང་ན་དེ་ལས་གཞན་པའི་ལམ་ཁ་གསར་བ་ཞིག་འཚོལ་རྒྱུ་ཡིན། གལ་སྲིད་ལམ་ཁ་གསར་བ་ཞིག་འཚོལ་རྒྱུ་ཡིན་ཟེར་ན་ལམ་ཁ་གསར་བ་དེ་གང་དུ་ཡོད། དེ་ཇི་ལྟར་འཚོལ་དགོས། དེ་འཚོལ་མཁན་སུ་ཡིན། ལམ་ཁ་དེའི་སྟེང་དུ་སྤུངས་པའི་རེ་བ་གསར་བ་དེའི་ལྗིད་ཁོག་ག་འདྲ་ཞིག་ཡིན་ནམ། ལམ་ཁ་གསར་བ་དེ་དང་ད་ལྟའི་རྒྱ་ནག་གཞུང་གཉིས་ཀྱི་བར་དུ་མཐུན་པའི་ཆ་དང་མི་མཐུན་པའི་འགལ་ཟླ་ཅི་ཙམ་ཞིག་ཡོད་དམ།

ཚད་གཞི་ངེས་ཅན་ཞིག་ནས་བལྟས་ཚེ། བོད་ནང་དུ་བོད་པ་ཚོ་རྒྱ་མི་རིགས་ཀྱི་རིག་གཞུང་གི་ནང་དུ་འཐིམ་བཞིན་པ་དང་། བོད་ཕྱི་ཕྱོགས་སུ་བོད་པ་ཚོ་ཕྱི་རྒྱལ་གྱི་རིག་གཞུང་གི་ནང་དུ་འཐིམ་བཞིན་ཡོད་པས། འཐིམ་མཁན་དང་འཐིམ་ས། འཐིམ་སྟངས་དང་འཐིམ་འབྲས་བཞི་ལ་བསམ་བློ་ཞིག་བཏང་ཚེ། རྒྱ་ནག་གིས་བོད་ལ་འཛིན་པའི་སྲིད་བྱུས་འདི་ལ་ཡང་བྱ་དངོས་ཡོད་ཚད་དང་འདྲ་བར་ངོས་གཉིས་ཡོད་པ་དང་། མདུན་ངོས་དེར་མི་རིགས་ཆེན་པོ་ཞིག་གིས་མི་རིགས་ཆུང་ཆུང་ཞིག་ལ་འཛིན་པའི་ཆབ་སྲིད་ཀྱི་དམིགས་ཡུལ་ངེས་ཅན་ཞིག་ཡོད་པ་དང་། རྒྱབ་ངོས་དེར་གནའ་ནས་ད་བར་གྱི་མཚན་ཉིད་རིག་པ་་བ་ཚོས་ཁས་ལེན་ཐུབ་པའི་ཆོས་ཉིད་ཀྱི་འཕེལ་རིམ་དྲག་པོ་ཞིག་ཡོད་པར་འདོད་དོ།།

འབྲེལ་ཡོད་གསར་འགྱུར།

State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

ཆུ་ཚོད་ ༢༠ སྔོན་ལ།
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

ཆུ་ཚོད་ ༢༡ སྔོན་ལ།
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦

མཆན། 5

  1. ཀུ་ཤུ། says:
    ལོ་ 16 སྔོན།

    ཀླུ་སྨྱོན་ལགས། ཁྱེད་ཀྱི་མུ་མཐུད་ནས་དཔྱད་ཞིབ་ཀྱི་རྩོམ་ཡིག་བྲིས་རོགས།

    Reply
  2. ལྷ་མོ་དོན་གྲུབ། says:
    ལོ་ 16 སྔོན།

    དུས་ནི་མི་འགྱུར་མི་རྣམས་འགྱུར། གསུངས་པ་བཞིན་མི་རིགས་གང་ཞིག་ཡིན་ཡང་སྔ་ཕྱི་བར་གསུམ་དུ་འགྱུར་བའི་འཚོ་གནས་ལས་མི་འདའ། དེ་བས་ནམ་ཡང་གནའ་སྔ་མོ་བཞིན་བོད་རིགས་གཙང་གཙང་ཞིག་ལས་མི་རིགས་གཞན་གྱི་དྲི་མི་བྲོ་བ་བྱེད་ཐབས་མེད་ལ་བྱས་ཀྱང་མི་འགྲིགས། མི་རིགས་མཉམ་གནས་ཀྱི་ཁྲོད་དུ་ལ་ལ་ཉམས་རྒུད་དང་ལ་ལ་མང་དུ་འཕེལ་ངེས་ལ། ཐ་མ་མི་རིགས་ཀྱི་དབྱེ་བ་འབྱེད་མི་ཤེས་པ་ཞིག་ཏུ་གྱུར་དུས་གཞི་ནས་འགྲོ་བ་མི་ལ་འདྲ་མཉམ་དང་བདེ་སྐྱིད་གསར་བ་ཞིག་གི་འགོ་ཚུགས་རྒྱུ་རེད། དེ་ལ་སེམས་ཁྲལ་བྱེད་ན་རི་བོང་གནམ་རྡིབ་ཀྱི་དཔེ་རེད། འོན་ཀྱང་བོད་ཀྱིས་བོད་ཀྱི་ས་ཁོངས་གང་འཚམ་ཞིག་བཟུང་ནས་རང་གི་རིག་གནས་བདག་འཛིན་ཐུབ་ན་ཚེ་རིང་བར་མ་ཟད་མི་རིགས་གཞན་དག་ཚུར་སྒྱུར་གྱི་ནུས་པའང་ཐོན་སྲིད། དེ་བས་གཞི་རྩའི་ཆ་ནས་རང་གི་མི་རིགས་གཙོས་པའི་རང་སྐྱོང་དེ་ཡང་གལ་ཆེ་བ་རེད། ད་ལྟ་ང་ཚོས་འབད་བརྩོན་བྱེད་དགོས་སའང་འདི་ཡིན།

    Reply
  3. དབྱངས་བུ། says:
    ལོ་ 16 སྔོན།

    ཀླུ་སྨྱོན་སྨྱོ་བ་མ་རེད།།
    ཀླུ་སྨྱོན་བཟི་བ་ཡིན་ངེས།།
    ཀླུ་སྨྱོན་བཟི་བའི་སྨྱུག་ཁ།།
    བདེན་དོན་ཕྱོགས་སུ་བརྩོན་འདུག

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    ་་་་ལམ་ཁ་གསར་བ་དེ་དང་ད་ལྟའི་རྒྱ་ནག་གཞུང་གཉིས་ཀྱི་བར་དུ་མཐུན་པའི་ཆ་དང་མི་མཐུན་པའི་འགལ་ཟླ་ཅི་ཙམ་ཞིག་ཡོད་དམ། ་་་། ལམ་གསར་པ་དེ་ཁ་བྲལ་རང་བཙན་ལས་ལྷག་པ་ཅིག་ཅི་ཡོད། དེ་མིན་ན་ཟུར་སྟོན་བྱེད་དགོས་ངེས་འདུག ༧གོང་ས་མཆོག་གི་བསྟན་གནང་བའི་ལམ་རྙིང་པ་གཉིས་ཕན་དབུ་མའི་ལམ་ལ་དོ་ཕོག་མི་འགྲོ་བའི་ཆེད་དུ་ཡིན།

    Reply
  5. གནས་ཚང་། says:
    ལོ་ 16 སྔོན།

    རྩོམ་ཡག་པོ་ཞིག་བྲིས་འདུག ཚང་མ་ལོར་ཐུགས་ཕན་གསོ་ཐུབ་ངེས་རེད། ཡིན་ནའང་། བཙན་པོས་གཉོམ་པོ་ཟ་སྟངས་དེ་རང་བྱུང་གི་ཆོས་ཉིད་ཅིག་མ་རེད། གལ་སྲིད་དེ་རིགས་ཆོས་ཉིད་ཅིག་ཡིན་ན། འགྲོ་བ་མིའི་ཐོབ་ཐང་ཟེར་བ་ཞིག་དང་ཡོངས་ཁྱབ་རིན་ཐང་། ཞི་བདེ་ཟེར་བ་ལྟ་བུའི་མིང་ཚིག་ཆ་ཚང་བསླུ་བྲིད་ཀྱི་ལག་ཆར་གྱུར་ཟིན་པ་མིན་ནམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese