ཁ་སང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་ཐའེ་ཝན་གྱི་ཀྲུང་གོའི་རིག་གནས་སློབ་ཆེན་གཉིས་ཀྱིས་མཚོ་འགྲམ་ངོགས་གཉིས་ཀྱི་བོད་རིག་པའི་དཔྱད་གླེང་ཚོགས་འདུག་སྐབས་གཉིས་པ་བསྡུས་འདུག
དེ་རིང་ཀྲུང་གོའི་བོད་ལྗོངས་དྲ་བས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་ ༧ པའི་ཚེས་ ༦ ཉིན་ཏེ། ཁ་སང་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་གྱི་ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩ ཡི་སྟེང་དུ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་ཐའེ་ཝན་གྱི་ཀྲུང་གོའི་རིག་གནས་སློབ་ཆེན་གཉིས་ཀྱིས་མཉམ་འབྲེལ་བྱས་ནས་བསྒྲུབས་པའི་མཚོ་འགྲམ་ངོགས་གཉིས་ཀྱི་བོད་རིག་པའི་དཔྱད་གླེང་ཚོགས་འདུ་སྐབས་གཉིས་པ” དེ། པེ་ཅིང་གི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཚོགས་ཁང་ཆེན་མོར་ཚོགས་འགོ་བརྩམས་འདུག
ཚོགས་འདུ་དེ་ནི་དུས་ཡུན་ཉིན་གསུམ་ལ་འཚོག་རྒྱུ་ཡིན་པ་དང་། ཐེངས་འདིའི་དཔྱད་གླེང་ཚོགས་འདུའི་སྟེང་དུ་ཐའེ་ཝན་གྱི་ཀྲུང་གོའི་རིག་གནས་སློབ་ཆེན་དང་། ཐའེ་ཝན་གྱི་ཀྲུང་དབྱང་ཞིབ་འཇུག་གླིང་། ཧྥོ་ཀོང་སློབ་ཆེན། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་། ཀྲུང་དབྱང་མི་རིགས་སློབ་ཆེན་སོགས་མཚོ་འགྲམ་ངོགས་གཉིས་ཀྱི་སློབ་ཆེན་དང་ཞིབ་འཇུག་ལས་ཁུངས་ ༢༠ ལྷག་ནས་ཡོང་བའི་ཆེད་ལས་མཁས་པ་དང་མཁས་དབང་ ༥༠ ལྷག་ཞུགས་ཡོད་པ་དང་། དེའི་ནང་དུ་ཐའེ་ཝན་གྱི་མཁས་པ་ ༡༦ ཡོད་འདུག
གསར་འགོད་པ། ཨ་རིག་འགྱུར་མེད།