མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙན་བྱོལ་གཞུང་གི་མང་མོས་འོས་བསྡུ་དེ་ཁྲིམས་འགལ་ཡིན།

བོད་ཀྱི་དུས་བབ།
༢༠༡༠/༠༧/༡༨
Share on FacebookShare on TwitterShare on EmailShare on Whatsapp

གཞིས་ལུས་མི་དམངས་རྒྱ་ནག་འོག་འདུག་མ་འདོད་པའི་སྐད་ཆ་མ་རེད། འདུག་མ་ཐུབ་པར་རང་བཙན་གྱི་དོན་དུ་ཉིན་རེ་བཞིན་སྲོག་གི་འགྲོ་གྲོན་གཏོང་གི་ཡོད། དེ་བཙན་བྱོལ་གཞུང་གིས་ངོས་ལེན་གནང་གི་མི་འདུག འདི་འགྲིག་གི་མི་འདུག་ཟེར་ནས་སྐད་བརྒྱབ་སྐབས། གཞུང་གིས་མང་མོས་འོས་བསྡུ་ཡིན་ཟེར་ནས་བཙན་བྱོལ་ནང་གི་མི་འབུམ་གཅིག་ཙམ་ལ་འོས་བསྡུས་པ་རེད། ས་ཡ་བཞི་ལྔ་ཞིག་བོད་ནང་ལྷག་བསྡད་ཡོད། བཙན་བྱོལ་ནང་གི་མི་འབུམ་གཅིག་མང་མོས་ཆགས་ཀྱི་ཡོད་དམ། བྱེད་སྟངས་འདི་ཁྲིམས་འགལ་ཡིན་ཟེར་ནས་ངས་བཤད་མྱོང་ཡོད་ཟེར།

ཁ་སང་ཕྱི་ཚེས་ ༡༧ ཉིན་འོད་དཀར་དྲ་ཚིགས་ཀྱི་གོ་སྒྲིག་འོག ངྷ་ས་བྷག་སོའུ་ཚོགས་ཁང་དུ་༼ བོད་གཞིས་བྱེས་གཉིས་ཀྱི་བར་ཐག་དང་སྙིང་སྟོབས ༽ ཞེས་པའི་བརྗོད་གཞིའི་ཐོག བཞུགས་སྒར་ཁུལ་གྱི་ཤེས་ལྡན་མི་སྣ་སྐོར་ཞིག་འཛོམས་ཏེ་གཏམ་གླེང་ཚོགས་འདུ་ཞིག་ཚོགས་ཡོད། ཚོགས་འདུ་དེར་བོད་མི་མང་སྤྱི་འཐུས་དང་མཐོ་སློབ་ཀྱི་དགེ་རྒན། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཉམས་ཞིབ་པ། གསར་ཁང་གི་ཁག་རྩོམ་སྒྲིག་པ་དང་གསར་འགོད་པ། དེ་བཞིན་རང་དབང་གི་ཉམས་ཞིབ་པ་དང་རྩོམ་པ་པོ་སོགས་མི་ ༤༠ ཙམ་ལྷན་འཛོམས་བྱུང་ཡོད། ཐེངས་འདིའི་གཏམ་གླེང་ཚོགས་འདུ་དེར་ནང་དོན་དང་རྣམ་པ་གཉིས་ཐད་ནས་ཅུང་གསར་གཏོད་ཀྱི་སྣང་ཚུལ་ཞིག་མངོན་ཡོད། གཏམ་བཤད་པ་དང་ཟུར་ཉན་པ་སོ་སོར་མེད་པ་མ་ཟད། གཏམ་གླེང་དངོས་གཞིའི་སྐབས་སུའང་གོ་རིམ་ལ་མཐོ་དམན་དང་། བརྗོད་གཞི་ལ་ཚད་བཀག་མེད་པར་སྐུ་མགྲོན་ཉི་ཤུ་ལྷག་གིས་གཏམ་བཤད་ཀྱི་ཆ་ཤས་བླངས་ཏེ་ཉིན་གུང་ནས་ཕྱི་དྲོ་བར་གྱི་ཆུ་ཚོད་ ༥ རིང་། སྤྱི་ཚོགས་ཀྱི་ངོས་དང་ཟུར་སོ་སོ་ནས་བོད་གཞིས་བྱེས་གཉིས་ཀྱི་བར་ཐག་དང་སྙིང་སྟོབས་སྐོར་ལ་དཔྱད་གླེང་བྱས་ཡོད།

 

གཏམ་གླེང་གི་ཐོག་མར་ཚོགས་འདུ་གཙོ་སྐྱོང་བ་བླ་མ་ཤིང་བཟའ་ཚང་གིས་ཚོགས་འདུ་ངོ་སྤྲོད་གནང་དོན། ཉེ་བའི་དུས་སུ་བོད་ནང་གི་རྩོམ་པ་པོ་ཞོགས་དུང་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་ལ། ཉིན་འགའི་སྔོན་ལ་ཡང་བསྐྱར་གཉན་འཛིན་བཟུང་བྱས་སོང་། བོད་ནང་དུ་རྩ་དོན་ཐོག་ལས་ཀ་ག་འདྲ་ཞིག་བྱས་ཀྱང་ཚེ་སྲོག་ལ་འབྲེལ་ཆགས་ཡོང་གི་འདུག འོན་ཀྱང་། ང་ཚོས་དྲ་ཐོག་ནས་ལས་ཀ་བྱས་ཏེ་བོད་ནང་འབྲེལ་བ་བྱེད་སྐབས། བོད་ནང་གི་མི་ཚོས་ཅུང་ཐུགས་ཕམ་གནང་གི་འདུག ང་ཚོས་གང་ཐུབ་ཀྱིས་ལས་དོན་སྒྲུབ་ཀྱི་ཡོད། ཁྱེད་ཚོར་ཕྱི་ལོགས་སུ་གྲགས་འགུལ་གཅིག་ཀྱང་མི་འདུག་ཟེར་གྱི་འདུག བོད་ནང་གི་ཤེས་ལྡན་མི་སྣའི་ཁྲོད་བསམ་ཚུལ་འདི་འདྲ་སླེབས་ཡོང་སྐབས་སོ་སོར་སེམས་འཚབ་ཅིག་ཡོང་གིན་འདུག བོད་གཞིས་བྱེས་གཉིས་ཀྱི་བར་ཐག་ཇེ་རིང་དུ་འགྲོ་རྒྱུའི་ཉེན་ཁ་ཞིག་མཐོང་གི་འདུག བཙན་བྱོལ་བོད་གཞུང་གི་ངོས་ནས་བོད་ནང་གི་སྙིང་སྟོབས་ཅན་དེ་དག་གི་ཆེད་དུ་ཕྱག་ལས་ག་རེ་གནང་གི་ཡོད་མེད་ལ་ཐེ་ཚོམ་ཡོང་གི་འདུག དེང་སྐབས་བོད་ནང་རྩོམ་ཡིག་ཚིག་རྐང་རེ་ཟུང་འབྲི་རྒྱུར་ཡང་དཀའ་ངལ་འཕྲད་བཞིན་འདུག སྙན་རྩོམ་མཁྲེགས་པོ་དེ་འདྲ་བྲིས་ན། རྒྱ་གཞུང་གིས་འདིའི་བརྗོད་བྱ་ག་རེ་ཡིན་ཟེར་ནས་ཚ་འདྲི་བྱེད་ཀྱིན་འདུག ང་རང་ལ་མཚོན་ན། བཙན་བྱོལ་དུ་སླེབས་ཏེ་ད་ལྟའི་བར་བློ་ཕམ་མང་པོ་བྱུང་སོང་། འོན་ཀྱང། ལས་ཀ་མཚམས་མ་བཞག་པར་འགྲོ་བསྡད་པ་འདི་བོད་ནང་གི་སྙིང་སྟོབས་ལ་ངོ་མ་ཆོད་པ་ཡིན། ཉེན་ཆར་ཞིག་ནས “བཙན་བྱོལ་བོད་གཞུང” ཟེར་བའི་ཚིག་དེ་ཡང་བེད་སྤྱོད་གཏོང་མ་ཐུབ་པར “བཙན་བྱོལ་སྒྲིག་འཛུགས” ཟེར་བ་ཞིག་བཀའ་ཤག་གིས་ལབ་ཀྱི་འདུག འདི་དག་མཐོང་ཡོང་སྐབས། ད་ནི་ས་འདི་ཞིག་ནས་བསྡད་ན་ཕན་ཐོགས་མི་འདུག སོ་སོའི་ལྟོ་གོས་དོན་དུ་གཉེར་ཏེ་ཕྱིན་ཡང་ཁུངས་འཁྱོལ་འགྲོ་བ་རེད་སྙམ་པའང་དྲན་མྱོང་། ཞེ་གསུངས་སོང་།

 

སྐབས་དེར་རང་བཙན་འཐབ་རྩོད་པ་ལྷ་བཟང་ཚེ་རིང་ལགས་ཀྱིས་གཏམ་བཤད་གནང་དོན། བོད་གཞིས་བྱེས་གཉིས་ཀྱི་བར་ཐག་དང་སྙིང་སྟོབས་ཟེར་བ་འདི་བརྗོད་གཞི་ཆེན་པོ་རེད། སྙིང་སྟོབས་ཟེར་བ་དེ་བོད་གཞིས་གཉིས་ཀར་ཡོད་ཀྱང་། སྙིང་སྟོབས་ལ་ཆེ་ཆུང་ཡོད། སྙིང་སྟོབས་ཆེ་ཆུང་གི་དབང་གིས་བོད་གཞིས་བྱེས་གཉིས་ལ་བར་ཐག་ཡོད། འོན་ཀྱང་བར་ཐག་དེ་ལ་ངོས་ལེན་འདུག་གམ། ཐོག་མ་ང་སློབ་གྲྭར་འགྲོ་སྐབས་སྨན་སྦྱོང་བའི་གོ་སྐབས་ཤིག་རག་པ་རེད། ངས་སྨན་ལ་དཔེ་བཞག་སྟེ་སྐད་ཆ་བཤད་ཀྱིན་ཡོད། སྨན་ཡག་ཤོས་གང་རེད་ཟེར་ན། དེ་ལ་ལན་ཡོད་པ་མ་རེད། ན་ཚ་ལ་བལྟས་ཏེ་བཤད་དགོས། སྙིང་རྩ་འགག་བསྡད་ཡོད་ན་གྲིའི་འོག་ལ་འགྲོ་རྒྱུ་དེ་རེད། འདི་ང་གྲི་ལ་དགའ་དྲགས་ཏེ་བཤད་ཀྱི་མེད། དངོས་ཡོད་གནས་ཚུལ་རེད། དེ་བཞིན་ངས་བོད་གཞིས་བྱེས་གཉིས་ལ་བར་ཐག་ཅིག་འདུག་ཟེར་བ་དེ་ཡང་། བོད་གཞུང་གི་དབུ་ཁྲིད་རྣམ་པ་ཚོས་ངོས་ལེན་གནང་གི་མི་འདུག གཞིས་ལུས་མི་དམངས་རྒྱ་ནག་འོག་འདུག་མ་འདོད་པའི་སྐད་ཆ་མ་རེད། འདུག་མ་ཐུབ་པར་རང་བཙན་གྱི་དོན་དུ་ཉིན་རེ་བཞིན་སྲོག་གི་འགྲོ་གྲོན་གཏོང་གི་ཡོད། དེ་བཙན་བྱོལ་གཞུང་གིས་ངོས་ལེན་གནང་གི་མི་འདུག འདི་འགྲིག་གི་མི་འདུག་ཟེར་ནས་སྐད་བརྒྱབ་སྐབས། གཞུང་གིས་མང་མོས་འོས་བསྡུ་ཡིན་ཟེར་ནས་བཙན་བྱོལ་ནང་གི་མི་འབུམ་གཅིག་ཙམ་ལ་འོས་བསྡུས་པ་རེད། ས་ཡ་བཞི་ལྔ་ཞིག་བོད་ནང་ལྷག་བསྡད་ཡོད། བཙན་བྱོལ་ནང་གི་མི་འབུམ་གཅིག་མང་མོས་ཆགས་ཀྱི་ཡོད་དམ། བྱེད་སྟངས་འདི་ཁྲིམས་འགལ་ཡིན་ཟེར་ནས་ངས་བཤད་མྱོང་ཡོད། སྐབས་དེར་ང་གསོད་རྒྱུ་ཡིན་ཟེར་མཁན་འདུག ང་བསད་དེ་རྩ་དོན་ལ་ཕན་ཐོགས་ན་གསོད་རོགས། འོན་ཀྱང་། བཙན་བྱོལ་གཞུང་གི་མང་མོས་འོས་བསྡུ་ཁྲིམས་འགལ་ཡིན། བོད་ནང་སྲོག་གིས་འོས་བླུཊ་ཏེ་རང་བཙན་རྩོད་བཞིན་ཡོད་པ་དེ་ངོས་ལེན་གནང་རོགས། ཞེས་གསུངས་སོང་།

 

དེའི་རྗེས་བོད་མི་མང་སྤྱི་འཐུས་འབའ་པ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་དོན་ཚན་བཞིའི་ཐོག་ནས་བོད་གཞིས་བྱེས་གཉིས་ཀྱི་བར་ཐག་སྐོར་ལ་གཏམ་བཤད་གནང་དོན། རྒྱ་གཞུང་གི་སྲིད་བྱུས་ནང་བོད་ཕྱི་ནང་གི་འབྲེལ་ཐག་གཅོད་རྒྱུའི་ཐབས་ལམ་མང་པོ་ཡོད། ༡༩༨༩ ལོའི་རྗེས་ལ་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་དང་། སློབ་གྲྭ་ཁག་གི་སློབ་དཔོན་མང་པོ་ཞིག་ཕྱི་ལོགས་སུ་ཕྱིན་ཏེ། རྒྱ་ནག་དམངས་གཙོར་འགྱུར་ཆེད་ལས་ཀ་བྱས་ཀྱང་གྲུབ་འབྲས་ཐོན་མེད། དེ་རྒྱ་གཞུང་གིས་ཕྱི་ཡི་དམངས་གཙོ་དོན་གཉེར་བ་དང་ནང་གི་མི་དམངས་བར་དཀྲུག་ཤིང་བརྒྱབ་སྟེ་རྡོག་རྩ་ཆིག་སྒྲིལ་ཡོང་གི་བཅུག་མེད། སྲིད་བྱུས་དེ་ང་ཚོའི་སྟེང་ལག་བསྟར་བྱེད་ཀྱིན་ཡོད་ཀྱང་གྲུབ་འབྲས་ཐོན་མེད། དེ་ནི་བོད་གཞིས་བྱེས་གཉིས་ནས་བརྩི་བཀུར་བྱེད་པའི་དབུ་ཁྲིད་ཅིག་ཡོད་པས་རེད། དབུ་ཁྲིད་ཁོང་གི་བཀའ་དགོངས་འོག་ང་ཚོ་ཏག་ཏག་འགྲོ་མ་ཐུབ་པ་ཡིན་ན། བོད་གཞིས་བྱེས་གཉིས་ཀྱི་འབྲེལ་ཐག་ལ་ཉེན་ཁ་ཡོད། གཉིས་པ། བོད་ནང་ཞི་རྒོལ་བྱུང་སྐབས་ང་ཚོས་གྲོང་གསེབ་ཚུན་གྱི་གནས་ཚུལ་བསྡུ་ཐུབ་སྟེ་འཛམ་གླིང་ལ་བསྒྲགས་ཡོད། དེ་ནི་༧གོང་ས་མཆོག་ཕུད་པའི་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པ་དང་། དགོན་པ་ཆུང་ཆུང་དག་གི་བླ་མ་དང་དགེ་བཤེས་མང་པོ་རྒྱ་གར་དུ་སླེབས་ཡོད་པ་དང་། ཁོང་ཅིག་གིས་དུས་རྒྱུན་བོད་ནང་གི་སོ་སོའི་ལུང་པར་ལྟ་སྐྱོང་དང་ཕན་ཚུན་འབྲེལ་ལམ་རྒྱུན་མ་ཆད་པ་གནང་གིན་ཡོད་པའི་གྲུབ་འབྲས་རེད། བཙན་བྱོལ་ནས་ཁོང་ཅག་ལ་ཕོག་ཐུག་འདྲ་བཏང་བ་ཡིན་ན། དགོན་པ་ཆུང་ཆུང་གི་བླ་མ་ཡིན་ཡང་བོད་ནང་རྗེས་འབྲང་བ་མང་པོ་ཡོད་སྟབས། རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་གྱིས་གོ་སྐབས་འདི་འདྲར་བསྒུག་སྟེ་བོད་ཕྱི་ནང་བར་འགལ་བ་བཟོ་བ་རེད། གསུམ་པ། བོད་ཕྱི་ལ་ཕེབས་ཡོད་པ་ཚོས་བོད་ནང་གི་རྒྱ་ནག་འོག་སྡུག་པོ་མྱོང་མཁན་དག་གི་གནས་ཚུལ་དུས་ཐོག་ལ་རྒྱལ་སྤྱིའི་ཐོག་ཁྱབ་བསྒྲགས་ན་ཕན་ཐོགས་ཆེན་པོ་ཡོང་གི་ཡོད། བཞི་པ། བོད་མི་ཚོ་འཐབ་རྩོད་བྱེད་མཁན་གྱི་མི་རིགས་ཤིག་ཡིན་སྟབས། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གཙོས་པའི་གསར་འགྱུར་བརྒྱུད་ལམ་ཁག་གིས་གཟབ་ནན་བྱ་དགོས། ནང་ཁུལ་གྱི་རྙོག་དྲ་ཆུང་ཚགས་ཤུགས་ཆེན་པོས་ཁྱབ་བསྒྲགས་བྱས་ན། གཞིས་བཞུགས་མི་དམངས་ལ་བློ་ཕམ་ཡོང་གི་རེད། ཅེས་གསུངས་རྗེས་དགེ་བསོད་ནམས་རྒྱལ་མཚན་སོགས་ཀྱིས་རིམ་པ་བཞིན་གཏམ་བཤད་བྱས་ཡོད། 

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

བོད་ནང་གི་ན་གཞོན་གཞས་པ་ཨ་སངས་ལགས། པར་དུས་བབ་ཀྱིས་ཕྱོགས་སྒྲིག་བྱས།
Mobile App

གཞས་པ་ཨ་སངས་ལགས་མུ་མཐུད་བཀག་ཉར་འོག་ཡོད་འདུག

༢༠༢༥/༡༠/༡༨
Zhang Youxia (front), newly-elected Vice Chairman of the Central Military Commission of the People's Republic of China, swears an oath with members of the Central Military Commission (L-R) Zhang Shengmin, Liu Zhenli, He Weidong, Li Shangfu, and Miao Hua, after they were elected during the fourth plenary session of the National People's Congress (NPC) at the Great Hall of the People in Beijing. photo credit: Reuter
Mobile App

རྒྱ་ནག་གཞུང་གིས་དམར་ཤོག་དཔོན་རིགས་དགུ་ཕྱིར་ཕུད་བཏང་།

༢༠༢༥/༡༠/༡༨
མོན་ཡུལ་འཕགས་བོད་མཛའ་འབྲེལ་ཚོགས་པས་༧གོང་ས་མཆོག་ལ་མནྜལ་བརྟན་གསུམ་འདེགས་འབུལ་ཞུས། ༢༠༢༥།༡༠།༡༨ དུས་བབ་ཀྱི་པར།
Mobile App

མོན་ཡུལ་འཕགས་བོད་མཛའ་འབྲེལ་ཚོགས་པས་༧གོང་ས་མཆོག་ལ་མནྜལ་རྟེན་གསུམ་འདེགས་འབུལ་ཞུས།

༢༠༢༥/༡༠/༡༨
Richard Gere receiving the Human Rights First Visionary Award. Photo: ICT
Mobile App

བོད་དོན་རྒྱབ་སྐྱོར་བ་རེ་ཆར་ཌི་གྷེ་རེ་ལགས་སུ་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཐོབ།

༢༠༢༥/༡༠/༡༧
Mobile App

སེར་བྱེས་མཁས་སྙན་གྲྭ་ཚང་གིས་༧སྐུའི་གོ་སྟོན་གྱི་བྱམས་བརྩེའི་ལོ་སྲུང་གཙི་ཞུས།

༢༠༢༥/༡༠/༡༧
Mobile App

བོད་ནང་ཤོག་སྦག་གི་སྒྱུ་རྩལ་འགྲེམས་སྟོན་བྱེད་མཁན་ལ་ཉེས་ཆད་བཅད།

༢༠༢༥/༡༠/༡༦

མཆན། 26

  1. དཔའ་ཆེན་དོན་གྲུབ། says:
    ལོ་ 15 སྔོན།

    ལྷ་བཟང་ཚེ་རིང་གི་ཁ་དེ་ཁྲིམས་འགལ་ཡིན།

    Reply
  2. ཨ་ཁུ་ཁྲོ་ཐུང་། says:
    ལོ་ 15 སྔོན།

    བོད་རང་བཙན་ཁ་ན་ཁྱེར། རྒྱ་གར་ལུང་པ་དོར་མ་འདོད་པའི་ཁྱིམ་ཚང་ཁ་ཤས་ཀྱི་རྗེས་སུ་འབྲང་ནས་གོང་ས་མཆཽག་གི་སྟོན་པའི་གཉིས་སྨན་དབུ་མའི་ལམ་ལ་རྒྱབ་ཀྱི་ཕྱོགས་པ་དེ་ཡག་པོ་མ་རེད།
    བོད་རང་བཙན་གྱི་ལྟ་བ་ཡིན་ཟེར་སྡོད་ཡ་དེ་རྒྱ་གར་ལུང་པ་་སོགས་དོར་ནས་ཕྱིར་བོད་ལ་ལོག་འདོད་མེད་པའི་རྟགས་རེད། གང་ཡིན་ཟེར་ན་བོད་ཀྱི་གནས་བབ་དང་རྒྱ་ནག་གི་འཁོར་ཡུག་ལ་ལྟོས་པ་ཡིན་ན་བོད་རང་བཙན་ཕལ་ཆེར་ཁག་པོ་རེད། དེ་འདྲ་སོང་ཙམ་ཆབ་སྲིད་ཀྱི་ལམ་ཕྱོགས་ཞིག་ལ་བེད་སྤྱོད་ནས་བོད་རང་བཙན་ཡིན་ཟེར་སྡོད་པ་ཡིན་ན་ནམ་ཡང་བོད་ལ་ལོག་དགོས་ཀྱི་མ་རེད་བསམ་ནས་རང་བཙན་སྐད་འབོད་སོགས་བྱུང་བ་རེད། སྤྱི་ཚོགས་ཀྱི་འགྲོ་སྟངས་རྒྱ་བོད་ཀྱི་འབྲེལ་བ་བོད་མིའི་སྟོབས་ཤུགས་གང་ལལྟོས་ཀྱང་དབུ་མའི་ལམ་དེ་འགྲིག་པ་ཞིག་རེད

    Reply
  3. བྱ་གཞུང་འཇམ་དབྱངས། says:
    ལོ་ 15 སྔོན།

    ཚ་སྒང་ཕོ་ཉ་ཁྱེད་ཀྱིས་དོན་དངོས་མང་པོ་ཞིག་ཁྱོན་ནས་རྟོགས་མི་འདུག
    དེ་བས་ཁྱེད་ལ་དྲང་བདེན་གྱི་གླེང་སློང་ཞིག་བཤད་ས་མེད་པས་བཤད་རྒྱུ་མིན།    གལ་སྲིད་ཁྱེད་ལ་ངོ་མས་བཤད་འདོད་ཡོད་ན་ངའི་ཟིན་བྲིས་རྭ་བ་རུ་ཤོག་དང་དེ་ནས་ངེད་གཉིས་གཏུག་ཆོག

    Reply
  4. བྱ་ངང་སེར། says:
    ལོ་ 15 སྔོན།

    སྐུ་ཕྱོགས་ཤིང་བཟའ་ལགས་ཐུགས་རྗེ་ཆེ། དེང་དུས་སྤྲུལ་སྐུ་ཚོའི་བསྟན་པ་ཟེར་ནས་སྦྱིན་བདག་མགོ་སྐོར་གཅིག་ལས་བསམ་རྒྱུ་མེད་མོད། སྐུ་ཉིད་ཀྱིས་བོད་མི་རིགས་ཀྱི་ཆེད་དུ་ཐུགས་ཁུར་མཛད་པ་དེ་ངས་སྤྲུལ་སྐུའི་མཛད་བཟང་ཞིག་ལ་ངོས་འཛིན་ཞུ་གི་ཡོད།། ལྷ་བཟང་གི་གཏམ་དེ་དངོས་འབྲེལ་རེད་གཞིས་ལུས་སྤུན་ཟླས་ཚེ་སྲོག་གི་འོས་འཕེན་གྱི་ཡོད་པ་དེ་མ་གོ་ན་འོན་པའམ་ལོང་པ་ཡིན་རྒྱུ་རེད།།
    སྐལ་བཟང་རྒྱལ་མཚན་གྱི་གཏམ་དེའང་སྣང་བ་འགྲོ་པོ་འདུག།

    Reply
  5. བློ་བཟང་ཕུན་ཚོགས། says:
    ལོ་ 15 སྔོན།

    འདི་ལྟར་གོ་སྒིག་བྱས་པར་དགའ་བསུ་ཡོད་ལ་གོང་གི་གང་བརྗོད་པ་ཚང་མ་རང་
    དབང་ཡིན་རྒྱུ་རེད།ཡིན་ཡང་ལྷ་བཟང་གི་གཏམ་བཤད་དེ་ཧམ་པ་ཆེ་ཐག་ཆོ་མི་
    འདུག་གམ།གཞིས་ལུས་མི་དམངས་ཀྱིས་༧རྒྱལ་བ་རིན་པོ་ཆེས་གང་གསུང་བ་དེ་ཡིན་ཟེར་རྒྱུ་ཡོད་པ་དེ་ལྷ་བཟང་ཁྱོད་ཀྱིས་མ་གོ་དམ།གལ་སྲིད་གོ་མེད་ན་གཞན་ལ་སྐད་ཆ་འདྲི་རོགས།གོ་ན་ཡང་མ་གོ་མདོག་བྱེད་ཀྱི་ཡོད་ན་ཅི་ཡང་ཞུ་རྒྱུ་མེད་དོ།དྲ་གྲོགས་ཚོས་གོ་ཡོད་ན་ཁོ་ལ་གསལ་བོ་གསུང་
    རོགས་གནང་།

    Reply
  6. བློ་གྲོས་རྒྱལ་པོ། says:
    ལོ་ 15 སྔོན།

    ཤིང་བཟའ་རིན་པོ་ཆེས་དགོས་པའི་བསླབ་པ་སློབ་གཉེར་ལ་འབད་པ་མི་གནང་བར་མི་དགོས་པའི་ལུང་ཁུག་གི་སྲིད་དོན་རྫུན་མར་མགོ་འཁོར་ན་མ་འོངས་པར་འགྱོད་པའི་གཞི་རུ་འགྱུར་རྒྱུ་ཉག་ཅིག་རེད་སྙམ། ལྷག་པར་དུ་ཚོགས་སྡེ་དང་གདན་ས་ཁག་ནས་གཏོ་དང་གཏོར་མ་བཞིན་བཟློག་པ་དགུ་བཟློག་བརྒྱབ་སྟེ་ཕྱིར་ཕུད་བཏང་བའི་གང་ཟག་དེ་དག་དང་མཉམ་བསྲེས་ག་ལ་རུང་་་་་་་་་་་

    Reply
  7. GYAMTSO says:
    ལོ་ 15 སྔོན།

    འོད་དཀར་དྲ་ཚིག་ནས་བགྲོ་གླིང་འཚོགས་འདུ་གཙོ་སྐྱོང་གནང་བ་ཐུགས་རྗེ་ཆེ། ཡིན་ནའང་རིན་པོ་ཆེ་དགོང་ལོ་གཞོན་ནུའི་སྐབས་འདིར་བསླབ་པ་སློབ་གཉེར་གནང་རྒྱུ་ཆེས་གལ་ཆེན་རེད། གོང་ས་མཆོག་ནས་ཀྱང་ཡང་ཡང་སྤྲུལ་སྐུ་རྣམས་ལ། ཁྱེད་རང་ཚོས་སློབ་སྦྱོང་ཡག་པོ་དང་མཐར་ཕྱིན་པ་གནང་དགོས། གལ་སྲིད་ང་མེད་པའི་ཉིན་མོར་བོད་མི་མང་གི་ཁྱེད་རང་ཚོ་ལ་རེ་བ་དང་སྐྱབས་བཅོལ་གནང་གི་རེད། ཁྱེད་རང་ཚོས་རང་ཉིད་སློབ་སྦྱོང་གི་ཚད་མཐོན་པོར་སླེབ་ཐུབ་པ་ངེས་པར་དུ་བྱེད་དགོས་ཞེས་བཀའ་ནན་ཏན་གྱིས་གསུངས་ཡོད་པ་རིན་པོ་ཆེ་ནས་བརྗེད་ཡོད་རྒྱུ་མ་རེད་བསམ་གི། གང་ལྟར་ད་རུང་ནི་རིན་པོ་ཆེའི་གསུངས་རྩོམ་དང་གསུངས་བཤད་གང་ལ་མཇལ་རུང་རིན་པོ་ཆེ་ཞིག་གི་བྱིན་རླབས་བསླེབ་མི་འདུག མཐའ་ན་གདན་སའི་གྲྭ་བ་དཀྱུ་ས་མ་ཞིག་གི་རྣམ་དཔྱོད་དང་རིག་ལམ་གཏོང་སྟངས་ཀྱང་མཁྱེན་རྒྱུ་མེད་པ་འདྲ། དེང་སང་གི་དུས་ལ་ཆོས་པ་དང་ཆབ་སྲིད་པ་སུ་ཡིན་ནའང་སློབ་སྦྱོང་མེད་ན་ལྷག་བསམ་གཅིག་བུའི་གཞན་མ་ཟེར་རང་ཁ་ཡང་གསོ་ཁག་པོ་རེད།

    Reply
  8. ནད་པ says:
    ལོ་ 15 སྔོན།

    ད་ལྟའི་དུས་ཚོད་འདིར་ང་ཚོས ཁ་བཤད་པ་ཙམ་གྱིས་ཅི་ཡང་ཕན་ཐོགས་མེད།
    ང་ཚོད་བྱེད་དགོས་པ་དེ་ལས་ཀ་ཡིན།

    Reply
  9. ཨ་ལ་ལ says:
    ལོ་ 15 སྔོན།

    རྒན་བསོད་ནམས་རྒྱལ་མཚན་ནི་ལོ་རྒྱུས་ལ་རྒྱུས་མངའ་ཆེ་ཞིང་ཕྱི་རབས་པ་གསོ་སྐྱོང་བྱེད་མཁན་་གྱི་སློབ་དཔོན་ཚད་ངེས་ཅན་ཞིག་ཡིན་པས་ཁོང་གི་གཏམ་བཤད་དེ་ཡང་དྲ་ངོས་སུ་བཀོད་ཐུབ་ན་ཁེ་ཕན་ཆེ་བས་གསར་འགོད་པས་རེ་བ་འདི་ལ་དང་ལེན་ཡོང་བར་མཁྱེན།་

    Reply
  10. འཕྲིན་ལས says:
    ལོ་ 15 སྔོན།

    ཁྲིམས་འགལ་་་་ སྐད་ཆ་བཤད་སྟངས་འདི་ཡ་མཚན་ཞིག་རེད། བོད་གཞིས་བྱེས་གཉིས་གཅིག་ཏུ་བསྡུས་པའི་ཁྲིམས་ཤིག་གང་ན་ཡོད།
    བོད་མི་ས་ཡ་དྲུག་གི་རྒྱབ་སྐྱོར་ཡོད་པར་བཤད་དེ་ལས་འགུལ་སྣ་ཚོགས་སྤེལ་བ་ནི་སླུ་བྲིད་རེད། བོད་ལ་མི་སླེབས་པ་ཤེས་བཞིན་དུ་བོད་ལ་ཡོང་གི་ཡོད་ཅེས་གོམ་འགྲོ་ཐན་ཐུན་བྱེད་པ་ཡང་སླུ་བྲིད་རེད། ལས་འགུལ་འདིའི་རིགས་ཀྱིས་བོད་ནང་གི་མི་མང་པོ་ཞིག་གི་ཚེ་སྲོག་རྩེད་སྤྱད་བྱེད་བཞིན་ཡོད།

    Reply
  11. བསང་ཆུ་འབྲུག་བྷེ། says:
    ལོ་ 15 སྔོན།

    ཉིན་འདིར་རང་ཉིད་ཀྱང་ཚོགས་འདུ་ལ་བཅར་བ་ཡིན་ལ། མི་རེ་རེའི་བསམ་ཚུལ་ལ་ཉན་པ་ཡིན། ་ཡིན་ན་ཡང་རྒན་ལྷ་བཟང་གི་གཏམ་བཤད་ལས་གསོན་ཤུགས་ཤིག་བྱིན་སོང་།

    Reply
  12. གནམ་ལྕགས། says:
    ལོ་ 15 སྔོན།

    ཁ་ཉིན་གྱི་བགྲོ་གླེང་འདིའི་གསར་འགྱུར་བཀོད་པ་ཁག་གསུམ་འདུག་པ་ལས་དུས་བབ་ཀྱི་གསར་འགྱུར་འགོད་སྟངས་འདི་ཡག་པོར་མཐོང་སོང་།

    ཉིན་དེར་ང་ཚོར་བས་བཟི་སོང་།

    Reply
  13. སྨར་ཁམས་བུ། says:
    ལོ་ 15 སྔོན།

    ཁྱེད་རྣམ་པའི་དེ་དག་གསུངས་བཤད་ཤིན་ཏུ་གཡག་པོ་གནང་འདུག་ གུས་པའི་དེ་ལ་བརྒྱབ་སྐྱོར་ཡོད་པ་དང་བོད་རང་བཙན་ཆེད་དུ་འབད་བརྩོན་གནང་དགོས་ཆེ། བཙན་འབྱོལ་གཞུང་ལ་མི་ལྟ་བྱེད་རྒྱུ་གང་ཡང་ལྷག་ཡོད་མེད་པ་ཁྱེད་རྣམས་པའི་མཁྱེན་གསལ་རེད། དེ་ལ་རེ་བ་བརྒྱབ་ན་རེ་བ་གཏོང་གསལ་རེད་དོ།།།

    Reply
  14. སྐར་ཁྲི་བཙན། says:
    ལོ་ 15 སྔོན།

    རེད་རེད། ཡག་པོ་གསུངས་འདུག

    Reply
  15. གྱི་ན་བ says:
    ལོ་ 15 སྔོན།

    དུས་དང་གནས་བབ་ལ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་བསྟན་ལ་ཡར་ཡོར་མ་གནང་ན་བཟང་། ཤིང་བཟའ་བླ་མ་ལ་བོད་ནང་གི་ཤེས་ལྡན་མི་སྣ་འགའི་བསམ་ཚུལ་ལ་ཉན་ནས་ཐུགས་ཕམ་ཡོད་ན་བོད་ནང་རང་གི་སློབ་མ་མང་དག་གཅིག་གིས་གྲྭ་ས་ལ་བཞུགས་ནས་སློབ་གཉེར་གནང་དགོས་པའི་རེ་བ་ཞུས་པ་དེ་ལ་ལན་ཇི་ལྟར་འབུལ་རྩིས་ཡོད།

    Reply
  16. lobsang says:
    ལོ་ 15 སྔོན།

    སྤྱིར་བཏང་ཤིང་བཟའ་བླ་མའི་བྱེད་སྟངས་ཁ་ཤས་ངའི་སྣང་བ་འགྲོ་གི་མི་འདུག མི་ལ་མིང་དང། མདུང་ལ་ཡུ་བ་ཞེས་པའི་དཔེ་ལྟར། ཁྱེད་རང་གི་མིང་དང་འཚམས་པའི་གཞོན་དུས་ཆོས་འཆད་ཉན་བསླབ་པ་སློབ་གཉེར་བྱེད་ཐུབ་ན། དེས་བོད་བསྟན་པ་ཆབ་སྲིད་ལ་ཕན་བསྡད་ཡོད་སྙམ།

    Reply
  17. lobsang says:
    ལོ་ 15 སྔོན།

    རྨོག་རུ་བསྟན་པ་ལགས་ཀྱིས་གསུངས་པ་དེ་དངོས་ཡོད་གནས་ཚུལ་རེད་སྙམ། ཤིང་བཟའ་བླ་མས་གསུངས་པ་དེ་དངོས་ཡོད་གནས་ཚུལ་མ་རེད།

    Reply
  18. མཐུ་སྟོབས། says:
    ལོ་ 15 སྔོན།

    རང་བཙན་རྩོད་ལེན་པའི་མིང་སྐམ་པོ་སྒལ་པར་འཁུར་ཏེ་ལོ་མང་རིང་ཁ་སྟོང་བཤད་དེ་བཙན་བྱོལ་གྱི་བོད་མི་འབུམ་གཅིག་ཁྲོད་དུ་འུར་བརྒྱབ་ནས་བསྡད་མཁན་ལྷ་བཟང་ཚེ་རིང་གི་སྐད་ཆའི་ཚིག་གཅིག་པུ་དེ་དུས་བབས་གསར་འགོད་པ་དོནགྲུབ་བཀྲིས་ཀྱིས་འགོ་བརྗོད་དུ་བཞག་སྟེ་འོད་དཀར་དྲ་ཚིགས་ཀྱི་བགྲོ་གླེང་གཞི་རིམ་ངོ་སྤྲོད་བྱེད་པ་ནི་ཧ་ཅང་ནོར་འཁྲུལ་ཅན་ཞིག་རེད། གལ་སྲིད་ལྷ་བཟང་ཚེ་རིང་གི་བཤད་པ་ནང་བཞིན་བཙན་བྱོལ་ནང་བོད་མི་འབུམ་གཅིག་གི་འོས་བླུགས་ཏེ་མང་མོས་འོས་བསྡུ་བྱས་པ་དེ་ཁྲིམས་འགལ་ཆགས་ཀྱི་ཡོད་ན། གཞིས་ཞུགས་བོད་མི་ས་ཡ་མང་པོས་ཉིན་མཚན་འཁྱོལ་དཀའ་བའི་ལོ་ངོ་ཧྲིལ་པོ་ལྔ་བཅུའི་ནང་ལུས་པོ་གངས་ཅན་ཡུལ་དུ་གནས་ཀྱང་སེམས་པ་འཕགས་པའི་ཡུལ་དུ་ཕྱོགས་ཐུབ་པའི་སྟོབས་ཤུགས་ཀྱི་སྣེ་ཁྲིད་པ་དེ་ཁྲིམས་འགལ་རེད་ཅེས་འགྲེལ་བཤད་རྒྱག་རྒྱུ་ཡིན་ནམ། ད་བར་ལོ་ངོ་ལྔ་བཅུ་ཙམ་ནང་བོད་ནང་བོད་མི་ས་ཡ་མང་པོས་རང་སྲོག་བློས་བཏང་ནས་རང་བཙན་རྩོད་ཀྱི་ཡོད་པ་ཁ་རུ་འཁྱེར་ཏེ་༸གོང་ས་མཆོག་གི་དབུ་ཁྲིད་པའི་གཞུང་གི་ལས་དོན་གྲུབ་ཕྱོགས་ལ་མ་འགྲིག་པའི་སྐྱོན་འཛུགས་བྱ་གི་ཡོད་ཚེ། དེ་སྔ་ཁ་དྲོན་མོ་ནས་ས་འདི་རུ་ངའི་གཅིན་པ་བཏང་ཡང་ཕངས་ས་རེད་ཅེས་འུད་ཤོབ་བྱས་ཏེ་ད་ལྟ་ས་འདི་རུ་སྡོད་ཁང་གཞན་ལ་འགྲན་ཕོད་པའི་ཁང་བཟང་དང༌། དཔེ་དེབ་ཚོང་བའི་ཚོང་ཁང་ཆེན་པོ་དེ་འདྲ་ཞིག་གཉེར་ཏེ་བཙན་བྱོལ་སྤྱི་ཚོགས་ནང་མགོ་བརྒྱུད་དེ་སྡོད་དགོས་པ་ག་རེ་ཡིན་པ་རེད་དམ། དེ་སྔ་ང་ཚོ་མཉམ་དུ་བོད་རང་བཙན་ཆེད་དུ་བོད་དུ་འགྲོ་དགོསཞེས་གཞོན་ནུའི་ཚོགས་ཐོག་ཏུ་ངར་སྐབས་ཁ་གཏད་འདོན་ཏེ་མཉམ་དུ་བོད་དུ་འགྲོ་དགོས་ལབ་དུས་ཕྱིར་འཐེན་བྱ་མཁན་དེ་ལྷ་བཟང་ཚེ་རིང་མ་རེད་དམ། ལྷ་བཟང་ཚེ་རིང་རང་བཙན་རྩོད་རྒྱུར་ཞེན་པ་དང་ལྷག་བསམ་ཡོད་པ་ཞིག་རེད་ཀྱང༌། དོན་དག་ངོ་མའི་ཐོག་ཁ་ནས་ཤོད་ཕོད་པ་ཙམ་ལས་དགྲ་བོ་རྒྱ་དམར་གྱི་ཕྱོགས་སུ་ཁ་གཏད་དེ་མདུན་ངུ་ཐོན་མ་ཕོད་པར་ད་ལྟ་ལོ་ན་རྦད་དེ་རྒས་ཡིན་ཡང་སྔར་གྱི་འུར་གཏམ་འདི་རང་གཤིས་སུ་འཇགས་ཏེ་འུར་རྒྱག་པར་དེ་ལྟའི་བརྗོད་གཞི་བཀོད་དགོས་དོན་འདུག་གམ། གསར་འགོད་པ་དོན་གྲུབ་བཀྲིས་ལགས། བསམ་བློ་རྒྱ་ཆེ་ཙམ་ཐོངས། ཁོང་ཚིག་འདི་སུ་ལ་ཐད་ཀར་བཤད་ཀྱི་ཡོད་པ་རེད་དམ། བོད་མི་འབུམ་གཅིག་གི་ཁྲོད་དུ་གཞིས་བྱེས་ས་ཡ་དྲུག་གི་བློ་གཏད་བཅོལ་ཡུལ་གཅིག་པུ་དེ་བཞུགས་ཡོད་པས་གང་གི་ལམ་སྟོན་འོག་ཏུ་བསྐྱོད་པ་དེ་ནོར་འཁྲུལ་ཡིན་ཚེ་ལོ་ངོ་ལྔ་བཅུའི་ནང་འུར་གཏམ་རྒྱག་མཁན་དེ་དག་ད་ལྟ་རང་གི་ལྟོ་གོས་དང་རང་གི་ཁང་བཟང་བསྐྲུན་ཏེ་རྡ་སར་བསྡད་ན་རྡ་སར་བསྡད་རྒྱུ་ཡོད་པ་དང༌། གཞུང་ཁང་ཟིན་ན་གཞུང་ཁང་འཛུལ་རྒྱུ་ཡོད་པ། བོད་ལ་ལོག་ན་རྒྱ་མིས་སྣེ་ལེན་བྱེད་པ་དེ་འདྲ་ཡོང་བཞིན་འདུག་པས་འར་ཆེན་གྱི་རྗེས་སུ་མ་རྒྱུགས་རོགས།

    Reply
  19. རྨོག་རུ་བསྟན་པ། says:
    ལོ་ 15 སྔོན།

    བོད་ནང་གི་བོད་མི་རེ་ཟུང་གིས་བཙན་བྱོལ་ནང་གྲགས་འགུལ་གང་ཡང་མི་འདུག་ལབ་ན་དེ་ཡང་སྐད་ཆ་ཚད་ལྡན་ཞིག་དང་། རྒྱུས་མངའ་ཡོད་པའི་སྐད་ཆ་ཞིག་མ་རེད།
    དགུང་གྲངས་བདུན་ཅུ་དོན་ལྔར་ཕེབས་པའི་༸གོང་ས་ཡིད་བཞིན་ནོར་བུ་ཉིན་མཚན་དུས་དྲུག་ཏུ་བཞུགས་ལོང་མེད་པ་རེད། འདི་ཡང་བཙན་བྱོལ་ནང་གི་འཕག་འཚག་ཆེ་ཤོས་དང་། ལོ་ངོ་ལྔ་བཅུའི་གྲུབ་འབྲས་ཆེ་ཤོས་དེ་རེད།

    དེ་བཞིན་བཙན་བྱོལ་གཞུང་གི་ངོས་ནས་ཀྱང་འབྱོན་ཀྱང་རུང་། མ་འབྱོན་ཀྱང་རུང་ཉིན་ལྟར་ལས་ཁུངས་སྒོ་ཕྱེས་ཕྱེས་པ་རེད།
    འདི་ཡང་ས་མཐར་སླེབས་པའི་འཕག་འཚག་ཞིག་གི་ང་རོ་རེད།

    དེ་བཞིན་གཞུང་འབྲེལ་མ་ཡིན་པ་རེ་ཟུང་ཀྱང་སྐབས་རེར་བོད་ཀྱི་ས་མཚམས་གངས་འདབས་སུ་སླེབས་ཀྱིན་ཡོད་པ་རེད། དེ་ཡང་བཙན་བྱོལ་ནང་གི་འཕག་འཚག་དང་འགུལ་བསྐྱོལ་ཞིག་རེད།

    བཙན་བྱོལ་བོད་མི་ཉུང་དྲག་པོས་དབང་གིས་བྱེད་སྟངས་དེ་ཁྲིམས་འགལ་ཡིན་ན། བོད་ནང་གི་ཚོར་བ་ཅན་རེ་ཟུང་གི་སྐད་ཆ་ཚད་མར་བཟུང་བ་དེ་ཡང་ཁྲིམས་འགལ་ཆགས་ཀྱི་རེད།
    གཞིས་ལུས་མི་མང་བརྒྱ་ཆ་དྲུག་ཅུའི་བསམ་ཚུལ་ལ་ང་ཚོས་གོ་བསྡུར་དང་ཉམས་ཞིབ་བྱེད་དགོས་པ་རེད།
    འདི་ཚོ་སེམས་ངོར་བབ་པའི་ཐོག་ནས་ང་ཚོས་སྐད་ཆ་བཤད་དགོས་པ་རེད།

    Reply
  20. དོན་འགྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    ཁ་སང་གི་གཏམ་གླེང་ཚོགས་རའི་རྣམ་པ་དེ་མཐོང་ན། རང་དབང་གི་ཁ་དབུགས་འབྱིན་རྔུབ་བྱེད་སའི་འདས་དུས་ཀྱི་དཔྱད་གླེང་ཚོགས་ར་འགའ་དྲན་གི གསུང་བཤད་གནང་མཁན་རེ་ཟུང་གི་ཆབ་སྲིད་ཤ་གཟུགས་ཕྱིར་མངོན་ཡོང་སྐབས། སླར་ཡང་ངྷ་སའི་རི་ངོགས་ཀྱི་བབ་བསྟུན་ཚོར་ཤུགས་རྣོན་པོ་དང་རྒྱང་འཇལ་བསམ་གཞིག་རྟུལ་བོའི་སྡིངས་ཆ་དག་མཐོང་སོང་།
    གང་ལྟར། འོད་དཀར་དྲ་ཚིགས་ཀྱི་བྱེད་སྒོ་འདི་ལ་ཡི་རངས་དང་རྒྱབ་སྐྱོར་ཡོད་ལ། འབྱུང་འགྱུར་ཡང་འདི་ལྟ་བུ་སྤེལ་རྒྱུར་རེ་བ་དང་རྒྱང་ལྟ་ཡོད།

    Reply
  21. ཚྭ་སྒང་ཕོ་ཉ། says:
    ལོ་ 15 སྔོན།

    བྱ་གཞུང་འཇམ་དབྱངས་ལགས།
    ཁྱེད་ཀྱིས་གཞི་ལུས་རྒྱ་ཆེ་མི་མང་གི་མངོན་འདོན་དེ་ཡང་གཉིས་ཕན་གྱི་ལམ་དེས་ཚིམས་ཀྱི་མེད་པ་དང་དེ་ལ་འདོད་པ་མེད་ལ་ཞིག་གཏན་མིན་ཞེས་བརྗོད་པ་ལ་ང་མུས་མཐུན་མེད། རྒྱུ་མཚན་ནི་ང་༡༩༩༧་༩་༡་ཉིན་རྒྱ་དམར་གྱིས་བཅོན་ནང་བཅུག་ནས་༢༠༠༠་༡༠་༡་ཉིན་བཙོན་གྲོལ་ཐོབ་སོང་ལོ་ངོ་གསུམ་དང་ཟླ་གཅིག་གི་རྒྱུད་རིམ་ཁྲོད་ང་དང་ཆབ་སྲིད་བཙོན་པ་བཞི་བརྒྱ་ལྷག་ཙམ་དང་འབྲེལ་བ་བྱུང་ཡོད་དེ་དག་ཚང་མས་རང་བཙན་དགོས་བརྗོད་ཀྱི་ཡོད་པ་ལས་དབུ་མའི་ལམ་དགོས་ཞེས་བརྗོད་ཀྱི་མི་འདུག། དེ་དག་གིས་དབུ་མའི་ལམ་གྱི་གོ་དོན་མི་ཤེས་པ་ཡང་མ་ཡིན་ཏེ་ང་རང་དབུ་མའི་ལམ་གི་དོན་གསལ་པོ་སློབ་ཁྲིད་གནང་མཁན་ཡང་དེ་དག་ཡིན་པས་སོ། དེས་ན་ཁྱེད་ཀྱིས་བཤད་པའི་སྐད་དེ་ལ་ཁུང་ལུང་དགོས་རྒྱུ་ལས་དེ་ལྟ་མེད་ན་ཁྱེད་རང་ཡང་སྐབས་མཚོ་བ་ཞིག་ཡིན་པ་བདོན་མི་ཟ་འོ།

    Reply
  22. ཚྭ་སྒང་ཕོ་ཉ། says:
    ལོ་ 15 སྔོན།

    གཞིས་ལུས་མི་མང་གི་སེམས་ཚོར་དངོས་མ་དེ་ཐིང་འདིར་གླེང་འདུག་ཐུགས་རྗེ་ཆེ། ང་ནི་རང་གི་མེས་པོ་འབུམ་ཕྲག་དུ་མའི་ཚེ་སྲོག་འཕྲོག་མཁན་དེ་དག་ལ་མེས་པོ་ཞེས་འབོད་འདོད་མེད་ལ་རང་གི་སྤུན་ཟླ་ཁྲི་ཕྲག་མང་པོ་གནར་ཅོད་གཏང་མཁན་དེ་དག་དང་མཉམ་དུ་སྡད་འདོད་ཀྱང་དེ་བའི་མེད་ང་ལ་རེ་བ་ཉག་གཅིག་ཡོད་པ་ནི་གངས་སེང་ཅན་གྱི་དར་ཆ་འཁྱེར་ནས་རང་ཡུལ་དགྲ་ལག་ནས་འཕྲོག་རྒྱུ་དེ་ཡིན་ལ་དེ་ལྟར་ཡོད་བའི་སྤོབ་པ་ཡང་ཡོད་དེ་ང་ལྟ་བུ་གཞོན་སྐྱེས་རྣམས་ཀྱི་ལུས་སྟེང་ནས་གདོང་དམར་ཚང་གི་ཁྲག་རྒྱུན་སློག་སློག་དུ་འཕྱུར་བཞིན་འདུག་ལ་གངས་ཅན་པའི་ལས་དབང་ལ་སེམས་ཐག་ཀྱང་ཉེ་རུ་འགྲོ་བཞིན་འདུག་པས་སོ།

    Reply
  23. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    ་མིང་པོ་བཤད་ན་མི་འདོད་གི
    སྤྱི་མཐུས་འབའ་ཚང་གིས་གསུངས་ལ་རྒྱུ་མཚན་འདུག

    Reply
  24. བྱ་གཞུང་འཇམ་དབྱངས། says:
    ལོ་ 15 སྔོན།

    ་ད་རེས་བགྲོ་གླེང་གཙོ་སྐྱོང་བ་དང་མཉམ་ཞུགས་པ་ཡོངས་ལ་མཚམས་འདྲི་ཞུ་བ་དང་ཆབས་ཅིག རང་ཉིད་ཀྱི་འདོད་ཚུལ་ཞིག་བརྗོད་ན་སྤྱིར་བཏང་ནས་བཤད་ན་ང་ཚོ་ཚང་མའི་འདོད་པ་རང་བཙན་རེད། དེ་ནི་དུས་ཀྱི་གནས་བབས་དང་བསྟུན་ན་ང་ཚོ་ལ་རེག་ཐབས་མེད་པ་ཞིག་རེད། དེ་བས་༧གོང་ས་མཆོག་གིས་དུས་དང་བསྟུན་ནས་རང་བཙན་དོར་ནས་བོད་རྒྱ་གཉིས་ཕན་གྱི་དབུ་མའི་འདི་འདེམས་པ་རེད་མ་གཏོགས་རང་བཙན་ལ་འདོད་པ་མེད་པ་དང་ཡང་ན་རྒྱ་ནག་ལ་པེ་ལབ་འཁྲབ་པ་་་་་་་རྒྱ་ནག་སྟོབས་ཤུགས་ལ་འཇིག་ནས་་གཉིས་ཕན་གྱི་ལམ་ཁ་དེ་འདེམས་པ་མིན་པ་ཤེས་དགོས། གཞི་ལུས་རྒྱ་ཆེ་མི་མང་གི་མངོན་འདོན་དེ་ཡང་༧་གོང་ས་མཆོག་གི་གཉིས་ཕན་གྱི་ལམ་དེས་ཚིམས་ཀྱི་མེད་པ་དང་དེ་ལ་འདོད་པ་མེད་ལ་ཞིག་གཏན་ནས་མ་རེད།
    ཡིན་ན་ཡང་། དེང་གི་སྐབས་འཚོལ་བ་སྐོར་ཞིག་གིས་བཤད་སྟངས་འདི་ཁྱོན་ནས་ཡག་པོ་ཞིག་མཐོང་མ་སོང་། སྐད་ཆ་དང་གླེང་སློང་འདྲ་མིན་བཤད་ནས་གཞི་བྱེས་གཉིས་ཀའི་འབྲེལ་ལམ་དང་ཕུགས་འདུན་ལ་གནོད་པ་བཟོས་ན་ང་ཚོ་ལ་ཅོང་ལས་ཁེ་ཞིག་མི་འདུག་བསམ། རང་ཉིད་ཀྱི་ལངས་ཕྱོགས་དང་ལྟ་བ་གང་ཡིན་་དེ་མི་དམངས་ཀྱི་ལངས་ཕྱོགས་དང་ལྟ་བ་རེད་ཅེས་ལབ་ན་ཡག་པོ་ཁྱོན་ནས་མི་འདུག

    Reply
  25. ལི་སྐལ་བཟང says:
    ལོ་ 15 སྔོན།

    དངོས་གནས་གོ་དོན་ཡོད་པའི་སྐད་ཆ་བཤད་མཁན་བོད་མི་མང་སྤྱི་འཐུས་འབའ་པ་སྐལ་བཟང་རྒྱལ་མཚན་ལགས་གཅིག་པོ་རེད།

    Reply
  26. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ང་ནི་ད་ལྟའི་རྒྱ་གཞུང་ལྟ་བུའི་འོག་ལ་བཙན་འོག་ཏུ་སྡོད་འདོད་ཀྱང་མེད། བོད་རང་བཙན་རྒྱལ་ཁབ་ཅིག་བྱས་ནས་སྡོད་འདོད་ཀྱང་མེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese