མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་རབས་གསར་བའི་ཕུགས་བསམ་གྱི་འཆར་སྣང་། འཇིགས་མེད་ཚེ་རིང་།

བོད་ཀྱི་དུས་བབ།
༢༠༡༠/༠༧/༢༣
Share on FacebookShare on TwitterShare on EmailShare on Whatsapp

 

གླེང་གཞི།

“༼བོད་དོན་༽ ཟེར་བ་ནི་ཅི་ཞིག་གི་བརྡ་ཆད་རེད་དམ། འཛམ་བུའི་གླིང་གི་མི་ཧ་ཅང་མང་པོ་ཞིག་གིས་འདི་ཉིད་རྟོགས་མེད་པ་མ་ཟད།  བོད་མི་མང་ཙམ་ཞིག་ལའང་བོད་དོན་ཟེར་བ་ནི་མདོར་དྲིལ་ན་ཅི་ཞིག་ཡིན་པ་གསལ་བརྗོད་བྱེད་ཐུབ་པའི་གདེངས་ཚོད་མེད་པ་ཡིན།  ཡིད་སེམས་སྨྲེང་བར་བྱེད་པའི་རྒྱུ་མཚན་ཁ་ཤས་ཡོད་པ་ནི་བཙན་བྱོལ་ནང་ཆབ་སྲིད་བཙོན་ཟུར་གྱི་ཁེ་དབང་བླངས་ཡོད་པའི་མི་ཁག་ཅིག་གིས་རྒྱུ་མཚན་ཅི་ཡང་མེད་པའི་བྱེད་སྟངས་ཀྱིས་འཚོ་བ་རོལ་བའི་ལམ་ཁ་ཁེགས་པར་བྱས་ཏེ་བཙན་བྱོལ་དུ་འབྱོར་ཡོད་པ་དེ་དག་ཡིན།  གལ་སྲིད་ཆབ་སྲིད་ཀྱི་ལས་དོན་བྱེད་པོ་ཞིག་གི་ངོས་འཛིན་ཡོད་པའི་སྐད་ཆ་བཤད་ན་དེ་ལ་“༼དམིགས་གཏད་༽”ཅིག་ཡོད་དགོས་ཤིང་། ལས་དོན་གང་ཡིན་ཡང་འདི་ཉིད་གཞིར་བཞག་གིས་མགོ་རྩོམ་ངེས་ཡིན། “༼དམིགས་གཏད་༽”མེད་པའི་ལས་དོན་བྱེད་སྟངས་ཀྱི་རྣམ་འགྱུར་འདི་ཡིས་ངས་རང་ཉིད་ཀྱི་སྤྱི་ཚོགས་ལ་མ་འདོད་པ་བྱེད་ཀྱི་ཡོད་ལ། ཤེས་ཡོན་གྱི་འདབ་ལག་མ་རྒྱས་པའི་མི་སྡེའི་སྤྱི་ཚོགས་ཀྱི་སྣང་བརྙན་གསོན་པོ་དེའང་རེད་ཅེས་སྨྲ་བར་སྤོབས། ཡིད་ཐང་ཆད་བྱེད་ཀྱི་རང་རེའི་མི་ལ་རྒྱ་ཅན་ཁ་ཤས་དང་། སྙན་སྙན་བདེན་བདེན་གྱི་གཏམ་སྨྲ་བར་ཐོགས་པ་མེད་པའི་མི་ཁག་ཅིག་གི་བདེན་པ་ཡིས་ང་ལ་སྲིད་གཞུང་གི་རིག་གནས་འདི་ལ་སུན་སྣང་འབྱུང་བའི་རྒྱུ་མཚན་མང་ཙམ་ཚོར་དུ་འཇུག་ནའང་མི་ལེགས་པ་རྐྱང་རྐྱང་མ་ཡིན་པའི་དམངས་གཙོའི་ལམ་ལུགས་ཀྱི་མིང་འདོགས་བྱས་པའི་སྤྱི་ཚོགས་ལམ་ལུགས་འདི་ཉིད་ཀྱི་ཁྲོད་དུ་སྡུག་སྐད་འདོན་པ་ལས་གཞན་གྱི་ཐབས་ནི་རང་ཉིད་ཀྱིས་ཀྱང་སྤོབས་པ་ཆེན་པོས་བསམ་ཚུལ་ཅིག་སྨྲ་བ་དེའོ།
 

བོད་དོན་འཐབ་རྩོད་ཀྱི་དམིགས་གཏད།

བོད་ཀྱི་ལོ་རྒྱུས་དེབ་ཐེར་མཇལ་མྱོང་བ་ཁག་ལས་ཤེས་གསལ་ལྟར་ན་རང་རེ་བའི་སྐལ་བ་ས་ལ་ཆགས་ནས་བཟུང་བོད་དོན་ཐད་ཚད་མེད་པའི་སྐུ་ལས་བསྐྱོན་གནང་མཁན་ནི་༧གོང་ས་མཆོག་ཡིན་ཞིང་། ཁོང་གིས་“༼བོད་མིར་བདེ་སྐྱིད་ལྡན་ན་ལམ་ལུགས་ཅི་ཡིན་ལ་རྩོད་པ་མེད་པའི་༽”དགོངས་ཚུལ་གནང་ཡོད། དགོངས་ཚུལ་འདི་ལས་བསྟན་པའི་“༼དམིགས་གཏད་༽”ནི་བདེ་སྐྱིད་ཡིན་ཞིང་། དབུ་མའི་ལམ་དང་། རང་བཙན་སོགས་གང་ཡིན་ཡང་འདི་ཉིད་སྒྲུབ་པའི་ཐབས་ལམ་དུ་འཁྱེར་དགོས་པ་གསལ་བོ་ཡིན། མི་སུ་འདྲ་ཞིག་ཡིན་ཡང་“༼བདེ་སྐྱིད་༽”བརྩོན་ལེན་བྱེད་པ་ནི་རྩོད་མེད་ཅིག་ཡིན་ཡང་། དེ་ཉིད་ཇི་ལྟར་སྒྲུབ་པའི་ཐབས་ནི་ཧ་ཅང་བཤད་ཁག་པོ་ཆགས་ཡོད། མི་ལོ་ལྔ་བཅུའི་རིང་གི་བོད་དོན་འཐབ་རྩོད་ཀྱི་བྱུང་རིམ་ཁྲོད་དུ་བོད་མིའི་བདེ་སྐྱིད་སྒྲུབ་པའི་ཐབས་ལམ་ལ་རང་བཙན་དང་དབུ་མའི་ལམ་གཉིས་བྱུང་ཡོད་པ་དང་། རང་བཙན་ལམ་ལུགས་ཀྱིས་བདག་དབང་ཐད་ལོ་རྒྱུས་ཀྱི་རྗེས་འདེད་བྱས་པ་ཞིག་ལས་གཞན་གྱི་སྒྲོམ་གཞི་ཅི་ཡང་འདོན་ཐུབ་མེད་པ་མ་ཟད། རང་བཙན་རིང་ལུགས་པ་ཁག་ཅིག་གི་བཤད་སྲོལ་ལྟར་ན་“ང་ཚོའི་(རང་བཙན་)ལངས་ཕྱོགས་འདི་ཉིད་ཀྱི་མ་འོངས་པའི་མཇུག་འབྲས་ག་འདྲ་ཞིག་ཡིན་མིན་བརྗོད་དུ་མེད་ནའང་ལོ་རྒྱུས་ཀྱི་ནག་ཉེས་མི་ཕོག་པའི་གདེངས་ཚོད་ཡོད་”ཟེར་གྱི་ཡོད་པ་དང་། གཞན་དེ་སྔ་ཕྱི་ལོ་ ༢༠༠༨ ལོའི་དམིགས་བསལ་ཚོགས་ཆེན་སྐབས་ཀྱི་གཏམ་གོ་ཐོས་ཤིག་ལ་ནུབ་ཕྱོགས་ནས་ཡོང་བའི་གཞོན་ནུ་མ་ཞིག་གིས་“ཕྱི་ཡུལ་ནས་སྐྱེས་པའི་མི་རབས་གསར་པ་ང་ལྟ་བུའི་བོད་དོན་སེམས་འཁུར་ནི་རང་བཙན་ཞེས་པའི་ཚིག་འདི་ལ་འཇུས་ནས་ཡོང་བ་ཞིག་ལས་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ནས་འདུག་འདོད་ཀྱི་བསམ་ཚུལ་འཁྱེར་ནས་ཡོང་བ་མིན་”ཞེས་མི་རབས་གསར་པའི་བོད་དོན་སེམས་འཁུར་གྱི་འབྱུང་རྩ་ནི་རང་བཙན་ལངས་ཕྱོགས་ལ་རེག་ལས་པར་སྒྲུབ་ཡོད་པ་ལྟ་བུ་ཡིན། འོན་ཀྱང་། དབུ་མའི་ལམ་ནི་རང་བཙན་ལངས་ཕྱོགས་ལས་གཞུང་ལུགས་ཅན་དུ་གྱུར་ཡོད་པ་དང་། དེ་སྔ་《སི་ཊ་སི་སྦག་གི་གྲོས་འཆར་》ནས་དེང་གི་《བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་》གྱི་བར་དུ་བཙན་བྱོལ་བོད་གཞུང་གིས་རང་སྐྱོང་གི་ངོ་བོ་དང་སྒྲོམ་གཞི་བཀོད་དེ་རིམ་འགྱུར་སྲིད་བྱུས་ཀྱི་དོན་སྙིང་ལྡན་པའི་དབུ་མའི་ལམ་གྱི་ལངས་ཕྱོགས་ཤིག་གསལ་བོར་བརྗོད་ཡོད།

ལངས་ཕྱོགས་གཉིས་ཀྱི་གང་ཡིན་ཡང་མི་ལོ་ལྔ་བཅུའི་རིང་ལ་“༼དམིགས་གཏད་༽”དང་ཉེ་བའི་རེ་བ་ཅི་ཡང་འཆར་མེད་པ་དང་། རིམ་འགྱུར་དབུ་མའི་ལམ་གྱི་སྲིད་བྱུས་ཀྱིས་བོད་ཀྱི་བདེ་སྐྱིད་དེ་ཚད་གང་ཞིག་ཏུ་བཞག་ཡོད་པ་གཏིང་ཟབ་པའི་སློབ་སྦྱོང་བྱེད་དགོས་པ་ཞིག་ཡིན། ལྷག་པར་དུ་《བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་གྱི་འགྲེལ་བརྗོད་》ཀྱི་ཡིག་ཆ་དེ་ལས་རང་གི་སྲིད་གཞུང་ལ་དགོས་འདོད་འདོན་པའི་ཞུ་སྙན་གྱི་རྣམ་པ་ང་ཚོས་ཡང་ཡང་ཚོར་ཐུབ་པ་དང་། ཡིག་ཆ་འདིའི་ནང་དུ་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་ལས་གསལ་བའི་ཐོབ་ཐང་དེ་ཞིང་ཆེན་ཕལ་བའམ་རྒྱ་མི་རང་གི་ཞིང་ཆེན་དང་འདྲ་མཚུངས་སམ། དེ་ལས་དམའ་བ་ཡིན་པའི་གནས་བབ་ལ་འགྱུར་བ་ཐེབས་དགོས་པའམ་མི་འདོད་པ་བྱེད་ཀྱི་ཡོད་པ་ལས་གཞན་ཀྲུང་གོའི་རྩ་ཁྲིམས་ཀྱི་གཞི་རྩའི་ལྟ་གྲུབ་དང་མ་འགལ་བའི་ཐོག་ནས་རང་ཁྱིམ་རང་བདག་བྱེད་ཀྱི་ཡིན་པར་བསྟན་པ་དེ་ཡིན།

འོན་ཀྱང་ཀྲུང་གོ་གུང་ཁྲན་ཏང་གིས་འདི་ཉིད་ལ་མིང་འདོགས་སྣ་ཚོགས་བྱས་ཏེ་ངོས་ལེན་བྱེད་ཀྱི་མེད་པ་དང་། རང་བཙན་གྱི་ཐེམ་སྐས་རེད་ཟེར་བའི་བཤད་ཕྱོགས་སྤེལ་ཏེ་འཇིགས་སྣང་བྱེད་ཀྱི་ཡོད། འཇིགས་སྣང་འདི་ཉིད་ཀྱིས་ལོ་ངོ་དུ་མའི་རྗེས་སུ་རྒྱ་ལག་ནས་བོད་འདི་ཉིད་སྔར་གནས་སུ་གཤེགས་པར་དོགས་པ་དང་། མཁྲེགས་བཟུང་གིས་བོད་ཀྱི་མི་རབས་གསར་བ་རྣམས་ཀྱིས་ལོ་རྒྱུས་བརྗེད་ཐབས་སུ་མི་སེར་སྤེལ་བའི་སྲིད་བྱུས་ལག་བསྟར་བྱེད་ཀྱིན་པ་ནི་རྩོད་མེད་ཅིག་ཡིན། གལ་སྲིད་ཀྲུང་གོ་གུང་ཁྲན་ཏང་གིས་བོད་ལ་མི་སེར་སྤེལ་བའི་ལམ་ལུགས་འདི་ཉིད་འགྱུར་བ་ཐེབས་དགོས་ན་ང་ཚོས་ངེས་པར་དུ་གསར་བརྗེ་ཡི་ལས་དོན་ཞིག་ལ་གོམ་པ་སྤོ་དགོས་པ་དང་། གསར་བརྗེ་དེ་ཡང་དབུ་མའི་ལམ་གྱིས་དབུས་གཞུང་དུ་སྨྲ་བའི་ཀྲུང་གོ་སྲིད་གཞུང་གི་དམངས་གཙོ་གཅིག་སྡུད་ལམ་ལུགས་དེ་ཡང་དག་པའི་དམངས་གཙོའི་ལམ་ལུགས་སུ་བསྒྱུར་རྒྱུ་དེ་ཉིད་ལགས།

དང་པོ།  འགན་ལེན།__བོད་དོན་འཐབ་རྩོད་ཀྱི་དམིགས་གཏད།

ངས་བསམ་ན་བོད་དོན་འཐབ་རྩོད་ཀྱི་མཇུག་འབྲས་ཅི་འབྱུང་ལ་མ་ལྟོས་པར་མིའི་ཚེ་སྲོག་གི་རྩིས་ཐང་ནི་བླ་ན་མེད་པ་དེ་རུ་ལྟ་དགོས་ཤིང་། རང་དབང་གི་ཆེད་དུ་རང་དབང་ཤོར་བ་དང་། རང་དབང་གི་ཆེད་དུ་ཚེ་སྲོག་ཤོར་བ་ནི་མཇུག་འབྲས་མེད་པའི་སྡུག་ལས་ཁོ་ན་ཡིན་པ་ལས་འདི་ལ་གནའ་བོའི་སོ་ཁུ་ར་ཏིས་བཞིན་རང་དབང་གི་ཆེད་དུ་ཚེ་སྲོག་ཤོར་བར་རྩ་ཆེན་དུ་བརྩི་བའི་བསམ་བློ་རང་རེའི་གནས་བབ་ལ་བལྟས་ཚེ་ང་ལ་ནམ་ནམ་ཞར་ཞར་དུ་འཁོར་གྱི་མི་འདུག་ལགས། དོན་དངོས་བཤད་ན་ང་ལ་བོད་དོན་འཐབ་རྩོད་ཁྲོད་ཀྲུང་གོ་གུང་ཁྲན་ཏང་གིས་འགྲོ་ཞོར་ལམ་དུ་བགྲོངས་པའི་རྔ་ཡུལ་གྱི་སློབ་ཕྲུག་ལྷུན་གྲུབ་མཚོ་དང་འཐབ་རྩོད་ཀྱིས་སྲོག་ཐོག་གི་ཉེས་ཆད་ཕོག་པའི་མོ་ལོ་ཉེར་གསུམ་སོན་པའི་ཕུན་སྐྱིད་སོགས་ལས་ཚེ་སྲོག་ལ་ཕངས་སེམས་སྐྱེས་པའི་ཚོར་བ་སླེབས་ཤིང་། ཚོར་བ་དེ་ཉིད་ཀྱིས་ཕྱིར་མི་ལོ་ལྔ་བཅུའི་རིང་གི་ཀྲུང་གོ་གུང་ཁྲན་ཏང་གིས་བསད་བསད་ཤི་ཤི་ཐམས་ཅད་ཀྱི་ཚེ་སྲོག་ལ་ཕྱིར་དྲན་ཞིག་བྱས་པས་བོད་དོན་འཐབ་རྩོད་ཀྱི་ལས་རིམ་ཁྲོད་དུ་“༼འགན་ལེན་༽”ཞིག་དགོས་པའི་མྱོང་བ་སླེབས་པ་དང་། འགན་ལེན་དེ་ནི་རྙོག་དྲ་ཅན་གྱི་སྡོམ་དྲ་ལྟ་བུ་ཞིག་ཏུ་བཟོ་འདོད་མ་བྱས་པར་ཐད་ཀར་“༼ཚེ་སྲོག་ལ་འགན་ལེན་༽”ཞེས་ཐག་བཅད་ནས་སྨྲ་བའི་འདོད་པ་བྱུང་།  ངས་ཡིད་ཆེས་བྱེད་ཐུབ་པ་ཞིག་ལ་བོད་མི་རིགས་ཀྱི་སེམས་ཁམས་འདི་ཡིས་བསམ་གཟས་ནས་མིའི་ཚེ་སྲོག་ལ་གནོད་པའི་ལས་བགྱི་མི་ཐུབ་པ་ངེས་ནའང་། གནས་སྟངས་རྒྱུས་མ་ལོན་པའི་བྱེད་སྟངས་ཀྱི་ཁྲོད་ནས་བོད་མིའི་ཚེ་སྲོག་མང་པོ་གཏུམ་སྤྱོད་ལྡན་པའི་ཀྲུང་གོ་གུང་ཁྲན་ཏང་བའི་ལག་ཏུ་ལྷུང་ཡོད་པ་དང་།  ཡ་ང་སྙིང་རྗེ་མེད་པའི་གསོད་སྟངས་དེ་ཉིད་ནི་ཁོ་ཚོས་མུ་མཐུད་ནས་གསོད་ཐུབ་པའི་སྦྱོང་བརྡར་གྱི་ལས་རིམ་ཞིག་ཏུ་ལྟ་གིན་ཡོད་ན་ཚོགས་པ་འདིའི་འཇིགས་སྐུལ་གྱི་ལྟ་བ་འདི་མེད་པར་མ་སོང་བར་དུ་ང་ཚོས་བོད་དོན་འཐབ་རྩོད་ཀྱི་ཁྲོད་དུ་ཚེ་སྲོག་ལ་འགན་ལེན་བྱེད་པའི་གདེངས་ཅི་ཡང་རྙེད་མི་ཐུབ་བོ།  

གནད་དོན་འདི་ནི་ང་ཚོས་བླ་བྲང་འཇིགས་མེད་ལགས་ཀྱིས་བརྙན་འཕྲིན་བརྒྱུད་བཙོན་ཁང་གི་མྱོང་ཚོར་བཤད་པ་ལས་བདེན་དཔང་བྱེད་ཐུབ་པ་དང་། དམར་ཤོག་དམག་མིའི་གཏུམ་དྲག་གི་སྤྱོད་པ་མཐོང་མྱོང་བའི་སྐྱེ་བོ་ཀུན་གྱིས་འདི་ཉིད་ལ་བདེན་དཔང་བྱེད་པར་ངས་ཡིད་ཆེས་བྱེད་ཐུབ། དེ་སྔ་བོད་དོན་འཐབ་རྩོད་ཆེད་ཚེ་སྲོག་ཤོར་བའི་དཔའ་བོར་བསྔགས་པ་དག་གི་བསམ་ཚུལ་ལ་འདང་ཞིབ་མོར་རྒྱབ་ན་རང་གི་བདེ་སྐྱིད་དོན་གཉེར་གྱི་ཆེད་དུ་འཐབ་རྩོད་བྱས་པས་ཐ་མ་རང་ཉིད་དགའ་སྡུག་གི་ཚོར་བ་ཅི་ཡང་ལོངས་སུ་སྤྱོད་མི་ཐུབ་པའི་གནས་སུ་བསྐྱལ་བ་དང་། ཤོར་བའི་ཚེ་སྲོག་གི་རིན་ཐང་ནི་“༼རླབས་ཆེན་པོའོ་༽”ཟེར་བའི་ཁ་གཡང་ཞིག་གི་ངོགས་སུ་གནས་པ་ལས་གཞན་གྱི་ཐོབ་བྱ་ཅི་ཡང་མེད་པས་ཁ་གཡང་ཙམ་གྱི་ཆོ་ལོ་འདི་ནི་ངས་མི་འདོད་ལ་འདས་པོ་དག་གིས་ཀྱང་འདོད་མི་སྲིད། ཤོར་བའི་ཚེ་སྲོག་ལ་ཁ་གཡང་བསྒྲགས་ཏེ་བེད་སྤྱོད་གཏོང་མཁན་རྣམས་ཀྱིས་དེ་བས་ཀྱང་འདོད་མི་སྲིད། དེ་ཡི་ཕྱིར་ན་དེང་གི་གནས་སྟངས་ལ་བསམ་ན་བོད་དོན་འཐབ་རྩོད་ཀྱི་ཁྲོད་དུ་ཆེས་གནད་འགག་ཆེ་ཤོས་ནི་“༼ཚེ་སྲོག་ལ་འགན་ལེན་༽”བྱེད་རྒྱུ་འདི་ལགས་ཤིང་། དེ་སྔ་ཕྱི་ལོ་ ༢༠༠༨ ལོར་བཙན་བྱོལ་བོད་གཞུང་གིས་“༼རྨས་པའི་མི་ལ་སྨན་བཅོས་བྱེད་དགོས་༽”སོགས་ཀྱི་དགོས་འདུན་འདོན་དུས་གུས་པའི་ངོས་ནས་“༼ཤོར་བ་མེད་ན་ཐོབ་པ་མེད་༽”ཅེས་རྩོམ་ཡིག་ཏུ་བྲིས་པ་ལ་གནོང་འགྱོད་ཆེན་པོ་བྱེད་ཀྱིན་ཡོད།  ལྷག་པར་དུ་གུང་ཁྲན་ཏང་གི་སྲིད་བྱུས་ཀྱི་འོག་ནས་བོད་དོན་འཐབ་རྩོད་དང་འཐབ་རྩོད་མཁན་གྱི་ཚེ་སྲོག་ལ་འགན་ལེན་བྱེད་པ་མཉམ་དུ་འགྲོ་མི་ཐུབ་པས་ང་ཚོས་འགན་ལེན་འདི་ཉིད་སྲིད་བྱུས་ཀྱི་དོན་དངོས་གཞན་ཞིག་གི་འོག་ཏུ་འཁྱེར་བར་བསམ་བློ་གཏོང་དགོས་ཀྱི་འདུག

གཉིས་པ།  རང་དབང་།__ བོད་དོན་འཐབ་རྩོད་ཀྱི་དམིགས་གཏད།

དེང་གི་སྤྱི་ཚོགས་ཀྱི་ཁྲོད་དུ་བསམ་བློ་གཏོང་སྟངས་ཀྱི་ཁྱད་པར་ཙམ་ལས་ “རང་དབང་”ཞེས་པ་འདི་མེད་པར་ངེས་ནའང་། རང་ཉིད་མི་རིགས་གང་གི་ཁོངས་སུ་གཏོགས་པའི་སེམས་ཀྱི་འཁྱེར་སོའི་རང་དབང་ནི་མང་མང་ལ་ཡོད་པ་ཡིན་པས་རང་རེ་བ་ལའང་འདི་ཉིད་གལ་ཆེན་པོ་ཡིན་པ་ནི་བརྗོད་མ་དགོས་པ་ཞིག་ལགས། སྲིད་གཞུང་ལམ་ལུགས་ཀྱི་ནང་དུ་ཧ་ཅང་གལ་ཆེན་པོ་ཞིག་ནི་རང་ཐག་རང་གཅོད་ཡིན་ཅིང་། ཀྲུང་གོ་གུང་ཁྲན་ཏང་གི་ལས་དོན་བྱེད་ཕྱོགས་ལྟར་ན་རང་སྐྱོང་ས་གནས་ལ་སྤྲད་པའི་དབང་ཆའམ་རང་དབང་ཅི་ཡང་མེད་པར་དམར་ཤོག་རང་ནས་ཐག་གཅོད་བྱེད་པ་དང་། ས་གནས་མི་རིགས་ཀྱི་དགོས་མཁོ་དང་འཚམ་པའི་ཆབ་སྲིད་ལམ་ལུགས་དང་། དཔལ་འབྱོར། རིག་གནས་བཅས་ཀྱི་ཐད་ཀྲུང་གོ་གུང་ཁྲན་ཏང་གི་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་ནང་དབུས་གཞུང་གིས་མོས་འདོད་མེད་པར་ཐག་གཅོད་མི་ཆོག་པར་གཏན་འབེབ་བྱས་ཏེ་རང་སྐྱོང་གི་རང་དབང་མེད་པ་བཟོ་ཡོད་པ་དང་།  མི་རིགས་ས་གནས་རང་སྐྱོང་དང་དབུས་གཞུང་གཉིས་ཀྱི་དབང་ཆ་ཆ་བགོས་མེད་པར་ས་གནས་རང་སྐྱོང་གི་འཛིན་སྐྱོང་རང་དབང་འཕྲོག་ཡོད་པ་སོགས་མདོར་ན་མངགས་བཅོལ་དེང་ལེན་གྱི་ལས་ཀ་ཞིག་ལས་རང་གི་དགོས་མཁོར་འཚམ་པའི་ཐག་གཅོད་ཀྱི་རང་དབང་མེད་པས་ང་ཚོས་ཆེས་ཐོག་མར་རང་དབང་འདི་དག་“དམིགས་གཏད་”སྒྲུབ་པའི་ཐབས་ལམ་དུ་འཛིན་དགོས།  ཀྲུང་གོ་གུང་ཁྲན་ཏང་གི་འཛིན་སྐྱོང་གི་ནང་དུ་འདྲ་མཉམ་རང་དབང་མེད་པའི་གནས་ཚུལ་ཧོན་ཐོར་བྱེད་ཅིག་ཡོད་པ་ནི་མི་རིགས་ས་གནས་རང་སྐྱོང་དང་ཞིང་ཆེན་གཞན་པ་ཁག་བར་གྱི་ཧེ་བག་དེ་ཡིན། མི་རིགས་ས་གནས་རང་སྐྱོང་ནི་རྒྱ་རིགས་མ་ཡིན་པའི་བོད་དང་ཤིན་ཅང་། སོག་པོ་ལྟ་བུའི་གྲངས་ཉུང་མི་རིགས་སུ་བརྩིས་ཡོད་པ་གཙོ་བོ་ཡིན་པའི་ས་ཁུལ་ཁག་ཅིག་དང་། ཞིང་ཆེན་དུ་གནས་པ་ནི་རྒྱ་རིགས་གཙོ་བོ་ཡིན་པ་དང་་གྲངས་ཉུང་མི་རིགས་ཁ་སྦྱར་གྱི་ཞིང་ཆེན་ཁག་བཅས་ཡིན། མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་བཟོའི་དབང་ཚད་ལྟ་བུར་མཚོན་ན་དབང་ཚད་གཏན་མ་འཁེལ་བའི་རྣམ་པའི་ངང་ཡོད་པ་དང་། ལས་དོན་གང་ལའང་འགོག་རྐྱེན་ཧ་ཅང་ཆེན་པོ་ཡོད་པ་མ་ཟད། ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་བཀའ་འཁྲོལ་ཐོབ་དགོས་པ་ཡིན།  ཞིང་ཆེན་གཞན་པ་ཁག་ལ་ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་་བཀའ་འཁྲོལ་ཐོབ་པར་འབད་བརྩོན་བྱེད་མི་དགོས་པར་སྙན་ཞུ་ཙམ་གྱིས་ཆོག    མི་རིགས་ས་གནས་རང་སྐྱོང་ཁག་གི་ལས་དོན་ལ་ཀྲུང་གོ་གུང་ཁྲན་ཏང་གིས་སྟངས་འཛིན་ནན་མོ་བྱེད་ཀྱིན་པ་དང་། དམར་ཤོག་གི་དགོས་མཁོ་གཞིར་འཇོག་པ་ལས་མི་རིགས་ས་གནས་རང་གི་དགོས་མཁོ་སྐོང་བའི་རང་དབང་མེད་པ་ཡིན།  གནས་སྟངས་འདི་ལས་ང་ཚོས་མི་རིགས་ས་གནས་རང་སྐྱོང་ཁག་དང་ཞིང་ཆེན་གཞན་པ་ཁག་ལ་དབུས་གཞུང་ངོས་ནས་འདྲ་མཉམ་གྱི་ལྟ་སྟངས་མེད་པ་མ་ཟད། ཆེས་སྤྱིར་བཏང་གི་འདྲ་མཉམ་རང་དབང་ཙམ་ཡང་མེད་པའི་གནས་སྟངས་ལའང་ཚོད་དཔག་ཆོག་པ་ཡིན།  དེ་ལས་གཞན་འཚོག་འཛོམས་དང་།  སྨྲ་བརྗོད་རང་དབང་། དཔར་བསྐྲུན་རང་དབང་། མདོར་ན་སྤྱི་དམངས་ལ་ཡོད་ཆོག་པའི་རང་དབང་ཅི་ལའང་ཐེ་གཏོགས་བྱེད་པ་དང་། དབང་བསྒྱུར་གྱི་དགོས་མཁོ་དང་མི་མཐུན་པའི་ལས་དོན་གང་ཅི་ཡོད་ཚང་མར་བཀག་འགོག་དང་། ཉེས་འདོགས་སྣ་ཚོགས་ཀྱིས་བཙོན་འཇུག་བྱེད་པ།  སྲོག་ཐོག་གཏོང་བ་སོགས་མི་མང་ལ་འཇིགས་སྐུལ་གྱི་ལས་དོན་ཅི་ཡང་བྱེད་ཀྱིན་ཡོད། བོད་དོན་འཐབ་རྩོད་ཀྱི་དམིགས་གཏད་འགྲུབ་པ་ལ་གཞི་རྩའི་རང་དབང་གི་ཆ་རྐྱེན་ནི་མེད་དུ་མི་རུང་བ་ཡིན་པས་རང་སྐྱོང་ས་གནས་ཐད་འཛིན་པའི་དབང་ཆ་གཅིག་སྡུད་ཀྱི་ལམ་ལུགས་ལ་འགྱུར་བ་མ་ཐེབས་པར་རང་ཡུལ་གྱི་འཐབ་རྩོད་ནི་རྨི་ལམ་ཞིག་ལས་དངོས་ཡོད་ཅིག་ནམ་ཡང་ཡིན་མི་སྲིད་པ་དང་། གལ་སྲིད་འཐབ་རྩོད་ཀྱི་རྣམ་པ་ཞིག་བྱུང་བ་ཡིན་ནའང་།  སྒོ་ང་རྡོ་ལ་གཞུས་པའི་གནས་སྟངས་ལས་ང་ཚོས་འགྱུར་བ་གཞན་ཅི་ཡང་མཐོང་མི་སྲིད།

གསུམ་པ།   རྒྱ་ནག་གི་དམངས་གཙོ།__ བོད་དོན་འཐབ་རྩོད་ཀྱི་དམིགས་གཏད།

དངོས་ཡོད་ཀྱི་གནས་ཚུལ་མང་ཙམ་ཞིག་ལ་གདོང་གཏད་ནས་བལྟས་པ་ཡིན་ན་རྒྱ་ནག་གི་དམངས་གཙོ་ནི་བོད་དོན་འཐབ་རྩོད་ཀྱི་དམིགས་གཏད་ལ་གལ་ཆེན་ཞིག་ཏུ་གྱུར་ཡོད། མི་མང་གི་མངོན་འདོད་ལ་བདག་པོ་རྒྱག་དགོས་པ་དང་། སྲིད་གཞུང་གིས་སྤྱི་དམངས་འདྲ་མཉམ་གྱི་ཐོབ་ཐང་གསལ་བརྗོད་བྱེད་པར་བགེགས་རྐྱེན་མེད་པ་ཞིག་བཟོ་དགོས་པ་སོགས་ཀྱི་རྒྱུ་མཚན་གྱིས་དམངས་གཙོའི་ལམ་ལུགས་ཀྱི་ཁྲོད་ནས་བོད་དོན་འཐབ་རྩོད་ཀྱི་དམིགས་གཏད་མངོན་པར་གསལ་ཐུབ་པ་ནི་ངེད་ཀྱི་ཚོད་དཔག་གིས་ཐག་གཅོད་ཞིག་ལགས། དེ་སྔ་ཐེ་ཝན་དམངས་གཙོ་ཚོགས་པའི་ཐེ་ཝན་གྱི་སྲིད་འཛིན་ཁྲིན་ཧྲུའུ་ཕེན་གྱིས་བཙན་བྱོལ་དུ་གནས་པའི་བོད་མི་རྣམས་ཀྲུང་གོ་གུང་ཁྲན་ཏང་ངམ་ཀྲུང་ཧྭ་མི་དམངས་སྤྱི་འཐུན་རྒྱལ་ཁབ་ཀྱི་ཆ་ཤས་མ་ཡིན་པར་ངོས་ལེན་བྱས་པའང་དམངས་གཙོའི་ལེགས་བྱང་གི་སྟོབས་ཤུགས་ལས་བྱུང་བ་ཞིག་ཡིན་པས། ངོས་ལེན་འདི་ཉིད་ནི་རྒྱ་ནག་དམངས་གཙོར་འགྱུར་རྗེས་བོད་དོན་འཐབ་རྩོད་ཀྱི་དམིགས་གཏད་འགྲུབ་པར་བརྗོད་པའི་རྒྱུ་མཚན་དུ་བགྲང་ཆོག་པ་དང་།  ནམ་རྒྱུན་རང་རེའི་སྤྱི་ཚོགས་ཁྲོད་དུ་དབྱིན་ཇིའི་རྒྱ་གར་ལ་བཙན་འཛུལ་བྱས་ཀྱང་སྨྲ་བརྗོད་རང་དབང་ཡོད་པས་རང་ས་རང་ནས་རང་བཙན་འཐབ་རྩོད་བྱེད་ཐུབ་ཀྱི་ཡོད་པ་དང་།  ཀྲུང་གོ་གུང་ཁྲན་ཏང་གི་འོག་ཏུ་བཅུག་པའི་བོད་ནི་དེ་སྔའི་དབྱིན་ཇིའི་འོག་གི་རྒྱ་གར་དང་མི་འདྲ་བའི་གནས་ལུགས་རྒྱུ་མཚན་མང་དག་ཅིག་བརྗོད་པའི་བགེགས་ཀྱང་རྒྱ་ནག་གི་དམངས་གཙོའི་ལམ་ལུགས་ཀྱིས་སེལ་བར་ངེས་སོ།  ཕར་བལྟས་ཚོད་ཀྱིས་འཛམ་བུའི་གླིང་གི་རང་སྲིད་རང་སྐྱོང་གི་མངའ་ཁུལ་གང་ཡོད་དམངས་གཙོའི་ལམ་ལུགས་ཅན་གྱི་རྒྱལ་ཁབ་ནང་ཐོན་གྱི་ཡོད་པ་དང་། “འཛམ་གླིང་སྐྱོང་བར་བྱེད་པའི་ཀུན་སྤྱོད་བཟང་པོའི་ནུས་པས་མ་ལྡང་བའི་རྐྱེན་ལས་བྱུང་བའི་དགོེས་ངེས་ཀྱི་ཐབས་ཤེས་”སམ་སྲིད་ཀྱི་ལམ་ལུགས་ལས་ཀྱང་། དམངས་གཙོའི་ལམ་ལུགས་ནི་འོས་ཤིང་འཚམ་པ་རུ་ཀུན་པོས་འགྲེལ་བ་གནང་གི་ཡོད། འདིའི་ཁྲོད་ཀྱི་སྲིད་འཛིན་ལམ་ལུགས་དང་། གྲོས་ཚོགས་ལམ་ལུགས་གང་ཡིན་ཡང་མི་མང་གི་མངོན་འདོད་ལ་བདག་པོ་རྒྱག་པའི་རིམ་པ་ཞིག་ཡོད་པས་ཀྲུང་གོ་རུ་དམངས་གཙོའི་ལམ་ལུགས་དར་བར་བྱས་ཚེ་བོད་མི་རྣམས་ཀྱང་རང་ཉིད་ཀྱི་སྐད་ཆ་ཡོད་པའི་ལམ་དུ་འགྲོ་བར་རེ་བ་ཡོད་པ་ཡིན།   རྒྱ་ནག་པའི་ཧམ་སེམས་ཀྱི་མཆེ་བ་རིང་མོ་དེས་ང་ཚོའི་སེམས་སུ་བློ་དོགས་ཀྱི་ཚོར་བ་ཡང་ཡང་སྟེར་གྱི་ཡོད་ནའང་། ང་ཚོའི་རང་ཐག་རང་གཅོད་ཀྱི་འདོད་པ་ལ་ནམ་ཡིན་ཡང་རེ་བ་ཆེན་པོ་བྱས་ཆོག་པ་དང་།  མོས་འདོད་ཀྱི་གཏམ་བཤད་པ་ཙམ་གྱིས་ཁྲི་མུན་དང་སྲོག་ཐོག་གཏོང་བ་སོགས་ཀྱི་འཇིགས་པ་ལས་སྐྱོབ་ཐུབ་པས་ང་ཚོར་ཚེ་སྲོག་ཤོར་དོགས་ཀྱི་སྐྲག་སྣང་དེ་ཙམ་མེད་པར་དམིགས་གཏད་སྒྲུབ་པའི་ལས་ལ་འཇུག་ཐུབ་ཀྱི་ཡོད།  ལར་ང་ཚོས་“བསད་པས་མི་སོད་བརྒྱ་གསོད་དམ་སྟོང་གསོད། བྲོས་པས་མི་ཐར་བརྒྱ་འབྲོའམ་སྟོང་འབྲོ།” གཏམ་གྱི་མགོ་བོ་ཅི་ཙམ་ཕབ་ཀྱང་སྣང་བ་མཐོ་པའི་དམར་ཕྱོགས་པའི་ང་རྒྱལ་ནི་རི་བོ་ཆིལ་ཆིལ་ཉིལ་བའི་འུར་སྒྲ་ལས་ཀྱང་ཆེན་པོར་གྲགས་ཤིང་།  རྨ་ཀླུང་རབ་ཏུ་ཀྲུག་པའི་སྒྲ་ཆེན་ལས་ཀྱང་རྒྱང་དུ་མཆེད་ན་བསམ་པའི་གདེང་མེད། རྩད་པའི་གོ་བ་མེད། ལྷོད་པས་རང་རེ་བ་དམར་ཕྱོགས་གུང་ཁྲན་པས་མདུན་སར་ཉམས་ཤོར་བའི་བཟོ་ལྟ་བསྟན་པ་ལས་ཐོབ་པར་བྱ་བ་ཅི་ཡང་ཡོད་པར་མི་བསམ་པས་རབ་ཏུ་ལེགས་ཤིང་། ཤིན་ཏུ་མཁས་པར་བསྒྲུབ་པའི་ལས་ལ་འཇུག་པའི་ལམ་ཆེན་ཧ་ཅང་གི་ཡངས་པོ་ནི་རྒྱ་ནག་དམངས་གཙོར་འགྱུར་རྗེས་རང་གི་སྐད་རང་གིས་བསྒྲགས་ཤིང་། རང་གི་དོན་རང་གིས་བྱེད་པའི་ལས་སུ་ལེགས་པར་འཇུག་པ་དེ་ཉིད་དོ།

མཇུག་གཏམ།

འཛམ་བུའི་གླིང་གི་ཆབ་སྲིད་ཀྱི་འགྱུར་བར་བློ་ཡི་དཔྱོད་ཚད་ཀྱིས་བལྟས་ན་འདི་ཉིད་ཐབས་སུ་ལེན་པ་ནི་ལེ་ལོའི་བྱ་སྤྱོད་ཅིག་མ་ཡིན་པར་ཧ་ཅང་སྟོབས་དང་ལྡན་པ་ཞིག་ཏུ་ངེས་སོ་ཞེས་སྤྱི་བམ་པའི་གཏམ་ཞིག་དང་བཅས་བརྗོད་རྒྱུ་དང་།   གཞན་ཡིག་ཚོགས་འདིའི་རྩོམ་བྱང་དུ་དོན་དངོས་བཤད་ན་《མི་རབས་གསར་བའི་ཕུགས་བསམ་གྱི་འཆར་སྣང་》 མ་ཡིན་པར་《མི་རབས་གསར་བ་ཞིག་གི་ཕུགས་བསམ་གྱི་འཆར་སྣང་》 ཞེས་འགོད་དགོས་ནའང་བརྗོད་པ་སྙན་པའི་ཆེད་དུ་བྱེ་བྲག་སྟོན་པའི་“ཞིག་”སྒྲ་བཅད་ནས་སྤྱི་བའི་བརྡ་ཆད་དུ་སྒེར་གྱི་བསམ་ཚུལ་སྤྲོས་པར་བཟོད་གསོལ་དགོས་སར་དེ་བཞིན་བྱེད་པ་དང་། འཆར་སྣང་འདི་ཉིད་ཀྱིས་གཞོན་ནུ་གློ་བུར་བ་ཞིག་གི་སེམས་ཀྱི་འཁྱེར་སོ་སྟོན་པ་ལས་རྒན་པ་དཔྱོད་ཤེས་ཅན་གྱི་རྗེས་དཔག་གི་བློ་རིག་ལ་འགྲན་འདོད་པ་མ་ཡིན་ལ། ཕོགས་གཟན་ཉམས་མྱོང་ཅན་ལ་འགྲན་པའི་བཟོ་སྟོན་པ་དེ་བས་ཀྱང་མ་ཡིན་པས་རང་ཁ་གསོ་ཐབས་ཀྱི་རྩལ་ནུས་མེད་པར་སྤྱི་བའི་ལས་དོན་ལ་སེམས་ཁ་མ་དལ་བའི་བླུན་པོ་སྤྱི་བརྟོལ་ཅན་ཞིག་གི་ལབ་ལོབ་ཏུ་ཆ་བཞག་ཀྱང་ནོངས་འགྱོད་མེད་པའོ།

འབྲེལ་ཡོད་གསར་འགྱུར།

ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་། དྲ་ལམ་གྱི་པར།
Mobile App

ཧཱ་ཝར་ཌི་གཙུག་ལག་སློབ་གྲྭར་རྒྱལ་སྤྱིའི་སློབ་མ་བཀག་སྡོམ་གནང་འཆར་ཡོད་འདུག

ཆུ་ཚོད་ ༢ སྔོན་ལ།
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་དུ་འདེམས་ཐོན་བྱུང་།

ཆུ་ཚོད་ ༣ སྔོན་ལ།
བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༢
༸གོང་ས་མཆོག གསར་འགྱུར།

ཡེ་ཤུ་ཆོས་དཔོན་ཕོབ་ལེའོ་མཆོག་ལ་༧གོང་ས་མཆོག་དང་ལྷན་དུ་མགྱོགས་མྱུར་མཇལ་འཕྲད་གནང་བའི་འབོད་སྐུལ་ཞུས།

༢༠༢༥/༠༥/༢༢
Mobile App

གཏམ་གླེང་དམར་རྗེན་མ།

༢༠༢༥/༠༥/༢༢
བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ། བོད་པའི་སློབ་གྲྭ་ཁག་གི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་རྣམས་ལ་སཱི་ཤེས་ཡོན་སློབ་གསོའི་སྦྱོང་བརྡར་སྤྲད། ༢༠༢༥།༥།༢༡ དུས་བབ་ཀྱི་པར།
Mobile App

འཛམ་གླིང་གི་རྒྱལ་ཁབ་ ༡༤༡ ནང་སཱི་ཤེས་ཡོན་སློབ་གསོ་ངོ་སྤྲོད་གནང་ཟིན་འདུག

༢༠༢༥/༠༥/༢༡

མཆན། 1

  1. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    འཇིགས་མེད་ཚེ་རིང་ལགས་ཁྱེད་ཀྱི་ཆེད་རྩོམ་དེ་ཀློག་ནས་ཁྱེད་ནི་ངང་རྒྱུད་ཤིན་ཏུ་རིང་བའི་མི་ཞིག་ཡིན་པའི་ཚོར་སྣང་སྦྱིན་བྱུང་། འོན་ཀྱང་བོད་རེ་བ་དང་རྒྱ་དོགས་པ་ཟེར་བའི་གནའ་མིའི་གཏམ་རྒྱུད་ལྟར་རེ་བ་ཁོ་ན་ལས་བྱ་ཐབས་གཞན་མེད། སྤྱི་ན་རྒྱ་ནག་དམངས་གཙོའི་ངོ་བོར་གྱུར་བ་ཡིན་ནའང་བོད་ལ་བདེ་སྐྱིད་ཁག་པོ་རེད་གང་ལགས་ཞེ་ན་རྒྱ་མི་དམངས་གཙོ་དོན་གཉེར་བ་རྣམས་གྱི་གཏམ་བཤད་དག་ལ་བལྟས་ན་རོབ་ཙམ་ཚོད་གམ་ཐིགས་པ་ཡིན་ལགས། མ་གཞི་ནས་ཞུམ་བུ་དཀར་པོ་དང་ནག་པོ་གང་ཡིན་ཀྱང་ཙི་ཙིག་ལ་བདེ་སྐྱིད་ནམ་ཡང་མི་སྤྲོད་པ་ཆོས་ཉིད་རེད། ང་ནི་ལྟེ་དབང་གི་འགྱུར་བ་ཞིག་ལ་རེ་བས་རྒུག་ནས་ཡོད་པ་ལས་གཞན་རེ་བ་གང་ཡང་མིན་འདུག་བསམ། དངོས་གནས་ཉམས་དག་ངོ་མ་ནི་ང་ཚོ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese