མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སུ་བཀའ་བློན་ཁྲི་པར་འོས་འཚམ་རེད། ༼ དམིགས་བསལ་ལེ་ཚན། ༽

བོད་ཀྱི་དུས་བབ།
༢༠༡༠/༠༨/༢༣
Share on FacebookShare on TwitterShare on EmailShare on Whatsapp
འདི་གའི་གསར་འགོད་པས་གཞོན་སྐྱེས་ཤེས་ཡོན་ཅན་ཁག་ཅིག་ལ་ད་ལྟ་སྤྱི་ཚོགས་ནང་ཡོངས་ཁྱབ་ཀྱིས་འགྲོ་བཞིན་པའི་བཀའ་ཁྲིའི་འོས་གཞི་དག་ལས། སུ་འོས་འཚམ་དུ་མཐོང་མིན་དང་ཁོང་ཚོ་རང་ཉིད་ཀྱི་ངོས་ནས་བཀའ་ཁྲིའི་འོས་གཞི་ལ་ལྟ་སྟངས་གང་འདྲ་ཡོད་མེད་ཐད་བཅར་འདྲི་བྱས་པ།
 

བོད་རང་དབང་སློབ་ཕྲུག་ཚོགས་པའི་ས་གནས་ཚོགས་གཙོ་བསྟན་འཛིན་ཆོས་དབྱིངས་ཀྱིས་བརྗོད་དོན། ད་ལྟ་སྤྱི་ཚོགས་ནང་ཡོངས་ཁྱབ་ཀྱི་འགྲོ་བཞིན་པའི་བཀའ་ཁྲིའི་གཞི་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་དང་བློ་བཟང་སེང་གེ། སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་བཅས་གསུམ་རེད། ང་རང་སྒེར་གྱི་ངོས་ནས་ལོ་རྗེས་མའི་བཀའ་བློན་ཁྲི་བར་འཚམ་ཤོས་དེ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་མཐོང་གི་ཡོད། ཁོང་གིས་མི་ཚེ་ཧྲིལ་པོར་བོད་དོན་ཆེད་ཕྱག་ལས་གནང་བ་རེད་ལ། ཕུགས་རྒྱང་རིང་པོའི་བསམ་བློ་གཏོང་ཐུབ་མཁན་ཞིག་ཀྱང་རེད། དཔེར་ན།བར་སྐབས་ཤིག་ང་ཚོའི་སྤྱི་ཚོགས་ནང་བོད་མི་རྣམས་ཕྱིའི་རྒྱལ་ཁབ་ཁག་ཏུ་ཆས་ཚེ་བོད་པའི་རིག་གཞུང་དང་ངོ་བོ།ལྷག་བསམ་བརླག་འགྲོ་གི་རེད་ཟེར་བའི་བསམ་ཚུལ་ཤུགས་ཆེར་བྱུང་ཡོད། གནས་སྟངས་དེ་འདྲ་ཞིག་གི་འོག་ཏུའང་ཁོང་གིས་ཨ་རིར་བོད་མི་ ༡༠༠༠ སྐྱབས་བཅོལ་ཏུ་བླངས་པའི་དམིགས་བསལ་ཕྱག་ལས་གནང་ཡོད། ཁོང་གིས་མི་ལོ་ ༢༠ སྔོན་ནས་ཕྱག་ལས་དེ་འདྲ་ཞིག་གནང་སྟེ་ཕུགས་རྒྱང་རིང་པོའི་བསམ་བློ་བཏང་ཡོད་ལ། བོད་མི་དེ་དག་གནས་སྤོ་བྱས་རྗེས་ང་ཚོ་བོད་པའི་རྩ་དོན་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད། དེ་བཞིན་ཁོང་བོད་གཞུང་གི་སྒྲིག་འཛུགས་ནང་ལོ་མང་རིང་ཕྱག་ལས་གནང་ཡོད་སྟབས་ཉམས་མྱོང་ཡོད་པ་དང་། གཉིས་ནས་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ཆ་བཞག་ནའང། ཨ་རི་དང་ཁེ་ན་ཌ། ཡོ་རོབ་སོཊ་ལ་འབྲེལ་བ་བྱས་ཏེ་ཆབ་སྲིད་དང་འབྲེལ་བའི་ཐོག་ཕྱག་ལས་གང་མང་ཞིག་གནང་ཡོད།ཨ་རིར་༧གོང་ས་མཆོག་གི་སྐུ་ཚབ་ཐོག་མ་གནང་མཁན་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཐོག་མར་འཛུགས་མཁན་ཡིན་པར་མ་ཟད། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་གཞུང་དང་རྒྱལ་སྤྱིའི་སྟེང་བོད་དོན་དྲིལ་བསྒྲགས་ཀྱི་ཕྱག་ལས་གནང་ཡོད་ལ། ད་ལྟའི་ཆར་ཡང་ཨ་རིར་བཞུགས་ཏེ་ཏཱ་ལའི་བླ་མའི་ཐེབས་རྩ་ཁང་དང་ཁ་ལི་ཧྥོར་ནི་ཡའི་ས་གནས་བོད་རིགས་མཐུན་ཚོགས་ནང་ཕྱག་ལས་གང་མང་ཞིག་གནང་གིན་ཡོད་ཅེས་བརྗོད་བྱུང་། ཡང་ཁོང་གིས། ཁོང་ལས་གཞན་ད་ལྟའི་ཆར་རྒྱ་རི་སྒྲོལ་མ་ལཊ་ཀྱིས་དང་བླངས་ཐོག་ང་བཀའ་ཁྲིར་ལངས་གི་ཡིན་ཟེར་བ་དང་། བློ་བཟང་སེང་གེས་ངས་ཅིག་བྱེད་གི་ཡིན་ཟེར་བ་དེ་དག་དངོས་ནས་རྣམ་པ་གསར་པ་ཞིག་ཏུ་མཐོང་གི་འདུག སྔོན་མ་ཡིན་ན་ང་བཀའ་ཁྲིར་ལངས་གི་ཡིན། ངས་ཅིག་བསྒྲུབ་ཀྱི་ཡིན་ཟེར་མཁན་བྱུང་ཡོད་པ་མ་རེད། དེ་ཡིན་དུས་ཁོང་ཚོའི་སྒྲུབ་སྟངས་དེ་མང་གཙོའི་ལམ་སྲོལ་དང་མཐུན་སྟབས་ཧ་ཅང་ཡག་པོ་རེད་བསམ་པ་དྲན་བྱུང་། ཡིན་ཡང་།མཚམས་ལམ་རེར་ང་ཚོའི་སྤྱི་ཚོགས་ནང་མི་རེ་འགས་ང་ཚོར་འགན་འཁུར་མཁན་མི་འདུག་ཟེར་མཁན་དང་། ཕར་འགན་འཁུར་དུ་འགྲོ་དུས་ཡང་ཁོང་ཁྱད་མཚར་འདུག ཁོས་འགན་འཁུར་གྱི་འདུགདེ་འགྲིག་མ་སོང་ཞེས་སྐད་ཆ་འདྲ་མིན་བཤད་ཡོང་གི་ཡོད་པ་རེད། ཡིན་ནའང་། ང་རང་ཉིད་ཀྱི་ངོས་ནས་ཤེས་ཡོན་གྱི་གནས་སྟངས་ཡག་པོ་ཡོད་པའི་རིགས་ཀྱིས་མང་གཙོའི་ལྟ་བ་ཤུགས་ཆེ་རུ་སྤེལ་ཐུབ་པ་དེ་ཡག་པོ་ཞིག་མཐོང་གི་ཡོད་ལ། མ་འོངས་པར་འོས་བསྡུའི་དངོས་གཞིའི་བར་ཁོང་གསུམ་ཙམ་མིན་པར་ང་ལངས་གི་ཡིན་ཟེར་བ་དང་། ངས་འགན་འཁུར་གི་ཡིན་ཟེར་མཁན་མང་པོ་ཡོང་བའི་རེ་བ་ཡོད། ཅེས་བརྗོད་བྱུང་།

བུད་མེད་ཉམས་ཞིབ་པ་ཟླ་སྒྲོན་ཤར་གླིང་གིས་བརྗོད་དོན། ད་ལྟའི་ཆར་ངས་མཐའ་གཅིག་ཏུ་འོས་ཤོས་འདི་རེད་ཅེས་བཤད་ཁག་པོ་རེད། གང་ཡིན་ཞེ་ན་ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས་བཀའ་ཁྲིར་ལངས་རྒྱུ་ཡིན་པ་དེ་ང་ཚོའི་སྤྱི་ཚོགས་ནང་གསལ་པོ་ཆགས་མེད། བློ་བཟང་སེང་གེ་དང་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གཉིས་མང་ཚོགས་ནང་གླེང་སློང་ཤུགས་ཆེར་བྱུང་ཡོད་ལ། ཚོགས་པ་ཁག་ཅིག་གིས་ཁོང་གཉིས་བཀའ་ཁྲིའི་འོས་མིར་བཏོན་སྟབས་མང་པོ་ཞིག་གིས་ཁོང་གཉིས་ཡིན་ཤག་ཤག་བྱས་ཏེ་བསྡད་ཡོད་པ་རེད། ངས་བསམ་ན་ད་ལྟ་ཡོངས་ཁྱབ་ཀྱི་གླེང་བཞིན་པའི་འོས་མི་ལས་གཞན་པའི་བཀའ་ཁྲིའི་འོས་མི་ཏན་ཏན་ཡོད་ཀྱི་རེད། མང་ཚོགས་ཁྲོད་བློ་བཟང་སེང་གེ་དང་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གཉིས་ཀར་བཀའ་ཁྲིའི་འོས་ཆོས་ཚང་མིན་སྐོར་གླེང་སློང་ཤུགས་ཆེན་བྱེད་བཞིན་པའི་སྐབས་འདིར། ཚོགས་གཞོན་རྒྱ་རི་སྒྲོལ་མས་ང་བཀའ་ཁྲིར་ལངས་རྒྱུ་ཡིན་ཞེས་ཡོངས་ཁྱབ་ཐོག་གསར་འགོད་གསལ་བསྒྲགས་སྤེལ་བ་རེད། དེ་ཡིན་དུས་སོ་སོར་གདེང་ཚོད་དང་ཕྱག་ལས་གནང་འདོད་ཡོད་ན་ལམ་ཁ་འདི་འདྲ་ཞིག་ཡོད་ཅེས་མིག་དཔེ་ཡག་པོ་ཞིག་བསྟན་པ་རེད། གསལ་བསྒྲགས་མ་སྤེལ་བའི་སྔོན་ལ་ཁོ་མོ་བཀའ་ཁྲིར་ལངས་འདོད་ཡོད་མེད་ཤེས་ཡོད་པ་མ་རེད། གློ་བུར་དུ་བཀའ་ཁྲིར་ལངས་ཡོང་དུས། མི་མང་པོ་ཞིག་གིས་བསམ་བློར་འགྱུར་བ་ཐེབས་ཡོད་ལ་ང་རང་ལའང་དེ་འདྲ་ཆགས་སོང་། དེར་བརྟེན་ཕྱི་ཟླ་ ༡༠ པའི་ཚེས་ ༣ སྔོན་ལ་བཀའ་ཁྲིའི་འོས་གཞིར་མི་གང་མང་ཞིག་སླེབས་ཐུབ་པ་ཡིན་ན། མི་མང་ལ་གདམ་ཀ་ཆེན་པོ་ཞིག་རག་གི་རེད། ཅེས་དང་། ཡང་ཁོ་མོས། སྤྱིར་ང་རང་ལ་བཀའ་ཁྲིའི་འོས་མི་གཞན་པ་ཞིག་ཡོད་ཀྱང་། གལ་སྲིད་དངོས་གཞི་འོས་འདེམས་སྐབས་སུའང་ཁོང་གསུམ་ལས་གདམ་ཀ་གཞན་མེད་པ་ཡིན་ན། ང་རང་གི་ངོས་ནས་རྒྱ་རི་སྒྲོལ་མར་འོས་ལྡུག་གི་ཡིན། རྒྱུ་མཚན་ནི། བཀའ་ཁྲིའི་ལས་འགན་ནི་གཞིས་ཆགས་གསར་འཛུགས་དང་བཙན་བྱོལ་སྒྲིག་འཛུགས་ཚགས་ཚུད་ཡོང་ཐབས་བྱ་རྒྱུ་དེ་ཁོ་ན་མ་རེད། བོད་ཀྱི་ཆབ་སྲིད་འཐབ་རྩོད་བྱས་ཏེ་མི་ལོ་ ༥༡ འགྲོ་བཞིན་ཡོད་པ་རེད། ༧གོང་ས་མཆོག་ཀྱང་སྐུ་ན་ཧ་ཅང་བགྲེས་པོ་ཆགས་ཡོད་ལ་ཕྱི་ལོགས་སུ་ཕེབས་རྒྱུར་སྐུ་ངལ་ཆེན་པོ་ཡོད་པ་རེད། འདི་འདྲའི་དུས་སྐབས་ཤིག་ལ་ང་ཚོར་བཀའ་ཁྲི་བཀའ་མོལ་ཡག་པོ་གནང་ཐུབ་མཁན་ཞིག་དགོས་ཀྱི་འདུག་ལ། ཉམས་མྱོང་དང་སེམས་ཤུགས་ཀྱང་དགོས་ཀྱིན་ཡོད་སྟབས།ང་རང་གི་ངོས་ནས་བློ་བཟང་སེང་གེ་དང་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ། རྒྱ་རི་སྒྲོལ་མ་གསུམ་ལས་རྒྱ་རི་སྒྲོལ་མ་འོས་ཤོས་རེད་དྲན་གྱི་འདུགདེ་ནི་བུད་མེད་ཀྱི་ཞེན་ཁོག་གི་སྟེང་ནས་བྱུང་བ་ཞིག་མིན་པར་རྒྱ་རི་སྒྲོལ་མར་ཆ་བཞག་ན་བོད་གཞུང་ལ་ལྷག་བསམ་རྣམ་དག་རེད། དགུང་ལོ་ཡང་གཞོན་གཞོན་རེད།བུད་མེད་ཞིག་ཡིན་པའི་ཐོག་ནས་བུད་མེད་ཀྱི་ཁྱད་ཆོས་ཀྱང་ཚང་འདུགལྷག་པར་དུ་རྒྱ་ནག་གཞུང་དང་རྒྱལ་སྤྱིའི་སྡིངས་ཆའི་ཐོག་བཀའ་མོལ་གནང་ཐུབ་མཁན་ཁོང་ལས་ལྷག་པ་ཞིག་མི་འདུག་བསམ་གྱིན་ཡོད།   གལ་སྲིད། མ་འོངས་བཀའ་ཁྲིའི་དངོས་གཞིའི་སྐབས་ད་དུང་ཡང་བཀའ་ཁྲིའི་གདམ་ཀ་གཞན་ཐོན་པ་ཡིན་ན་ངའི་བསམ་བློར་ཡང་འགྱུར་བ་ཐེབས་སྲིད་པ་རེད། ཅེས་བརྗོད་བྱུང་།

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་འབྲེལ་མཐུད་པ་ཚེ་རིང་ཆོས་གྲུབ་ཀྱིས་བརྗོད་དོན། སྤྱིར་བོད་པའི་སྤྱི་ཚོགས་ནང་བཀའ་ཁྲིའི་འོས་གཞིར་འཚམ་པའི་མི་སྣ་མང་པོ་ཞིག་ཡོད་པ་རེད། ཡིན་ནའང་། བཀའ་ཁྲིའི་འོས་འགྲན་སླེབས་ཐུབ་དང་མ་ཐུབ་ཟེར་བ་དེ། གཅིག་ནས་མི་སྒེར་སོ་སོའི་དགོངས་པ་བཞེས་ཕྱོགས་ལ་རག་ལས་ཀྱི་ཡོད་ལ། གཉིས་ནས་མང་ཚོགས་ཁྲོད་ཁོང་རྣམ་པར་གཟིགས་ཕྱོགས་གང་འདྲ་ཡོད་མེད་ཐད་ལྟ་དགོས་པ་རེད་འདོད། ད་ལྟའི་ཆར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་དང་བློ་བཟང་སེང་གེརྒྱ་རི་སྒྲོལ་མ་གསུམ་མངོན་གསལ་དོད་པོའི་ཐོག་ནས་ལངས་ཡོད། ཁོང་གསུམ་ལ་ཤེས་ཡོན་དང་སྤྱི་ཚོགས་ཞབས་ཞུའི་ཆ་ནས་སོ་སོར་ཁྱད་ཆོས་རེ་ཡོད་པ་རེད། ཡིན་ནའང་། དེང་སྐབས་ང་ཚོར་ཤེས་འཇོན་གཉིས་ལྡན་གྱི་བཀའ་ཁྲི་ཞིག་དགོས་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་ཞིག་ཆགས་ཡོད་ལ། ཉམས་མྱོང་ཡང་མེད་དུ་མི་རུང་བ་ཞིག་ཆགས་ཡོད་སྟབས།བཀའ་ཁྲིར་མི་སུ་འདྲ་ཞིག་གདམས་པ་ཡིན་ནའང་། བོད་པའི་འཐབ་རྩོད་དེ་མི་མཐུད་ནས་གོམ་པ་མདུན་སྤོ་བྱ་ཐུབ་རྒྱུ་དང་། ལྷག་པར་དུ་༧གོང་ས་མཆོག་དགུང་གྲང་ས་ ༧༥ ལ་ཕེབས་ཚར་དུས། མ་འོངས་པའི་གནད་འགག་གི་ལོ་ ༡༠ ནང་བོད་གཞུང་གི་གནས་སྟངས་གང་འདྲ་ཆགས་མིན་གྱི་གཙོ་བོ་གཅིག་བཀའ་བློན་ཁྲི་པ་དེར་རག་ལས་ཡོད། མི་མང་ངོས་ནས་ཀྱང་དགོངས་པ་ཡག་པོ་ཞིག་བཞེས་དགོས་པ་རེད། ད་ལྟའི་ཆར་ང་རང་གི་ངོས་ནས་མ་འོངས་པའི་བཀའ་ཁྲིར་འདི་ཡིན་ཞེས་ཞུ་མི་ཐུབ་མོད། ང་རང་གི་ངོས་ནས་འོས་མི་འཚམ་པ་ཞིག་ཡོད་པ་དེ་སྐུ་སྒེར་དྲུང་ཆེ་ཟུར་བ་སྐུ་ངོ་བློ་བཟང་སྦྱིན་པ་ལགས་མཐོང་གི་ཡོད། དེ་ཡང་སྤྱི་ཚོགས་ནང་བཀའ་ཁྲིར་ལངས་མ་ལངས་གི་ཁྱད་པར་ཙམ་ལས་ཕྱག་ལས་གནང་ཐུབ་མཁན་གང་མང་ཡོད་པ་རེད་དྲན་གྱི་ཡོད་ཅེས་དང་། ཡང་ཁོང་གིས། ད་ལྟའི་བཀའ་བློན་ཁྲི་པའི་ངོས་ནས་ཤེས་ཡོན་སྲིད་བྱུས་ཀྱིས་མཚོན་པའི་ལས་དོན་ཁག་ཅིག་ཡག་པོ་ཡོད་ཀྱང་། ལག་ལེན་གྱི་ཕྱོགས་ནས་དཀའ་ངལ་ཕྲན་བུ་འཕྲད་ཡོང་གི་ཡོད་པ་རེད། མ་འོངས་བཀའ་བློན་ཁྲི་པ་མི་སུ་འདྲ་ཞིག་བཞུགས་ཀྱང་ད་ལྟའི་བཀའ་ཤག་གི་སྲིད་བྱུས་མུ་མཐུད་གནས་དགོས་པའི་རྒྱུ་མཚན་གང་ཡང་ཡོད་པ་མ་རེད་བསམ། ཁོ་རང་གི་དགོངས་ཚུལ་བཞིན་སྲིད་བྱུས་ཤིག་ལག་ལེན་བསྟར་ཡོང་གི་རེད། དེ་ཡིན་དུས་སྲིད་བྱུས་ལའང་འགྱུར་བ་འགྲོ་སྲིད་ཀྱི་རེད། གལ་སྲིད། འགྱུར་བ་ཤུགས་ཆེན་པོ་ཞིག་བཏང་བ་ཡིན་ན་བཙན་བྱོལ་སྤྱི་ཚོགས་ནང་བཀའ་བློན་ཁྲི་པའི་དུས་ཡུན་ལོ་ལྔའི་ལོ་གཉིས་ནས་གསུམ་དེ་ཚོད་ལྟ་བྱས་ཏེ་ལུས། མཐའ་མའི་ལོ་གཉིས་ནང་ལག་བསྟར་བྱས་ཏེ་གྲུབ་འབྲས་ཐོན་པའི་རེ་བ་ཞིག་རྒྱག་དུས་དུས་ཚོད་རྫོགས་འགྲོ་རྒྱུ་ལས་ཕན་ཐོགས་ཆེན་པོ་ཡོད་མ་རེད། དེ་བས་བཀའ་བློན་ཁྲི་པ་སུ་འདྲ་ཞིག་སླེབས་ཀྱང་མ་འོངས་པར་རྒྱ་གར་དང་ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་པའི་མི་རབས་གསར་པ་རྣམས་རྡོག་རྩ་གཅིག་ཏུ་སྒྲིལ་ཏེ་བོད་ཀྱི་རྩ་དོན་ཐད་ཤུགས་སྣོན་ཇི་ལྟར་རྒྱག་རྒྱུའི་ཐད་ལ་བསམ་བློ་ཞིབ་ཚགས་གཏོང་དགོས་ལ། དེ་བཞིན་བོད་གཞིས་བྱེས་ཀྱི་འབྲེལ་ལམ་དང། བོད་རྒྱའིི་འབྲེལ་ལམ་བཅས་ཀྱི་ཐད་ནུས་པ་འདོན་ཐུབ་མཁན་ཞིག་དགོས་པ་རེད། ཅེས་བརྗོད་བྱུང་། 

བོད་ཀྱི་རྩོད་རྙོག་འདུམ་འགྲིག་ལྟེ་གནས་ཁང་གི་འགན་འཛིན་ཀརྨ་ལེགས་བཤད་ལགས་ཀྱིས་བརྗོད་རྒྱུར། སྤྱིར་ང་ཚོའི་སྤྱི་ཚོགས་ནང་བཀའ་ཁྲིར་ལངས་ཐུབ་མཁན་མང་པོ་ཡོད་པ་རེད། ཡིན་ནའང་། འོས་ཤོག་དེ་གསང་བའི་ཐོག་ནས་ལྡུག་དགོས་དུས་ངས་འོས་ཤོག་འདིར་ལྡུག་གི་ཡིན་ཞེས་བཤད་ཀྱི་མ་རེད།  བཀའ་ཁྲིར་རང་ངོས་ནས་ལངས་གི་ཡིན་ཟེར་མཁན་དེ་ཚོ་ཡག་པོ་རེད། ཁོང་ཚོའི་གྲས་བཀའ་ཁྲིེར་གདམས་པ་ཡིན་ན། རྗེས་མའི་བཀའ་ཁྲིའི་སྐབས་བྱེད་སྟངས་མ་འགྲིག་པ་འདྲ་བྱུང་ནའང་ཁས་ལེན་བྱས་པ་ལྟར་ལག་བསྟར་བྱས་མ་སོང་ཞེས་བཤད་ཆོག་གི་རེད་ལ། སྐབས་དེར་ནུས་པ་ཡང་ཏན་ཏན་ཐོན་གྱི་རེད་དྲན། ད་ལྟའི་ཆར་ཡོངས་ཁྱབ་ཀྱི་འགྲོ་བཞིན་པའི་བློ་བཟང་སེང་གེ་དང་རྒྱ་རི་སྒྲོལ་མ། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ཁོང་རྣམ་པ་གསུམ་པོ་ཡག་པོ་འདུགཡིན་ནའང་། ང་རང་གིས་ཁོང་ཚོའི་ཁྲོད་ནས་ལོ་རྗེས་མའི་བཀའ་བློན་ཁྲི་པའི་འོས་མིར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་འཚམ་ཤོས་རེད་འདོད།   རྒྱུ་མཚན་གང་འདྲ་ཞིག་གིས་ཞེ་ན། བཀའ་བློན་ཁྲི་པ་ནི་ལོ་ ༥ ཡི་རིང་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ཀྱི་འགན་འཁུར་མཁན་གཙོ་བོ་ཞིག་དང་གནད་འགག་ཆེན་པོ་ཞིག་ཆགས་ཡོད། བཀའ་བློན་ཁྲི་བའི་བཞུགས་ཁྲི་དེ་སྦྱོང་བརྡར་བྱེད་ས་དེ་འདྲ་མ་ཡིན་པར་དངོས་གནས་ལས་ཀ་བྱེད་སའི་སྡིངས་ཆ་ཞིག་ཡིན་པའི་ཆ་ནས།ཉམས་མྱོང་དང་ཤེས་ཡོན། དྲང་བདེན་བཅས་ཡིན་དགོས་པ་དེ་གལ་ཆེན་པོ་ཞེ་དྲག་རེད། ལས་ཀ་ག་རེ་བྱེད་དགོས་ཀྱང་ཉམས་མྱོང་མེད་པ་ཡིན་ན། ཕྱོགས་གང་ས་ནས་ལས་ཀ་ཚགས་ཚུད་པོ་ཡོང་རྒྱུ་དཀའ་ངལ་ཆེན་པོ་ཡོད། དེ་ཡིན་དུས་ང་རང་གིས་བལྟས་ན་གལ་ཆེ་ཤོས་དེ་ཉམས་མྱོང་། དེའི་ནང་ནས་བོད་གཞུང་འཛིན་སྐྱོང་འོག་ལ་ཉམས་མྱོང་། ཆབ་སྲིད་ཀྱི་ཐོག་ནས་གལ་ཆེན་ཆགས་ཡོད་དུས་བོད་རྒྱ་འབྲེལ་མོལ་ཐད་ཀྱི་ཉམས་མྱོང་དེ་གལ་ཆེན་ཡིན་དགོས། དེ་བཞིན་རྒྱལ་སྤྱིའི་ནང་བོད་ཀྱི་ཆབ་སྲིད་དང་འབྲེལ་བའི་ཕྱག་ལས་གནང་མྱོང་མཁན། ལྷག་དོན་དུ་བོད་ཀྱི་ཆོས་དང་རིག་གཞུང་། གོམས་གཤིས་བཅས་ལ་རྒྱུས་མངའ་ཡོད་མཁན་ཞིག་བྱུང་ན། ང་ཚོ་མི་རབས་གསར་རྙིང་གཉིས་ཀྱི་བར་མཚམས་མཐུད་ཐུབ་མཁན་ཞིག་ཆགས་གི་རེད་བསམ་གི་འདུགདེ་ཡིན་དུས་ཁོང་གསུམ་གྱི་ནང་ནས་གདམས་པ་ཡིན་ན་ཆབ་སྲིད་ཀྱི་ཆ་ནས་ཡིན་ནའང་འདྲ། རིག་གཞུང་གི་ཆ་ནས་ཡིན་ནང་འདྲ། ཤེས་ཡོན་བཅས་གང་གི་ཐད་ནས་བལྟས་ཀྱང་ང་རང་གིས་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཤིན་ཏུ་འོས་པ་རེད་དྲན་གྱི་ཡོད། ཅེས་དང་། རྒྱ་རི་སྒྲོལ་མ་ལགས་ལ་མཚོན་ན་བཙན་བྱོལ་སྤྱི་ཚོགས་ནང་ཞབས་ཞུ་རྒྱུན་རིང་པོ་དང་། ལྷག་པར་དུ་སྤྱི་འཐུས་ཚོགས་གཞོན་གནང་ཚར་བ་རེད། བཙན་བྱོལ་བོད་གཞུང་སྒྲིག་གཞིའི་འགྲོ་སྟངས་སོགས་གསལ་པོ་མཁྱེན་གྱི་ཡོད་པ་དང་བུད་མེད་ཅིག་ཡིན་པའི་ཆ་ནས་བཀའ་ཁྲིར་འོས་པ་ཞིག་རེད། ཡིན་ནའང་། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལ་ཐོབ་པ་ཡིན་ན། མ་འོངས་པར་གནས་སྟངས་ཡག་ཏུ་འགྲོ་བའི་རེ་བ་འདུགདེ་བཞིན་སྔོན་མའི་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱས་པའི་ཁྲོད་ནོར་འཁྲུལ་གང་བྱུང་ཡོད་པ་སོགས་ཀྱི་ཐད་ཁོ་རང་གི་སྲིད་བྱུས་སྔོན་མ་ལས་མ་འདྲ་བ་ཆགས་གི་རེད་དྲན་གྱི་ཡོད། ཤེས་ཡོན་དེ་ང་ཚོའི་སྐད་ཡིག་གཅིག་པུར་བདག་ཉར་བྱ་རྒྱུ་ཁོ་ན་མིན་པར། བཙན་བྱོལ་གྱི་གནས་སྐབས་རིང་བཙན་བྱོལ་ལ་དཔག་པའི་ཤེས་ཡོན་སྲིད་བྱུས་ཤིག་མ་སྤེལ་བ་ཡིན་ན། དེང་སྐབས་ན་གཞོན་ཚོར་ལས་ཀ་མ་རག་པའི་དཀའ་ངལ་འཕྲད་བཞིན་པ་ལྟར་རྗེས་མ་ཡང་དཀའ་ངལ་དེ་ལས་ཆེ་བ་འཕྲད་ཀྱི་རེད། ཅེས་བརྗོད་བྱུང་།

བོད་རང་བཙན་འཐབ་རྩོད་པ་བསྟན་འཛིན་འགྲུས་ཀྱིས་བརྗོད་དོན། ད་ལྟའི་ཆར་ང་ལ་བརྒྱ་ཆའི་བརྒྱ་འདི་ཡིན་ཞེས་རྒྱབ་སྐྱོར་ཞུ་ས་གང་ཡང་མེད། ཡིན་ཡང་། ང་རང་གི་ངོས་ནས་བློ་བཟང་སེང་གེ་དང་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ། བཀའ་བློན་བསྟན་པ་ཚེ་རིང། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང། བློ་བཟང་སྙན་གྲགས་བཅས་ཀྱི་ཁྲོད་ནས་སུ་བཀའ་ཁྲིར་བཞུགས་ཀྱང་རྒྱབ་སྐྱོར་ཞུ་ཐུབ་ཀྱིན་འདུག་ལ། མ་འོངས་པའི་བཀའ་ཁྲི་མི་སུ་འདྲ་ཞིག་ལངས་པ་ཡིན་ནའང་། མ་འོངས་པར་སྲིད་བྱུས་གང་འདྲ་ཞིག་འཛིན་མིན་གྱི་ཐད་ལ་འགྲེལ་བཤད་གནང་དགོས་པ་རེད་ལ། ལྷག་པར་དུ་གཞིས་ཆགས་སྲ་བརྟན་དང་ཤེས་ཡོན་སྲིད་བྱུས། འཕྲོད་བསྟེན། ཆབ་སྲིད་ལངས་ཕྱོགས་ཐད་དམིགས་བསལ་གྱི་འཆར་གཞི་གང་འདྲ་ཡོད་མེད་དང་། དེ་མིན་རྒྱ་གར་ནག་གཉིས་ཀྱི་འབྲེལ་ལམ་དུས་ནས་དུས་སུ་འགྱུར་བ་འགྲོ་བཞིན་པར་གཞིགས་ཏེ། བཙན་བྱོལ་བོད་གཞུང་དང་སྒྲིག་སྲོལ། ཆབ་སྲིད་ལངས་ཕྱོགས་སོགས་ལ་འགྱུར་བ་གང་འདྲ་གཏོང་གི་ཡིན་མིན། དེ་བཞིན་བོད་རྒྱའི་འབྲེལ་མོལ་ཇི་ལྟར་མུ་མཐུད་རྒྱུན་སྐྱོང་བྱ་མིན་དང་། རྒྱལ་སྤྱིའི་འབྲེལ་ལམ་བརྒྱུད་ཆབ་སྲིད་ཀྱི་གོ་སྐབས་མང་པོ་ཞིག་ཡོང་གི་ཡོད་པ་དེ་ཇི་ལྟར་ལེན་གི་ཡིན་མིན་དང་བསམ་བློའི་གྲ་སྒྲིག་གང་འདྲ་ཞིག་ཡོད་མེད་སོགས་བཀའ་ཁྲིར་ལངས་མཁན་དག་གིས་ཇི་གསུངས་ལ་ཉན་རྗེས་ང་རང་གིས་འདོད་བློ་དང་མཐུན་ཞིང་ཡིད་ཚིམ་པ་ཞིག་ལ་འོས་ལྡུག་གི་ཡིན་ཞེས་དང་། ཡང་ཁོང་གིས། ད་ལྟའི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གི་ངོས་ནས་ལས་འགན་ཟབ་ཅིང་རྒྱས་པ་གནང་ཡོད་པ་རེད། ཡིན་ནའང་། མ་འོངས་པའི་བཀའ་བློན་ཁྲི་པ་དེས་ཀྱང་ཁོང་གི་ཕྱག་ལས་དེ་ག་རང་བསྒྲུབ་མིན་བཤད་ཁག་པོ་རེད། བཀའ་བློན་ཁྲི་པ་སུ་འདྲ་ཞིག་སླེབས་ཀྱང་ཁོང་རང་ཉིད་ལ་ལངས་ཕྱོགས་ཤིག་དང་བསྒྲུབ་སྟངས་མི་འདྲ་བ་ཞིག་ཡོང་ངེས་པ་ཞིག་དང་། ང་ཚོའི་ངོས་ནས་སུ་འདྲ་ཞིག་སླེབས་ཀྱང་སླེབས་ཚར་བའི་རྗེས་སུ་རྒྱབ་སྐྱོར་ཞུ་དགོས་པ་ཞིག་ཆགས་ཡོད་སྟབས། འོས་གཞི་གླེང་བའི་སྐབས་སུ་སོ་སོའི་བསམ་བློ་དང་འདོད་པ་མཐུན་མིན་ལ་བལྟས་ཏེ་རྒྱབ་སྐྱོར་བྱ་དགོས་པ་རེད། ཅེས་བརྗོད་བྱུང་ལ། དེ་བཞིན་ཁོང་གིས་ངོས་ནས་བཀའ་ཁྲི་ལས་ཀྱང་ཁ་ཚ་དགོས་གཏུགས་ཀྱི་གྲོས་ཚོགས་ནང་གི་དཀའ་ངལ་ལ་བལྟས་ཏེ་སྤྱི་འཐུས་འོས་གཞི་དེ་གལ་ཆེན་མཐོང་གི་ཡོད་པ་དང་། སྤྱི་འཐུས་ནང་གནད་དོན་སྐོར་ལ་མ་ཡིན་པར་ཕྱོགས་ཁག་རང་བཞིན་གྱི་ཉེན་ཁའི་གནས་སྟངས་ཤིག་ཆགས་ཡོད་སྟབས། མི་མང་གི་ངོས་ནས་བཀའ་ཁྲི་དང་སྤྱི་འཐུས་ཀྱི་འོས་གཞིར་སུ་འདྲ་ཞིག་ལངས་ཀྱི་ཡོད་ཀྱང་། ཁོང་ཚོའི་རྒྱབ་ལྗོངས་ཀྱི་གནས་ཚུལ་ལ་བལྟས་ཏེ་རང་ངོས་ནས་ཐག་གཅོད་བྱ་རྒྱུ་ལས། བླ་སྤྲུལ་དང་མི་ཆེན་དཔོན་ཆེན་གྱི་བརྒྱུད་སྐུལ་ལྟར་གདམ་པ་ཡིན་ན་དམངས་གཙོའི་ལམ་ལུགས་དང་མི་མཐུན་པར་མ་ཟད། དམངས་གཙོའི་ལམ་ལུགས་ལའང་དོ་ཕོག་འགྲོ་གི་རེད་ཅེས་བརྗོད་བྱུང་།
 
ཨ་རིའི་མེལ་ནེ་སོ་ཌ་མངའ་སྡེའི་ས་གནས་གཞོན་ནུའི་ཚོགས་གཞོན་བསྟན་འཛིན་འཇིགས་མེད་ལགས་ཀྱིས་བརྗོད་དོན། ད་ལྟའི་ཆར་སྤྱི་ཚོགས་ནང་ཡོངས་ཁྱབ་ཀྱི་བཀའ་ཁྲིའི་འོས་གཞིར་མི་སྣ་ཁག་ཅིག་ཡོང་བསྡད་ཡོད་པ་རེད། ཡིན་ནའང་། ཁོང་ཚོས་རྒྱབ་ལྗོངས་ལོ་རྒྱུས་དང་ཉམས་མྱོང། ལངས་ཕྱོགས་སོགས་རྟོགས་རྒྱུ་དེ་གལ་ཆེན་པོ་རེད་བསམ།ང་རང་ལ་མཚོན་ན་མ་འོངས་པའི་དངོས་གཞིའི་བཀའ་ཁྲིའི་འོས་གཞིའི་ནང་མི་མང་པོ་ཞིག་ཡོང་སྲིད་སྟབས་འདི་ཡིན་ཞེས་དམིགས་བསལ་གྱི་གདམ་ཀ་གནང་མེད། ཡིན་ནའང་། ད་ལྟ་ཡོངས་ཁྱབ་ཀྱི་ཐོག་ཤེས་རྟོགས་བྱུང་བའི་མི་སྣ་དེ་དག་ཡག་པོར་མཐོང་གི་འདུག དཔེར་ན།བློ་བཟང་སེང་གེར་མཚོན་ན་ཨ་རིའི་ནང་ཁྲིམས་ལུགས་ཀྱི་ཐོག་ལ་སློབ་སྦྱོང་གནང་བཞིན་པར་མ་ཟད། ཨ་རིིའི་ནང་གི་རྒྱ་རིགས་སློབ་མ་དང་འབྲེལ་ལམ་གསར་འཛུགས་སོགས་ཀྱི་ལས་དོན་བསྒྲུབས་ཡོད་པ་རེད། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གྱིས་ཀྱང་བོད་ཀྱི་གཞོན་ནུ་ལྷན་ཚོགས་གསར་འཛུགས་སྐབས་ཀྱི་མི་སྣ་གཙོ་བོའི་གྲས་ཀྱི་ཕྱག་ལས་གནང་ཡོད་པར་མ་ཟད། ཨ་རིའི་ནང་བོད་ཀྱི་རྩ་དོན་ལ་ཕན་པའི་ཚོགས་པ་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་ཀྱི་ལས་དོན་མང་པོ་ཞིག་བསྒྲུབས་ཡོད་པར་མ་ཟད། བོད་གཞུང་གི་ནང་དུའང་ལོ་མང་པོའི་རིང་ཞབས་ཞུ་བསྒྲུབ་མཁན་གྱི་མི་སྣ་གལ་ཆེན་ཞིག་ཆགས་ཡོད་པ་རེད། རྒྱ་རི་སྒྲོལ་མར་མཚོན་ན་ཁོ་མོ་ད་ལྟའི་ཆར་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་གཞོན་གྱི་ཕྱག་ལས་གནང་ཡོད་པ་ལས་རྒྱབ་ལྗོངས་ཀྱི་གནས་ཚུལ་གང་འདྲ་ཡིན་མིན་སོགས་གསལ་བོ་ཤེས་ཀྱི་མེད། ང་རང་ཉིད་ཀྱི་ངོས་ནས་ད་ལྟའི་མི་སྣ་འདི་དག་ལས་གཞན་པའི་འོས་མི་གཉིས་ལངས་བའི་རེ་བ་བྱེད་ཀྱིན་ཡོད། ཁོང་གཉིས་ནི་དབྱིན་ཡུལ་སྐུ་ཚབ་དོན་གཅོད་ཐུབ་བསྟན་བསམ་འགྲུབ་ལགས་དང་བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་རྣམ་གཉིས་ཡིན། བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་ཀྱི་ཁོང་ཉིད་བཀའ་ཁྲིར་ལངས་འདོད་མེད་ཚུལ་གསུངས་ཡོད་ཀྱང་། མི་མང་གི་ངོས་ནས་འདོད་མོས་ཡོད་པ་ཡིན་ན་ཁོང་ཉིད་ལངས་སྲིད་རྒྱུ་རེད་ཅེས་དང་། ཡང་ཁོང་གིས། ད་ལྟའི་དུས་རབས་འདི་སྔོན་མའི་མི་རབས་རྙིང་བའི་སྐབས་ཀྱི་དུས་སྐབས་ལྟ་བུ་མིན་པར་མི་རྣམས་ཀྱི་བསམ་བློ་དང་ཤེས་ཡོན་སོགས་ཕྱོགས་ཡོངས་ནས་ཡར་རྒྱས་སུ་ཕྱིན་ཡོད་པ་རེད་ལ། ལྷག་པར་དུ་རྒྱ་མིར་མཚོན་ནའང་དེང་སྐབས་དྲ་རྒྱའི་བརྒྱུད་ལམ་ཡར་རྒྱས་ཕྱིན་པའི་དབང་གིས་ཨ་རིའི་སློབ་དཔོན་ཆེན་མོ་དེ་འདྲ་ལ་བརྒྱུད་ལམ་གྱི་སྟེང་བོད་དོན་ཐད་འཁྱོག་བཤད་འགྲེལ་བརྗོད་གནང་བཞིན་པའི་གནས་ཚུལ་གང་མང་ཡོང་གི་ཡོད་སྟབས། སྔོན་མའི་བསམ་བློ་རྙིང་པ་ཁུར་བསྡད་མཁན་ཞིག་མ་ཡིན་པར་དེང་རབས་ཀྱི་ཤེས་ཡོན་དང་སློབ་སྦྱོང་ཡོད་མཁན།དབྱིན་ཡིག་དང་རྒྱ་ཡིག་ཐོག་ཤེས་ཡོན་གང་འཚམ་ཡོད་མཁན། འཛམ་གླིང་གི་སྤྱིའི་གནས་ཚུལ་ལ་གཞིགས་ཏེ་བོད་དོན་གྱི་ཕྱག་ལས་གནང་ཐུབ་མཁན་ཞིག་བཙལ་རྒྱུ་གལ་ཆེན་པོ་རེད་ལ། ད་ལྟའི་ཆར་བཀའ་ཁྲིའི་འོས་གཞིར་ལངས་ཟིན་པའི་ཚོགས་གཞོན་རྒྱ་རི་སྒྲོལ་མ་ལྟར།མ་འོངས་པར་ཡང་ང་ཚོའི་སྤྱི་ཚོགས་ནང་ང་རང་གིས་འདི་བྱེད་རྒྱུ་ཡིན་དང་འདི་བསྒྲུབ་ཐུབ་ཀྱི་ཡོད་ཟེར་མཁན་གྱི་ཕོ་མོ་སྐྱ་སེར་དབྱེར་མེད་ཀྱི་མི་སྣ་མང་པོ་ཞིག་དགོས་ཀྱི་འདུག་ལ། མ་འོངས་པའི་བཀའ་ཁྲིའི་འོས་གཞི་ཁྲོད་དུའང་ཁོང་ཚོ་ཙམ་མིན་པར་དང་བླངས་ཀྱི་འོས་གཞི་མང་པོ་འཐོན་པའི་རེ་བ་བྱེད་ཀྱིན་ཡོད།ཅེས་བརྗོད་བྱུང་།
 
གསར་འགོད་པ། དོན་གོ་དང་དཔལ་ལྡན་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༢ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༡༩ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༢༠ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༢༠ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༢༡ སྔོན་ལ།

མཆན། 14

  1. BLACK DIAMOND says:
    ལོ་ 15 སྔོན།

    ངས་བློ་བཟང་སེང་གེ་ལས་ལྷག་པའི་བཀའ་བློན་ཁྲི་་པའི་འོས་མི་སུ་ལ་ཡང་འོས་བླུགས་འདོད་མེད།་
    གང་ཡིན་ཞེ་ན་ཁ་ཤས་ལ་ཤེས་ཡོན་མེད།་ཁ་ཤས་ལ་འཆར་གཞི་མེད།་་ཡིན་ནའང་ཁོང་ཚོ་བཀའ་བློན་ཁྲི་པའི་ཞབས་སྟེགས་སྒང་ལ་འཚང་ཁ་རྒྱག་་་་་ལྷག་པར་དུ་བློ་བཟང་སེང་གེ་ལྟ་བུའི་གཞོན་སྐྱེས་བཀའ་ྦློན་ཁྲི་་པ་ཞིག་མ་གཏོགས་རྙིང་ལྟ་མཁྲེགས་འཛིན་ཅན་གྱི་མི་རབས་རྒན་པའི་གྲས་སུ་ཚུད་པའི་བཀའ་བློན་ཁྲི་པའི་འོས་མི་ཞིག་ལ་ངས་འོས་བླུགས་རྒྱུའི་གྲྭ་སྒྲིག་ནམ་ཡང་བྱེད་ཀྱིན་མེད།

    Reply
  2. ཚྭ་སྒང་ཕོ་ཉ། says:
    ལོ་ 15 སྔོན།

    བསྟན་འཛིན་བརྩོན་འགྲུས་ལགས་ཀྱི་གང་ཞིག་བཤད་ཀྱི་ཡོད་མེད་ངས་ཤེས་མ་སོང་ལ་དེ་ནི་དངོས་གནས་མི་མང་མགོ་རྨོང་བྱེད་ཞིག་དང་དུ་མཐོང་སོང་།
    ཁོ་པས་ལོ་སྔོན་མ་སེ་ར་ལ་གཏམ་བཤད་བྱེད་སྐབས། དེང་སང་མི་ཁག་གཅིག་གིས་སྒོ་དྲུག་སྐལ་བཟང་དང་བློ་བཟང་སེངྒེ་སྐབས་གསུམ་པའི་བཀའ་བློན་ལ་འདེམས་དགོས་བཤད་ཀྱི་འདུག་ངས་བསམ་ན་དེ་གཉིས་ཀྱིས་བཀའ་བློན་འགྱོན་རྒྱུ་མ་རེད་འདོད་ཟེར། ཡང་ཁ་སྔོན་གསར་འགོད་པ་ཞིག་ལ་དྲི་བར་ལེན་འདེབས་བྱེད་སྐབས་ད་ལྟའི་བཀའ་བློན་ལང་རྒྱུ་ཡིན་ཟེར་བའི་ཁྲོད་གླེང་གཞི་ཆེ་ཤོས་གསུམ་སྟེ་བཀྲས་མཐོང་། བློ་བཟང་སེངྒེ། རྒྱ་རི་སྒྲོལ་གསུམ་ལས་ངས་བསམ་ན་རྒྱ་རི་སྒྲོལ་མ་འོས་ཤོས་མཐོང་སོང་ཟེར། ཡང་ཐེང་འདིར་སྐད་ཆ་མགོ་གཉིས་མ་ལྟ་བུ་ཞིག་བཤད་ཀྱི་འདུག། ངས་ནམ་རྒྱུན་རང་ལུགས་ཡོད་པའི་མི་ཞིག་ལ་ངོས་འཛིན་བྱེད་ས་དེས་ཐེང་འདིར་ཟང་ཟིན་ཁྲོད་དུ་ཟང་ཟིང་ཅན་ཞིག་དུ་མི་འགྱུར་བའི་རེ་བ་སྙིང་ནས་ཞུ།

    Reply
  3. ཕུན་ཚོགས། says:
    ལོ་ 15 སྔོན།

    བློ་བཟང་སེང་གེ་ལ་རྒྱབ་སྐྱོར་མཐའ་ཅིག་ཏུ་ཡོད།

    Reply
  4. ཚོ་སྒོ་བ། says:
    ལོ་ 15 སྔོན།

    རེད་རེད། གང་བསམ་དྲང་མོར་བཤད་ན་སྐྱོན་ནི་མ་རེད། ཡིན་ནའང་བཀའ་ཁྲི་དེ་ཁ་བདེ་བོ་བཤད་ནས་ཡོང་གི་མ་རེད། ཐོབ་ནི་བསྟན་འཛིན་རྣམ་རྒྱལ་ལ་ཐོབ་རྒྱུ་རེད། བཀའ་ཟུར་རྣམ་པས་རྒྱབ་སྐྱོར་དང་ཨ་ལགས་འཇིགས་མེད་དང་འཇུ་ཆེན་གཉིས་ཀྱིས་ཇུས་འགོད། ཐུབ་བསྟན་འཕེལ་རྒྱས་དང་འཕེན་པོ་རྒྱལ་མཚན་ཕྱོགས་ཀྱི་ལས་འགུལ་སོགས་ཆ་རྐྱེན་ཚང་འདུག

    Reply
  5. སྟོང་བསྐོར་ཐུབ་བསྟན། says:
    ལོ་ 15 སྔོན།

    བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང་རྒྱ་རི་སྒྲོལ་མ་ལགས་གཉིས་ནས་ལོ་ མང་རིང་ལ་ཕྱག་ལས་གནང་ཟིན་པ་རེད། བཀའ་ཁྲི་ཐོབ་ནའང། སྔོན་ཕྱག་ལས་གནང་ཟིན་པའི་ལམ་རྙིང་པ་ནང་འགྲོ་བ་མ་གཏོགས་། སྔར་འགྲོ་མ་མྱོང་བའི་ལམ་གསར་པ་གང་ཡང་བྱེད་མི་ཐུབ་།

    ད་ང་ཚང་ལ་དགོས་པའི་བཀའ་ཁྲི་ནི་བློབ་བཟང་སེང་གེ་ལགས་རེད།
    ཁོ་ནི་དེང་རབས་མཐུན་པའི་འཛམ་གླིང་ཆབ་སྲིད་དང་འཛམ་གླིང་ཁྲིམས་ལུགས་ཀྱི་ མཁྱེན་ཡོན་ལྡན་ཞིང་།
    རྒྱ་བོད་དཔོན་རིགས་ཀྱི་འབྲེལ་བ་བཟང་བ་དང་འཕོ་འགྱུར་མདུན་སྐྱོད་ཀྱི་སྤོབས་པ་ཡོད་པ།
    ལྷག་བསམ་བརྟན་ཅིང་སྤྱོད་ལམ་གཙང་དང་བོད་མིའི་སྤྱི་ཚོགས་ཀྱི་ཤེས་རྟོག་ཟབ་བ། རྒྱ་མིའི་ཆབ་སྲིད་དང་ སྔོན་བྱུང་ལོ་རྒྱུས་ཀྱི་མཁྱེན་རྒྱ་ཆེ་བ་། འབྱུར་འགྱུར་ལས་འཆར་ནི་རྒྱལ་བའི་དགོངས་དོན་བཞིན་དབུ་མ་སྐྱོང་བ།
    ཆོལ་གསུམ་ཁ་ཁ་ཡི་བསམ་ཚུལ་དང་གསར་རྙིང་དབྱེ་འབྱེད་ཀྱི་ཕྱོགས་ཞེན་མེད་པ། སྤྱི་ཚོགས་ཀྱི་ནད་རྙིང་མེད་ལ་མ་འོངས་ཕུགས་འདུན་གྱི་ལྟ་རྒྱ་ཆེ་བ།
    སོགས་ཀྱི་ཡོན་ཏན་བརྗོད་ཀྱིས་མི་ལོངས་པ་ཡོད་པའི་མཁས་དབང་བློ་བཟང་སེང་གེ་ མཆོག་བཀའ་བློན་ཁྲི་པ་ཐོབ་རྒྱུའི་རེ་བ་དང་རྒྱབ་སྐྱོར་ཡོད།

    Reply
  6. མདུང་རྩེ། says:
    ལོ་ 15 སྔོན།

    ༑ ༡ རྒྱ་རི་སྒྲོལ་མ་ལ་འོས་བབ་མི་འདུག དེང་སྐབས་རྒྱ་རི་སྒྲོལ་མ་འོས་ཉོ་རུ་གྲྭ་ས་ཁག་ཏུ་བསླེབས་ཚོམ་ཇ་བཏང་བ་དང་སྐད་ཆ་སྙན་མདོག་ཁ་བོ་བཤད་དེ་ཚོང་ལས་ལ་བྲེལ་བཞིན་མཆིས་པས་རྒྱ་ཆེའི་ཀློག་པ་པོ་རྣམས་མགོ་མ་འཁོར་བར་གཟབ་གཟབ་གནང་གལ་ཆེ། དེ་ནི་དེ་སྔའི་མོ་རང་གི་ལོ་རྒྱུས་ནང་ཆུ་སྒང་གསར་རྙིང་གི་ཕུགས་སུ་འཚང་སྟེ་སྤྱི་ཚོགས་ཧྲིལ་པོ་ཕུ་དཀྲུག་མདའ་དཀྲུགས་བྱས་པ་དང་། ལྷག་པར་སྔ་ལོའི་སྤྱི་འཐུས་གྲོས་ཚོགས་ཀྱི་སྐྱུགས་བྲོ་བའི་རྙོག་ཟེང་འདིའི་འབྱུང་ཁུངས་དེ་ཡིན་པས་སོ། ལྷག་པར་ད་ལྟའི་འོས་མིར་ལངས་སྟངས་གཅིག་པུའི་མོའི་རང་གཟུགས་དེ་གསལ་པོ་མཐོང་སོང་། སྤྱིར་ན་རྒྱ་རི་ཚང་གིས་མིང་སྲིང་ཚང་མས་སྤྱི་དོན་ཁ་ལ་ཁྱེར་ཏེ་ཆོལ་ཁ་ཕན་ཚུན་དང་ཆོས་ལུགས་ཕན་ཚུན་ཐུག་དཀྲུགས་བས་སོང་ལ། བཀའ་ཁྲིའི་འོས་མིར་ལངས་པ་དེ་ཡང་ཆུང་འདྲིས་བྱམས་པ་ཞིག་བཀའ་ཁྲིའི་རྐུབ་ཐོག་བཞག་སྟེ་སོ་སོ་བཀའ་བློན་ཞིག་ལ་རེ་བཞིན་པ་གསལ་པོ་རེད། གཅིག་བྱས་ན་ཁོ་གཉིས་ཁོ་གཉིས་གྲོས་བསྡུར་ཡང་བྱས་སྲིད་པར་མངོན།

    ༢ བཀྲས་མཐོང་བསྟན་རྣམ་གྱིས་བཀའ་ཁྲིའི་འགན་འཁྲི་ལྕོགས་ཀྱི་མ་རེད། གང་ཡིན་ཞེ་ན། ཁོ་རང་བཀའ་ཁྲིར་ལངས་པ་ཡིན་ན་དེ་སྔོན་གྱི་ན་ཚ་རྙིང་པའི་རྨ་ཁ་ལ་ཚ་བཏབ་པ་ལྟར་ན་ཟུག་ཇེ་ཆེར་ཕྱིན་ཏེ། བཙན་བྱོལ་སྤྱི་ཚོགས་འཐོར་ཞིག་འགྲོ་བའི་ཉེན་ཁ་ཏན་ཏན་ཡོད་ལ། ཁོ་རང་བློ་རིག་བཀྲ་བའི་གནས་སྐབས་སུ་ཐོབ་ཐང་སྤྲད་ཀྱང་ཅི་ཡང་མ་འཇོན་པ་ཡིན་པས་སླར་ཡང་ཁོ་རང་གིས་གང་ཡང་བྱེད་མི་ཐུབ། དེར་མ་ཟད་སྤྱི་ཚོགས་ནང་རྐུན་མའི་མིང་དང་། ཕྱོགས་ཞེན་སྒེར་སེམས་ཅན་མིང་ཡོད་པ་ཙམ་གྱིས་དངོས་ཡོད་གནས་སྟངས་གང་ཡིན་ཀྱང་རྩི་བཀུར་ཞུ་མཁན་ཉུང་ཟད་ཙམ་ལས་མི་འབྱུང་བ་ཁོ་ཐག་རེད། དེས་ན་ལྷོད་ལྷོད་བཞུགས་ན་འོས་འཚམས་རེད། ང་ཚོའི་སྤྱི་ཚོགས་ནང་རྙོག་ཁྲ་མང་བ་མ་གཏོགས་ཉུང་སྐྱོན་རྩ་བ་ནས་མེད།
    ༣ སྐབས་དུས་ལ་བབ་པའི་བཀའི་ཁྲི་དེ་བློ་བཟང་སེང་གེ་ཁོ་ནས་ངེས། ༧གོང་ས་མཆོག་གིས་ན་གཞོན་ཤེས་ཡོན་ཅན་ཞིག་ཐུགས་རེ་གནང་བཞིན་ཡོད་པ་དང་། ཁོ་ལ་རང་ཐུན་མིན་གྱི་ཁྱད་ཆོས་མང་པོ་ཡོད་ཅིང་། རྒྱལ་སྤྱི་དང་སྟོབས་ཆེན་རྒྱལ་ཁབ་ཁག་གིས་རྒྱབ་སྐྱོར་སྔར་ལྷག་པར་འབྱུང་བ་དང་། རྒྱ་མི་རིགས་ཤེས་ཡོན་ཅན་མང་པོ་དང་འབྲེལ་བ་དམ་ཟབ་ཡོད་དྲིལ་བསྒྲགས་ཁག་གི་ནུས་པ་ཆེན་པོ་འབྱུང་བ་བཅས་སོ།

    Reply
  7. ལྷ་མོ། says:
    ལོ་ 15 སྔོན།

    བོད་རང་དབང་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་ཟུར་པ་བཀྲས་མཐོང་ལྷ་སྒྲོན་གྱི་ནུས་པ་འདི་ནས་མངོན་གྱི་འདུག དེ་ནི་ཆོས་དབྱིངས་ཀྱི་བརྗོད་བབ་དེ་རེད།

    ཤར་གླིང་ཟླ་སྒྲོན་མ་འདི་བུད་མེད་ཀྱི་ལར་ཞེན་ཅན་ཞིག་ཡིན་པ་ལྟར་རྒྱ་རི་སྒྲོལ་མ་བདམས་པ་ལ་ཧ་ལས་རྒྱུ་མི་འདུག

    བོད་ཀྱི་རྩོད་རྙོག་འདུམ་འགྲིག་ལྟེ་གནས་ཁང་གི་འགན་འཛིན་ཀརྨ་ལེགས་བཤད་འདི་མི་གཟབ་པོ་ཞིག་རེད། ཐེངས་འདིར་ཁོང་གིས་དབུས་གཙང་མི་མང་ལ་གཟབ་འདུག དུས་རྒྱུན་ནས་ཁོང་གི་སྤྱོད་ཚུལ་དེ་འདྲ་ཞིག་རེད།

    བསྟན་འཛིན་བརྩོན་འགྲུས་འདི་བཙན་བྱོལ་ནང་གི་ཁྱིམ་ཚང་ཆེན་པོ་གསུམ་ལ་དེ་ཙམ་གྱི་དགའ་པོ་མེད་མཁན་ཞིག་རེད། དེ་བས་བཀྲས་མཐོང་ལ་རྒྱབ་སྐྱོར་ཡོད་ཅེས་བརྗོད་ཐུབ་མི་འདུག་མོད། ཕྲག་དོགས་ཡང་ཚ་ཙམ་ཡོད་པས་བློ་བཟང་སེང་གེ་ལ་ཡང་རྒྱབ་སྐྱོར་ཞུ་གི་ཡིན་ཅེས་ལབ་མི་འདུག དེ་ལས་ལྡོག་ནས་ཁོ་རང་གིས་སྐད་ཆ་དྲང་མདོག་ཁ་པོ་ཞིག་བཤད་འདུག

    ཨ་རིའི་ས་གནས་ཚོགས་གཙོ་ཟེར་བ་འདི་སྤྱི་ཚོགས་ལ་ཐོན་པའི་མི་གསར་པ་རེད། ཁོ་རང་གི་ལངས་ཕྱོགས་ནས་བཤད་པའི་བཀའ་ཟུར་བཀྲ་ཤིས་དབང་འདུས་ནི་རེ་བ་མེད་པ་ཞིག་རེད། དེ་ནི་བཀའ་ཟུར་ཁོ་རང་ལ་དོན་དངོས་ཀྱི་དཀའ་ངལ་ཞིག་ཡོད་པས་རེད།

    གང་ལྟར་ཡང་། བོད་ཀྱི་དུས་བབ་ཚང་གི་བཅར་འདྲི་བྱེད་ཡུལ་ན་བློ་བཟང་སེང་གེའི་སྐོར་ལ་སྐད་ཆ་ཤོད་མཁན་རག་མི་འདུག དེ་ཡང་གནད་འགག་ཅིག་རེད། རྡ་ས་ན་བློ་བཟང་སེང་གེར་རྒྱབ་སྐྱོར་བྱེད་མཁན་གཅིག་ཀྱང་མེད་སོང་བ་ག་ལ་ཡིན།

    Reply
  8. སྐར་ཁྲི་བཙན། says:
    ལོ་ 15 སྔོན།

    སྐྱབས་བཅོལ་སྤྱི་ཚོགས་སམ་བཙན་བྱོལ་བོད་གཞུང་འདི་ཁྱིམ་ཚང་རེ་ཟུང་ཞིག་གི་རེད་དམ། ཡང་ན་སྐྱབས་བཅོལ་སྤྱི་ལ་དབང་བའི་གཞུང་ཞིག་རེད་དང་། ང་ཚོའི་མ་འོངས་བར་འཐབ་རྩོད་ཀྱི་ནུས་པ་གོང་མཐོར་གྱི་ལངས་ཕྱོགས་གསར་བ་འཛིན་ནུས་པའི་ན་གཞོན་ཤེས་ཡོན་ཅན་ཚོར་སྐྱེད་སྲིང་དང་གོ་སྐབས་སྤྲད་པའི་དུས་ཚོད་རེད་དམ། ཡང་ན། དོན་ཆེན་ཆུད་ཟོས་སུ་བཏང་བའི་རྒན་ཁོག་མཁྲེགས་འཛིན་པ་ཚོར་མི་ལོ་ལྔ་བཅུའི་ཐུས་ཤོར་དང་རྩོད་རྙོག་རྒྱུན་སྐྱོང་བྱེད་པའི་འགན་དེ་མཐུད་དུ་སྤྲད་རན་རེད། བློ་གཟུ་བོ་བྱ་རན་རེད་འདོད་ཀྱིན།

    Reply
  9. སེམས་བཟང་། says:
    ལོ་ 15 སྔོན།

    བཀྲས་མཐོང་དང་། རྒྱ་རིས་བོད་པའི་སྤྱི་ཚོགས་ནང་བཟང་ངན་ལ་མ་ལྟོས་པའི་ལས་ཀ་མང་པོ་བྱས་ཟིན་པ་རེད། བཀའ་ཁྲིའི་འོས་ཐོབ་ནའང་། མི་རྙིང་པ་ལ་མིང་གསར་པ་བཏགས་པ་ཙམ་ཡིན་ཕྱིར། སྔར་དང་མ་འདྲ་བའི་ལམ་འགག་གསར་པ་ཡོང་ཡག་ཡོད་པ་མ་རེད། དེ་ལས་བློ་བཟང་སེངྒེ་བཀའ་ཁྲིར་བཞག་ན་ཡག་གི་རེད། ཁོང་མི་གསར་པ་དང་མིང་གསར་པ་ཡིན་ཕྱིར། དཔྱད་གཞིའི་ལམ་འགག་གསར་པ་མང་པོ་ཞིག་ཡོང་ངེས་པ་ཡིན། ད་ལྟ་རྒྱལ་བ་རིན་པོ་བཞུགས་བཞིན་པ་ཡིན་ཕྱིར། གང་ལྟར་ཐབས་སྐྱོ་བོ་ནི་ཡོང་གི་མ་རེད། ལམ་འགག་གསར་པ་མང་པོ་ཞིག་ལ་ཚོད་ལྟ་བྱ་ཐུབ་པ་ཡིན་ན་རྗེས་མ་བཟང་ངན་ཇི་ཡིན་སྒྲོ་འདོགས་ཆོད་ཐུབ་པ་ཡོང་གི་རེད། ཉམས་མྱོང་ལ་ཁ་གཡར་ནས་རྟག་པར་ལམ་འགག་རྙིང་པར་འགྲོ་འདོད་པ་ནི་ཡར་རྒྱས་ཀྱི་འགག་རྡོ་ཆེ་ཤོས་དེ་ཡིན་པ་གསལ་པོ་རེད།

    Reply
  10. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    བློ་བཟང་སེང་གེ་ལ་འོས་ཐོབ་ན་བསམ་གི རྒྱུ་མཚན་གང་ཞེ་ན། མི་སུ་ལ་ཐོབ་ན་དམིགས་བསལ་གྱིས་བཙན་བྱོལ་སྲིད་གཞུང་ལ་འགྱུར་བ་གཏོང་ཐུབ་ཀི་མ་རེད། དེ་ནི་རྒྱ་ནག་དང་བསྟུན་དགོས་པས་ཡིན། གཞན་བཀའ་བློན་ཉམས་མྱོང་ཅན་དག་ཕྱག་རོགས་ལ་འདེམས་ཆོག བློ་བཟང་སེང་གེ་ལ་ཐོབ་ན་རྒྱལ་སྤྱིའི་མཐོང་སྣང་ལ་ལྟ་རྒྱུ་འདུག

    Reply
  11. ཁང་གསར་རྡོ་རྗེ། says:
    ལོ་ 15 སྔོན།

    བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གྱི་ཡོན་ཏན་གྱི་ཆ་གོང་དུ་གླེང་ཟིན་འདུག ད་ངས་ཞན་ཆ་ཁ་ཤས་བཤད།
    ༡༽ བཙན་བྱོལ་ནང་འཚར་ལོངས་བྱས་པའི་མི་ཐོག་དང་པོ་དང་གཉིས་པའི་ནང་། ཞིབ་ཚགས་པོས་བལྟས་ན། རིགས་གཉིས་ཡོད། རིགས་དང་པོ་ནི། བོད་ཀྱི་སྲོལ་རྒྱུན་དང་དེང་རབས་གཉིས་ལས། སྲོལ་རྒྱུན་གྱི་བག་ཆགས་ཆེ་བའི་གྲས་རྣམས་ཡིན་ཞིང་། དེ་དག་མང་ཆེ་བ་བཙན་བྱོལ་བོད་མིའི་སློབ་གྲྭ་རང་ལས་ཐོན་པ་རེད། དཔེ་མཚོན་འོས་པའི་མི་ནི། སྐུ་སྒེར་དྲུང་ཆེ་ཟུར་པ་བློ་བཟང་སྦྱིན་པ་དང་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་ལྟ་བུ་རེད།
    རིགས་གཉིས་པ་ནི། དེང་རབས་དང་སྲོལ་རྒྱུན་གཉིས་ལས། དེང་རབས་ཀྱི་ཤེས་ཡོན་གྱི་ཤུགས་རྐྱེན་ཆེ་བའི་གྲས་རེད། དེ་དག་མང་ཆེ་བ་རྒྱ་གར་ནང་གི་དབྱིན་ཇིའི་སློབ་གྲྭ་དང་ཕྱི་རྒྱལ་གྱི་སློབ་གྲྭ་འགྲིམས་ནས་སླེབས་པ་རྣམས་རེད། དཔེ་མཚོན་ནི། དྷ་ས་བོད་ཁྱིམ་གྱི་དབུ་འཛིན་ཚེ་དབང་ཡེ་ཤེས་དང་། འཇམ་དབྱངས་ནོར་བུ་ལྟ་བུ་རེད། བཀྲས་མཐོང་བསྟན་རྣམ་ཡང་འདིའི་ཁོངས་སུ་གཏོགས། རིགས་ཕྱི་མ་འདིའི་སྐད་ཡིག་ཙམ་མ་ཡིན་པར། བསམ་ཕྱོགས་ཀྱི་ནང་དུ་ནུབ་ཕྱོགས་ཀྱི་བསམ་བློ་གཏོང་ཕྱོགས་ཤུགས་ཆེན་པོ་ཡོད། ༡༩༧༥ ནས་ད་བར་གྱི་བཙན་བྱོལ་བོད་གཞུང་གི་ལས་ཁུངས་ཁག་དང་སློབ་གྲྭ་ཁག ཚོགས་པ་ཁག་གི་ལོ་རྒྱུས་ལ་ལེགས་པར་གཟིགས་ན། རིགས་སྔ་མ་ལ་དབང་ཆ་རག་སྐབས། སྲོལ་རྒྱུན་གྱི་རིག་གནས་དང་དམིགས་བསལ་བོད་རང་གི་སྐད་ཡིག་ལ་ཡར་རྒྱས་ཡོང་གི་ཡོད་པ་དང་། ཕྱི་མ་འདི་ལ་དབང་ཆ་ཆེན་པོ་རག་སྐབས། དབྱིན་སྐད་དང་དེང་རབས་ཤེས་ཡོན་ལ་དང་འདོད་དང་། སྲོལ་རྒྱུན་ཤེས་ཡོན་ལ་སྣང་ཆུང་འགྲོ་བའི་རྣམ་པ་ཞིག་མཐོང་རྒྱུ་ཡོད། དཔེར་ན། ༡༩༨༠ གྱ་གྲངས་ནང་རིགས་ཕྱི་མར་དབང་ཆ་ཆེན་པོ་རག་པ་དང་མཉམ་དུ་བཙན་བྱོལ་ནང་བོད་ཡིག་ཉམས་པ་ལྟ་བུ་རེད། དེར་བརྟེན་བཀྲས་མཐོང་བཀའ་ཁྲིར་སླེབས་ན། བོད་ཀྱི་སྲོལ་རྒྱུན་རིག་གཞུང་ལ་རང་བཞིན་གྱིས་ཤུགས་རྒྱག་ཚད་ཆུང་དུ་འགྲོ་ངེས་རེད་སྙམ།

    ༢༽ བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གྱིས་གཞུང་དངུལ་རྩིས་ཆད་བྱས་ལུགས་སོགས་ནི་ལྐོག་ཟོས་བྱས་པ་ལྟ་བུའི་གནད་དོན་རེད་མི་འདུག དེ་ཚོ་སྐྱོན་གནད་མ་རེད། ང་རང་གིས་སྐྱོན་ཆ་ཆེན་པོ་གཅིག་མཐོང་བ་ནི། བཙན་བྱོལ་གྱི་སྤྱི་ཚོགས་ནང་། དེ་སྔོན་སྟག་མཚེར་རིན་པོ་ཆེས་གསུངས་པ་བཞིན། ཡབ་གཞིས་དང་རྒྱ་རི་ཚང་། བཀྲས་མཐོང་ཚང་བཅས་ཁྱིམ་ཚང་གསུམ་གྱི་དབང་སྒྱུར་རམ་མི་མངོན་པའི་ཤུགས་རྐྱེན་ཧ་ཅང་ཆེན་པོ་རེད། བརྒྱུད་རིམ་དེའི་ནང་ན་ཚ་རྙིང་པ་མང་པོ་ཞིག་ཀྱང་བསྐྲུན་ཡོད། བཀྲས་མཐོང་བསྟན་རྣམ་བཀའ་བློན་ཁྲི་པ་བྱེད་པའི་སྐབས་ལའང་། ནད་རྙིང་འདི་ཚོ་དང་འབྲེལ་བ་ངེས་ཅན་ཡོད་སྲིད་པ་རེད། བར་ལམ་ཁྱིམ་ཚང་ཆེན་པོ་གསུམ་གྱི་དབང་ཆའི་འཐབ་རྩོད་དེ་མི་མངོན་པ་ལྟ་བུར་གྱུར་ཡོད་ཀྱང་། ཁོང་ཡང་བསྐྱར་བཀའ་ཁྲིར་སླེབས་ཚེ། ན་ཚ་རྙིང་པ་དེ་ཚོ་ཡང་བསྐྱར་ལངས་སྲིད་པ་རེད།

    ༣༽ ཨ་རི་ལ་བོད་མི་ ༡༠༠༠ གཞིས་ཆགས་སུ་བཏང་བ་དེ་ནི་བཀྲས་མཐོང་གི་སྐབས་སུ་བྱུང་བ་རེད། མི་མང་ཆེ་བས་ལས་ཀ་དེ་འགྲིག་པ་ཞིག་དང་ཡང་དག་པ་ཞིག་ཡིན་པར་བརྩི་བཞིན་འདུག འོན་ཀྱང་ང་རང་གིས་ལྟ་སྟངས་ལྟར་ན། བོད་མི་ ༡༠༠༠ ཨ་རིར་བཏང་ནས་བྱུང་བའི་ཁེ་ཕན་དང་གནོད་སྐྱོན་གཉིས་ད་དུང་ཡང་དཔྱད་བསྡུར་བྱེད་དགོས་པ་ཞིག་རེད། ད་ལྟ་རྒྱ་གར་ནང་གཞིས་ཆགས་ཁག་བརྟན་ཚུགས་མེད་པ་དང་། བཙན་བྱོལ་བོད་མིའི་སེམས་པ་རྒྱ་གར་ནང་མི་གནས་པ། འཇོན་ཐང་དང་ཤེས་ཡོན་ཅན་མང་པོ་ཞིག་ཕྱི་ལ་ཤོར་བཞིན་པའི་དཀའ་ངལ་འདི་ཚོ་ཁོང་གི་སྐབས་སུ་འགོ་བཙུགས་པ་ཞིག་རེད། གལ་ཏེ། ཁོང་ཡང་བསྐྱར་བཀའ་ཁྲིར་བདམས་ན། ཁོང་གི་སྔོན་མའི་སྲིད་ཇུས་དེ་ཚོར་རྒྱབ་སྐྱོར་བྱས་པ་ལྟ་བུ་ཆགས་ངེས་རེད།

    ད་དུས་ཚོད་མི་འདུག འདི་ཙམ་གྱིས་འགྲིག་པར་བྱ། དྲྭ་རོགས་ཚོ། གནས་སྐབས་བྱ་བའི་དབང་གིས་འདི་ན་ཡང་ཡང་ཡོང་ཐུབ་ས་མ་རེད། དེ་ཐུགས་ལ་འཛིན་རོགས།

    Reply
  12. མི་ཉག་བཙན་པོ says:
    ལོ་ 15 སྔོན།

    མང་པོ་ཞིག་གིས་རྒྱ་རི་སྒྲོལ་མ་ལགས་བཀའ་ཁྲི་འོས་མི་དང་བླངས་ཡིན་པ་བརྗོད་པ་ནི་
    གནས་ཚུལ་དངོས་མ་མ་ཤེས་པའི་འབྲས་རྟགས་རེད
    རྒྱ་རི་སྒྲོལ་མ་ལགས་ཚོགས་པ་ཁག་བཞི་ནས་འོས་མིར་སྟོན་པ་མ་ཟད་དུས་བབ་་དྲ་རྒྱ་ཐོག་བལྟས་ན་མི་དམངས་ནས་མངོན་འདོད་དང་རེ་བ་ཆེ་ཤོས་ཡོད་པ་དེ་རྒྱ་རི་སྒྲོལ་མ་རེད། འོས་གྲང་1000་ལས་རྒལ་ཡོད། འོས་ཐོབ་ན་བཀའ་ཁྲི་ལང་རྒྱུ་ཡིན་ཞེས་ཞལ་བཞེས་གནང་བ་ཙམ་ལ་དང་བླངས་རེད་བརྗོད་པ་ཡིན་ན་བཀྲས་མཐོང་དང་བློ་་བཟང་སེང་གེ་ སོགས་ཚང་མ་དང་བླང་ཡིན་པ་གཅིག་མཚུངས་རེད་
    ལོ་རྒྱུས་ཐོག་བཤད་པ་ཡིན་ན་རེད་གོང་ས་མཆོག་གིས་དགོངས་དོན་ལ་གཞིག་ན་རེད་ཚགས་ཤོག་ཐིག་འོས་མི་སོ་སོ་ནས་གསུང་བཤད་གནང་ཕྱོགས་སོགས་གང་ལ་བལྟས་ཀྱང་རྒྱ་རི་སྒྲོལ་མ་འོས་མཚམ་ཤོས་རེད་འདུག

    Reply
  13. རྟུལ་ཕོད། says:
    ལོ་ 15 སྔོན།

    ངས་བཀའ་ཁྲི་མཁས་དབང་བློ་བཟང་སེང་གེ་འོས་འཚམ་དུ་མཐོང་གི་ཡོད་རྒྱུ་མཚན་ཁོང་ལ་ང་ཚོས་མང་མང་གི་བཤད་པའི་ཆ་རྐྱེན་འཛོམས་པར་མ་ཟད་ལྷག་དགོས་ངེས་ཆ་རྐྱེན་དང་པོ་མི་ཚུལ་རིང་ལུགས་ཀྱི་ལྟ་ཚུལ་ཡོད་བསམ་པས་ཡིན།ཞིབ་ཏུ་ངའི་ཟིན་བྲིས་སུ་”ཐེངས་རྗེས་མའི་བཀའ་བློན་ཁྲི་བ་མི་ཡིན་དགོས”་ཞེས་པར་གསལ།

    Reply
  14. གནམ་ལྕགས། says:
    ལོ་ 15 སྔོན།

    http://www.youtube.com/watch?v=sRHz50z5Fl8&feature=related དྲ་ཐག་འདི་ལ་གཟིགས་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese