བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ་ ༢༠༡༡ ལོའི་བཀའ་བློན་ཁྲི་པའི་འོས་གཞིར་ལངས་པའི་སྐོར་ལ་བཅར་འདྲི་ཞིག་ཞུས་སྐབས། ཁོང་གིས། ངའི་ནམ་རྒྱུན་གྱི་ལས་ཀ་བྱེད་སྟངས་དང་། བསམ་བློ་གཏོང་ཕྱོགས། སྲིད་བྱུས་འཛིན་ཕྱོགས་སོགས་ལ་མི་དམངས་ཀྱིས་ཡིད་ཆེས་བརྙེད་དེ། ང་ལ་འོས་བླུགས་པ་ཡིན་ན་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་དང་། བཀའ་བློན་ཁྲི་པའི་རྐུབ་སྟེགས་སྟེང་ཞབས་འདྲེན་མི་ཞུ་རྒྱུར་འབད་བརྩོན་བྱ་རྒྱུའི་ཁས་ལེན་བྱས་པ་ཡིན་ཞེས་གསུངས་ཡོད།
དྲི་བ། སྐུ་ཉིད་བཀའ་ཁྲིའི་འོས་གཞིར་བཞེངས་དགོས་པའི་རྒྱུ་མཚན་དང་།འོས་བསྡུའི་སྐབས་སུ་རྒྱལ་ཁ་ཐོབ་རྒྱུར་གདེང་ཚོད་ཅི་ཙམ་ཡོད་དམ།
ལན། སྤྱིར་ང་རང་འོས་གཞིར་ལངས་ཚད་ཅུང་འཕྱི་དྲགས་ཡོད། ཐོག་མར་ང་མུ་མཐུད་སྤྱི་འཐུས་ནང་བསྡད་དེ། ཡང་བསྐྱར་ཚོགས་གཙོ་འཐོབ་རྒྱུར་རེ་བ་ཡོད་ན། སྤྱི་འཐུས་ཚོགས་གཙོ་དེ་མང་གཙོའི་ཀ་བ་གསུམ་གྱི་ཡ་གྱལ་ཞིག་ཆགས་ཡོད་སྟབས། ཚོགས་གཙོའི་ལས་འགན་ཁུར་བསྡད་ན་བཟང་གི་རེད་བསམ་སོང་། འོན་ཀྱང་ངས་ཉེ་ཆར་བཤད་པ་ལྟར། ང་རང་གི་སེམས་ན་རེ་བ་རྒྱག་སའི་མི་གཅིག་གཉིས་ཤིག་ཡོད། ཁོང་ཚོ་བཀའ་ཁྲིར་བཞེངས་ན་ང་རང་མི་ལངས་བསམ་ཡོད། ངས་རེ་བ་རྒྱག་སའི་མི་དེ་དག་ལངས་མ་སོང་། ད་ཆར་བཀའ་ཁྲིའི་འོས་གཞི་མང་པོ་ཞིག་སླེབས་ཀྱིན་ཡོད་པའི་ནང་ལ་བལྟས་ན། སྤྱིར་ཁོང་རྣམ་པར་གུས་བརྩི་ཡོད་ཀྱང་། ལས་ཀའི་ཉམས་མྱོང་དང་དགོངས་པ་བཞེས་སྟངས་ལ་གཞིགས་ན། ང་རང་ཡང་བཀའ་བློན་ཁྲི་པར་བཞེངས་ན་མ་འཐུས་པ་དང་། འགན་འཁུར་མ་ཐུབ་པ་མི་འདུག་སྙམ་པའི་སྤོབས་པ་ཞིག་ཡོང་གི་འདུགགང་ལྟར། མི་ཚེ་འདིའི་ནང་ག་ཚོད་འཇོན་ཚོད་ཐུབ་ཚོད་ཀྱི་བར་དུ་བོད་པའི་རྩ་དོན་ཐོག་ཞབས་ཞུ་བསྒྲུབ་རྒྱུའི་འདུན་པ་སྔོན་ནས་ཡོད་པ་བཞིན། གལ་སྲིད་ཐེངས་འདིར་ང་བཀའ་བློན་ཁྲི་པ་དང་། སྤྱི་འཐུས་ཚོགས་གཙོ་གཉིས་ཀ་མ་ཐོབ་པར་སྤྱི་འཐུས་དཀྱུས་མ་ཞིག་ཆགས་ཀྱང་བློ་འགྱོད་གང་ཡང་མེད། སྤྱི་འཐུས་ཀྱི་འགན་འཁྲིའི་ཞོར་དུ་གཞུང་འབྲེལ་མིན་པའི་ལས་ཀ་འདྲ་བྱ་རྒྱུའི་ཐོག་ལ་བསམ་བློ་གཏོང་རྒྱུ་ཡིན། འོན་ཀྱང་མང་ཚོགས་ཀྱི་ངོས་ནས་སོ་སོའི་འདོད་འདུན་དེ་སུ་ཞིག་གིས་བསྒྲུབ་ཐུབ་ཀྱི་འདུག་བསམ་པ་དེ་ལ་འོས་ལྡུག་གི་རེད། ང་ལ་འོས་ཐོབ་པ་ཡིན་ན་ད་ལྟའི་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་ལྟ་བུ་ཞིག་ཡོང་དཀའ་ཡང་ནུས་པ་གང་འཚམ་འཐོན་གི་རེད་སྙམ་པའི་སྤོབས་པ་ཡོད།
དྲི་བ། མ་འོངས་པར་བཀའ་ཁྲིའི་འོས་ཤོག་གི་རྒྱབ་སྐྱོར་ཐོབ་ཐབས་སུ་ལས་འགུལ་གང་འདྲ་སྤེལ་འཆར་ཡོད་པ་དང་། མང་ཚོགས་ལ་རེ་བ་གང་འདྲ་འདོན་རྒྱུ་ཡོད་དམ།
ལན། ཤུགས་ཆེན་པོའི་ཐོག་ནས་སོ་སོ་ཁྱབ་བསྒྲགས་བྱ་རྒྱུ་དེ་ང་རང་གི་གཤིས་ཀར་མེད་ལ། ང་མ་ཡིན་པ་ཞིག་སྤྱི་ཚོགས་ནང་སྟོན་འདོད་དེ་བས་ཀྱང་མེད། ང་ངོ་མ་དེ་ངོས་ལེན་བྱས་ཏེ། ངའི་ནམ་རྒྱུན་གྱི་ལས་ཀ་བྱེད་སྟངས་དང་། བསམ་བློ་གཏོང་ཕྱོགས། སྲིད་བྱུས་འཛིན་ཕྱོགས་སོགས་ལ་མི་དམངས་ཀྱིས་ཡིད་ཆེས་བརྙེད་དེ། ང་ལ་འོས་བླུགས་པ་ཡིན་ན་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སེམས་ཐག་གཙང་བཅད་ཀྱིས་སོ་སོའི་འོས་མི་བདམས་ཚར་བ་ཚོར་ང་ལ་ཞུ་རྒྱུ་གང་ཡང་མེད། དམིགས་འཛུགས་མེད་པ་དང་། ཡང་ན་རྐང་པ་ཉིས་འཛུགས་བྱས་ཡོད་མཁན་ཚོས་ང་ལ་འོས་བླུགས་པ་དེས་འགྲིག་གི་ཡོད། ངས་ཀྱང་ཁྱེད་ཅག་གི་རེ་བ་སྟོང་ཟད་དུ་མི་གཏོང་བ་དང་། བཀའ་བློན་ཁྲི་པའི་རྐུབ་སྟེགས་ལ་ཞབས་འདྲེན་མི་ཞུ་རྒྱུར་འབད་བརྩོན་བྱ་རྒྱུའི་ཁས་ལེན་བྱས་པ་ཡིན། ང་ལ་རྒྱབ་སྐྱོར་བྱེད་མཁན་སུ་ཞིག་ཡིན་རུང་། ང་ལ་ཡིད་ཆེས་དང་བློས་འཁེལ་ཐོག་འོས་བླུགས་པ་ཡིན་ན། འོས་ཤོག་གཅིག་སྟོང་ལས་མ་ཐོབ་ཀྱང་རིན་ཐང་ཆེན་པོ་རེད། ཆོལ་ཁ་ཆོས་ལུགས་ཀྱི་ཞེན་ཁོག་གི་ཐོག་ནས་འོས་བླུགས་ན། དེ་ལ་ངས་རིན་ཐང་དུ་བརྩི་ཐུབ་ས་མ་རེད། འདས་པའི་ལོ་ལྔ་རིང་ངས་གཞིས་ཆགས་ཁག་མང་པོ་ཞིག་ཏུ་སྐོར་སྐྱོད་བྱས་ཏེ། མི་མང་གང་འཚམ་ཞིག་གིས་སྤེན་པ་ཚེ་རིང་ངོ་ཤེས་ཀྱི་ཡོད་པ། སྔོན་འགྲོའི་གྲུབ་འབྲས་ཐོན་པའི་རྗེས་ལ་གང་དགོས་ཅི་དྲག་ལ་བསྐྱར་དུ་བསམ་བློ་གཏོང་རྒྱུ་ཡིན།
དྲི་བ། གལ་སྲིད་སྐུ་ཉིད་ལ་བཀའ་ཁྲིའི་འོས་ཐོབ་པ་ཡིན་ན། བོད་རྒྱའི་དཀའ་རྙོག་ཐད་ཕྱག་ལས་ག་འདྲ་གནང་འཆར་ཡོད་པ་དང་། བཀའ་ཤག་སྐབས་སྔ་མ་ལས་ལྷག་པའི་ཐབས་ལམ་གསར་པ་འདྲ་མཐོང་གི་ཡོད་དམ།
ལན། བཙན་བྱོལ་བོད་གཞུང་གི་ལས་དོན་གལ་ཆེ་ཤོས་དེ་བོད་རྒྱའི་གནད་དོན་དེ་རེད། ང་ཚོ་ཇི་ལྟར་ཕྱིར་བོད་ནང་ལ་ལོག་ཐུབ་པ་བྱ་རྒྱུ་དེ་རེད། ང་རང་གི་ངོས་ནས་ད་བར་༧གོང་ས་མཆོག་གི་དགོངས་གཞི་ཁག་ལ་བསམ་བློ་མང་པོ་བཏང་སྟེ། རྒྱུ་མཚན་དང་ལྡན་པ་ཞིག་ཏུ་མཐོང་སྟེ་རྒྱབ་སྐྱོར་བྱེད་ཀྱི་ཡོད། ང་ལ་བཀའ་བློན་ཁྲི་པ་ཐོབ་མ་ཐོབ་ཀྱི་སྐད་ཆ་གང་ཡང་མེད། ༧གོང་ས་མཆོག་ཇི་སྲིད་དབུ་མའི་ལམ་གྱི་ཐོག་སྐྱོད་པ་དེ་སྲིད་བར་རྒྱབ་སྐྱོར་བྱ་རྒྱུའི་ཆོད་སེམས་ཡོད། འོན་ཀྱང་གནས་སྟངས་ཀྱི་དབང་གིས་མི་མང་གི་བསམ་བློར་འགྱུར་བ་ཆེན་པོ་ཕྱིན་ཏེ། རྒྱ་ཆེའི་མི་མང་རང་ངོས་ནས་ལམ་ཁ་གསར་པ་ཞིག་གདམ་ན། ༧གོང་ས་མཆོག་གིས་ཀྱང་མོས་མཐུན་གནང་གི་རེད་ལ།སྐབས་དེར་ནུས་པ་མཉམ་སྤུངས་བྱ་དགོས་པ་ལས་ཕྱོགས་འཐེན་བྱས་ན་ནུས་པ་ཉམས་རྒུད་དུ་གཏོང་གི་མིན།བོད་རྒྱ་འབྲེལ་མོལ་གྱི་རིམ་པ་ལྟ་བུར་མཚོན་ན། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་༧གོང་ས་མཆོག་གི་དགོངས་དོན་གཞི་རྩར་བཟུང་སྟེ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་། བོད་ནང་དང་རྒྱ་ནག་གི་གནས་བབ། རྒྱལ་སྤྱིའི་འགྱུར་འགྲོས་སོགས་ལ་ཞིབ་ཚགས་ཀྱི་བསམ་བློ་བཏང་སྟེ། རྒྱ་ནག་ལ་ཡིག་ཆ་ཞིག་སྤྲད་ཟིན་པ་རེད། དེ་ལ་མཇུག་སྐྱོང་གནང་རྒྱུ་གལ་ཆེན་པོ་རེད་དྲན་ཡོད།
དྲི་བ། བཙན་བྱོལ་བོད་གཞུང་གི་ལྷན་ཁང་ཁག་དང་འབྲེལ་བའི་སྲིད་བྱུས་ཁག་གི་ཐད་འགྱུར་བ་འདྲ་གཏོང་འདོད་ཡོད་མེད་དང་།ལེགས་བཅོས་དང་གསར་གཏོད་ཀྱི་ལས་དོན་གང་འདྲ་རྩོམ་འདོད་ཡོད་དམ།
ལན། བོད་གཞུང་གི་ལྷན་ཁང་ཁག་ལས་ཆོས་རིག་ལ་མཚོན་ན། ཧི་མ་ལ་ཡའི་རི་རྒྱུད་དང་ནང་པ་གཞན་དག་དང་མཉམ་དུ་འབྲེལ་བ་དམ་ཟབ་གཏོང་རྒྱུ་གལ་ཆེན་རེད། དེ་བཞིན། ཁྲིམས་ཡིག་གཏན་འབེབས་བྱས་ཡོད་པ་ལྟར། ནང་པའི་ཆོས་ཚོགས་དང་སྒྲིག་འཛུགས་ཡོངས་ཆིག་སྒྲིལ་གྱི་ཆོས་དོན་ལྷན་ཚོགས་ཤིག་ངེས་པར་དུ་འཛུགས་དགོས་པར་མཐོང་གི་ཡོད། ནང་སྲིད་ལས་ཁུངས་ལ་མཚོན་ན། སྲོལ་རྒྱུན་སོ་ནམ་དེ་མུ་མཐུད་འགྲོ་དགོས་པ་ཞིག་རེད། ང་ཚོ་རྒྱ་གར་ནང་འདུག་དགོས་མིན་གྱི་རྒྱུ་མཚན་མ་རེད། ས་བཅུད་སྲུང་འཛིན་དང་། སྟོན་འབྲས་ཀྱིས་འགྲོ་བ་མིའི་བདེ་ཐང་ལ་སྨན་པ་བཅས་ཀྱི་ཐད་གལ་ཆེན་པོ་ཡིན་སྟབས་གཞུང་ངོས་ནས་མཐུན་འགྱུར་སྦྱོར་དགོས་པ་རེད། དེ་བཞིན་སྲོལ་རྒྱུན་སོ་ནམ་འདེབས་སའི་ཁྲོམ་རྭ་ཐབས་ཤེས་བྱ་དགོས་ཀྱི་འདུགཤེས་རིག་ལ་མཚོན་ན། ཤེས་ཡོན་སྲིད་བྱུས་གསར་པར་གྲུབ་འབྲས་དུས་ཡུན་གང་འཚམ་རིང་འཐོན་དཀའ་ཡང་། དགེ་རྒན་དང་མཐུན་རྐྱེན་ཕྱོགས་ལ་ཤུགས་རྒྱག་དགོས་ཀྱི་འདུག་དྲན་ཡོད། དཔལ་འབྱོར་ལ་མཚོན་ན། གཞིས་ཆགས་ཁག་གི་མི་དམངས་ཀྱི་དགོས་མཁོ་དང་མཐུན་པའི་ལས་གཞི་ཁག་ཅིག་ལྷག་ཡོད། དེ་དག་ཕྱི་རྒྱལ་དོན་གཅོད་ཁག་བརྒྱུད་ཡར་རྒྱས་འཛུགས་སྐྲུན་གྱི་ལས་འཆར་བསྒྲིགས་ཏེ་ཐབས་ལམ་འཚོལ་དགོས་པ་རེད། བཙན་བྱོལ་བོད་གཞུང་གི་རྒྱུན་གྲོན་ལ་མཚོན་ན།འབུམ་བཞི་སྟོང་གི་ནང་ནས་དཔྱ་ཁྲལ་ལག་དེབ་ལས་འབུམ་བརྒྱད་བརྒྱ་ཙམ་ལས་རག་གི་མེད། རང་བདེན་ཚོགས་ཆུང་ཐོག་མར་བཙུགས་སྐབས། རྩ་དོན་ཆེད་ལོ་གཅིག་ནང་ཉིན་གཉིས་ལ་ཞལ་ལག་མ་ཟོས་པར་ཟས་དོད་ཧིན་སྒོར་ལྔ་རེ་གཞུང་ལ་འབུལ་བའི་སྲོལ་ཞིག་ཡོད། དེང་སྐབས་ཧིན་སྒོར་ལྔ་ཡི་ཉིན་གཅིག་གི་ཞོགས་ཇ་ཡང་ཁུག་གི་མ་རེད། འདི་དག་ཤུགས་ཆེ་རུ་གཏོང་དགོས་པ་རེད་དྲན་ཡོད། ཅེས་དང་།
ཁོང་གིས་མུ་མཐུད་དུ་ལྷན་ཁང་ཁག་གི་ཐད་གསུངས་དོན། ཕྱི་དྲིལ་ལས་ཁུངས་ལྟ་བུར་མཚོན་ན། ཕྱི་རྒྱལ་གྱི་གྲོས་ཚོགས་ནང་སོ་སོའི་རྒྱལ་ཁབ་ཙམ་མ་ཡིན་པར་ལུང་པ་གཞན་དུ་རྒྱབ་སྐྱོར་གྱི་སྡིངས་ཆ་གསར་པ་མང་པོ་ཡོད། དེ་དག་ནང་བོད་དོན་རྒྱབ་སྐྱོར་བ་འཚོལ་རྒྱུའི་གོ་སྐབས་མ་ཤོར་བ་བྱ་དགོས་ཀྱི་འདུགའདས་པའི་ལོ་འགའི་རིང་རྒྱ་ནག་གིས་རྒྱལ་སྤྱིའི་ནང་འབྲེལ་ལམ་ཤུགས་ཆེ་རུ་གཏོང་གི་ཡོད། དེ་ལ་གདོང་ལེན་དང་གསལ་བཤད་ཀྱི་ཐད་ནས་རྗེས་ལུས་ཐེབས་ན་བོད་དོན་ཐོག་ལྟ་སྟངས་འགྱུར་རྒྱུའི་ཉེན་ཁ་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མཚོན་པའི་ཆབ་སྲིད་ཚོགས་པ་ཆེ་ཁག་ལ་བསྙབ་ཐུབ་པ་བྱ་དགོས། བོད་དོན་ཐོག་དོ་སྣང་ཤ་ཚ་ཡོད་མཁན་དག་ལ་རམ་འདེགས་འཐུས་ཤོར་མ་སོང་བ་བྱ་དགོས། ཕྱི་རྒྱལ་བོད་རིགས་ཚོགས་པ་ཁག་དང་འབྲེལ་མཐུད་ཚགས་ཚུད་བྱས་ཏེ། གཞུང་གིས་ཕྱི་རྒྱལ་བོད་རིགས་ཁ་ཐོར་དག་ལ་སྙོབ་ཐུབ་པ་བྱ་དགོས། བདེ་སྲུང་ལ་མཚོན་ན། ད་ལྟའི་བཀའ་བློན་མཆོག་གིས་ལོ་ཧ་ཅང་མང་པོར་ཕྱག་ལས་གནང་བ་རེད། མ་འོངས་པར་ཡང་ཁོང་གིས་འགན་བཞེས་ན་བཟང་གི་རེད་བསམ་ཡོད། གཙོ་ཆེ་ཤོས་བོད་ནང་གི་གནས་ཚུལ་མཁོ་སྒྲུབ་ཐོག་ཤུགས་སྣོན་དགོས་པ་རེད། འཕྲོད་བསྟེན་ནང་། སྨན་གྱི་ཉེན་སྲུང་ཟེར་བ་དེ་གང་འདྲ་ཞིག་ཡིན་པ་ཏག་ཏག་ཅིག་ཞུ་ཐུབ་ཀྱི་མི་འདུག འདིའི་ཐད་བཀའ་ཤག་གིས་ཞིབ་འཇུག་བྱེད་ཀྱིན་ཡོད་ས་རེད། ཞིབ་འཇུག་གི་གྲུབ་དོན་ལ་བལྟས་ཏེ་ལས་གཞི་བརྩམ་དགོས་པ་ཞིག་རེད། ས་ཆ་ཁུག་ཀྱོག་དག་ཏུ་སྨན་ཁང་གི་མཐུན་རྐྱེན་མེད་སྟབས། ནད་པ་བོར་འདྲེན་བྱེད་པའི་རླངས་འཁོར་གྱི་མཐུན་རྐྱེན་ངེས་པར་དུ་སྦྱར་དགོས་པ་རེད་བསམ་ཡོད། འཛིན་སྐྱོང་ལ་མཚོན་ན། ད་ལྟའི་སྲིད་བྱུས་མང་ཆེ་བ་རྒྱུན་འཁྱོངས་ཐོགའཛིན་སྐྱོང་བྱེད་སྟངས་ལ་བཀའ་ཤག་ལྷན་རྒྱས་ཀྱི་ནུས་པ་ཏག་ཏག་འཐོན་ཐུབ་པ་ཞིག་དང་། འབྲེལ་ཡོད་ལས་བྱེད་མཐོ་དམན་ཀུན་ལ་སོ་སོའི་རྣམ་དཔྱོད་རྩལ་དུ་འདོན་ཐུབ་པའི་གོ་སྐབས་ཡོད་པ་ཞིག་བཟོ་རྒྱུ་གལ་ཆེན་པོ་རེད། ལས་བྱེད་ཚོའི་ནུས་པ་མཐོར་འདེགས་དང་མཐུན་རྐྱེན་ཡར་རྒྱས་གཏོང་དགོས་པ་རེད་སྙམ་ཡོད།
དྲི་བ། བཙན་བྱོལ་སྤྱི་ཚོགས་ནང་གཞོན་སྐྱེས་མང་པོ་ཞིག་ལས་མེད་དུ་ལྷག་ཡོད་པ་དང་། བོད་གཞུང་གི་ལས་བྱེད་མང་པོ་ཞིག་ལས་གནས་ནས་དགོངས་ཞུ་བྱེད་ཀྱིན་ཡོད་པའི་ཐད་དགོངས་ཚུལ་གང་འདྲ་ཡོད་དམ།
ལན། འདི་དག་གཞིས་ཆགས་སྲ་བརྟན་གྱི་ཁྱབ་ཁོངས་རེད། གཞིས་ཆགས་སྲ་བརྟན་ཟེར་བ་དེ་ཧ་ཅང་ཁག་པོ་ཞིག་ཆགས་ཡོད་ཀྱང་། བཀའ་ཤག་གིས་གཞི་རྒྱ་ཆེ་བའི་ཞིབ་འཇུག་ཅིག་བྱས་ཡོད། ཞིབ་འཇུག་གི་གྲུབ་འབྲས་ལ་གཞིགས་ཏེ་འཆར་གཞི་གསར་པ་གཏོང་དགོས་པ་རེད། བཙན་བྱོལ་ནང་གཞོན་སྐྱེས་ལས་མེད་ཀྱི་དཀའ་ངལ་ཞིག་གནས་ཡོད། ཁག་ཅིག་གིས་སོ་སོའི་སློབ་སྦྱོང་དང་འཚམ་པའི་ལས་ཀ་བྱེད་ཀྱི་ཡོད་པ་མ་རེད། བོད་གཞུང་གི་ལས་བྱེད་མང་པོ་ཞིག་ཕྱི་རྒྱལ་དུ་ཕེབས་ཀྱི་ཡོད་པ་དེ་ཡང་། ད་ཆར་ང་ཚོའི་སྤྱི་ཚོགས་འདི་ཧ་ཅང་འཁྲུགས་པོ་ཆགས་ཏེ། མི་མང་པོ་ཞིག་སྡོད་མ་འདོད་པ་ཆགས་ཡོད། ངས་ཚོད་དཔག་བྱས་ན། འབྱུང་འགྱུར་གྱི་ལོ་བཅུ་གྲངས་ནང་བཙན་བྱོལ་བོད་མི་ཕྱེད་ཙམ་ཕྱི་རྒྱལ་དུ་སླེབས་ཚར་བ་ཡིན་ན། ཅུང་ལྷིང་འཇགས་མི་ཡོང་ངམ་སྙམ་ཡོད། མི་ཚང་རེ་ནས་མི་རེ་ཕྱི་རྒྱལ་དུ་ཕྱིན་ཏེ། ཕར་ནས་ལས་ཀ་ཞིག་རག་པ་དང་ཁྱིམ་གྱི་དཀའ་ངལ་སེལ་ཐུབ་པ་ཙམ་བྱུང་ན། ད་གཟོད་སྤྱི་ཚོགས་བབ་ཆགས་ལྟ་བུ་ཆགས་རྒྱུར་རེ་བ་ཕྲན་ཙམ་མཐོང་གི་ཡོད། གནས་བབ་འདི་ལ་ད་ལྟ་ནས་བསམ་བློ་བཏང་སྟེ་གྲ་སྒྲིག་དགོས་པ་ཞིག་རེད།
དྲི་བ། གལ་སྲིད་སྐུ་ཉིད་ལ་བཀའ་ཁྲི་ཐོབ་པ་ཡིན་ན་འཕྲལ་དུ་ལག་བསྟར་བྱ་དགོས་པའི་ལས་དོན་གལ་ཆེན་གང་དག་གཟིགས་ཀྱི་ཡོད་དམ།
ལན། གལ་སྲིད་བཀའ་བློན་ཁྲི་པ་ཆགས་པ་ཡིན་ན། ལས་དོན་གྱི་ཐོག་མར་བོད་རྒྱ་འབྲེལ་མོལ་གྱི་ཐོག་བསྐྱར་ཞིབ་ཅིག་བྱས་ཏེ་ལས་ཀ་བྱེད་ཕྱོགས་དང་། ནུས་པ་འདོན་ཕྱོགས་ཐད་ཐབས་ལམ་གསར་པ་འཚོལ་དགོས་པ་རེད་དྲན་ཡོད། དེ་ནས་ཟླ་གཅིག་ཙམ་རིང་ལྷན་ཁང་རེ་རེ་བཞིན་ཞིབ་འཇུག་ཅིག་བྱས་ཏེ་ལེགས་བཅོས་དང་ཡར་རྒྱས་སུ་གཏོང་དགོས་པའི་རིགས་ལ་སྣང་ཆུང་མི་བྱེད་པ་དང་། ལྷག་པར་དུ་ལས་བྱེད་ཚོའི་ནུས་པ་ཤུགས་ཆེ་རུ་བཏང་སྟེ། ཤེས་ཡོན་རྒྱབ་ལྗོངས་ལ་གཞི་བཅོལ་ཏེ་ལྷན་ཁང་བརྗེ་སྤོར་གྱི་ལྷུ་བསྒྲིག་དགོས་པ་རེད་དྲན་ཡོད། དེ་ནས་གཞི་རིམ་མང་གཙོ་འཕེལ་རྒྱས་སྐོར་རེད། ངྷ་རམ་ས་ལར་མང་གཙོ་ཡག་པོ་ཡོད་ཟེར་ཡང་། དེ་ཁང་པའི་ཏོག་ལྟ་བུ་རེད། མ་འོངས་པར་མང་གཙོ་སྲ་བརྟན་དང་། སྲིད་འབྱོར་རིག་གསུམ་གང་ཐད་ནས་རང་འགན་རང་འཁུར་གྱི་ནུས་པ་འཐོན་དགོས་ན། གཞི་རིམ་གྱི་མང་གཙོ་དེ་བརྟན་ཅིང་གཡོ་བ་མེད་པ་ཞིག་བཟོ་དགོས། དེ་ནི་རྒྱལ་ཁབ་ཀྱི་མང་གཙོའི་རྨང་རྡོ་རེད།འདིའི་ཐོག་གཞུང་གིས་ནུས་པ་བཏོན་ཏེ། སྔོན་མ་ཟབ་སྦྱོང་མང་པོ་ཞིག་སྤྲོད་ཀྱིན་ཡོད་ཀྱང་། མ་འོངས་པར་ཟབ་སྦྱོང་ཉུང་དུ་བཏང་སྟེ། ལག་བསྟར་ཐོག་འབད་བརྩོན་བྱ་དགོས་པ་རེད། བུད་མེད་ཀྱི་ནུས་ཤུགས་ཐད། ང་བཀའ་བློན་ཁྲི་པ་ཆགས་ན་ཉུང་མཐར་བུད་མེད་གསུམ་བཀའ་བློན་དུ་བསྐོ་དགོས་བསམ་ཡོད། གང་ཡིན་ཟེར་ན་དབང་ཡོད་ས་དང་ཐག་གཅོད་ཀྱི་ནུས་པ་ལྡན་སར་བུད་མེད་ཅིག་མེད་སོང་བ་ཡིན་ན། བུད་མེད་ཀྱི་ནུས་ཤུགས་འདོན་རྒྱུའི་གོ་སྐབས་ཡོད་པ་མ་རེད།
དྲི་བ། བཀའ་ཤག་སྐབས་བཅུ་གཉིས་པ་དང་བཅུ་གསུམ་པའི་ལས་རྒྱུན་རིང་ལས་དོན་ལ་ནོར་འཁྲུལ་བྱུང་བ་དང་འཐུས་ཤོར་དུ་ཕྱིན་པ་གང་དག་གཟིགས་ཀྱི་ཡོད་དམ།
ལན། འཛིན་སྐྱོང་བཀའ་ཤག་གི་ཕྱག་ལས་མང་པོ་ཞིག་བཀའ་བློན་ཁྲི་པའི་བཀོལ་འདོམས་འོག་འགྲོ་བསྡད་ཡོད། ང་རང་གི་བསམ་བློ་དང་ཅུང་མི་མཐུན་པ་ཞིག་ལ། བཀའ་ཤག་དང་མི་མང་བར་གྱི་འབྲེལ་ལམ་དེ་ཅུང་འགྱངས་པོ་བྱུང་སོང་བསམ་ཡོད། ང་ཚོའི་མི་མང་དེ་ཁ་འཐོར་དུ་གནས་ཡོད་སྟབས། བཙན་བྱོལ་བོད་གཞུང་གིས་མི་མང་ལ་སྙོབ་སྟངས་ཅུང་ཉུང་དྲགས་སོང་བསམ་ཡོད། མ་འོངས་པར་རྒྱ་བལ་འབྲུག་གསུམ་དང་། ཕྱི་རྒྱལ་ཡུལ་གྲུ་ཁགདེ་བཞིན་བོད་ནང་བཅས་དང་བཙན་བྱོལ་གཞུང་བར་གྱི་འབྲེལ་ལམ་ཡར་རྒྱས་སུ་གཏོང་རྒྱུ་གལ་ཆེན་རེད། དེ་བཞིན་བཀའ་ཁྲི་མཆོག་གི་འཚེ་བ་མེད་པ་དང་བདེན་པ། ཡང་དག་པ་བཅས་ཀྱི་དགོངས་གཞི་དེ་རླབས་ཆེན་ཡིན་ཡང་། སྐབས་རེར་མི་དམངས་ལ་དཀའ་ངའ་འཕྲད་བསྡད་པ་འགའ་རེ་མཐོང་གི་འདུག དེ་དག་བོད་རིགས་སྤྱི་ཡོངས་ཀྱི་མིང་ལ་དོ་ཕོག་མི་འགྲོ་བའི་ཐོག་ནས་སེལ་ཐབས་བྱ་དགོས་པ་རེད་དྲན་ཡོད།
དྲི་བ། རྩ་དོན་འཐབ་རྩོད་ཀྱི་ལངས་ཕྱོགས་དབུ་མའི་ལམ་དང་རང་བཙན་བར། དེ་བཞིན་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པའི་བར་བཅས་ལ་འབྲེལ་ལམ་གང་འདྲ་འཛིན་འདོད་ཡོད་དམ།
ལན། མང་གཙོའི་སྤྱི་ཚོགས་ནང་སོ་སོས་མང་གཙོ་བེད་སྤྱོད་གཏོང་བ་དང་མཉམ་དུ་གཞན་ལ་མང་གཙོ་བེད་སྤྱོད་ཀྱི་གོ་སྐབས་སྟེར་དགོས་པ་རེད། སྤྱི་ཚོགས་ནང་ལྟ་བ་ལངས་ཕྱོགས་མི་འདྲ་བ་ཡོད་ཀྱང་། མང་གཙོའི་འདུ་ཤེས་གཏིང་ཟབ་པོ་ཞིག་དང་། གཤིས་ཀ་བརྟན་པོ་ཞིག་རྒྱུད་དུ་འཇགས་ཡོད་ན། ཕན་ཚུན་བར་ཕོག་ཐུག་དང་མ་མཐུན་པ་ཡོང་གི་མ་རེད། དེ་བཞིན། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པའི་བར་གྱི་འབྲེལ་ལམ་དེ་ཡང་། དེ་སྔའི་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གི་གནང་སྟངས་དེ་འགྲིག་འདུག་བསམ་ཡོད། ཁ་ཤས་ཀྱིས་གཞུང་གིས་གཞུང་འབྲེལ་མིན་པའི་ཚོགས་པ་ཚོ་ཐག་རིང་པོར་བཞག་སོང་དྲན་ཡོད་སྲིད་ཀྱང་། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པའི་བར་ཐག་ཉེ་དྲགས་ཏེ། ཕན་ཚུན་གྱི་ལས་དོན་ནང་ཐེ་ཇུས་དང་ཤུགས་རྐྱེན་སླེབས་པ་ཡིན་ན། གཞུང་འབྲེལ་མིན་པའི་ཚོགས་པ་ནུས་མེད་ཆགས་སོང་བ་རེད། འོན་ཀྱང་། གཞུང་འབྲེལ་མིན་པའི་ཚོགས་པ་ཚོས་གཞུང་ལ་གནས་ཚུལ་ཞུ་བ་དང་། རྒྱབ་སྐྱོར་རོགས་རམ་ཞུ་དགོས་རིགས་ལ་གཞུང་གིས་བབ་ཐོབ་ཀྱིས་གཟིགས་དགོས་པ་རེད།
དྲི་བ། དབུ་མའི་ལམ་དང་རང་བཙན་གང་ཞིག་ཡིན་རུང་། ཁ་ནས་བཤད་འདུག་རྒྱུ་ཙམ་མ་ཡིན་པར་གོམ་པ་བརྒྱབ་སྟེ་ལས་འགུལ་སྤེལ་དགོས་པ་ཞིག་ཡིན་སྟབས། སྐུ་ཉིད་བཀའ་བློན་ཁྲི་པར་བཞུགས་པ་ཡིན་ན། རྩ་དོན་འཐབ་རྩོད་ཐད་ལས་འགུལ་གང་འདྲ་རྩོམ་འཆར་ཡོད་དམ།
ལན། ང་ཚོའི་སྤྱི་ཚོགས་ནང་དབུ་མའི་ལམ་བརྩོན་ལེན་བྱེད་མཁན་ཚོས་ལས་འགུལ་མ་སྤེལ་བ་དང་། གྲགས་འགུལ་མེད་པར་བསྡད་བཞག་ཡོད་པའི་བསམ་ཚུལ་བྱུང་ཡོད་ཤག་རེད། འོན་ཀྱང་མི་རིགས་ཤིག་དང་རྒྱལ་ཁབ་ཅིག་གི་རྩ་དོན་ཐོག་ལས་ཀ་བྱེད་པར་ལས་འགུལ་རིགས་མང་པོ་ཞིག་ཡོད།འཇམ་རྩུབ་དང་ཞི་དྲགསྒྲུབ་ཕྱོགས་འཛུགས་སྐྲུན་གྱི་ལས་འགུལ་དང་དགག་ཕྱོགས་ངོ་རྒོལ་གྱི་ལས་འགུལ། རྔམ་སྟོན་ཁྲོམ་སྐོར་དང་། ཟས་བཅད་ངོ་རྒོལ། སྐད་འབོད་རྒྱག་པ་སོགས་རིགས་གཅིག་རེད། ལས་འགུལ་ཟེར་ན་ངོ་རྒོལ་སྐད་འབོད་ཁོར་ནར་གོ་བ་བླངས་ན་ནོར་བ་རེད། དེང་སྐབས་ཕར་ཕྱི་རྒྱལ་དུ་ཕྱིན་ཏེ་སྐད་ཆ་བཤད་རྒྱུའི་སྡིངས་ཆ་རག་ན་དེ་ལས་འགུལ་གལ་ཆེན་ཞིག་རེད་ལ། ཚུར་མཁས་དབང་གདན་འདྲེན་ཞུས་ཏེ་བགྲོ་གླེང་གནང་བ་དེ་ཡང་ལས་འགུལ་རེད། དེ་བཞིན་ཚོགས་འདུ་སྐོང་བ་དང་བོད་དོན་རྒྱབ་སྐྱོར་བ་འཚོལ་རྒྱུ་སོགས་ཀྱང་དུས་རབས་དང་འཚམ་པའི་ནུས་ལྡན་གྱི་ལས་འགུལ་རེད། ལས་འགུལ་གང་ཞིག་ཡིན་རུང་རྣམ་འགྱུར་གཙོ་བོ་མ་ཡིན་པར་ནང་དོན་གཙོ་བོ་ཡིན་པ་དང་། ནང་ལ་ཁྱབ་བསྒྲགས་གཙོ་བོ་མ་ཡིན་པར་ཕྱི་ལ་ཁྱབ་བསྒྲགས་གཙོ་བོ་བྱ་རྒྱུ་གལ་ཆེན་པོ་རེད་ལ། མ་འོངས་པར་ཡང་སྒྲུབ་ཕྱོགས་ཀྱི་ལས་འགུལ་གཙོ་བོར་བཟུང་སྟེ། ལས་འགུལ་གྱི་གནས་ཚད་མཐོ་རུ་བཏང་སྟེ་ཐབས་ཇུས་དང་ལྡན་པའི་ལས་འགུལ་སྤེལ་དགོས་པ་རེད་བསམ་ཡོད།
༼ གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ཀྱིས་རྒྱ་གར་ལྷོ་ཕྱོགས་བྷིང་ལོར་ནས་སྤེལ ༽
དྲ་གྲོགས་སྐལ་བཟང་ལགས་ང་ཚོ་ལ་དགོས་བ་ནི་ཁུངས་མེད་ལུགས་མེད་ཀྱི་གཏམ་ཉོག་དང་ཕྱོགས་ཞེན་གྱི་ཧུར་གཏམ་མིན་མོད་དེ་བས་ང་ཚོ་ལ་མཐུན་ལམ་དང་ཅིག་བསྒྲིལ་གྱི་མཁོ་ནས་ཡོད་རྗེས་མ་ནས་དེ་འདྲ་མ་བཤད་ན་ཡག་གི་རེད་རྒྱུ་མཚན་ངས་མ་བཤད་ན་ཡང་ཁྱོད་རང་གི་མཁྱེན་མཁྱེན་རེད་།་
དོན་གྲུབ་བཀྲ་ཤིས་ལགས། བཅར་འདྲི་ཅི་ནས་ཀྱང་ཁ་བརྡ་དྲ་བར་འཇོག་རོགས།
བཅར་འདྲི་འདི་ནི་ཆེད་རྩོམ་ཞིག་དང་འདྲ་བོ་འདུག དངོས་གནས་ཞིབ་ཚགས་རེད་ཡ། ད་ཤེས་འཇོན་གཉིས་ལྡན་ཟེར་བ་འདི་འདྲ་ཞིན་ཡིན་ནམ་སྙམ་བྱུང་། འོས་ཤོག་གཅིག་པོ་དེ་ཁྱོད་ལ་འཕེན་ཁོ་ཐག་ཡིན།
བཀའ་བློན་ཁྲི་བའི་འོས་གཞིར་ལངས་མཁན་ཚོ་ལ་བསྔགས་བརྗོད་ཡོད།
སུ་ལངས་ཐུབ་ན་༸རྒྱལ་བའི་ཐུགས་དགོངས་ལྟར་སྒྲུབ་ཐུབ་པའི་སྨོན་འདུན་ཞུ།
འོས་ཤོག་འཕེན་མཁན་ཚོའི་ཕྱོགས་ལྷུང་དང་འཐེན་ཁྱེར་མེད་པར་སྤྱི་དོན་ལ་བསམ་བློ་གཏོང་རོགས་ཞེས་ལག་གཉིས་ཐལ་མོ་སྙིང་གར་སྦྱར་ནས་གསོལ་བ་འདེབས་པ་ལགས།
ཤེས་འཇོན་མྱོང་གསུམ་ལྡན་པའི་མི་སྣ་ཟེར་ན་འདི་འདྲ་རེད། དམིགས་འདུན་དང་འཆར་གཞི་ཚང་མ་ཧ་ཅང་གསལ་ཐག་ཆོད་སོང་བས་དགའ་གུས་ཡི་རངས་ཡོད། བརྒྱ་བཤད་སྟོང་བཤད་གང་འདྲ་བྱས་ཀྱང་ང་ཚོ་ལ་བཀའ་ཁྲི་ཞིག་ཡོང་དགོས་ཀྱི་ཡོད་ལ། དེ་ལམ་སྲོལ་གྱི་འགྲོས་ཤིག་གིས་ཕྱིར་བཤོལ་མེད་པར་དུས་ཚོད་ངེས་ཅན་ཞིག་ནང་ཡོང་གཏན་འཁེལ་ཡོད། དེར་བརྟེན་གཟུར་གནས་བློ་ལྡན་ཅན་དག་གིས་གཤམ་གསལ་ཆ་རྐྱེན་རྣམས་རང་ཆས་སུ་ཚང་ཡོད་པའི་ཚོགས་གཙོ་སྤེན་པ་ཆེ་རིང་ལ་རྒྱབ་སྐྱོར་བྱེད་པའི་རེ་བ་དང་ཡིད་ཆེས་ཡོད། ཆ་རྐྱེན་གཙོ་བོ་བཅུ་ནི།
༡ ལོ་གཞོན་ཡིན་པ།
༢ ཤེས་ཡོན་ཡོད་པ།
༣ ཉམས་མྱོང་ཆེ་བ།
༤ འབྲེལ་ལམ་ལེགས་པ།
༥ གླེང་རྙོག་མེད་པ།
༦ འཇོན་ཐང་ལྡན་པ།
༧ ཐབས་ཇུས་ཟབ་པ།
༨ སྲིད་དོན་དགའ་བ།
༩ སྙིང་སྟོབས་མངའ་བ།
༡༠ གནས་སྟངས་ཤེས་པ། བཅས་སོ།།
སྤེན་པ་ཚེ་རིང་ལས་ལྷག་སྐབས་བཅུ་གཅིག་པའི་བཀའ་ཁྲི་ཞིག་བརྙེད་ཁག་པོ་རེད། རྒྱུ་མཚན་གལ་ཆེ་ཤོས་གསུམ་ནི། གཞུང་གི་འཛིན་སྐྱོང་སྐོར་ལ་ཉམས་མྱོངས་དང་དབུ་མའི་ཐབས་ལམ་ལ་ལམ་ཕྱོགས་བརྟན་པོ་ཡོད་པ། ཆོལ་ཁ་དང་་སྐུ་གྲག་གི་ཤུགས་རྐྱེན་ངན་པ་མེད་པའི་མི་སེར་སྐྱོ་མ་ལས་ཚལ་ལུང་བྱུང་བ། ལོ་ཆུང་མེད་པ་ལོ་ཆེ་མེད་པ་འོས་ཤིང་འཚམས་པའིོ་མཁས་མཛངས་གཉིས་ལྡན་གྱི་ཚོགས་གཙོ་ཁོང་ལ་རྒྱབ་སྐྱོར་གནང་ན་ཡག་ཤོས་རེད།
བཀའ་ཁྲིའི་འོས་མིར་ལངས་པར་ཡང་བསྐྱར་འཚམས་འདྲི་ཞུ། སྐུ་ཉིད་ཀྱིས་གསུངས་དོན་བཞིན་བཀའ་ཁྲི་དང་སྤྱི་འཐུས་ཚོགས་གཙོའི་རྐུབ་སྟེགས་ཐོབ་མ་ཐོབ་ཇི་ལྟར་ཡང་རང་གི་ནུས་པ་དེ་༧གོང་ས་མཆོག་གི་དགོངས་དོན་བཞིན་བོད་མའི་རྩ་དོན་དུ་གཏོང་རྒྱུའི་ཆོད་སེམས་དེ་རྐུབ་སྟེགས་དེ་གཉིས་ལས་ཀྱང་ལྷག་པར་མཐོང་།
ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལས་ལྷག་པའི་ འཇོན་ཐང་ ཉམ་མྱོང་ ཤེས་ཡོན་དང་དཀའ་ངལ་ལ་གདོང་ལེན་བཅས་བྱེད་ཐུབ་མཁན་འོས་མི་གཅིག་ཀྱང་མ་མཐོང། ཆོལ་ཁ་དང་ཆོས་རྒྱུད་སོ་སོ་ཡིན་ལ་ངོ་ཤེས་ཀྱི་མེད། ཡིན་ན་ཡང་དབྱེ་ཞིབ་ཕྲན་བུ་བྱས་པ་རྒྱུད་ གལ་སྲིད་ང་ཚོ་ལོ་ལྔ་ཡི་རྗེས་སུ་འཇོད་པ་སྐྱེད་འདོད་མེད་ན། ང་ཚོས་ངེས་པར་ཚོགས་གཙོ་མཆོག་བཀའ་ཁྲིར་འདེམས་དགོས།།
ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གི་ཉམས་མྱོང་དང་ཤེས་ཡོན།དེ་ག་ནང་བཞིན་བཀའ་སློབ་ལམ་སྟོན་གནང་སྟངས་ཐོག་ལ་གང་ཡང་ཞུ་རྒྱ་མེད།ཡིནའང་དེ་སྔོན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བརྒྱད་པའི་སྐབས་སུ་དྲང་ཚུགས་མེད་པའི་ཐོག་ཕྱོགས་ལྷུང་གི་རྣམ་པ་ཁྱེར་ཡོད་པ་མ་ཚད་གནད་དོན་དེའི་འབྱུང་རྩ་གཙོ་བོ་ཡང་ཁྱེད་རང་ལ་ཐུག་ཡོད་པ་ན་ིཀུན་གྱི་ཤེས་གསལ་རེད།དེ་འདྲ་སོང་ཙམ་ཚོགས་དུས་བརྒྱད་པ་མཇུག་བསྡུ་མ་ཐུབ་པ་དེ་བྱུང་བ་རེད།ག་སྲིད་སྐབས་གསུམ་པའི་བཀའ་ཁྲིའི་རྐུབ་སྟེགས་ཐུབ་པ་ཡིན་ན།དེ་དང་འདྲ་བའི་ཞབས་འདྲེན་མི་ཞུ་བའི་ངེས་པར་གང་ཡང་ཡོད་མ་རེད།རྒྱུ་མཚན་ནི་ཁྱེད་ཀྱི་ཕྱོགས་ལྷུང་གི་ལྟ་བ་དེ་དོར་མ་ཐུབ་པའི་རྐྱེན་གྱི་རེད།
བཀའ་བློན་ཁྲི་པའི་རྐུབ་སྟེགས་སྟེང་ཞབས་འདྲེན་མི་ཞུ་ཙམ་ཞིག་ང་ཚོ་བོད་རིགས་ཚོར་མཁོ་བའི་བཀའ་བློན་ཁྲི་པ་དེ་མ་རེད། ད་ལྟའི་བོད་ཀྱི་གནས་སྟངས་ཧ་ཅང་གི་ཉེན་ཁ་ཅན་དང་ཛ་དྲག་ཅན་ཡིན་པས་བཀའ་བློན་ཁྲི་པ་སྤྱང་པོ་ཞིག་དང་བོད་ཀྱི་གནས་བབ་ལ་བཟང་ཕྱོགས་དང་ཡང་ན་ངན་ཕྱོགས་གང་རུང་གིས་འགྱུར་བ་གཏོང་ཐུབ་མཁན་ཞིག་དགོས་པ་ནི་ཁ་ཚ་དགོས་གཏུགས་རེད། བཀའ་བློན་ཁྲི་པ་གླག་གོག་འདྲ་པོ་ཞིག་གི་བོད་ཀྱི་གནས་སྟངས་འགྱུར་གཏོང་ཐུབ་ཀྱིན་མ་རེད། བཀའ་བློན་ཁྲི་པ་སྟག་འདྲ་པོ་ཞིག་དགོས་ཀྱིན་འདུག །