མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ལ་བཀའ་བློན་ཁྲི་པའི་འོས་ཤོག་ལྡུག་རོགས།

བོད་ཀྱི་དུས་བབ།
༢༠༡༠/༠༩/༡༠
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་དགོང་མོར་ངྷ་ས་བོད་གཞུང་ཟློས་གར་ཁང་དུ་བཀའ་བློན་ཁྲི་པའི་སྐོར་ལ་བགྲོ་གླེང་ཆེན་མོ་ཞིག་བྱས་ཡོད་ཅིང་། བགྲོ་གླེང་དེའི་ཐོག་སྤྱི་ཚོགས་ནང་གླེང་སློང་ཤུགས་ཆེ་ཤོས་གྲས་སུ་སླེབས་པ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་དང་བློ་བཟང་སེང་གེ སྤེན་པ་ཚེ་རིང་། རྒྱ་རི་སྒྲོལ་མ་བཞི་ཡིས་རང་རང་གི་ལྟ་བ་ལངས་ཕྱོགས་དང་། བཀའ་བློན་ཁྲི་པའི་རྐུབ་སྟེགས་རག་སྐབས་ལས་འཆར་གང་འདྲ་ཡོད་མེད་སོགས་ངོ་སྤྲོད་གནང་ཡོད།

ཁ་སང་ཕྱི་དྲོའི་ཆུ་ཚོད་ ༦ པའི་སྟེང་བོད་གཞུང་ཟློས་གར་ཁང་དུ་མང་གཙོ་གོང་འཕེལ་ན་གཞོན་དང་བླངས་རུ་ཁག་དང་ཕ་ཡུལ་དྲ་ཟུང་འབྲེལ་ཐོག ཕྱི་ལོ་ ༢༠༡༡ ལོའི་བཀའ་བློན་ཁྲི་པའི་སྐོར་གྱི་བགྲོ་གླེང་ཆེན་མོ་ཞིག་གོ་སྒྲིག་ཞུས་ཡོད་ཅིང་། གདན་ཞུའི་སྐུ་མགྲོན་དུ་བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་དང་ཁྲིམས་རྩོད་པ་བློ་བཟང་སེངྒེ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་། ཚོགས་གཞོན་རྒྱ་རི་སྒྲོལ་མ་བཅས་ཕེབས་འདུག ཐོག་མར་ཁོང་རྣམ་པས་བཀའ་ཁྲིའི་ལས་འགན་སྐོར་ལ་སྐར་མ་བརྒྱད་རེར་གཏམ་བཤད་གནང་རྗེས་མང་ཚོགས་ཀྱི་དྲི་བར་ལན་འདེབས་བྱས་ཡོད། ཐེངས་འདིའི་བཀའ་ཁྲིའི་བགྲོ་གླེང་ཐོག་ངྷ་ས་བཞུགས་སྒར་ཁུལ་གྱི་བོད་མི་སྟོང་ཕྲག་མང་བོ་འདུ་འཛོམས་བྱུང་སྟེ། ཟློས་གར་ཁང་གི་ཚོགས་ཁང་ཆེན་མོ་ཁེངས་ཡོད་པར་མ་ཟད། ཕྱི་ཕྱོགས་ཀྱི་རྩེད་ཐང་དུའང་ལྟ་ཉན་བྱེད་མཁན་གྱི་མི་མང་རྣམས་འཚང་ཁ་ཤིག་ཤིག་གིས་བཀའ་ཁྲིའི་བགྲོ་གླེང་འདིར་དོ་སྣང་ཆེན་པོས་མཉམ་ཞུགས་བྱས་ཡོད་ལ། ཕ་ཡུལ་དྲ་རྒྱ་བརྒྱུད་ཐད་གཏོང་བྱས་ཏེ། ཨ་རི་དང་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་མི་མང་པོས་བགྲོ་གླེང་གི་ཆ་ཤས་བཞེས་ཐུབ་པ་བྱུང་ཡོད། ཐེངས་འདིའི་བགྲོ་གླེང་དེ་ནི་ལོ་རྒྱུས་ཐོག་གི་བཀའ་བློན་ཁྲི་པའི་སྐོར་གྱི་བགྲོ་གླེང་འཁྲུགས་ཆ་དོད་ཤོས་དེ་ཆགས་ཏེ། ཕྱི་དྲོའི་ཆུ་ཚོད་ ༦ ནས་དགོང་མོའི་ཆུ་ཚོད་ ༩ བར་བཀའ་ཁྲིའི་འོས་མི་རྣམས་ཚ་འདེད་བྱས་ཡོད།

 

བློ་བཟང་སེངྒེ་ལགས་ཀྱིས་ཁོང་བཀའ་ཁྲིར་བསླེབ་ན་བསྒྲུབ་བྱ་གསུམ་ཡོད་ཅེས་གསུངས་ལ། དེ་དག་ནི་ཆིག་སྒྲིལ་དང་གསར་བཏོད། རང་མགོ་རང་ཐོན་བཅས་རེད། ཁོང་གིས་འགྲེལ་བཤད་བསྐྱོན་དོན། གཅིག་སྒྲིལ་ནི་ཆོལ་ཁ་དབྱེར་མེད་དང་ཆོས་ལུགས་རིས་མེད། ཕོ་མོ་དབྱེར་མེད་བཅས་ལ་གོ་དགོས། ང་ཚོ་བཙན་བྱོལ་དུ་ཡོང་མཁན་ཐོག་མ་མ་རེད་ལ་མཐའ་མའང་མ་རེད། དཔེ་ཡག་པོར་ལྟ་རྒྱུ་ཡོད་ལ་སྡུག་པོར་ཡང་ལྟ་རྒྱུ་ཡོད། གང་འདྲ་ཞིག་ཏུ་འགྲོ་མིན་ང་ཚོ་རང་ལ་རག་ལས་ཡོད། དཔེ་ཡག་པོར་ལྟ་གི་ཡིན་ན་མི་རིགས་དཀར་པོ་མང་བའི་ལུང་པ་ཨ་རི་ན་མི་རིགས་ནག་པོའི་སྲིད་འཛིན་བདམས་ཡོད། དེ་བཞིན་པ་ལི་སི་ཐན་ལ་བལྟས་ན། ཧི་མ་སི་དང་ཧྥ་པ་སི་བར་དུ་དམག་འཁྲུག་བྱང་སྟེ་མི་གསོད་ཁྲག་སྦྱོར་བྱས་པ་རེད། དེ་དཔེ་སྡུག་པོ་རེད། དེར་བརྟེན་ལོ་ལྔ་བཅུའི་རྗེས་དང་། དུས་རབས་ཉེར་གཅིག་འདིར་ད་དུང་ཞེན་ཁོག་དང་ཆོས་བརྒྱུད་དབྱེ་འབྱེད། ཕོ་མོ་དབྱེ་འབྱེད་བྱས་ན་ང་ཚོ་དུས་རབས་བཅུ་དགུ་བར་ཕྱིར་ནུར་བྱེད་ཀྱིན་པ་ལས་དུས་རབས་ཉེར་གཅིག་པར་འགྲོ་གི་མེད།

གསར་བཏོད། གཞི་རྩའི་བཙན་བྱོལ་གཞུང་དུ་ལོ་ལྔ་བཅུའི་རིང་ལས་འགུལ་མང་བོ་སྤེལ་ཡོད། དེ་དག་མུ་མཐུད་དེ་གནས་དགོས་ལ་ཡར་རྒྱས་གཏོང་དགོས། ཡིན་ནའང་། བཀའ་ཤག་གསར་བར་བསྐྱར་ཞིབ་བྱེད་སྐབས་ཆད་པ་དང་ལྷག་པ་ལྟ་བུ་ཡོད་ཚེ། གསར་བཏོད་ཐོག་དེང་དུས་དང་བསྟུན་ནས་གོ་སྐབས་འཇུས་ཏེ་ཡར་རྒྱས་གཏོང་རྒྱུ་གལ་ཆེན་པོ་རེད། རང་མགོ་རང་ཐོན། ལོ་ལྔ་བཅུའི་རིང་ཕྱི་ལ་མང་བོ་རེ་བསྡད་པ་དང་ཕྱི་ལ་བསྟུན་དགོས་བྱུང་ཡོད། ང་ཚོའི་ཕ་མ་རྒས་འཁོགས་ཚོ་དང་ཐོག་འདིར་ཡོང་དུས་རྒྱ་གར་སྐད་ཤེས་ཀྱི་མེད་ལ། ཕར་ཚུར་འགྲོ་སྟངས་ཤེས་ཀྱི་མེད་སྟབས་མི་ལ་མི་རེ་ག་མེད་རེད། ལོ་ལྔ་བཅུའི་མཚམས་འདིར་ང་ཚོས་ད་དུང་རྒྱ་གར་སྐད་ཤེས་ཀྱི་མེད། འཛམ་གླིང་གི་འགྲོ་སྟངས་ཤེས་ཀྱི་མེད་ཟེར་བའི་དུས་ཚོད་ཡོལ་ཚར་བར་བརྟེན། རང་མགོ་རང་ཐོན་གྱི་ལམ་དུ་འགྲོ་བའི་མགོ་འཛུགས་དགོས་ཞེས་གསུངས།

 

སྤེན་པ་ཚེ་རིང་མཆོག་གིས། ད་ལྟའི་བཀའ་ཤག་གི་སྲིད་བྱུས་མང་ཆེ་བ་རྒྱུན་འཁྱོངས་བྱ་རྒྱུ་དང་། ༧གོང་ས་མཆོག་གི་ཆབ་སྲིད་ཙམ་མིན་པར་དུས་རྒྱུན་བཀའ་སློབ་གནང་བཞག་པའི་དགོངས་གཞི་གང་ཡོད་པ་དག་འགྲུབ་ཆེད་འབད་བརྩོན་མཐའ་གཅིག་ཏུ་བྱ་རྒྱུ། བོད་རྒྱ་འབྲེལ་མོལ་དབུ་མའི་ལམ་གྱི་སྲིད་བྱུས་མཇུག་སྐྱོང་དགོས་པས། དེར་མུ་མཐུད་དེ་བསྐྱོད་རྒྱུ་དང་མདུན་སྐྱོད་བྱ་རྒྱུ། བུད་མེད་ཀྱི་ནུས་ཤུགས་སྤེལ་བའི་སྐད་ཆ་ག་ཚོད་བཤད་ཀྱང་དབང་ཆ་ཡོད་སར་བུད་མེད་མ་བསླེབ་ན་ནུས་པ་གང་ཡང་ཐོན་ཐུབ་ཀྱི་མེད་སྟབས། གལ་སྲིད་ང་བཀའ་བློན་ཁྲི་པར་བསླེབ་ན་བུད་མེད་གསུམ་བཀའ་བློན་ནང་དུ་བསྐོ་འཇོག་བྱ་རྒྱུ་ཡིན་ཞེས་དང་། བཀའ་ཤག་ལ་སྲིད་བྱུས་གང་ཡོད་ནའང་དེ་བསྒྲུབ་མཁན་ལས་བྱེད་དག་རེད། ངའི་གཤིས་ཀའི་སྟེང་ནས་ལས་བྱེད་ལ་འདྲིས་པོ་ཡོད་ལ། ཁོང་ཚོའི་གནས་སྟངས་ཡག་ཏུ་གཏོང་རྒྱུ་དང་ཁོང་ཚོའི་རྣམ་དཔྱོད་རྩལ་དུ་འདོན་པའི་གོ་སྐབས་སྤྲོད་རྒྱུ་ཡིན། ཞེས་དང་།

དེ་བཞིན་འདས་པའི་ལོ་འདི་གར་བོད་མི་འདུས་སྡོད་ཀྱི་ས་གནས་ཕལ་ཆེ་བར་ཕྱིན་ཏེ་གནས་སྟངས་ཤེས་ཀྱི་ཡོད་སྟབས། གཞུང་མང་བར་ལ་འབྲེལ་ལམ་དམ་དུ་གཏོང་རྒྱུ་དང་གཞིས་ཆགས་སྲ་བརྟན། བོད་ཀྱི་ཆོས་དང་རིག་གཞུང་གོང་འཕེལ་དུ་གཏོང་བ། ལྷག་པར་དུ་བོད་ནང་དུ་ག་རེ་བྱེད་ཐུབ་ཀྱི་འདུག ཆབ་སྲིད་ཙམ་མིན་པར་དེ་མིན་པའི་བརྒྱུད་ལམ་གཞན་ནས་ག་རེ་བྱེད་ཐུབ་ཀྱི་ཡོད་མེད་ཐད་བསམ་བློ་འཁོར་གྱི་འདུག་ལ། བཀའ་བློན་ཁྲི་པར་བསླེབ་ན་དེ་བས་ཀྱང་གལ་ཆེ་བར་འབད་བསྒྲུབ་བྱ་རྒྱུ། རྒྱ་ནག་གི་སྤྲུལ་སྐུ་ངོས་འཛིན་གྱི་ལམ་ལུགས་གསར་བ་སོགས་ལ་ཁ་གཏད་གཅོག་པའི་ཆོས་དོན་ལྷན་ཁང་ཡར་རྒྱས་གཏོང་རྒྱུ་དང་བཀའ་ཤག་གིས་གཏན་ལ་ཕབས་པའི་ཤེས་ཡོན་སྲིད་བྱུས་ཀྱི་ལངས་ཕྱོགས་རྒྱུན་འཁྱོངས། དཔལ་འབྱོར་འདུ་འགོད་ཆེད་དམིགས་སུ་བཀར་ནས་དཔལ་འབྱོར་འདུ་འགོད་ཀྱི་ལས་བྱེད་བསྐོ་བ། བོད་ནས་གསར་དུ་འབྱོར་བ་དང་བཙན་བྱོལ་གྱི་མི་ཉམས་ཐག་ལ་རོགས་རམ་སོགས་ཀྱི་ཐད་ནུས་པ་འདོན་རྒྱུ་སོགས་ཡིན་གསུངས།

 

བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་གིས། གཙོ་བོ་བཀའ་བློན་ཁྲི་པར་སུ་བསླེབ་ནའང་བོད་གཞུང་གི་སྲིད་བྱུས་ལམ་སང་བསྒྱུར་བ་ཐུབ་ཀྱི་མེད། གཙོ་བོ་༧གོང་ས་མཆོག་དབུ་ལ་བཞུགས་ཡོད་ལ། ༧གོང་ས་མཆོག་གིས་ལམ་སྟོན་གནང་གི་རེད། ཁོང་གིས་རྒྱལ་ཁབ་དང་མི་མང་གི་ཆེད་དུ་བཀའ་གནང་བ་དེ་གཙི་སྲུང་བྱས་ཏེ། ང་ཚོས་ལས་འགན་བསྒྲུབ་ཀྱིན་ཡོད་ལ། ད་ལྟ་ཡང་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱིས་གཙོ་བོ་༧གོང་ས་མཆོག་གིས་བོད་ཀྱི་རྩ་དོན་བསྒྲུབ་ཆེད་དུས་ནས་དུས་སུ་ཡེ་ཤེས་དབྱངས་དཔྱད་གནང་རོགས་ཞེས་འབོད་སྐུལ་ཞུས་བསྡད་ཀྱིན་འདུག དེ་བཞིན་ང་ཚོའི་མང་གཙོའི་ལམ་སྲོལ་ནང་། མི་མང་གི་བསམ་ཚུལ་ཡང་གྲོས་ཚོགས་བརྒྱུད་ནས་ཡོང་དགོས་ཀྱི་ཡོད་ལ། མི་མང་གི་བསམ་ཚུལ་ལའང་ཚང་མས་ལྟ་དགོས་ཀྱི་ཡོད། དེར་བརྟེན་བཀའ་བློན་ཁྲི་པར་སུ་བསླེབ་ནའང་ཡར་༧གོང་ས་མཆོག་གི་བཀའ་རེད་ཅེས་དང་། མར་མང་ཚོགས་ཀྱི་བསམ་ཚུལ་རེད་ཅེས་བར་མ་བར་ནས་མཁས་པོ་བྱས་ནས་འདུག་ས་མེད་པ། མི་སུ་ཡིན་རུང་བོད་ཕྱི་ནང་གཉིས་ཀྱི་གནས་ཚུལ་མཁྱེན་གི་རེད་ལ། བཙན་བྱོལ་བོད་གཞུང་མང་གི་གནས་སྟངས་མཁྱེན་གི་རེད་ཅེས་དང་།

དེང་སྐབས་བཀའ་བློན་ཁྲི་པར་བསླེབ་ན་ག་རེ་བྱ་རྩིས་ཡིན་ཟེར་ནས་བཀའ་འདྲི་གནང་གི་འདུག ང་ཚོ་མང་གཙོའི་ལམ་ལུགས་སྟེང་འགྲོ་གི་ཡོད་ནའང་། རྒྱལ་ཁབ་ཡོད་པ་ནང་བཞིན་ངས་འདི་བྱ་རྒྱུ་ཡིན། གན་འཇོན་གི་ཡོད་ཟེར་ན་ལན་པོ་ཡོད་པ་མ་རེད། རྒྱལ་ཁབ་གཞན་པའི་སྲིད་འཛིན་ཚོར་མཐུན་རྐྱེན་འཛོམས་སྟབས་ཁས་ལེན་བྱས་པ་དེ་ཚོ་ལམ་སང་བསྒྲུབ་ཐུབ་གི་ཡོད་མོད། ང་ཚོ་བཙན་བྱོལ་གཞུང་གི་ནང་དུ་བཀའ་བློན་ཁྲི་པར་སུ་ཕེབས་ནའང་ཁས་ལེན་མང་བོ་གནང་ཚེ་དེ་ཚོ་བསྒྲུབ་ཐུབ་གི་མ་རེད། དེ་དངོས་ཡོད་གནས་ཚུལ་ཡིན་སྟབས་ཚང་མས་མཁྱེན་དགོས། གཙོ་བོ་བཀའ་བློན་ཁྲི་པའི་ལས་འགན་བོད་ཀྱི་ཆབ་སྲིད་དང་བོད་ཀྱི་རྩ་དོན་བསྒྲུབ་རྒྱུའི་ལས་འགན་རེད་ཅེས་གསུངས།

 

རྒྱ་རི་སྒྲོལ་མ་མཆོག་གིས་གསུངས་དོན། ད་ལྟའི་བར་དུ་ང་ཚོར་བཀའ་ཤག་གི་སྲིད་བྱུས་ཟེར་རྒྱུ་གང་ཡང་མེད་པར། བཀའ་ཤག་གསར་བ་བསླེབ་སྐབས་སྤྱི་འཐུས་གྲོས་ཚོགས་ཀྱི་སྲིད་བྱུས་གསར་བ་བསྣམས་ཕེབས་ཀྱིན་ཡོད་སྟབས། གྲོས་ཚོགས་ཀྱིས་གཏན་ལ་ཕབས་པའི་བོད་གཞུང་གི་སྲིད་བྱུས་ཆགས་ཀྱི་ཡོད། ང་ཡང་གཏན་ལ་ཕབས་པའི་སྲིད་བྱུས་མང་བོར་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་པས། དེ་དག་ཚང་མར་ལམ་སང་བསྒྱུར་བ་གཏོང་དགོས་པ་རེད་བསམ་གི་མེད་མོད། སྲིད་བྱུས་གང་འདྲ་ཞིག་ཡིན་རུང་དུས་སྐབས་དང་དངོས་ཡོད་ཀྱི་དགོས་དོན་འགྲུབ་ཀྱི་ཡོད་མེད་ལ་བལྟས་ཏེ། བསྒྱུར་བ་གཏོང་དགོས་རིགས་ངེས་པར་དུ་བསྒྱུར་བ་གཏོང་གི་ཡིན།

བཙན་བྱོལ་བོད་གཞུང་གི་ལས་འགན་གཙོ་བོ་བཅའ་ཁྲིམས་ནང་དུའང་འཁོད་ཡོད་ལ། བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ལས་འགན་དང་པོ་དེ་ཆབ་སྲིད་ཀྱི་བདེན་མཐའ་གསལ་བ་བྱ་རྒྱུ་དང་། བོད་ནང་དུ་གཞིས་ལུས་བོད་མི་རྣམས་དཀའ་ངལ་དང་སྡུག་བསྔལ་ལས་སྐྱོབ་ཐུབ་རྒྱུ་ནི་ང་ཚོ་བཙན་བྱོལ་བོད་མིའི་ལས་འགན་ཆེ་ཤོས་ཆགས་ཡོད། བཙན་བྱོལ་དུ་ཡོད་པའི་མི་མང་གི་བདེ་སྡུག་སེལ་རྒྱུ་ནི་གཞུང་གི་ལས་འགན་ཆགས་ཡོད། ཡིན་ནའང་། བོད་ཀྱི་ཆབ་སྲིད་བདེན་མཐའ་གསལ་ཆེད་ད་ལྟ་༧གོང་ས་མཆོག་གི་དགོངས་གཞི་ལས་ལྷག་པ་ཞིག་འཇོན་གི་ཡོད་ཟེར་ནས་ཞུ་རྒྱུ་གང་ཡང་མེད་མོད། ངས་ཧམ་བཤད་མིན་པར་༧གོང་ས་མཆོག་གི་དགོངས་གཞི་གང་ཡིན་པའི་ཐོག་ཏུ་ལས་ཀ་བྱེད་ཀྱི་ཡིན་ཞེས་ད་ལྟའི་བར་དུ་ཞུས་ཡོད་ལ། མ་འོངས་པར་བྱ་ཐུབ་པའི་གདེང་ཚོད་དང་ཡིད་ཆེས་ཡོད།

བོད་ནང་གི་བོད་མི་ཚོ་དང་མཉམ་དུ་འབྲེལ་བ་བྱས་ཏེ་མཉམ་རུབ་ཀྱི་ཐོག་ནས་འགྲོ་དགོས་པ་གལ་ཆེན་པོ་རེད། ང་སྤྱི་འཐུས་བྱས་ཏེ་ལོ་བཅུ་དགུ་ཕྱིན་ཏེ་མི་མང་གི་དཀའ་ངལ་ཤེས་ཀྱི་ཡོད་ལ། ངྷ་སར་ཡོད་པའི་བོད་མི་གསར་འབྱོར་བ་མང་བོ་ཞིག་ལ་སྡོད་གནས་དང་ཟ་འཐུང་གི་དཀའ་ངལ་ཡོད་སྟབས། བོད་གཞུང་གིས་རོགས་སྐྱོར་གནང་གི་མེད་པ་མིན་ནའང་། སྐབས་རྗེས་མའི་བཀའ་ཁྲིར་མི་སུ་བསླེབ་ནའང་སྔར་ལས་ལྷག་ཅིག་གནང་དགོས་ཀྱི་འདུག དེ་བཞིན་གཞིས་ཆགས་ཁག་ཡིན་ནའང་དཀའ་ངལ་མང་བོ་ཡོད་སྟབས། གནས་སྟངས་ཚང་མ་ཤེས་པའི་ཐོག་ནས་འགྱུར་བ་གཏོང་དགོས་ཀྱི་འདུག་ཅེས་གསུངས།

 

གསར་འགོད་པ། ཨ་རིག་འགྱུར་མེད།

པར་བ། དོན་གོ

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 22

  1. ནོར་འཛིན་དོན་འགྲུབ། says:
    ལོ་ 15 སྔོན།

    དངོས་གནས་ཁྱེད་རང་ཚོ་ཁ་རྩོད་སྣ་རྩོད་ཡག་ལ་་་་་

    Reply
  2. ཁ་བའི་འོད་མདངས། says:
    ལོ་ 15 སྔོན།

    སྐུ་དྲག་རིང་ལུགས་དང་རང་གི་ཁྱིམ་གཞིས་རང་གི་སྐུབས་སྟེགས་སྲ་བརྟན་དང་ཁེ་ཕན་ཆེད་མཁས་དབང་བློ་བཟང་སེང་གེ་ལ་དངོས་ཤུགས་ཅི་རིགས་ཀྱི་སྒོ་ནས་གནོད་ཤུགས་སྤྲོད་མཁན་མི་སྣ་མང་པོ་འདུག་པས་དེ་དག་གིས་བོད་མི་མང་གི་བདེ་སྡུག་ཨང་གཉིས་པ་གཞག་འདུག་པས་བློ་དང་ལྡན་པ་རྣམས་ཀྱིས་ཡིད་གཟབ་གནང་རོགས

    Reply
  3. ཕ་ལམ་ནག་པོ། says:
    ལོ་ 15 སྔོན།

    གཞོན་སྐྱེས་དབུ་ཁྲིད་དགོས་ན་བློ་བཟང་སེང་གེ་ལ་བློ་ཁ་ཕྱོགས།
    ང་ཚོའི་སྤྱི་ཚོགས་གསར་བརྗེ་དགོས་ན་བློ་བཟང་སེང་གེ་འོས་བླུགས།

    Reply
  4. ྦསྦྲ་ནག་ཚང་། says:
    ལོ་ 15 སྔོན།

    རང་མགོ་རང་ཐོན། དང་རང་མགོ་གང་ཐོན་། གཉིས་ལ་ཁྱད་པར་ཡོད་དམ།

    Reply
  5. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    བློ་བཟང་སེངྒེ་ལགས་ཀྱི་བཀའ་མོས་ལ་དཔྱད་པ་ཞིག་བྱས་པ་ཡིན་ན་མགོ་འདྲེན་དང་ལྟ་སྒོ་ཡོད་མཁན་དག་ལ་མཁེ་བཟང་ཆེ་བཞིན་ཁེས་མེད་ཉམས་ཆུང་བའི་མི་མང་ནི་ག་རེ་བྱས་ཀྱང་བྱས་གསུང་གི་འདུག
    ཁོང་གི་བསྒྲུབ་བྱ་གསུམ་གསུང་ཡོད་པའི་དང་པོ་ནི་རབ་གསུམ་རབ་ལ་བྱུང་ན་ཆོལ་ཁ་གསུམ་ཆིག་སྒྲིལ་ལ་འབད་པ་བྱ་རྒྱུ་ཡིན་ཟེར་བ་བལྟ་བུ་ནི་རྟག་ཏུ་༧གོང་ས་མཆོག་གི་བཀའ་སློབ་འཕེབས་ལྟར་བོད་མི་རིགས་བརྒྱ་ཆ་དགུ་བཅུ་གོ་དགུའི་རྒྱབ་བསྐྱོར་ཐོབ་རེའི་དམིགས་ཡུལ་བཅངས་བ་ལས་ཁོང་གི་ཆབ་སྲིད་ཀྱི་ལངས་ཕྱོགས་དངོས་མིན་པ་གསལ་པོ་རེད།
    གཉིས་པ་ནི་ཁོང་གི་གསར་བཏོད་བཞེས་པ་དེ་ཡང་དེང་དུས་ཀྱི་གཞོན་ནུ་ཆབ་སྲིད་ཀྱི་ཁ་ཕྱོགས་བོར་བའི་གང་དྲན་ལག་ཏུ་ལེན་པ་མི་རིགས་དང་རིགས་གནས་མི་སེམས་པ་མང་པོ་ཞིག་ང་ཚོའི་སྤྱི་ཚོགས་ནང་འཕེལ་དང་འཕེལ་བཞིན་པ་དེ་དག་གི་འདོད་བློར་བསྟུན་ནས་གསུང་པ་ལས་ཁོང་གིས་ཆབ་སྲིད་ཀྱི་ལངས་ཕྱོགས་ངོ་མ་མིན།
    གསུམ་པ་རང་མགོ་རང་ཐོན་ཞེས་པ་དེ་ནི་དངོས་གནས་ཁོང་གི་ལོ་མང་རིང་དཀའ་དཔྱད་འབད་པ་དུ་མས་བསགས་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་ངོ་མ་དེ་ཡིན་གང་ལ་ཞེ་ན་ད་བར་མི་ལོ་དུ་མའི་རིང་ལངས་ཕྱོགས་འདི་བཟུང་ནས་ཨ་རིར་བཞུགས་པ་ནི་ཀུན་གྱི་མཁྱེན་གསལ་མ་རེད་པས། ཧཧ

    Reply
  6. བསྟན་འཛིན་འཕགས་པ། says:
    ལོ་ 15 སྔོན།

    ཁ་སང་དགོང་མོ་བདག་ལ་སྤྲོ་བ་ཞིག་སླེབས་པ་ནི་ ང་བཀའ་ཁྲི་ང་བཀའ་ཀྲི་ཟེར་ནས་འགྲིན་རྩོད་བྱེད་པ་དེ་ཡིན་ ཁོང་རྣམས་པ་བཞིའི་ནང་མ་འོང་སྐབས་གསུམ་པའི་བཀའ་ཁྲི་འོས་ཤོས་ཤེས་འཇོན་གཉིས་ལྡན་གྱི་སློབ་དཔོན་ཆེན་པོ་མཁས་དབང་བློ་བཟང་སེང་གེ་མཆོག་མཐོང་སོང་ གཞན་རྣམས་ངོ་དགའ་སྤྲེ་ལེགས་ལས་གཞན་མ་མཐོང་ངོ་།།

    Reply
  7. གངས་སྤྲེལ་ཚ། says:
    ལོ་ 15 སྔོན།

    བཀྲས་མཐོང་བསྟན་འཛིན་ལགས་དངུལ་དགའ་དྲག་པས་ཡང་བསྐྱར་བཀའ་ཁྲིར་མི་ཕེབས་པའི་སྨོན་དང་ཕེབས་སོང་ན་བཙལ་བྱོལ་ཚང་སྤྲང་པོ་འགྲོ་བའི་ཉེན་ཁ་ཡོད། རྒྱ་རི་སྒྲོལ་མ་ལགས་ལྐོག་ནས་དཀྲུག་ཤིང་དང་སྤྱི་ཚོགས་གཏོར་བ་ལ་ཧ་ཅང་བྱང་ཆ་ཆེ་བས་ཁོང་བཀའ་ཁྲིར་མི་ཕེབས་པའི་སྨོན་ལམ། སྤེན་པ་ཚེ་རིངལགས་ངམོན་མངོན་རིག་རིག་ལ་གཏོར་བཤིགས་བྱེད་ལ་དཔའ་བས་ཁོང་བཀའ་ཁྲིར་མི་ཕེབས་པའི་སྨོན་ལམ། ཁོང་གལ་སྲིད་བཀའ་བློན་ལ་ཕེབས་སྔར་གྲོས་ཚོགས་གཏོར་བ་བཞིནབཙན་བྱོལ་གཏོར་ངེས། ཁོང་གསུམ་སུ་ཞིག་བཀའ་ཁྲིར་ཕེབས་ན་ཁྱིམ་རྒྱུད་དང་རྒྱབ་ནོན་གྱིས་ཕེབས་པ་ལས་ཤེས་འཇོན་གྱིས་ཕེབས་མེད་པ་མངོན་གསལ་རེད། སྤྲང་ཕྲུག་བློ་བཟང་སེང་གེ་བཀའ་ཁྲིར་བཞེངས་ཐུབ་ན་རེ་བ་ཅུང་ཞིག་ཡོད་པ་འདྲ། གཞོན་སྐྱེས་ཚོས་བསམ་གཞིག་གནང་རོག།

    Reply
  8. མདོ་ལའི་འཁྱམས་པོ། says:
    ལོ་ 15 སྔོན།

    འདི་ནི་ང་ཚོས་མང་གཙོ་ཡང་དག་པའི་ལམ་ཁར་བསྐྱོད་རྒྱུའི་སྤོབ་པ་དང་མདུན་སྐྱོད་ཆེན་པོ་ཡོད་པའི་རྟགས་མཚན་ཡིན་པ་ངས་འདིར་བཤད་མི་དགོས། མཐའ་དོན་བཀའ་ཁྲིར་སུ་བསླེབ་ཡང་༧གོང་ས་མ་བཞུགས་ཚེ་ང་ཚོ་བོད་པའི་ཁ་ཕྱོགས་གང་འགྲོ་དང་བོད་རྒྱའི་གནད་དོན་ཐག་གཅོད་བྱེད་ཕྱོགས་ལ་ཐུགས་རྒྱ་ཆེན་པོ་བཞེས་རྒྱུ་དེ་གཙོ་བོའི་ནང་གི་ཧལ་ཆེན་པོ་ཡིན་པར་འདོད།

    Reply
  9. ཀ་མིང་ཅན་པ། says:
    ལོ་ 15 སྔོན།

    ཧཧཧཧ་་རང་བསྟོད་གཞན་ངོ་སྲུང་པ་དགོས་ན་རྒྱ་རི་སྒྲོལ་མ་མཆོག
    ཁ་མཁས་གཡོ་སྒྱུ་ཆེན་པོ་དགོས་ན་སྤེན་པ་ཚེ་རིང་མཆོག
    མགོ་བདེ་ལག་ལེན་འདྲ་ཆགས་དགོས་ན་བསྟན་འཛིན་རྣམ་རྒྱལ་མཆོག
    དེང་དུས་ཤེན་འཇོན་གཉིས་ལྡན་དགོས་ན་བློ་བཟང་སེང་གེ་མཆོག

    Reply
  10. ཇོ་བོ་རྣམས་གཉིས། says:
    ལོ་ 15 སྔོན།

    ངའི་བསམ་ཚུལ་ལ་ཁྱེད་རྣམས་པས་ང་བཀའ་ཁྲི་ཡིན་ཚེ་དེ་དང་དེ་སྒྲུབ་ཀྱི་ཡིན་ཞེས་མང་དག་ཅིག་གསུངས་་པ་ལས། དེ་སྔོན་སྒྲུབ་མ་ཚར་བའི་ཆར་གཞི་མང་དག་། དཔེར་ན། གཞིས་ཆག་སྲ་བརྟན་དུ་གཏོང་བ་སོགས་ལུས་སྡད་པ་དེ་དག་མུ་མཐུད་སྒྲུབ་ན་ལེགས། གལ་སྲིད་ཀློག་པ་པོ་ཁག་ཅིག་ལ་དེའི་ཐད་མི་ཐད་པ་དང་ཡང་ན་དེའི་གོ་ཐོས་དང་ཉམས་མྱོང་ཡོད་ཚེ་དྲ་སྟེང་དུ་རིག་པ་མང་ཙམ་འདོན་རོག་ཞུ།

    Reply
  11. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    བསྟན་རྣམ་ལགས་མི་ཕྱག་རྗེས་ཅན་ཞིག་རེད། སྤེན་ཚེ་ལགས་རྒྱལ་བའི་བཀའ་དང་མི་བརྒལ་ཟེར། རྒྱ་སྒྲོལ་ལགས་མི་ཉམས་མྱོང་ཅན་ཞིག་རེད། བློ་སེང་ལགས་གསར་གཏོད་ཅན་ཞིག་ཡིན་ཟེར། ལྔ་པ་ཞིག་གིས་་་་་་་་་

    Reply
  12. འབྲོང་སར་ཚེ་ཉི། says:
    ལོ་ 15 སྔོན།

    ང་ཚོའི་ནམ་རྒྱུན་བཤད་ཡག་ལ་ རྒྱ་ནག་དཔོན་རིགས་ནང་ལ་གཞོན་སྐྱེས་ཞྀག་སླེབ་པ་ཡིན་ན་ང་ཚོའི་བདེན་མཐའ་སེལ་ཡག་ལ་རེ་བ་ཆེ་རུ་འགྲོ་གི་བཤད་ཀྱིན་ཡོད་ དེ་མཚུང་བཙན་བྱོལ་བོད་གཞུང་གི་སྲིད་བློན་ནམ་བཀའ་ཁྲི་དེ་ལ་ངེས་པར་དུ་གཞཽན་སྐྱེས་ཞྀག་དགོས་ངེས་རེད་

    Reply
  13. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ཁོང་བཞི་ལས་གཞན་པ་ལྔ་པ་ཞིག་བཀའ་ཁྲིར་མི་འོས་མིར་མེད་པ་ཐག་བཅད་ཟིན་པ་ཡིན་ནམ།

    Reply
  14. ཨརྱ། says:
    ལོ་ 15 སྔོན།

    ངོ་མ་ཡག་པོ་རེད་རྗེས་སུ་དེ་སྐབས་ཀྱི་དྲི་བ་དང་དྲིས་ལན་དག་དུས་བབས་སྟེང་འགོད་ཐུབ་ན་ཧ་ཅང་བཟང་སྒུགས་ནས་སྡོད་རྒྱུ། ཡང་མིན་ན་དྲ་ངོས་སུ་བཀོད་ནའང་འགྲིག་ས་རེད།

    Reply
  15. འོས་ལངས། says:
    ལོ་ 15 སྔོན།

    བཀའ་བློན་ཁྲི་པ། བཀའ་བློན་ཁྲི་པ།
    རྒྱལ་བའི་རྗེས་འཇུག་པ་ཞིག་དགོས་ན་སྤེན་པ་ཚེ་རིང་ལེགས།
    ཁ་བདེ་འདྲ་ཆགས་ཤིག་དགོས་ན་བློ་བཟང་སེང་གེ་ལེགས།
    སུར་ཡང་ལྟོས་མེད་ཅིག་དགོས་ན་བསྟན་འཛིན་རྣམ་རྒྱལ་ལེགས།
    ངུ་བཞིན་བཤད་མཁན་ཞིག་དགོས་ན་རྒྱ་རི་སྒྲོལ་མ་ལེགས།

    Reply
  16. ཤྰ་རིའི་བུ། says:
    ལོ་ 15 སྔོན།

    ད་ནི་མདུན་ལམ་ལ་བསྐྱོད་བཞིན་འདུག་པའི་དགའ་བ་བླ་མེད་ཆེ་ཆེ།
    ཁོང་རྣམ་པ་བཞི་ཀའི་ལྷག་བསམ་གཏན་པོ་ཡིན་པའི་ཡིད་ཆེས་ཡོད་པའི་ཐུགས་འདོད་བདེ་བླག་དུ་འགྲུབ་པའི་མཆོག་གསུམ་ལ་གསོལ་འདེབས་ཞུ།།

    Reply
  17. བྱམས་རྒྱལ། says:
    ལོ་ 15 སྔོན།

    སྲོང་བཙན་བུ་ཁྱེད་ཀྱིས་རྣམ་རྟོག་མ་སློང་རོགས་ཐུགས་རྗེ་གཟིགས་
    བཀྲས་མཐོང་གི་སྐད་ཆ་དེ་བཀའ་བློན་སུ་སླེབས་ན་འགྱུར་བ་གཏོང་ཐུབ་ཀྱི་མ་རེད་ཟེར་ ༧ གོང་ས་མཆོག་གི་ལམ་སྟོན་གནང་གི་རེད་ཟེར།
    ཡང་སྐད་ཆ་སྔ་ཕྱི་མི་མཚུངས་པ་བཀའ་བློན་ཁྲི་པར་སུ་བསླེབ་ནའང་ཡར་༧གོང་ས་མཆོག་གི་བཀའ་རེད་ཅེས་དང་། མར་མང་ཚོགས་ཀྱི་བསམ་ཚུལ་རེད་ཅེས་བར་མ་བར་ནས་མཁས་པོ་བྱས་ནས་འདུག་ས་མེད་པ་ཟེར་ནས་སྐད་ཆ་སྔ་ཕྱི་མི་མཚུངས་པ་ཤོད་པ་འདི་ལ་སྐད་ཆ་ལྗེད་གོག་ཆེ་ཤོས་རེད་ཟེར་གི་ཡོད་པས།

    ༧གོང་ས་མཆོག་དགུང་ན་མཐོ་པོ་ཕེབས་ཚར་བ་རེད་ བཀའ་བློན་སུ་ཕེབས་ནའང་ལམ་སེང་འགྱུར་བ་གཏོང་ཡ་དེ་འདྲ་གས་ཡོད་མ་རེད་ ཚང་མས་ཤེས་གསལ་རེད་ འོན་ཀྱང་རྣམ་དཔྱོད་ཀྱི་རྩལ་ལ་བརྟེན་ནས་གོམ་གང་མདུན་སྤོས་ཀྱི་བསམ་བློ་གཅིག་ཀྱང་མེད་པ་ གྲགས་འགུལ་གཅིག་ཀྱང་མེད་པ་སྡོད་འདོད་ཀྱི་མི་ལ་ལྗེད་གོག་མཐོང་གི་ཡོད་པས། དེ་འདྲ་ཡིན་ན་བཀའ་ཁྲི་མེད་ནའང་འགྲིག་གི་འདུག་བ་
    རྒྱ་ནག་གི་ཁྲིམས་ལ་ཡོད་པའི་རང་སྐྱོང་དེ་དགོས་ཡོད་ཟེར་གི་ཡོད་དུས་ད་ཁྲིམས་ཐོག་ནས་རྩོད་ཡ་དེ་རེད་ མི་བུ་བློ་སེང་ལ་རན་པ་ཞིག་སུ་འདུག་། མི་རྙིང་དང་ བསམ་རྙིང་ སྔར་བཀའ་ཁྲི་ཡིན་བཞིན་པ་ལ་ལས་ཀ་གཡུག་བཞག་མཁན་ཞིག་ལ་ ལྗེད་གོག་ག་རེ་འདུག་

    Reply
  18. མཐའ་མཚམས་ཀྱི་ཕོ་ཉ། says:
    ལོ་ 15 སྔོན།

    དངོས་གནས་ཁ་སང་དགོང་མོའི་རྣམ་པ་འདི་༧གོང་ས་མཆོག་གིས་ལོ་ངོ་ལྔ་བཅིག་རིང་ལ་བོད་མི་རིགས་ལ་བཅངས་པའི་ཐུགས་རེ་ནང་གི་གལ་འགངས་ཧ་ཅང་ཆེ་བ་ཞིག་ཡིན་ལ་རྣམ་པ་འདི་༧ཁོང་གིས་གཟིགས་ན་ཐུགས་དགྱེས་པ་ཐེ་ཚོམ་མེད་ལ་གཞིས་ལུས་མི་མང་གིས་མཐོང་ན་ཇི་འདྲའི་དགའ་བ་ལ།
    ཁོང་རྣམས་པ་བཞིས་བོད་མི་རིགས་ལ་བཅངས་པའི་ལྷག་བསམ་དང་བརྩེ་བ་ཞིག་གིས་རང་ཉིད་ཀྱི་བློས་བཏང་ཆེན་པོ་བྱས་ཏེ་བཀའ་ཁྲིའི་འོས་མིར་བོད་མི་མང་གི་མདུན་དུ་ལངས་ནས་གཏམ་བཤད་སྤེལ་བ་འདི་དངོས་གནས་དགའ་སྤྲོ་དང་སྤབས་སེམས་སྔར་ལྷག་འཕེལ་བའི་རྒྱུ་མིན་ན་གང་རེད།
    ཁོང་རྣམ་པ་བཞི་ལ་བོད་མི་ཡོངས་ནས་དགའ་བསུ་ཚད་མེད་ཞུ་དགོས་པ་ལོ་རྒྱུས་ཀྱིས་ང་ཚོར་འཁྲི་བའི་འགན་དབང་བླ་མེད་ཅིག་རེད།

    Reply
  19. ཨ་མྱེ་རྫ་རྒྱ་ says:
    ལོ་ 15 སྔོན།

    མང་གཙོ་གོང་འཕེལ་ན་གཞོན་དང་བླངས་རུ་ཁག་དང་ཕ་ཡུལ་དྲ་བ་ཟུང་གི་གོ་སྒྲིག་བྱས་པར་ཐུགས་རྗེ་ཆེ་ཡག་པོ་འདུག

    Reply
  20. རས་པ། says:
    ལོ་ 15 སྔོན།

    བགྲོ་གླེང་འདིའི་སྟེང་བགྲོ་བའམ་བཀའ་ཁྲིར་དངས་བླངས་མི་སྣ་དག་གིས་མ་འོངས་པའི་བཀའ་ཤག་ཅི་འདྲ་ཞིག་འཛུག་རྒྱུ་ཡིན་པའི་སྐོར་ལ་ཁྲིམས་ལུགས་ཆེད་མཁས་པ་བློ་བཟང་སེང་གེ་ལགས་ཀྱི་ཆིག་་སྒྲིལ་གྱི་བཀའ་ཤག་ཤིག་འཛུགས་རྒྱུ་ཡིན་སྐོར་འགྲེལ་བཤད་དང་བཅས་གསུངས་པ་དང་། གྲོས་ཚོགས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱིས་ནུས་པ་སྤུངས་པའི་བཀའ་ཤག་ཤིག་འཛུགས་རྒྱུ་ཡིན་པའི་སྐོར་གཏན་ཚིགས་ལྡན་པའི་ངང་གསུངས། གྲོས་ཚོགས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་གིས་མཉམ་ལས་ཀྱི་བཀའ་ཤག་གིས་འཛུགས་རྒྱུ་ཡིན་སྐོར་གསུངས་ཡོད་པ་བཅས་སོ།

    Reply
  21. ཨ་རིག་འགྱུར་མེད། says:
    ལོ་ 15 སྔོན།

    ཁ་སང་དགོང་མོར་ང་ལ་སྤོབས་པ་ཞིག་སྐྱེས་བྱུང་། ང་ལ་སྐྱེས་པའི་སྤོབས་པ་ཏན་ཏན་ང་དང་ང་ལྟ་བུའི་བོད་མི་གཞན་ཚང་མར་ཡང་བྱུང་ཡོད། ཕྱོགས་གང་ནས་བལྟས་ཀྱང་ང་ཚོ་ལོ་རེ་བཞིན་མངོན་གསལ་དོད་པོའི་ཐོག་མདུན་སྐྱོད་དང་ཡར་རྒྱས་གོང་འཕེལ་དུ་འགྲོ་བཞིན་པ་འདི་རེད། ཁ་སང་དགོང་མོ་ལྟ་བུ་ཡིན་ན་༧གོང་ས་མཆོག་དང་གཞུང་གིས་ངོས་ནས་བཀའ་གནང་བ་ལྟ་བུ་མིན་པར། མི་མང་རང་གིས་རང་འགན་བཞེས་ཏེ་མང་གཙོ་ཚད་ལྡན་གྱི་རྒྱལ་ཁབ་ཚོར་མིག་དཔེར་བལྟས་ཐོག ང་ཚོ་བཙན་བྱོལ་བའི་ཚོད་ཀྱིས་མང་གཙོའི་འགྲོ་སྟངས་སྡོད་ལུགས་ཚགས་ཚུད་དུ་ཡོང་བར་ནུས་ཤུགས་བཏོན་པར་ང་སྤོབས་པ་སྐྱེས་བྱུང་། སེམས་བསམ་པའི་གཏིང་ནས་སྤོབས་པ་སྐྱེས་བྱུང་།

    Reply
  22. རྐང་གསུམ། says:
    ལོ་ 15 སྔོན།

    མི་བུ་ཁྱེད་ཚོ་་་་་འདི་ལྟར་ཡར་ལངས་ནས་སྐད་ཆ་རེ་བཤད་པ་ཙམ་མིན་པར་ལྷག་བསམ་དང་སྙིང་སྟོབས་ཀྱི་རྒྱབ་རི་བརྟན་པོ་ཞིག་དང་ལག་ལེན་དང་སེམས་ཤུགས་ཀྱི་མེ་རི་གཟུམ་ཐབས་མེད་པ་ཞིག་གིས་མདུན་བསུས་ནས་རྡ་སའི་མི་མང་གི་ཁྲོད་ནས་ཡར་བཞེང་ཐུབ་པ་ནི་ཧ་ཅང་དགའ་ནི་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese