མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཁྲི་འོས་འདེམས་དང་མང་ཚོགས་ཀྱི་ལས་འགན། ལྷ་སྡེ་གནམ་ལོ་ཡག

བོད་ཀྱི་དུས་བབ།
༢༠༡༠/༠༩/༡༤
Share on FacebookShare on TwitterShare on EmailShare on Whatsapp

བཀའ་ཁྲི་འོས་འདེམས་དང་མང་ཚོགས་ཀྱི་ལས་འགན།
ལྷ་སྡེ་གནམ་ལོ་ཡག

དུས་ཚོད་ཀྱི་མདའ་སྣེ་དུས་རབས་ཉེར་གཅིག་པའི་ལོ་རབས་བཅུ་བའི་སྒང་འཁོར་མཚམས་བཙན་བྱོལ་སྤྱི་ཚོགས་ཁྲོད་བཀའ་ཁྲིའི་འོས་མི་མ་བརྙེད་པའི་གླེང་ཕྱོགས་ཤུགས་ཆེར་ཁྱབ་རྗེས། ཡང་བསྐྱར་བཀའ་ཁྲིའི་འོས་མི་གདམ་ག་བྱེད་མ་ཤེས་པ་ལྟ་བུའི་སྣང་ཚུལ་ཞིག་ག་ལེར་མང་ཚོགས་ནང་ཁྱབ་ཀྱིན་པར་སྣང་མོད། དོན་ལ་མང་ཚོགས་མི་རེ་ངོ་རེ་ཡིས་བསམ་བློ་ཞིབ་ཏུ་བཏང་བའི་དབང་དུ་བྱས་ན། བོད་དོན་གྱི་མདུན་ལྗོངས་ཕྱོགས་གསུམ་ལ་མ་འདུས་པ་མེད་ཅིང་། མདུན་ལྗོངས་དེའི་ཁྲོད་མི་རེ་ངོ་རེ་ཡི་དད་འདུན་དང་དམིགས་འབེན། འཚོ་ཐབས་བཅས་ལ་ལྟོས་ས་ལྟོས་འཇོག་གི་ཁག་ཐེག་ཡོད་པ་ཞིག་བཟོ་མི་ཐུབ་པའང་མིན། ཡིན་ནའང་།  མི་རེ་ངོ་རེ་ཡིས་འོས་ཤོག་ཞེན་ཁོག་གི་དབང་དུ་གཏོང་གི་ཡིན་ནམ། ཡང་ན། བླ་ཆེན་དང་མི་དྲག་གི་ལམ་སྟོན་ལ་ཞུགས་ཀྱི་ཡིན་ནམ། དེ་དག་ལས་ལྡོག་ནས་རང་ཉིད་རང་གི་མགོན་ཡིན་ཞེས་པ་ནང་བཞིན་བཀའ་ཁྲི་མ་ནོར་བ་ཞིག་ལ་བརྩོན་ལེན་བྱེད་རྩིས་ཡོད་མིན་བཅས་ལ་ཐུག་ཡོད་པས། སྔ་མ་གཉིས་སྔ་ཤུལ་སྔ་ལམ་དང་ཕྱི་མ་དེ་རང་དོན་རང་གཅེས་ཀྱི་ངོ་བོར་གྲུབ་ཡོད། དེ་བས། མང་ཚོགས་ཀྱིས་བཀའ་ཁྲི་འོས་འདེམས་བྱེད་སྐབས། ཉུང་མཐར་བཀའ་ཁྲིའི་འོས་མི་སུ་ཞིག་ལ་གཤམ་གྱི་དོན་ཚན་གསུམ་གྱི་སྒང་ནུས་པ་ཡོད་མེད་བརྟག་རྒྱུ་དེ་གལ་ཆེན་ནང་གི་དོན་ཆེན་དུ་བལྟ་འོས་པར་འདོད།

གཅིག རྒྱལ་བའི་སྐུ་ཕྱཱའི་སྐོར།

རྒྱལ་བ་རིན་པོ་ཆེའི་སྐུ་ན་ལོ་གྲངས་དོན་ལྔའི་ཁ་མཚམས་སུ་སླེབས་ཡོད་པས། བོད་ཕྱི་ནང་གཉིས་དང་ནང་ཆོས་ཀྱི་རྗེས་འཇུག་པ་སྤྱི། ཆོས་ལུགས་ཞི་མཐུན་ལ་བརྩོན་ལེན་གནང་བཞིན་པའི་ལས་རིགས་ཁག ཞི་བདེ་ཡུན་གནས་ལ་འདོད་འདུན་འཆིང་བཞིན་པའི་ཚོགས་སྒེར་ཀུན། ཐ་ན་སྲིད་དོན་པ་དང་སྲིད་དོན་སྟོབས་ཤུགས་མ་འདྲ་བ་དུ་མའི་དོ་སྣང་བྱེད་གཞིར་གྱུར་ཡོད་ལ། སྐུ་ནའི་བབས་དང་མཐུན་པའི་སྲུང་སྐྱོབ་ཀྱི་འཆར་གཞི་དོན་འཁྱོལ་ཡོང་བ་ཞིག་ཡོད་མིན་ནི་སྤྱི་སྒེར་ཀུན་གྱི་ཞེ་འདུན་ཇི་མ་ཇི་བཞིན་དུ་འགྲུབ་ཐུབ་མིན་ལ་ཐུག་ཡོད་ཅིང་། དེ་ནི་ཐད་ཀར་འབྱུང་འགྱུར་གྱི་བཀའ་ཁྲིའི་ལས་འགན་གྱི་གྲུབ་ཆ་གཙོ་བའི་གྲས་ཀྱི་གཅིག་ཀྱང་ཡིན། དེ་བས། དེང་གི་བར་བཀའ་ཁྲིའི་འོས་གཞིར་ལངས་མཁན་དང་འོས་དམིགས་སུ་བཏོན་མཁན་སུ་ཞིག་གིས་སྐུ་ཕྱའི་ཐད་ནས་མང་ཚོགས་ལ་འགྲེལ་བརྗོད་བྱས་ཡོད་དམ། ཡང་ན། གསར་འགོད་པའམ་མང་ཚོགས་དཀྱུས་མ་སུ་ཞིག་གིས་འདིའི་ཐད་དྲི་བ་འདོན་མྱོང་ངམ།

གལ་སྲིད་རྒྱལ་བའི་དགོངས་པ་ལས་སྐུ་ཕྱཱར་དོ་སྣང་ཅུང་ཙམ་ཡང་སྤྲད་ཀྱི་མེད་མཁན་ཞིག་ཡིན་ཚེ། དགོངས་པ་ལག་ཆ་དང་སྐུ་དོར་བྱ་ལྟ་བུའི་དོན་དག་ཅིག་ཆགས་ཡོད་པས། རྒྱལ་བ་རིན་པོ་ཆེ་ཞེས་ཁ་ནས་གླེང་བསྡད་པ་ཙམ་གྱིས་ཕན་མི་ཐོགས་པར་ངེས་པར་དུ་སྐུ་ནའི་བབས་དང་མཐུན་པའི་ཞིབ་ཕྲའི་འཆར་གཞི་ཡོད་མེད་ལ་བརྟག་རྒྱུ་དེ་དོན་དག་གལ་ཆེན་ཞིག་ཆགས་ཡོད་ཅིང་། སྒོས་སུ་རྒྱལ་བ་རིན་པོ་ཆེ་ལ་ཆོས་ལུགས་ཀྱི་ཆའམ། ཡང་ན། དབུ་ཁྲིད་ཀྱི་ཆ། གཉིས་ཀ་བཅས་གང་རུང་གི་ཐད་ནས་དད་པ་དམ་ཚིག་ཡོད་མཁན་དག་གི་ལས་བསྐལ་དུ་གྱུར་ཡོད་པ་བཤད་མ་དགོས་པ་ཞིག་ཡིན།

ཡང་ཅིག་བཤད་ན། དེ་ནི་མི་རེ་ངོ་རེ་ཡིས་འོས་ཤོག་སུ་ལ་ལྡུག་འོས་མིན་གྱི་ཚད་གཞི་རྒྱག་བྱེད་ཀྱི་ཆ་གཅིག་ཡིན་པར་མ་ཟད། མ་འོངས་སྐབས་བཅུ་བཞི་བའི་བཀའ་ཤག་སྐབས་སུ་སྐུ་ཕྱཱའི་ཐད་ཉམས་མྱོང་གིས་མ་འདང་བ་ལྟ་བུའི་དཀའ་ངལ་མི་འཕྲད་པའི་ཁག་ཐེག་གི་སྔོན་འགྲོའང་གྱུར་ཡོད།

གཉིས། ཕྱི་སྲིད་ཀྱི་སྐོར།

བཙན་བྱོལ་བོད་གཞུང་གི་ཕྱི་སྲིད་ནི་མདོར་དྲིལ་ནས་བཤད་ན། བོད་ཀྱི་གནད་དོན་སེལ་ཐབས་ཡིན་ཞིང་། བོད་ཀྱི་གནད་དོན་སེལ་རྒྱུ་ནི་གཞིས་བྱེས་གཉིས་ཀྱི་འདོད་འདུན་དང་རྒྱལ་བ་རིན་པོ་ཆེ་ཡི་དགོངས་གཞིའང་ཡིན། དེ་བས། ད་ལྟ་འགྲོ་བཞིན་པའི་བོད་རྒྱའི་འབྲེལ་མོལ་དེ་བཞིན་རྒྱུན་སྐྱོང་གནང་རྒྱུ་གལ་ཆེ་ནའང་། དེ་ལས་ཀྱང་གལ་ཆེ་བ་ནི་གྲུབ་འབྲས་ཤིག་ཨེ་ཐོན་ལྟ་རྒྱུ་གལ་འགངས་ཤིན་ཏུ་ཆེ་བས། བོད་ཕྱི་ནང་གཉིས་སུ་མི་མང་ཆེ་བས་གྲུབ་འབྲས་ཐོན་ཐབས་གཙོ་བོ་ནི་གྲོས་གཞི་དེ་བཞིན་ལག་ལེན་དུ་གཏན་ལམ་མ་འཁེལ་བའི་ཡར་སྔོན་གྲོས་གཞིའི་བརྗོད་དོན་ཁག་ལ་འགན་འཁུར་འོས་མེད་ཚུལ་དང་། རྒྱལ་བ་རིན་པོ་ཆེ་དབུ་ལ་བཞུགས་པའི་བཙན་བྱོལ་བོད་གཞུང་དེ་བཞིན་ཡུ་རོབ་མཐུན་ཚོགས་སོགས་ཀྱི་གྲོས་ཆོད་གཞིར་བཞག་གིས་བོད་མིའི་མགྲིན་ཚབ་པའི་ངོ་བོར་སྤར་ཐབས་གནང་རྒྱུ་དེ་བོད་ཀྱི་གནད་དོན་སེལ་ཐབས་ཡིན་པར་འདོད་ཀྱི་ཡོད་པས། བོད་ཀྱི་གནད་དོན་གྱི་ལྟེ་བ་གཞིས་པར་ཐུག་ཡོད་ཕྱིན་བསམ་ཚུལ་དེ་རིགས་ཟུར་ལྟའི་ཁོངས་སུ་ལེན་ཐུབ་མཁན་ཞིག་ཡིན་མིན་ཡང་བཀའ་ཁྲིའི་འོས་ཤོག་ལྡུག་འོས་མིན་ལ་ཐུག་ཡོད་ལ། ཉེ་ཆར་རྒྱལ་བ་རིན་པོ་ཆེ་ཡི་བཀའ་ཡིན་ཞེས་ཐ་གཅིག་ཏུ་འགན་ཐམས་ཅད་གཡོགས་ཀྱིན་པའང་བསྐྱར་ཞིབ་བྱེད་ཐུབ་དགོས་ཀྱི་ཡོད་ལ། གང་དག་ཡེ་ཤེས་དབྱིངས་དཔྱད་ཡིན་པ་དང་གང་དག་སྙན་སེང་ཞུས་པའི་ཆོག་མཆན་ཡིན་པར་དབྱེ་འབྱེད་ཀྱིས་སྔ་མར་བརྩི་སྲུང་དང་ཕྱི་མ་བསྐྱར་ཞིབ་ཀྱི་ཁོངས་སུ་འཇོག་འདུན་ཡོད་མེད་ཀྱང་གནད་དོན་གྱི་ལྟེ་བ་གཅིག་ཆགས་ཡོད།

ཕྱོགས་གཞན་ཞིག་ནས་བོད་ཀྱི་གནད་དོན་སེལ་བར་ཆིག་སྒྲིལ་གྱི་གོང་བུ་ཞིག་དགོས་པ་ཚང་མས་བརྗོད་ཀྱིན་ཡོད་ནའང་། བཙན་བྱོལ་སྤྱི་ཚོགས་ཁྲོད་རང་བཙན་གླེང་མཁན་དག་དགྲ་ཟླར་སྣང་བཞིན་པ་དང་དབུ་མའི་ལམ་གྱི་ཁྱབ་ཁོངས་སུ་ལྟ་བ་གཞན་འཁུར་མཁན་གཞན་དག་རྒྱལ་བའི་དགོངས་པ་དཀྲུགས་མཁན་ལྟ་བུའི་སྣང་ཚུལ་ཤུགས་ཆེར་བསྐྲུན་བཞིན་པས།  དེ་ནི་དགྲ་དགའ་གཉེན་སྡུག་གི་ལམ་ཁ་ཡ་ང་བ་ཞིག་ལས་གཞན་མིན་པས། ལྟ་བ་སྣ་མང་འདུ་བའི་ཆིག་སྒྲིལ་གྱི་སྤྱི་ཚོགས་ཤིག་བསྐྲུན་པར་གདེངས་སྤོབས་དང་འདོད་པ་ཡོད་མེད་ལ་བརྟག་རྒྱུའང་མང་ཚོགས་ཀྱིས་གཡོལ་མི་རུང་བའི་དོན་ཆེན་ཞིག་ཡིན། 

བོད་དོན་སེལ་ཐབས་གཞན་ཞིག་དེ་དྲིལ་བསྒྲགས་ཡིན་ཞིང་། བརྒྱུད་ལམ་ཁག་དང་ཚོགས་འདུ་ཆེ་མ་ཆུང་གསུམ་རྩ་ཆེར་བརྩི་འོས་པ་ཞིག་རེད། ཡིན་ནའང་། ཕྱི་རྒྱལ་ཡུལ་གྲུ་ཁག་གི་ཆོས་ཚོགས་ཁག་དང་སློབ་ཕྲུག་སོགས་ཀྱི་ནུས་པ་བསྔོག་འདོན་ཆེར་གནང་ཐུབ་མེད་པའི་སྣང་ཚུལ་མང་བོ་ཞིག་ཡོང་བཞིན་པའི་ཁར། མི་ལ་ལས་བཤད་པ་ལྟར་ན།  རིན་པོ་ཆེ་དང་དགེ་བཤེས་ལྷན་རྒྱས་དམིགས་བཀར་གྱིས་ཚོགས་པ་ཞིག་འཛུགས་ཐུབ་པ་ཡིན་ན། ཆོས་རིག་དར་སྤེལ་ཙམ་ལས་བརྒལ་ནས་འགྲོ་བ་མིའི་རིགས་ཀྱི་བསམ་བློའི་རུ་འདྲེན་པ་དང་། སྒོས་སུ་བོད་ཀྱི་བདེན་མཐའ་སེལ་བར་གཞོགས་འདེགས་ཀྱི་ནུས་པ་ཐོན་ཐུབ་ཀྱི་འདུག་བརྗོད་བཞིན་པས། ནུས་པ་དེ་རིགས་བསྔོག་འདོན་གནང་ཤེས་མཁན་ཞིག་ཡིན་མིན་ནི་བཀའ་ཁྲིར་འོས་མིན་གྱི་ཚད་གཞི་གཞན་ཞིག་ཡིན།  

རྒྱའི་གཏམ་དཔེར། ཕན་ཚུན་གཉིས་ཀར་རྒྱུས་ཡོད་ན། ཐེངས་བརྒྱར་འཐབ་ཀྱང་ཕམ་པ་མེད་ཅེས་པ་ལྟར་རྒྱ་ནག་སྲིད་དོན་གྱི་རིགས་ལམ་སྤྱི་དང་སྒོས་སུ་དེང་གི་རྒྱ་ནག་དཔོན་རིགས་ཀྱི་འགལ་འབྲེལ་གྱི་དྲ་བ་ལག་མཐིལ་དུ་ལེན་ཐུབ་མཁན་ཞིག་དང་། གལ་སྲིད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་ནང་ཟིང་བྱུང་བའམ། དམག་དོན་བཅད་བཟུང་གི་རྣམ་པའི་དུས་སྐབས་ཤིག་སླེབས་པ་ཡིན་ན། འཕྲལ་མར་དེ་རིགས་ལ་གདོང་ལེན་བྱེད་པའི་སྐྱ་ཐིག་དགོངས་པར་ཡོད་མཁན་ཞིག་ཡིན་མིན་ཡང་འོས་ཤོག་ལྡུག་འོས་མིན་ལ་བལྟ་ཆོག་པར་ཐེ་ཚོམ་མེད་པ་ཞིག་ཡིན།

གསུམ། ནང་སྲིད་ཀྱི་སྐོར།

ཤེས་ཡོན་སྲིད་བྱུས་གསར་བ་དང་སྲོལ་རྒྱུན་སོ་ནམ་འདེབས་ལས། དཔལ་འབྱོར་སྒེར་བདག་ཅན་བཅས་ནི། བཀའ་ཤག་སྐབས་བཅུ་གསུམ་པའི་སྲིད་བྱུས་གལ་ཆེན་ཁག་རེད་ལ། སྲིད་ཇུས་དེ་དག་ལག་བསྟར་བྱེད་རིང་མ་འདང་བའམ། བསམ་ཚུལ་མ་འདྲ་བ་མང་བོ་ཞིག་བྱུང་ཡོད་པས།  དེང་ཕྱིན་མང་ཚོགས་ཁྲོད་བཤད་སྟངས་དེ་རིགས་མི་འབྱུང་བ་དང་ཡང་དག་པའི་ལམ་ནང་འཇུག་པར་བྱེད་ཐབས་གང་དག་ཅིག་ཡོད་མེད་དང་། 

དེང་སྐབས་གཞིས་ཆགས་སྲ་བརྟན་མེད་པ་དང་གཞོན་སྐྱེས་མང་བོ་ལས་མེད་ཆགས་ཡོད་པའི་དཀའ་ངལ་སེལ་ཐབས་ནི་ནང་ཚང་རེ་ནས་ཕྱིའི་རྒྱལ་ཁབ་ཁག་ལ་ལས་ཀའི་ཐོངས་མཆན་སྒང་མི་རེ་མངགས་རྒྱུའི་ཐབས་ཤེས་ཤིག་བཙལ་འོས་པ་དུས་བབ་ཀྱིས་ཐག་བཅད་ཡོད་ཅིང་། དེ་ནི་གཞན་མ་ཡིན་པར་བཙན་བྱོལ་སྤྱི་ཚོགས་མཉམ་འབྲེལ་རྒྱལ་ཚོགས་སྐྱབས་བཅོལ་ལས་ཁུངས་ཀྱི་གཟིགས་སྐྱོང་འོག་གནས་ཡོད་སྟབས། གཅིག་ནས་རང་ཁ་རང་གསོའི་སྲིད་བྱུས་ལ་རྒྱབ་བསྐྱོར་ཐོབ་སྲིད་པ་དང་། གཉིས་ནས་ནང་ཚང་ཆ་སྙོམས་ཀྱི་དཔལ་འབྱོར་དཀའ་ངལ་སེལ་ཐུབ་པར་མ་ཟད། གཞན་བརྟེན་འཚོ་བ་ནས་རང་འཚོའང་སྣེ་ཁྲིད་བྱེད་ཐུབ་ཡོད་པ་དང་། བཙན་བྱོལ་སྤྱི་ཚོགས་ཆིག་སྒྲིལ་གྱི་ལམ་ཆེན་ཞིག་གི་ནང་དུ་ཤར་བསྐྱོད་གནང་བར་གཞོགས་འདེགས་བླ་ན་མེད་པ་ཞིག་ཐོན་ཐུབ་ཀྱི་ཡོད་པས། ཐབས་ཤེས་དེ་བཞིན་བེད་སྤྱོད་གཏོང་འོས་པའི་ཁོངས་སུ་གཟིགས་ཀྱི་ཡོད་མེད། 

 འདབ་གཤོག་གཉིས་ལྡན་གྱི་ཤེས་ཡོན་པ་མང་ནས་མང་དུ་ཡོང་ཐབས་སྤྱི་དང་སྒོས་སུ་བོད་ཕྲུག་ཁྱིམ་སྡེ་ཁག་གི་འཛིན་སྐྱོང་དང་སློབ་སྦྱོང་བསྐུལ་འདེད་ཐད་སྲིད་ཇུས་ག་རེ་ལག་བསྟར་བྱེད་ཀྱི་ཡིན་མིན་དང་། སྒོས་སུ་ཕྱི་རྒྱལ་ཡུལ་ལུང་ཁག་གི་བོད་མི་བརྒྱ་ཕྲག་ཁ་ཤས་འདུས་སྡོད་བྱས་ཡོད་པའི་གྲོང་ཁྱེར་རམ། གྲོང་གསེབ་ཁག་གི་གཞུང་འབྲེལ་སློབ་ཆུང་རིམ་པའི་ནང་བོད་ཡིག་གདམ་གཞིའི་སློབ་ཚན་དུ་འཇོག་པར་ཐབས་ཤེས་གནང་འདུན་ཡོད་མེད་ཀྱང་ཤིན་ཏུ་གལ་ཆེ། རྒྱུ་མཚན་ནི་ཕྱི་རྒྱལ་གྱི་སྲིད་གཞུང་གང་ཡིན་ནའང་། བོད་པའི་ཆོས་རིག་སྲུང་སྐྱོབ་ལ་རྒྱབ་བསྐྱོར་ཡོད་ཚུལ་བརྗོད་ཀྱིན་པས། ཁ་བཤད་རྒྱབ་བསྐྱོར་ནས་ལག་ལེན་རྒྱབ་བསྐྱོར་དུ་བསྐུལ་འདེད་གཏོང་དགོས་ཀྱི་ཡོད་ལ། བོད་ཕྲུག་ཚོར་ཡང་བོད་ཡིག་བསླབ་གཞི་གདམ་ག་བྱེད་པར་མཐུན་རྐྱེན་བསྐྲུན་ཐུབ་ཡོད།

མི་ཚང་མས་གསར་འབྱོར་བ་ནི་བོད་ཕྱི་ནང་གཉིས་ཀྱི་སྐས་རྐང་རེད་ཅེས་ལབ་ཀྱི་ཡོད་ལ།  སྐས་རྐང་དེ་བཞིན་སྲ་བརྟན་དང་ཡར་རྒྱས་གཏོང་ཐབས་ག་འདྲ་ཞིག་གཟིགས་ཀྱི་ཡོད་མེད་དང་ཉིས་སྟོང་ལོའི་རྗེས་ཀྱི་གསར་འབྱོར་ལས་བྱེད་པར་རང་ཁོངས་ཀྱི་ཐོབ་ཐང་མ་གཏོགས་གཞུང་ཞབས་ཐོབ་ཐང་སྤྲད་ཀྱི་མེད་ལ། ཡང་སྒོས་དྲུང་གཞོན་ལས་རོགས་ཡན་འདབས་ཀྱི་ཁྱབ་ཁོངས་སུ་འཛུལ་ཞུགས་གཏན་ནས་བྱེད་མི་ཆོག་པའི་གཟུགས་མེད་བཀག་རྒྱ་ཅན་གྱི་སྲིད་བྱུས་དེ་རྩ་གཏོར་གཏོང་འདུན་ཡོད་མེད།

ལུས་པོ་བདེ་ཐང་ཅན་གྱི་སྤྱི་ཚོགས་ཤིག་ཡུན་གནས་ཐུབ་མིན་ནི་འཕྲོད་བསྟེན་ལ་ཐུག་ཡོད་ཅིང་། བཙན་བྱོལ་གཞིས་ཆགས་ཁག་གི་གནས་སྟངས་ལ་བལྟས་ན། ཡོངས་གྲགས་ཀྱི་གསང་བ་ཞིག་ཡོད་པ་ནི་ཨའེ་ཙིའི་ནད་ཚ་ཁྱབ་བརྡལ་དུ་འགྲོ་བཞིན་པ་དེ་ཡིན་ཞིང་། ཐ་ན་གྲྭ་ལྭ་གྱོན་པའི་ཨའེ་ཙིའི་ནད་ཚ་ཅན་ཡང་བྱུང་ཡོད་ཚོད་ཡིན་ན། གནད་དོན་དེ་ལྟེ་བར་བཟུང་བའི་འཕྲོད་བསྟེན་གྱི་སྲིད་བྱུས་ག་འདྲ་ཞིག་ཡོད་མེད།

དབུ་ཁྲིད་ཅིག་ལ་མཚོན་ན། འཛིན་སྐྱོང་གི་འཁོར་རྒྱུགས་དེ་ཨང་དང་པོར་གྱུར་ཡོད་ཅིང་། གལ་སྲིད་མིས་བཟོས་འགོག་རྐྱེན་གྱིས་འཁོར་རྒྱུགས་ཡག་པོ་མ་བྱུང་བ་ཡིན་ན། ༼ནང་བཀྲ་མ་ཤིས་ན་ཕྱི་དོན་མི་འགྲུབ༽ཅེས་པ་ལས་མེད་པས། རྩ་བ་མཐུག་ཅིང་རྩེ་མོ་རྒྱས་པའི་འཛིན་སྐྱོང་མ་ལག་ཅིག་འཁོར་བསྐྱོད་ཤར་གཏོང་ཐུབ་པར་གདེངས་ཚོད་ག་རེ་འདུག་མིན་བཅས་ནི་བཀའ་ཁྲིར་འོས་མིན་གྱི་ཚད་གཞི་ཅིས་མ་ཡིན།

མཇུག་བསྡུ་བའི་གཏམ།

གོང་དུ་བརྗོད་ཟིན་པའི་རྒྱལ་བའི་སྐུ་ཕྱཱ་དང་ཕྱི་སྲིད། ནང་སྲིད་གསུམ་ནི་མ་འོངས་སྐབས་བཅུ་བཞི་བའི་བཀའ་བློན་ཁྲི་བའི་བསྒྲུབ་བྱ་གཙོ་བོ་ཡིན་ཞིང་། དོན་ཚན་དེ་རིགས་ཐད་ནུས་པ་ཡོད་མིན་བརྟག་རྒྱུ་ནི་མང་ཚོགས་ཀྱི་ལས་འགན་ཡིན་པར་མ་ཟད། བོད་ཀྱི་གནད་དོན་སེལ་ཐབས་ཡག་ཤོས་ཀྱང་ཡིན་ལ། མི་རེ་ངོ་རེ་ཡི་འཚོ་ཐབས་ལའང་ཐད་ཀར་འབྲེལ་བ་ཆགས་ཡོད་པ་ནི་ནང་ཚང་རེ་ནས་མི་རེར་ལས་ཀའི་ཐོངས་མཆན་ཐབས་ཤེས་གཏོང་འདུན་ཡོད་མཁན་ཞིག་ཡིན་མིན་ལྟ་བུ་ཡིན་ཞིང་། སྨྱུག་ཐོགས་པས་ཉི་ཧོང་དང་ལྷོ་ཀོ་རི་ཡ། ཐའེ་ཝན་བཅས་ནས་ཟླ་དྲུག་རེའམ། ཡང་ན། ལོ་རེ་ཡི་དུས་ཡུན་འོག་ལས་ཀའི་ཐོངས་མཆན་སྒང་ཨོ་སི་ཁྲི་ལི་ཡའི་བཟོ་གྲྭ་ཆེ་ཁག ཞིང་ར་དང་གཏེར་ལས་བཅས་སུ་སླེབས་ཀྱིན་པའི་མཐོ་རིམ་སློབ་ཕྲུག་མང་བོར་ཐུག་མྱོང་ལ། སློབ་ཕྲུག་དེ་དག་གིས་ཉུང་མཐར་ལོ་རེར་མ་འོངས་སློབ་ཡོན་ཆ་ཚང་དང་དུས་ལྟར་ཕྱིར་ལོག་གནང་ཚེ། སང་ལོར་ཡང་བསྐྱར་ཐོངས་མཆན་རེག་གི་ཡོད་པའི་ཁར། རྒྱལ་ཁབ་གཞན་དག་ལའང་ལས་ཀར་བསྐྱོད་པའི་སྒོ་མོ་འབྱེད་འདུག 

གོ་སླ་བའི་ལམ་ནས་ཞུས་པ་ཡིན་ན། དམངས་གཙོའི་ལམ་སྲོལ་ནི་ཁྱོད་ལ་འོས་ཤོག་དགོས་ན་མང་ཚོགས་ལ་ཁེ་བཟང་ཅིས་མ་དགོས་ཞེས་པ་ལྟ་བུའི་འབྲེལ་བ་ཞིག་ཀྱང་ཡིན། ལས་འགན་དེ་དང་གོ་སྐབས་དེ་ཤོར་གྱི་འཇོག་མིན་ཡང་མི་རེ་ངོ་རེི་ཡིས་འོས་ཤོག་ལྡུག་ས་དེར་ཐུག་ཡོད་ཅིང་། སྤྱི་འཐུས་ཀྱི་ཚད་ཤིང་ཡང་གོང་བཀོད་མང་ཚོགས་ཀྱི་ལས་འགན་དང་ཁེ་དབང་ཐད་རྒྱབ་བསྐྱོར་རྒྱག་མིན་ལྟར་གདམ་ཆོག་པ་ཞིག་ཡིན་པར་མ་ཟད། སྤྱི་འཐུས་ལ་རྒྱབ་བསྐྱོར་ཡོད་མེད་ཐད་ཀར་མ་འོངས་བཀའ་ཁྲིའི་ལས་གཞི་དེ་དག་ལམ་ལྷོང་ཡོང་མིན་ལ་ཐུག་ཡོད་པས་ཀྱང་ཡིན།

ཕྱི་ལོ ༢༠༡༠ལོའི་ཟླ ༩ཚེས ༡༢ཉིན་རྩོམ་མཇུག་བསྡུས།

 

འབྲེལ་ཡོད་གསར་འགྱུར།

འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༡༡ སྔོན་ལ།
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

ཆུ་ཚོད་ ༡༢ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧

མཆན། 6

  1. གནས་ཚང་། says:
    ལོ་ 15 སྔོན།

    ངས་རྒྱལ་ཁབ་འགའ་ན་ཡོད་པའི་གྲོགས་པོ་ཁ་ཤས་ལ་ཁ་པར་བཏང་ནས་ལས་ཀའི་སྐོར་དྲིས་པ་ཡིན།
    ༡ ལག་འཁྱེར་དང་ལག་རྩལ་ཡོད་ན་གླ་ཕོགས་ཆེན་པོ་རག་གི་འདུག
    ༢ རང་ཚོད་མ་ཐུག་པར་ལས་ཁུངས་ལྟ་བུའི་ལས་ཀར་སྙན་ཞུ་ཕུལ་ན་རག་ཡ་མི་འདུག
    ༣ གླ་ཕོགས་ཅུང་དམའ་ཡང་ལག་འཁྱེར་མེད་པའི་ལས་ཀ་ལས་ས་མང་བོ་འདུག དཔེར་ན། ཞིང་ཁ། པཱ་ལེ་བསྲེག་ས། ཟ་ཁང་གི་ཞབས་གཡོག གད་རྒྱག་ས། ཚོང་ཟོང་མོ་ཊའི་ནང་བརྩིགས་པ། རྒས་འཁོག་དང་ལྐུགས་པ་གཉོར་སྐྱོང་ཁང་གིས་ལས་ཀའི་ཞོར་དུ་ལག་འཁྱེར་སྤྲད་ཀྱི་འདུག

    དེ་བས། བཀའ་ཁྲིའི་འོས་མི་སུ་ཞིག་གཞིས་ཆགས་ཁག་ལ་ཡོང་བ་ཡིན་ན། དྲི་བ་འདི་འདྲི་བར་གྲ་སྒྲིག་ཨང་གསར་ཡོད།
    ༤

    Reply
  2. སེར་ཆེན་ says:
    ལོ་ 15 སྔོན།

    ཨ་རོ་ལྷ་སྡེ་གནམ་ལོ་ཡག་ལགས།དེ་རིང་ཐུག་ནོ་ཤིན་ཏུ་དགའ་ནི་ཡིན།ཁྱོས་བྲིས་གནང་པའི་བཀའ་ཁྲིའི་ལས་འགན་གཙོ་བོ་གསུམ་ནི་ད་ཡོད་ཀྱི་བཤད་སྒྲུབ་གལ་ཆེན་ཞིག་ཡིན་པས་ངོ་མ་བདེན་ཤས་ཆེ།

    Reply
  3. གནས་ཚང་། says:
    ལོ་ 15 སྔོན།

    ཁོ་རེ། ༼བཟོ་གྲྭ་ཆེ་ཁག ཞིང་ར་དང་གཏེར་ལས༽ཞེས་ལུས་ཤུགས་ངལ་རྩོལ་ཡིན་པ་ཁ་གསལ་འདུག་ལ། དེས་ལས་ཀྱང་གལ་ཆེ་བ་ནི་དཀའ་ཚེགས་ཆེ་ཡང་ཕྱི་དངུལ་ལ་ཤེད་ཆེ་བ་གསལ་བོ་ཡིན་པས། ལུས་ཤུགས་ངལ་རྩོལ་བྱེད་ས་ཆ་ཚང་ལDiploma ཨེ་དགོས། ཕྱི་ཡོང་སློབ་ཕྲུག་ལས་ཀ་བ་ཚང་མ་ལོརDiploma ཡོད་པ་ཡིན་ནམ། ལུས་ཤུགས་ལས་ཀ་དང་ཀླད་ཤུགས་ལས་ཀར་དབྱེ་འབྱེད་བྱེད་དགོས་ཀྱི་ཡོད་པ་རེད་ལ། ལག་རྩལ་མེད་པའི་དངུལ་བཙལ་མཁན་ཚང་མ་ལོས་ཡག་བཙོག་ལ་མ་ལྟོས་པའི་ལུས་ཤུགས་ལས་ཀ་གཉེར་བཞིན་པ་མ་ཡིན་ནམ།

    Reply
  4. སྟག་སྨྱོན། says:
    ལོ་ 15 སྔོན།

    ང་དང་པོ་ཕྱི་རྒྱལ་ལ་ཡོང་ནས་ལས་ཀ་བཙལ་དུ་སོང་བ་ཡིན། ལས་ཁུངས་ཞིག་ཏུ་སོང་བ་ཡིན། ཁོ་ཚོས་ང་ལ་ལས་ཀ་གེ་ལས་ཀི་ཡིན་ཟེར་ནས་དྲིས་བྱུང་། ངས་སེམས་ཤུགས་ཆེན་པོས་ལས་ཀ་ག་རེ་ཡིན་ན་བྱས་ཀི་ལབ་པ་ཡིན། དེ་ནས་ཁོ་ཚོ་ཧ་ལས་སོང་། མགོ་ཡང་འཐོམ་སོང་། ལས་ཀ་སྟེར་ཤེས་ཀྱི་མི་འདུག་ལབ་ནས་བཏང་སོང་། ད་ག་རེ་བྱས་ནས་ང་ལ་ལས་ཀ་མ་རག་པ་རེད་དམ། བསམ་བློ་ཐོངས་།

    Reply
  5. སྟག་སྨྱོན། says:
    ལོ་ 15 སྔོན།

    ལས་ཀའི་ཐོངས་ཆན་མ་རག་པ་ཡོད་པ་མ་རེད། འོན་ཀྱང་ང་ཚོས་ལས་ཀ་གང་ཡང་ཤེས་ཀྱི་ཡོད་པ་མ་རེད། ཕྱི་རྒྱལ་ཁག་ཏུ་སླེབས་ཟིན་པའི་བོད་མི་ལས་ཀའི་ཐོབ་ཐང་ཆ་ཚང་རག་ཡོད་མཁན་ཚོ་ཡང་། ཟ་ཁང་གི་ནང་ཕོར་བ་འཁྲུ་རྒྱུ་ཙམ་ལས་ལས་ཀ་གཞན་རག་གི་མི་འདུག ཕྱི་རྒྱལ་ན་མ་བྱན་དང་གད་བརྡར་སོགས་ལས་རིགས་གང་ཞིག་ཡིན་ཡང་ Diploma མི་དགོས་ས་ཧ་ལམ་གཅིག་ཀྱང་མེད་ཚོད་འདུག དེའི་ཕྱིར་གང་ཡང་ལས་མི་ཤེས་པའི་བོད་མི་ཚོར་ཕྱི་རྒྱལ་ལ་ལས་ཀ་ག་རེའི་ཐོངས་ཆན་རག་དགོས་པ་རེད་དམ། བཟོ་ལས་གང་ཁང་གང་ལ་འབྲེལ་བ་བྱེད་དགོས་པ་རེད་དམ།

    Reply
  6. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    ལྷ་སྡེ་གནམ་ལོ་ཡག་ལགས་ཀྱི་མ་འོངས་བཀའ་ཁྲིའི་ལས་འགན་གཙོ་བོ་གསུམ་སྟོན་པ་ནི་དགོས་ངེས་ཡིན་པ་མ་ཟད་ང་ཚོ་མི་མང་ནས་ཀྱང་རང་གི་བཀའ་བློན་ཁྲི་བ་དེར་ཆ་རྐྱེན་དེ་དག་ཚང་མིན་གྱི་དཔྱད་པ་བགྱིས་ཏེ་ཆུ་སྣ་ག་འཁྲིད་དུ་མ་སོང་བ་རང་གི་རང་དབང་རང་གིས་ལོངས་སྤྱོད་ཐུབ་པ་བྱ་རྒྱུ་དང་། དེ་བས་ཀྱང་འོས་བསྡུའི་ལས་རིམ་གཉེར་སྐབས་སུ་འོས་བསྡུའི་སྒྲིག་གཞིར་བརྩིས་སྲུང་དང་། སྒྲིག་གཞི་དང་མི་འགལ་བར་འོས་བསྡུ་ཚོགས་ཆུང་ནས་བལྟ་ཞིབ་མ་གནང་བ་ཡིན་ན་འགལ་འཇོལ་མང་པོ་ཐོན་རྒྱུ་ཡིན་པ་དངོན་དཔོག་ཐུབ་པ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese