མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁ་ཕྱོགས་དང་ནུས་པ་གཅིག་ཏུ་སྤུངས་རོགས།

བོད་ཀྱི་དུས་བབ།
༢༠༡༠/༠༩/༡༤
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོའི་ཧྥ་རན་སིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལོ་འཁོར་ཚོགས་འདུ་དེ་ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་འཚོགས་ཡོད་ལ། ཚོགས་འདུའི་ཐོག་འདས་ལོར་བཞག་པའི་གྲོས་གཞི་གྲོས་ཆོད་ཁག་ལ་བསྐྱར་ཞིབ་དང་། མ་འོངས་པར་ཧྥ་རན་སིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་། ལྷག་པར་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་ལས་འགུལ་དང་ནུས་སྟོབས་རྣམས་ཕྱོགས་གཅིག་ཏུ་སྤུངས་ཐབས། དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་བོད་གཞུང་སྐུ་ཚབ་དོན་གཅོད་དང་། ས་གནས་བོད་རིགས་ཚོགས་པར་འབྲེལ་ལམ་གནང་ཐབས་བཅས་ལ་གོ་བསྡུར་གནང་ཡོད་འདུག ཐེངས་འདིར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་ཆུང་ཉི་ཤུ་ལྷག་གི་སྐུ་ཚབ་དངོས་སུ་ཚོགས་བཅར་གནང་ཐུབ་ཡོད་འདུག

ཚོགས་འདུ་འདིའི་སྐོར་ལ་ཡུ་རོབ་སྐུ་ཚབ་དོན་གཅོད་བཀྲ་ཤིས་དབང་འདུས་ལགས་ཀྱིས་  ༼ སྤྱིར་བཏང་ཧྥ་རན་སིའི་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་མང་པོ་ཡོད་པ་རེད། སྔོན་མ་ལོ་ལྟར་ཚོགས་འདུ་རེ་སྐོང་གི་ཡོད་ནའང་ལོ་འགའི་སྔོན་ནས་མཚམས་ཆད་པ་རེད། ན་ནིང་སྐུ་མདུན་ཧྥ་རན་སིར་ཆིབས་བསྒྱུར་གནང་སྐབས་དང་བསྟུན་ནས་ཡང་བསྐྱར་ཚོགས་འདུ་ཐེངས་དང་པོ་དེ་བསྡུས་པ་རེད། ད་ལོའི་ཚོགས་འདུ་འདི་ཐེངས་གཉིས་པ་དེ་རེད། ཚོགས་འདུའི་དམིགས་ཡུལ་གཙོ་བོ་དེ་ན་ནིང་ཚོགས་འདུའི་སྐབས་བཞག་པའི་གྲོས་གཞི་གྲོས་ཆོད་ཁག་ལ་བསྐྱར་ཞིབ་བྱེད་རྒྱུ་དང་། དམིགས་བསལ་གྱིས་མ་འོངས་པར་ཧྥ་རན་སིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ཡིན་ནའང་རེད། དེ་བཞིན་རྒྱལ་ཁབ་གཞན་གྱི་ཡིན་ནའང་རེད། རྒྱལ་སྤྱིའི་སྟེང་བོད་དོན་ལས་འགུལ་སྤེལ་སྐབས་ཚང་མ་མཉམ་རུབ་ཡོང་ཐབས་དང་། ལས་འགུལ་གང་འདྲ་ཞིག་སྤེལ་ན་ཡང་དེ་དག་གི་ཁ་ཕྱོགས་དང་ནུས་ཤུགས་གཅིག་ཏུ་སྤུངས་ཐབས་ལ་བསམ་ཚུལ་བསྡུ་ལེན་བྱེད་རྒྱུ་དང་། དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་ཆུང་གང་འདྲ་ཞིག་ཡིན་ཡང་ས་གནས་རང་ན་ཡོད་པའི་བོད་གཞུང་སྐུ་ཚབ་དོན་གཅོད་དང་། བོད་རིགས་ཚོགས་པ། བོད་མི་བཅས་ལ་འབྲེལ་ལམ་སྔར་ལས་གཏིང་ཟབ་ཡོངས་ཐབས་བཅས་གཙོ་བོ་དོན་ཚན་འདི་གསུམ་པོ་དམིགས་ཡུལ་དུ་བཟུང་ནས་ཚོགས་འདུ་བསྐོངས་པ་རེད། ཞོར་ལ་ད་ལོའི་ཕྱི་ཟླ་བཅུ་གཅིག་པའི་ནང་ལྡི་ལིར་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་འཚོག་གཏན་འཁེལ་ཡོད་པ་དེར་ཧྥ་རན་སི་ནས་ཚོགས་ཞུགས་བྱེད་མཁན་གྱི་ཚོགས་པ་ག་ཚད་ཡོད་མེད་དང་། དངོས་སུ་ཚོགས་ཞུགས་མ་ཐུབ་པ་ཡིན་ནའང་ཚོགས་འདུའི་ནང་ཁོ་ཚོའི་བསམ་ཚུལ་ཡོང་ཐབས་ཀྱི་འབད་བརྩོན་ཀྱང་ད་རེས་ཚོགས་འདུ་འདི་བརྒྱུད་ནས་རག་ཐབས་བྱེད་ཆེད་རེད། ཚོགས་འདུའི་དམིགས་ཡུལ་ཟེར་ན་རེད། བགྲོ་གླེང་གནང་རྒྱུའི་དོན་ཚན་རྣམས་དེ་འདྲ་ཞིག་རེད། ༽ཅེས་ཐེངས་འདིའི་ཚོགས་འདུའི་དམིགས་ཡུལ་དང་གྲོས་གཞི་ཁག་གང་ཡིན་འགྲེལ་བརྗོད་གནང་སོང་།

ཉིན་དེའི་སྔ་དྲོ་ཚོགས་པ་ཁག་གིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་འབྲེལ་མཐུད་ལས་ཁང་གིས་བཀྲམས་པའི་༼རྒྱལ་སྤྱིའི་ནང་བོད་དོན་མཉམ་ལས་ཡོང་ཐབས་ཀྱི་བསམ་ཚུལ་ཡིག་ཆ།༽ཅེས་པའི་ཐོག་བགྲེ་གླེང་དང་། ཕྱི་ལོ་ ༢༠༡༡ ལོ་ནི་ཧྥ་རན་སི་སྟོབས་ཆེན་རྒྱལ་ཁབ་ G20 དང་ G8 ཚོགས་གཙོ་རྒྱལ་ཁབ་ལ་འཁེལ་ཡོད་པ་དང་། རྒྱལ་ཁབ་དེ་དག་གི་ཚོགས་ཆེན་ཧྥ་རན་སིར་ཚོགས་སྐབས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་མཉམ་རུབ་ཐོག་བོད་དོན་ལས་འགུལ་སྤེལ་སྟངས་ལ་བགྲོ་གླེང་ཞིབ་ཚགས་གནང་ཡོད་པ་དང་། དེ་བཞིན་ལོ་དེའི་ཕྱི་ཟླ་བརྒྱད་པའི་ནང་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐོ་ཧྥ་རན་སིར་ཕེབས་སྐབས་ངོ་རྒོལ་ལས་འགུལ་སྤེལ་སྟངས་ཐད་བགྲོ་གླེང་གོ་བསྡུར་གནང་ཡོད། ཚོགས་པ་ཁག་གིས་རྒྱ་ནག་གི་སྲིད་འཛིན་ཡོང་སྐབས་ངོ་རྒོལ་བྱེད་སྟངས་ལ་བོད་གཞུང་གི་ངོས་ནས་དེ་སྔ་བཞིན་ལངས་ཕྱོགས་ཡོད་མེད་དོགས་འདྲི་གནང་ཞིང་། དེར་ཡུ་རོབ་སྐུ་ཚབ་བཀྲ་ཤིས་དབང་འདུས་ལགས་ཀྱིས༼ ཕྱི་ལོ་ ༢༠༠༢ ནས་བོད་གཞུང་བཀའ་ཤག་གིས་བོད་རྒྱ་ཞི་མོལ་གྱི་ཁོར་ཡུག་བསྐྲུན་ཆེད་རྒྱ་ནག་གི་དཔོན་རིགས་ཚོ་ཕྱི་རྒྱལ་དུ་ཕེབས་སྐབས་ངོ་རྒོལ་ལས་འགུལ་མི་སྤེལ་རྒྱུའི་འབོད་སྐུལ་རབས་དང་རིམ་པར་ཞུས་པ་རེད། བོད་གཞུང་གིས་ཀྱང་དེ་ལ་ཐུགས་གཟབ་གནང་ནས་ཐ་ན་གསུང་བཤད་གནང་སྐབས་ཀྱང་ཞི་མོལ་གྱི་ཁོར་ཡུག་ལ་གནོད་གཞིའི་ཐ་སྙད་ཁག་གསུང་མཚམས་བཞག་པ་རེད། ཡིན་ནའང་ཁོར་ཡུག་བསྐྲུན་ཟེར་དུས་ཕྱོགས་གཉིས་ནས་ཡོང་དགོས་སྟབས་རྒྱ་ནག་གིས་ཁོར་ཡུག་ལ་ཕན་པའི་ལས་ཀ་གང་ཡང་མ་བྱས་པ་རེད། དེའི་ཐོག་ཏུ། སྐབས་དེ་རང་ལ་བོད་ནང་སློབ་གསོ་འདྲ་མིན་དང་། སྐུ་མདུན་གྱི་སྐུ་པར་ཡང་བཤམས་མི་ཆོག་པ་བཟོས་རེད། ང་ཚོའི་ངོས་ནས་མཐུན་འགྱུར་གནང་ནའང་རྒྱ་ནག་གིས་སྣང་མེད་བཞག་པ་རེད། སོང་ཙང་ ༢༠༠༦ ལོ་ནས་བཀའ་ཤག་གིས་འབོད་སྐུལ་དེ་ཕྱིར་འཐེན་གནང་བ་རེད། ཡིན་ནའང་ངོ་རྒོལ་ལས་འགུལ་སྤེལ་སྐབས་རྒྱ་ནག་རྒྱལ་ཁབ་ཀྱི་མཚན་མཐོང་དང་། རྒྱ་ནག་མི་དམངས་ཀྱི་སེམས་ཁམས་ལ་གནོད་གཞིའི་ལས་འགུལ་མི་སྤེལ་བའི་འབོད་སྐུལ་མུ་མཐུད་ཞུས་དང་ཞུ་བཞིན་ཡིན།༽ཅེས་ལན་འདེབས་གནང་།

ཉིན་རྒྱབ་ཏུ་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་ས་གནས་སྐུ་ཚབ་དོན་གཅོད་དང་བོད་རིགས་ཚོགས་པར་མཐུན་ལམ་འཛིན་སྟངས་ཐད་གོ་བསྡུར་བྱས་ཡོད་ལ། གོ་བསྡུར་སྐབས་དངོས་སུ་ཚོགས་བཅར་མ་ཐུབ་པའི་ཚོགས་པ་ཁག་ཅིག་གིས་ཡིག་ཐོག་ནས་སྙན་ཞུ་ཞིག་ཕུལ་ཡོད་པའི་ནང་༼ ང་ཚོ་ཚོགས་པ་ཁག་ཅིག་མཉམ་འབྲེལ་གྱིས་སྙན་ཞུ་ཞིག་མི་འབུལ་ཐབས་མེད་བྱུང་། འདས་པའི་དུས་ཚོད་ནང་ཚོགས་པ་འདི་དག་གིས་བོད་དོན་ལས་འགུལ་ཆེ་ཕྲ་ཁག་སྤེལ་སྐབས་ཧྥ་རན་སིའི་བོད་རིགས་ཚོགས་པར་མཐུན་འགྱུར་རོགས་ཕན་དང་མཉམ་རུབ་ཀྱི་རེ་སྐུལ་ཞུས་ནའང་། བོད་རིགས་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་རྒྱ་མཚོས་དུས་ཐོག་མཐུན་འགྱུར་རོགས་ཕན་མ་གནང་བའི་ཐོག ཚོགས་པ་འདི་དག་གི་མཚན་མཐོང་ལ་གནོད་གཞི་དང་། སེམས་ཤུགས་ཆགས་གཞིར་གྱུར་བའི་ཐད་གལ་ཆེ་བའི་གསུང་མོལ་དངོས་ཤུགས་ཅི་རིགས་ནས་གནང་བ་མ་ཟད། ཁོང་གི་གསུང་མོལ་དེ་དག་ལ་བརྟེན་ནས་ས་གནས་བོད་མིའི་སྤྱི་ཚོགས་ནང་ཚོགས་པ་འདི་དག་ལ་ལྡོག་ཕྱོགས་ཀྱིི་བག་ཆགས་ངན་པ་ཀྱང་བཞག་འདུག གནས་ཚུལ་འདི་ལ་བརྟེན་ནས་བོད་རིགས་ཚོགས་པ་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ཅིག་གི་བར་མཐུན་ལམ་ཡག་པོ་མེད་པ་དང་། དེ་དག་ལས་རེ་འགས་བོད་རིགས་ཚོགས་པ་དང་འབྲེལ་ལམ་བཅད་ནས་དུས་ཡུན་ཀྱང་གང་འཚམ་ཕྱིན་ཡོད། ང་ཚོས་བོད་དོན་དང་འབྲེལ་བའི་ལས་འགུལ་གང་ཞིག་སྤེལ་བ་དེ་བོད་དོན་དང་བོད་མི་ཚོའི་ཆེད་དུ་ཡིན། ང་ཚོས་ད་རེས་ཚོགས་འདུའི་སྟེང་ཚོགས་ཞུགས་པ་ཚོས་གནད་དོན་འདི་རྩལ་ཏུ་བཏོན་ནས་གླེང་སློང་བྱེད་རྒྱུའི་རེ་བ་འཛིན་གི་ཡོད་ལ། གླེང་སློང་བརྒྱུད་མ་འོངས་པར་བོད་རིགས་ཚོགས་པར་མཐུན་ལམ་བསྐྱར་གསོ་དང་གོང་འཕེལ་ཡོང་བའི་རེ་བ་ཤུགས་ཆེན་པོའི་ཐོག་ནས་རྒྱག་གི་ཡོད། ༽ཅེས་དང་། དེ་བཞིན་དངོས་སུ་ཚོགས་བཅར་ཐུབ་པའི་ཚོགས་པ་ཁག་ཅིག་གིས་ཀྱང་དེ་མཚུངས་ཀྱི་བསམ་འཆར་ཚོར་ཤུགས་ཆེན་པོས་གསུངས། འདིའི་ཐད་ཡུ་རོབ་སྐུ་ཚབ་བཀྲ་ཤིས་དབང་འདུས་ལགས་ཀྱིས་༼ གནད་དོན་འདི་རིགས་ཧྥ་རན་སི་གཅིག་པུའི་ནང་མ་རེད། ཡུ་རོབ་རྒྱལ་ཁབ་གཞན་པའི་ནང་ལའང་གནས་ཚུལ་འདི་ལྷག་བསྡད་ཀྱི་འདུག ང་ལ་འདིའི་སྐོར་གྱི་ཡི་གེ་གང་འཚམ་འབྱོར་ཡོང་གི་འདུག འཆར་ཟླའི་ཚེས་ ༡༤ དང་ ༡༥ ཉིན་གཉིས་རིང་ཧྥ་རན་སིར་ཡུ་རོབ་ས་གནས་ཁག་གི་བོད་རིགས་ཚོགས་པའི་ཚོགས་འདུ་ཞིག་འཚོག་གཏན་འཁེལ་ཡོད། ཚོགས་འདུ་དེ་བརྒྱུད་ནས་ངས་གནས་ཚུལ་འདི་རིགས་གཙང་མ་ཆགས་ཐུབ་པའི་རེ་བ་འཛིན་གི་ཡོད་ལ། མ་འོངས་པར་བོད་རིགས་ཚོགས་པ་ཁག་གིས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་མཐུན་འགྱུར་རོགས་ཕན་དང་མཉམ་ལས་ཤུགས་ཆེ་རུ་འགྲོ་ཐུབ་པའི་རེ་བ་རྒྱག་གི་ཡོད། ༽ཅེས་འཆར་ཟླའི་ཚོགས་འདུ་དེ་གཙོ་བོ་ས་གནས་བོད་རིགས་ཚོགས་པ་ཁག་གིས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་མཉམ་རུབ་དང་། ཚོགས་པ་དེ་དག་གི་ལས་འགུལ་ནང་ཆ་ཤས་ལེན་སྟངས་གཙོ་བོར་དམིགས་ཡོད་པའི་འགྲེལ་བརྗོད་གནང་།

 ད་ལྟའི་ཆར་ཧྥ་རན་སིའི་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་ཆུང་བདུན་ཅུ་ལྷག་ཡོད་ལ། ད་ལོའི་ཚོགས་འདུ་འདིའི་སྟེང་ཚོགས་པ་ཁག་ཉི་ཤུ་ལྷག་གི་སྐུ་ཚབ་དངོས་སུ་ཚོགས་བཅར་གནང་ཡོད་འདུག

གསར་འགོད་པ། ཟླ་བ་ཚེ་རིང་། དྲ་ངོས་སུ་སྤེལ་མཁན། ལུང་རིགས་རྒྱལ།

འབྲེལ་ཡོད་གསར་འགྱུར།

Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

ཆུ་ཚོད་ ༡༧ སྔོན་ལ།
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

ཆུ་ཚོད་ ༡༨ སྔོན་ལ།
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

ཆུ་ཚོད་ ༡༨ སྔོན་ལ།
རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོར་མཇལ་བཅར་ཞུས་པ། རིན་པོ་ཆེའི་ངོ་དེབ་ཀྱི་སྐུ་པར། ལོ་དུས་མི་གསལ།
Mobile App

རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་ལས་འཁྱུར་གནང་། 

ཆུ་ཚོད་ ༡༩ སྔོན་ལ།
Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

༢༠༢༦/༠༥/༡༣
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢

མཆན། 5

  1. འཇིག་རྟེན་ says:
    ལོ་ 16 སྔོན།

    རེ་བ་ཆེ་ས་ནས་བཤད་ན་རྒྱབ་སྐྱོར་ཞེས་བ་འདུན་སྐྱོད་ཀྱི་འགག་སྒོ་སྟེ་་ཕྱི་འཇང་གྱི་དུས་ཚོད་ཞིག་ལ་ཡང་ངོས་འཛིན་བྱས་ཀྱང་ཆོག་གང་ཡིན་ཞེས་ན་ང་ཚོ་བོད་མི་ཚང་མའི་བོད་དོན་ཞེས་བ་ནི་མི་བུ་སོ་སོ་ལ་འགན་མེད་པར་ཏེ་ནི་མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱིས་རྒྱབ་སྐྱོར་ཁོ་ནའི་ཐག་གཅོད་བྱེད་དགོས་བ་ཞིག་བསམ་ནས་ཡོད་པ་འདྲ་ཡིན་ན་ཡང་རྒྱབ་སྐྱོར་བ་དག་ལ་ནམ་ཡང་སྨོན་ལམ་འདེབས།

    Reply
  2. ཨ་ཁུ་ཁྲོ་ཐུང། says:
    ལོ་ 16 སྔོན།

    ལམ་དབུ་མས་བཀའ་དྲིན་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་གྱི་རྩ་ཁྲིམས་ལ་ངོས་བྱས་པས་རྒྱུ་མཚན་གྱིས་བོད་རྒྱབ་སྐྱོར་བ་ཚོ་ཕྱི་ནུབ་རྒྱབ་བཞིན་ཡོད།
    སྤྱིན་བདག་བ་མོ་ཉལ་ཉལ་བྱས་དུས་་་ཨ་མཆོད་ཁྱི་ཟུག་ཟུག་བྱེད་ཀྱི་མ་རེད་པྭ།

    ༄༅༎ཕེ་རན་སིའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་གྲོང་ཁྱེར་ལྷན་ཁང་གི་ཐོག་བོད་ཀྱི་རྒྱལ་དར་སྒྲེངས་འཛུགས་བྱ་རྒྱུ་བཀག་སྡོམ་དགོས་པའི་བསམ་འཆར་བཏོན་ཡོད་འདུག
    འདས་པའི་ལོ་ངོ་ཁ་ཤས་རིང་གསུམ་བཅུའི་དུས་དྲན་ཉིན་ཕེ་རན་སིའི་གྲོང་ཁྱེར་ཕད་རོ་སི་ཡིས་གྲོང་སྡེ་ལས་ཁང་གི་རྒྱལ་སྒོའི་སྟེང་བོད་ཀྱི་རྒྱལ་དར་སྒྲེངས་བཙུགས་བྱས་ནས་ཕེ་རན་སི་གཞུང་གིས་བོད་དོན་ཐོག་རྒྱབ་སྐྱོར་གྱི་རྣམ་འགྱུར་བཏོན་གྱི་ཡོད་པ་རེད་ ཡིན་ནའི་ད་རེས་གཟའ་ལྷག་པའི་ཉིན་ཕེ་རན་སའི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་དང་ཕད་རོས་སེ་གྲོང་སྡེ་ལས་ཁང་གི་འབྲེལ་ཡོད་མི་སྣ་ཉུང་ཤས་ནས་གསུམ་བཅུའི་དུས་དྲན་ཉིན་ཕད་རོས་སེའི་གྲོང་སྡེ་ལས་ཁང་གི་སྒོ་སྟེང་དུ་བོད་ཀྱི་རྒྱལ་དར་སྒྲེངས་འཛུགས་བྱ་རྒྱུ་དེ་ནི་ས་ཆ་འོས་འཚམས་ཞིག་མིན་པ་དང་གཞན་ཡུལ་གྱི་བདག་དབང་ལ་གུས་ཞབས་མེད་པའི་བྱ་སྤྱོད་དེ་རིགས་ནི་ཕེ་རན་སི་ཡུལ་གྱི་གྲོས་ཚོགས་འཐུས་མི་དང་མི་མང་གིས་འདོད་མོས་བྱེད་དགོས་ཡས་ཤིག་མ་རེད་ཅེས་ཕེ་རན་སིའི་གྲོས་ཚོགས་ཀྱི་འཐུས་མི་ཨིལྦ་པོ་ཛོ་ཌི་སྦོར་གོ་ནས་བརྗོད་འདུག་ལ་ བོད་ཀྱི་རྒྱལ་དར་འགྲེངས་འཛུགས་བྱ་རྒྱུ་མཚམས་འཇོག་གི་གྲོས་གཞི་ཕེ་རན་སི་གྲོས་ཚོགས་ནང་བཏོན་ནས་གྲོས་གཞིར་གྲོས་ཆོད་འཇོག་རྒྱུར་འབད་བརྩོན་བྱ་རྒྱུ་ཡིན་ལུགས་ཕད་རོས་སི་གྲོང་སྡེ་ལས་ཁང་གི་དཔོན་རིགས་ནས་བརྗོད་འདུག
    Copyright © 1998-2010 Radio Free Asia. All rights reserved.

    Reply
  3. ཟླ་བ་ལྷ་མོ says:
    ལོ་ 16 སྔོན།

    མཆན་བུ་བ་ཟུར་མཁར་ལགས། ༼ཕཱ་རན་སིའི༽ཞེས་བྲིས་ན་སྒྲ་གདངས་དང་ཡི་གེ་གཉིས་ཀ་ནོར་འདུག།
    དེ་ལས་ང་ཚོའི་བོད་ཡིག་ནང་དུ་ཡོད་བསྡད་པའི་་་ཧྥ་རན་སི་་ཞེས་བྲིས་ན་མི་ལེགས་སམ།

    Reply
  4. ཟུར་མཁར་བ། says:
    ལོ་ 16 སྔོན།

    ཕཱ་རན་སིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་བོད་རིགས་ཚོགས་པའི་དབར་ལ་མི་མཐུན་པ་ཡོད་པ་དེ་སྔོན་ནས་གོ་མྱོང་ཡོད་ལ་དངོས་ཡོད་གནས་ཚུལ་ཡང་རེད། དེ་ནི་གོ་བདེ་ཁ་གསལ་དུ་བརྗོད་ན། ཨ་མདོ་ཐུབ་བསྟན་གྱིས་ཟམ་གདོང་རིན་པོ་ཆེའི་ཁོར་ཡུག་བསྐྲུན་པའི་སྲིད་ཇུས་ལག་བསྟར་བྱས་ཏེ་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་ལས་དོན་ལ་རྒྱབ་སྐྱོར་མ་བྱས་པ་ལས་བྱུང་བ་རེད། གནས་སྟངས་འདི་ཕཱ་རན་སི་དཔེ་མཚོན་ཙམ་རེད། ནུབ་ཕྱོགས་ཀྱི་ཡུལ་གྲུ་ཕལ་མོ་ཆེར་དེ་ལྟར་བྱུང་ཡོད། མདོར་བསྡུས་ན་རང་གཞུང་གི་ཕྱི་སྲིད་ནོར་འཁྲུལ་ཅན་ལས་བྱུང་བའི་མཇུག་འབྲས་རེད།

    Reply
  5. གཅེན་པོ། says:
    ལོ་ 16 སྔོན།

    ཐེང་༨༩ བཀླགས་ཀྱང་བསམ་ཆར་གཅིག་ཀྱང་མི་འདུག
    དེ་ནི་བོད་དོན་ལ་ཐུགས་ཁུར་མེད་པའི་ཀློགས་པ་པོ་རེད་ལབ་ནའང་ཐལ་དྲག་མི་འདུག
    གོང་བཀོད་འདི་དངོས་གནས་ཡག་པོ་འདུག
    སླད་མར་བོད་དོན་ཐོག་ལ་རྒྱབ་སྐྱོར་བ་རྣམས་དང་བོད་མི་ཐམས་ཅད་ཀྱིས་བོད་དོན་ལས་འགུལ་ཐོག་ལ་གྲ་བསྒྲིག་ཡོད་པ་བསྒྲིགས་འཛུགས་ཡོད་པ།
    ལངས་ཕྱོགས་གཅིག་པ།
    ལས་འགུལ་སྤེལ་སྟངས་གཅིག་པ།
    དུས་ཚོད་གཅིག་པ་སོགས་རྡོག་རྩ་ཆིག་བསྒྲིལ་གྱི་བོད་དོན་བསྒྲུབ་པ་ཡིན་ན་ཉིན་མ་གཅིག་ལ་འཛམ་གླིང་སྟེང་བོད་དོན་ག་རེ་བྱས་པ་ཡིན་ནའང་གཅིག་མཚུངས་ཡོང་གི་རེད་ལ་ལས་འགུལ་དེ་སྟོབས་དང་ནུས་པ་ཡང་ཆེ་གི་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese