མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆུར་མཆོངས་ཏེ་རང་ཤི་རྒྱག་རྒྱུར་གྲ་སྒྲིག་གཙང་མ་ཡོད།

བོད་ཀྱི་དུས་བབ།
༢༠༡༠/༠༩/༢༥
Share on FacebookShare on TwitterShare on EmailShare on Whatsapp

བདུན་ཕྲག་འགའི་སྔོན་ལ་ངྷ་རམ་ས་ལའི་དབུས་སྣེ་ལེན་ཁང་དེ། ཤེས་རབ་དགའ་ཚལ་སློབ་གླིང་གི་ཉེ་འཁྲིས་ཀྱི་ལས་ཁུངས་གསར་པའི་ནང་སྤོར་ཡོད་སྟབས། འདི་གའི་གསར་འགོད་པས་སྣེ་ལེན་ཁང་གསར་པར་རྒྱུས་ལོན་བྱེད་པའི་ཞོར་དུ་བོད་ནས་གསར་དུ་ཕེབས་མཁན་ཚོར་བཅར་འདྲི་ཞུ་བར་བསྐྱོད། སྣེ་ལེན་ཁང་གསར་པའི་འཛུགས་སྐྲུན་ཧ་ཅང་གཞི་རྒྱ་ཆེ་ཞིང་། ལས་ཁུངས་དང་ལས་ཤག ཉལ་ཁང་དང་ཚོགས་ཁང་སོགས་དྲ་རྒྱས་པོ་བཟོས་ཡོད་ཀྱང་། ད་ཆར་བོད་ནས་གསར་དུ་ཕེབས་ཡོད་པ་ཁ་ཤས་ལས་མི་འདུག་ལ། མ་གཞི་ ༢༠༠༨ ལོའི་ཚུན་ལ་བོད་ནས་ཕེབས་མཁན་ཧ་ཅང་ཉུང་ཉུང་ཆགས་ཏེ། གདན་ས་ཁག་གྲྭ་རྒྱུན་གྱིས་སྟོང་ལ་ཉེ་ཞིང་། སློབ་གྲྭ་ཁག་སློབ་མས་སྟོང་བཞིན་ཡོད་པའི་སྐད་ཆ་ཞིག་གང་སར་ཁྱབ་བཞིན་འདུག  

 གསར་འགོད་པ་ཉེ་ཆར་བོད་ནས་གསར་དུ་ཕེབས་པའི་ཆབ་སྲིད་བཙོན་པ་ཟུར་པ་བཙུན་མ་དཔལ་ལྡན་ཆོས་སྒྲོན་ལགས་སུ་ཐུག་འཕྲད་བྱས་ཏེ། ཁོང་མོ་རྒྱའི་བཙོན་འོག་ཏུ་ཚུད་པའི་སྐོར་ལ་བཅར་འདྲི་ཞུས་སྐབས། སོ་སོ་ངོ་སྤྲོད་དང་བཅས་བརྗོད་དོན། ངའི་ཕ་ཡུལ་ལྷ་ས་སྙེ་མོ་ནས་ཡིན་ཞིང་། ང་ལོ་ ༡༤ ཐོག་ཤུག་གསེབ་བཙུན་དགོན་དུ་ཞུགས་པ་ཡིན། ཕྱི་ལོ་ ༡༩༨༧ དང་ ༡༩༨༨ ནང་ལྷ་སར་མང་ཚོགས་ཀྱིས་ཞི་རྒོལ་བྱས་སྐབས། རྒྱ་གཞུང་གིས་ང་ཚོའི་དགོན་པའི་བཙུན་མ་ ༨༠ ཙམ་ཕྱིར་ཕུད་བཏང་སོང་ལ། ༡༩༩༠ ལོར་ང་ཚོ་བཙུན་མ་ ༦ གིས་ཡང་བསྐྱར་ལྷ་སའི་བར་སྐོར་ནས་ངོ་རྒོལ་སྐད་འབོད་བྱས་སྟབས་འཇུ་བཟུང་བྱས་ཏེ་ལོ་ ༣ རེའི་ཁྲིམས་ཐག་བཅད་པ་དང་། ༡༩༩༣ ལོར་གྲྭ་བཞི་བཙོན་ཁང་ནས་ང་ཚོ་བཙུན་མ་ ༡༣ ཙམ་གྱིས་༧གོང་ས་མཆོག་ལ་བསྟོད་གླུ་དང་བོད་རང་བཙན་གྱི་གླུ་གཞས་བཏང་སྟབས། བསྐྱར་དུ་ལོ་ ༥ ཁ་སྣོན་བྱས་ཏེ་ལོ་ ༨ ཙམ་ལ་བཙོན་འོག་ནས་འདུག་དགོས་བྱུང་སོང་ཟེར།

 

ཁོང་མོས་བྱེ་བྲག་གིས་ངོ་སྤྲོད་གནང་དོན། ༡༩༩༠ ལོའི་བོད་ལུགས་ཀྱི་ཟླ་ ༧ པའི་ཚེས་ ༨  ཉིན་གྱི་ཞོགས་པར་ང་ཚོ་བཙུན་མ་ ༦ ཙམ་ལྷ་སའི་བར་སྐོར་དུ་སོང་སྟེ། བོད་རང་བཙན་ཡིན། རྒྱ་མི་བོད་ནས་ཕྱིར་སྤོ་གཏོང་དགོས། བོད་ཀྱི་བདག་པོ་བོད་མི་ཡིན། ༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག ཅེས་སྐད་འབོད་བརྒྱབ་པ་ཡིན། བར་སྐོར་ལ་སྐོར་བ་གཅིག་ཙམ་བརྒྱབ་རྗེས་གློ་བུར་དུ་ཉེན་རྟོག་པ་མང་པོ་ཞིག་ཡོང་སྟེ་ང་ཚོར་རུབ་རྡུང་བྱས་ཏེ་དགུ་ཚ་བཙོན་ཁང་དུ་བསྐྱལ་སོང་། དེ་ནས་ཟླ་ ༤ ཙམ་རིང་ཐབས་ལམ་སྣ་ཚོགས་ཐོག་འདྲི་བརྩད་བྱས་ཤིང་། གཙོ་བོ་སྐད་འབོད་ལ་ཡོང་དོན་ཅི་ཡིན་དང་། སུས་སྐུལ་སློང་བྱས་ཡོད་མེད། སྐད་འབོད་ཀྱི་མགོ་ཁྲིད་མཁན་སུ་ཡིན་སོགས་དྲིས་བྱུང་། ལྷག་པར་དུ་སྐད་འབོད་སྐབས་ང་ཚོས་བོད་ཀྱི་རྒྱལ་དར་ཞིག་འཁྱེར་ཡོད་པ་དེའི་ཡོང་ཁུངས་བརྩད་གཅོད་བྱས་སོང་། ང་ཚོས་ཤུག་གསེབ་དགོན་པའི་བཙུན་མ་བགྲེས་སོང་ཞིག་གིས་སྤྲད་སོང་། ད་ལྟ་ཁོང་གྲོངས་ཚར་བ་རེད་ཅེས་ལབ་པ་ཡིན། སྐབས་དེར་ཉེན་རྟོག་པ་ཞིག་གིས་ཁྱོད་ཚོ་སྐྱིད་རྒྱུ་མང་དྲགས་པ་རེད་ཟེར་ནས་ཚོད་མེད་དུ་ཉེས་རྡུང་བཏང་ཞིང་། བཙན་དབང་གིས་ང་ཚོའི་གྱོན་པ་བཤུས་ཏེ་དམར་རྗེན་ཐོག་གློག་རྒྱུག་བཙུགས་སོང་། ཁྲིམས་ཐག་མ་བཅད་གོང་དུ་ང་ཚོར་ཉི་མ་རེ་རེ་བཞིན་འདྲི་གཅོད་དང་ཉེས་རྡུང་གཏོང་གི་འདུག ཅེས་བརྗོད་བྱུང་།

 

ཡང་ཁོང་མོས་བཙོན་འཇུག་ཁྲིམས་ཐག་བཅད་པའི་སྐོར་བརྗོད་དོན། ལོ་དེའི་ཟླ་ ༡༠ པའི་ཚེས་ ༢༡ ཉིན་ལྷ་ས་དགུ་ཚ་བཙོན་ཁང་དུ་ང་ཚོར་ཁྲིམས་ཐག་བཅད་པ་རེད། སྐབས་དེར་ལོ་ ༡༦ ལ་སོན་མ་ཐག་པའི་བཙུན་མ་སྤེན་པ་སྒྲོལ་དཀར་དང་། འཇིགས་མེད་བདེ་སྐྱིད། ང་རང་བཅས་ལ་ལོ་ ༣ རེའི་ཁྲིམས་ཐག་དང་། རང་ལོ་ ༢༡ ཡིན་པའི་བཙུན་མ་གཡང་འཛོམས་དང་། འོད་ཟེར་ཆོས་སྐྱིད། འཇིགས་མེད་དབྱངས་ཅན་བཅས་ལ་ལོ་ ༧ རེའི་ཁྲིམས་ཐག་བཅད་སོང་། ཁྲིམས་ཐག་བཅད་རྗེས་ང་ཚོ་གྲ་བཞི་བཙོན་ཁང་དུ་སྤར་སོང་ལ། བཙོན་ཁང་དེར་སྒྲིག་གཞི་དོན་ཚན་  ༡༧༣  ཙམ་འདུག ངལ་རྩོལ་བསྒྱུར་བཀོད་ནང་བསྡད་པའི་རིང་དུས་ཚོད་མང་ཤོས་དེ་གཞན་གྱི་གསང་སྤྱོད་གཙང་མ་བཟོ་རུ་འགྲོ་དགོས་ཀྱི་འདུག མ་གཞི་ནས་ང་རང་གཟུགས་པོ་ཆུང་ཆུང་ཡིན་སྟབས། གསང་སྤྱོད་ནང་འཛུལ་ཏེ་སྐྱག་གཅིན་ཕྱི་ལོགས་སུ་འདོན་པ་དང་། རླངས་འཁོར་ནང་ལྡུག་པ་སོགས་ཀྱི་ལས་ཀ་བྱ་དགོས་སྟབས། ཉིན་རྒྱུན་ལུས་པོ་དང་ངོ་གདོང་ཡོངས་སྐྱག་གཅིན་གྱིས་གཡོག་ཡོད་པ་རེད། ཅེས་བརྗོད་བྱུང་།

 

ཁོང་མོས་མུ་མཐུད་དུ་བརྗོད་རྒྱུར། གྲྭ་བཞི་བཙོན་ཁང་དུ་བཙུན་མ་ ༡༠༧ ཙམ་ཡོད། ང་ཚོས་བཙོན་ཁང་ནང་ལོགས་ནས་ངོ་རྒོལ་ཡང་ཡང་བྱས་ཀྱང་གྲུབ་འབྲས་མི་འདུག དེ་ནས་ངོ་རྒོལ་གྱི་གླུ་གཞས་འཁོར་ཐག་ཏུ་བཅུག་སྟེ་ཕྱི་ལོགས་སུ་གཏོང་ཐབས་བྱས་པ་ཡིན། དགོང་མོ་ཞིག་ལ་གློ་བུར་དུ་དམག་མི་ཡོང་སྟེ་འཁོར་ཐག་ཚང་མ་བཙན་འཕྲོག་བྱས་སོང་། ༡༩༩༣  ལོའི་ཕྱི་ཟླ་ ༨ པའི་ཚེས་ ༢༧ ཉིན་ནི་ང་རང་བཙོན་གྲོལ་འཐོབ་རྒྱུའི་ཉིན་མོར་འཁེལ་ཡོད་སྟབས། ཞོགས་པ་སྔ་བོ་ནས་བཙོན་གྲོགས་ཁ་ཤས་ཀྱིས་ལྐོག་ནས་ང་ལ་ཁ་བཏགས་རེ་སྤྲད་སོང་། འོན་ཀྱང་ང་རང་གི་ཚོར་སྣང་ལ་ང་ད་དུང་ཕྱི་ལོགས་སུ་འགྲོ་ཐུབ་རྒྱུ་མ་རེད་སྙམ་པ་ཞིག་འདུག ཅུང་ཙམ་གྱི་རྗེས་དམག་མི་ཞིག་ཡོང་སྟེ་ཁྱོད་རང་ལོག་ཆོག་གི་མ་རེད་ཟེར། ང་ཚོའི་ངོ་རྒོལ་གླུ་གཞས་འཁོར་ཐག་ཏུ་བཅུག་ཡོད་པའི་ནང་ངའི་སྐད་གདངས་གསལ་པོ་རེད། གླུ་གཞས་དེའི་དབང་གིས་ང་ལ་བསྐྱར་དུ་ལོ་ ༥ འཕར་སྣོན་བྱས་ཤིང་མཐར་ ༡༩༩༨ ལོར་ཀློད་གྲོལ་ཐོབ་སོང་། ཞེས་དང་།  

 

སྤྱིར་ང་རང་བཙོན་ཁང་ནས་ཀློད་གྲོལ་ཐོབ་རྗེས་རྒྱ་གར་དུ་ཡོང་འདོད་མ་བྱུང་། གང་ཡིན་ཟེར་ན། ངས་སྐྱབས་བཅོལ་བའི་གནས་སྟངས་དེ་ཐབས་སྐྱོ་བོ་ཞིག་ཏུ་མཐོང་གི་ཡོད། རང་གི་ལུང་པ་ནས་ཆོས་ཉམས་ལེན་བྱས་བསྡད་ན་འགྲིག་གི་རེད་དྲན་ཡོད། འོན་ཀྱང་རྒྱ་གཞུང་གིས་ཉིན་དང་ཟླ་བ་བསྟུད་དེ་སུན་གཙེར་བཟོས་ཡོང་གི་འདུག ༢༠༠༨ ལོར་ལྷ་སར་ངོ་རྒོལ་བྱུང་སྐབས་ཀྱང་ཉེན་རྟོག་པས་བཙན་ཁྲིད་ཀྱིས་འདྲི་བརྩད་ཡང་ཡང་བྱས་སོང་། མཐར་འུ་ཐུག་སྟེ་སྐྱབས་བཅོལ་དུ་ཡོང་དགོས་བྱུང་སོང་། ང་རང་ཡོང་ཁར་གྲ་སྒྲིག་སྡུག་པོ་ཞིག་བྱས་ཏེ་ཡོང་བ་ཡིན། རྒྱ་གར་དུ་སླེབས་ཐུབ་རྒྱུར་གདེང་ཚོད་གང་ཡང་མེད། གལ་སྲིད་རྒྱ་མིས་འཇུས་པ་ཡིན་ན། ཆུར་མཆོངས་ཏེ་རང་ཤི་རྒྱག་རྒྱུའི་གྲ་སྒྲིག་གཙང་མ་ཡོད། བལ་ཡུལ་དུ་སླེབས་ཏེ་ཚོང་ཁང་ཁག་ཏུ་༧གོང་ས་མཆོག་གི་སྐུ་པར་བཤམས་ཡོད་པ་མཐོང་སྐབས་རྨི་ལམ་ཡིན་ན་སྙམ་པ་ཞིག་བྱུང་སོང་ལ། བོད་ནང་༧གོང་ས་མཆོག་གི་སྐུ་པར་བཤམ་མི་ཆོག་སྟབས་ཞེད་སྣང་ཞིག་ཀྱང་སྐྱེས་ཡོང་གི་འདུག ཞོགས་པ་ཞིག་ལ་བལ་ཡུལ་སྣེ་ལན་ཁང་གི་ཉེ་འཁྲིས་ཀྱི་སློབ་གྲྭའི་ནང་བོད་ཀྱི་རྒྱལ་གླུ་གཏོང་བཞིན་པ་ཐོས་སྐབས་མིག་ཆུ་ཤོར་སོང་། ཞེས་བརྗོད་སོང་།

 

མཇུག་མཐར་ཁོང་མོར་ངྷ་རམ་ས་ལར་འབྱོར་སྐབས་སེམས་ཚོར་གང་འདྲ་བྱུང་ཡོད་པ་དང་། མ་འོངས་པར་དམིགས་ཡུལ་གང་འདྲ་ཡོད་མེད་དྲིས་སྐབས། ངྷ་རམ་ས་ལའི་སྣེ་ལེན་ཁང་གསར་པ་འདིར་འབྱོར་ཏེ་འཛུགས་སྐྲུན་འདི་དག་མཐོང་སྐབས། བཙན་བྱོལ་བོད་མི་འདི་དག་ཕྱིར་བོད་དུ་ལོག་རྒྱུའི་བསམ་བློ་མི་འདུག་སྙམ་པའི་བློ་ཕམ་ཞིག་བྱུང་སོང་། དེ་ང་གཅིག་པུ་མ་རེད་འདི་ལྟ་བུའི་བསམ་ཚུལ་ཡོད་མཁན་མང་པོ་འདུག ང་ལ་དམིགས་ཡུལ་གང་ཡོད་ཟེར་ན། ང་བཙོན་ཁང་དུ་རྒྱུན་རིང་ལྷག་ཡོད་སྟབས་དུས་ཚོད་མང་པོ་ཞིག་འཕྲོ་བརླག་ཏུ་ཕྱིན་ཚར་བ་རེད། ལྷག་པར་དུ་བཙོན་འོག་ནས་འདུག་རྒྱུ་མང་དྲགས་སྟབས། ངའི་གཟུགས་པོ་ནད་གཅོང་ཆགས་འདུག་ལ། ང་རང་གི་ཀླད་པ་ཡང་ཕལ་ཆེར་ན་ཚ་ཞིག་ཡོད་པ་འདྲ། བསམ་བློ་མང་པོ་གཏོང་ཐུབ་ཀྱི་མི་འདུག ཁུ་སིམ་པོར་བསྡད་ན་ཏོག་ཙམ་ཕན་གྱི་འདུག དམིགས་ཡུལ་ཆེན་པོ་ཡོད་ཀྱང་དེ་བསྒྲུབ་རྒྱུའི་ནུས་པས་འདང་གི་མི་འདུག འོན་ཀྱང་ད་བར་ཉམས་ལེན་གྱི་ཕྱོགས་ནས་འཐུས་ཤོར་དུ་ཕྱིན་ཡོད་པ། དགོན་པ་ཞིག་ལ་ཕྱིན་ཏེ་ནང་ཆོས་ཐོག་སློབ་སྦྱོང་བྱ་རྒྱུ་བྱུང་ན་ཁ་གསབ་བྱ་ཐུབ་རྒྱུ་རེད་དྲན་ཡོད། ཅེས་བརྗོད་སོང་།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Advertisement for App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུ།

ཆུ་ཚོད་ ༡༨ སྔོན་ལ།
Photo Credit: The European Parliament
༸གོང་ས་མཆོག གསར་འགྱུར།

རྒྱ་ནག་གཞུང་གིས་སྐུའི་ཡང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པའི་སྐུལ་མ་བྱས།  

ཆུ་ཚོད་ ༡༩ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༠༧།༠༥
༸གོང་ས་མཆོག གསར་འགྱུར།

བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༢༠ སྔོན་ལ།
The BBC visited the Kirti monastery in Aba as the Dalai Lama turned 90
Mobile App

༧སྐུའི་གོ་སྟོན་དང་འབྲེལ་བོད་ནང་དུ་དམ་དྲག་ཤུགས་ཆེན་བྱེད་བཞིན་འདུག

༢༠༢༥/༠༧/༠༤
རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག ལྷ་སྲས་བསོད་ནམས་ཀྱི་པར། ༢༠༢༥།༧།༤
Mobile App

རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག

༢༠༢༥/༠༧/༠༤
༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༤
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས།

༢༠༢༥/༠༧/༠༤

མཆན། 16

  1. ལུང་རྟོགས། says:
    ལོ་ 15 སྔོན།

    བཙུན་མ་དཔལ་ལྡན་ཆོས་སྒྲོན་ལགས་ལ་བཀྲ་ཤིས་བདེ་ལེགས་ཀྱི་འཚམ་འདྲི་ཞུ། བོད་ཀྱི་བུད་མེད་ཁྲོད་ཁྱེད་ལྟ་བུའི་སྙིང་སྟོབས་ཅན་མང་ཙམ་ཡོད་ན་ཅི་མ་རུང་།

    Reply
  2. བསམ་ཚུལ། says:
    ལོ་ 15 སྔོན།

    རྒྱལ་གཅེས་ལྷག་བསམ་ལྡན་པའི་དཔའ་མོ་བཙུན་མ་དཔལ་ལྡན་ཆོས་སྒྲོན་ལགས་སུ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབ་ཅིག་སྐུ་ཉིད་འཕགས་ཡུལ་ཞི་བདེའི་ཡུལ་དུ་བདེ་འབྱོར་བྱུང་བར་སྙིང་དབུས་ནས་དགའ་ཚོར་ཆེ། ཁྱེད་ནི་ཁ་བ་གངས་ཅན་ལྗོངས་སུ་སྔར་ནས་ད་བར་དུ་སྙན་གྲགས་ཅན། ཨ་ནི་ཕྲིན་ལས་ཆོས་སྒྲོན་དང་མཚུངས་པའི་མཛད་རྗེས་ནི་ཡུལ་སྙེ་མོ་ཁུལ་གྱི་གཙོས་ཆོས་གསུམ་མི་རབ་གསར་པའི་སྙིང་སྟོབས་གཅིག་ཏུ་བསྡུས་པའི་རྒྱལ་གཅེས་ཀྱི་དཔའ་མོ་ཞིག་རེད། དེར་བརྟེན་བོད་གཞུང་ནས་ཁོང་གི་དགོས་ཁོ་དང་མཐུན་པའི་སྨན་སྦྱོར་སོགས་གང་སྤྱིར་གཟིགས་མཐོང་ཡོང་བའི་འབོད་སྐུལ་ཞུ།

    Reply
  3. གཅན་ཚ་དཔལ་ལྡན། says:
    ལོ་ 15 སྔོན།

    ཀློག་པ་པོ་ཤེལ་དཀར་བློ་བཟང་ལགས། གུས་པས་གནད་དོན་དེའི་སྐོར་ལ་ཨ་ནེ་དཔལ་ལྡན་ཆོས་སྒྲོན་ལགས་དང་ཁ་བརྡ་བྱས་པ་ཡིན། ཁོ་མོས་བཤད་ན། ད་ལྟ་ཁོང་ཚོ་ཚང་མ་གློད་གྲོལ་ཐོབ་ཟིན་པར་མ་ཟད། བུ་མོ་གཅིག་མ་གཏོགས་གཞན་ཚང་མ་ད་ལྟ་བོད་དུ་བསྡད་ཡོད་ཟེར། མ་གཞི་ཁོང་རྣམས་བཙོན་ཁང་དུ་གློད་གྲོལ་ཐོབ་ཡོད་ཀྱང་འཚོ་བ་དང་གཟུགས་པོའིགནས་སྟངས་སྐྱོ་བོ་ཡིན་ཚུལ་བརྗོད་བྱུང་། ཐུགས་རྗེ་ཆེ། གསར་འགོད་པ་དཔལ་ལྡན་གྱིས་གསལ་བཤད་ཀྱི་ཚུལ་དུ་ཕུལ།

    Reply
  4. སྐར་མདའ། says:
    ལོ་ 15 སྔོན།

    {{{{{སྤྱིར་ང་རང་བཙོན་ཁང་ནས་ཀློད་གྲོལ་ཐོབ་རྗེས་རྒྱ་གར་དུ་ཡོང་འདོད་མ་བྱུང་། གང་ཡིན་ཟེར་ན། ངས་སྐྱབས་བཅོལ་བའི་གནས་སྟངས་དེ་ཐབས་སྐྱོ་བོ་ཞིག་ཏུ་མཐོང་གི་ཡོད།}}}}}
    ཐོག་མར་ཆབ་སྲིད་བཙོན་གྲོལ་བཙུན་མ་དཔལ་ལྡན་ཆོས་སྒྲོན་ལགས་བཙོན་ནས་ཀློད་གྲོལ་ཐོབ་སྟེ་བཙན་བྱོལ་དུ་བདེ་འཇགས་ངང་འབྱོར་བར་སྙིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། བཀྲ་ ཤིས་བདེ་ལེགས་གྲངས་མེད་ཞུ།

    གོང་ཚིག་རྐང་གཉིས་པོ་དེ་ཨ་ནེ་ཁོ་རང་གི་སེམས་ཀྱི་གཏིང་ནས་གནོན་མ་ཐུབ་ཐད་ཀར་ཤོད་པའི་གསུངས་བདེན་པའི་རང་གཏམ་རང་རེད་འདུག
    ད་དུང་མུ་མཐུད་དེ་འདྲ་གསུངས་རོགས་གནང་།

    Reply
  5. དྲང་སྲོང་། says:
    ལོ་ 15 སྔོན།

    དཔལ་ལྡན་ཆོས་སྒྲོན་ལགས། ད་སྐབས་ཁྱེད་རང་བདེ་འཚམས་ངང་སྐྱབས་བཅོལ་དུ་འབྱོར་ཐུབ་པ་ལ་སྙིང་ནས་དགའ་སྤྲོ་ཡོད། མ་ཟད་ཁྱེད་ཀྱི་ནི་རྒྱལ་གཅེས་དཔའ་མོ་ཞིག་ཡིན་པ་ངོས་ཟིན་ཐོག ང་ཚོ་བོད་མི་རིགས་ལ་ཤ་ཚ་དང་ཞེན་ཁོག་ཡོད་མཁན་ཡོངས་ཀྱིས་རྒྱལ་གཟེང་བསྟོད་གནང་བཞིན་ཡོད།

    Reply
  6. འཇམ་གྲགས says:
    ལོ་ 15 སྔོན།

    བཙུན་མ་དཔལ་ལྡན་ཆོས་སྒྲོན་ལགས་གི་སྙིང་སྟོབས་ལ་རྗེས་སུ་ཡི་རང་དང་། ཐུགས་རྗེ་ཆེ་ཞུ། བཙོན་ཟུར་བཙུན་མ་འདིའི་ལུས་སེམས་ཀྱི་འཕྲོད་བསྟེན་དང་། སྨན་བཅོས་སོགས་ལ་བོད་གཞུང་ནས་རོག་རམས་རྒྱ་མི་ཆུང་བ་གནང་རོགས་ཞུ།

    Reply
  7. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    ལོ་དེ་འདྲ་མང་པོ་སྡུག་པོ་མྱོང་ན་སྐུ་གཟུགས་་ནད་གཅོང་ལོས་ཆགས།ད་ནི་བོད་གཞུང་འཕྲོད་བསྟེན་ལས་ཁུང་གིས་སྨོན་བཅོས་དང་སྐུ་གཟུགས་ཡག་པོ་གསོ་ཅིག་དགོས་པ་ཧ་ཅང་གི་གལ་ཆེ།

    Reply
  8. ཕ་ལམ་ནག་པོ། says:
    ལོ་ 15 སྔོན།

    བོད་ཀྱི་བསྟན་སྲིད་ཀྱི་དོན་དུ་རང་སྲོག་འབེན་དུ་བཙུགས་པར་ཐུགས་རྗེ་ཆེ།
    བོད་མི་མང་པོ་ཞིག་བོད་ལ་ལོག་རྒྱུའི་གྲ་སྒྲིག་མེད་པ་དེ་ལ་ང་ཡང་སྐྱོ་བ་སྐྱེས་ཀྱིན་འདུག་་་གང་ལྟར་ང་ཚོ་བོད་པ་འདི་ལྟར་ཡལ་མི་འགྲོ་བའི་ཡིད་ཆེས་དང་སྨོན་ལམ་ཡོད།

    Reply
  9. གནམ་ལྕགས། says:
    ལོ་ 15 སྔོན།

    མི་རིགས་ཀྱི་དཔའ་མོ་ཁོང་བདེ་ལེགས་ངང་བཙན་བྱོལ་དུ་འབྱོར་ཐུབ་པར་རྟེན་འབྲེལ་ཞུ། ཁོང་མོ་དང་ཁོང་མོ་ལྟ་བུའི་རྒྱལ་གཅེས་དཔའ་མོ་དག་ལ་རང་རེའི་ཚོགས་སྡེ་ཚང་མས་ལྟ་སྐྱོང་གནང་་སྟེ་མ་འོངས་པའི་འཚོ་བར་དཀའ་ངལ་མི་འབྱུང་བར་བྱེད་རྒྱུའི་རེ་བ་ཡོད།

    Reply
  10. ཤེལ་དཀར་བློ་བཟང་། says:
    ལོ་ 15 སྔོན།

    བོད་ཀྱི་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་ལོ་ངོ་་༨་་ཙམ་རིང་རང་དབང་དང་ཞི་བདེ་ཡོངས་སུ་བྲལ་ཏེ་གཞན་གྱིས་གཉའ་གནོན་དང་། བཙན་དབང་། དེ་བཞིན་སྡུག་རྩུབ་ཁོ་ནའི་འོག་གནས་དགོས་ནི་ལས་སླ་པོ་ཞིག་རྩ་བ་ནས་མ་རེད།
    ཁོང་གིས་༼ལྷག་པར་དུ་བཙོན་འོག་ནས་འདུག་རྒྱུ་མང་དྲགས་སྟབས། ངའི་གཟུགས་པོ་ནད་གཅོང་ཆགས་འདུག་ལ། ང་རང་གི་ཀླད་པ་ཡང་ཕལ་ཆེར་ན་ཚ་ཞིག་ཡོད་པ་འདྲ། བསམ་བློ་མང་པོ་གཏོང་ཐུབ་ཀྱི་མི་འདུག ༽ཅེས་པར་གཞིགས་ན་རྒྱ་དམར་གྱིས་མི་ལུས་ཕྱེད་ཀ་ཙམ་ནུས་མེད་དུ་བཟོས་ཟིན་སྟབས། འདི་ག་བཙན་བྱོལ་བོད་གཞུང་དང་གཞན་ཕན་ལྷག་བསམ་དཀར་པའི་སྤུན་གྲོགས་འབྱོར་ལྡན་ཚང་མས་ཟས་གོས་གནས་མལ་སོགས་གང་ཅིར་མཐུན་རྐྱེན་བསྐྲུན་རྒྱུ་ཤིན་ཏུ་གལ་ཆེ།།
    ལོ་ངོ་༧རེར་ཁྲིམས་ཐག་བཅད་པའི་བཙོན་གྲོགས་བཙུན་མ་གཡང་འཛོམས་དང་། འོད་ཟེར་ཆོས་སྐྱིད། འཇིགས་མེད་དབྱངས་ཅན་གསུམ་བཙོན་གྲོལ་ཐོབ་མིན་སོགས་ཀྱི་སྐོར་ལ་རྩོམ་སྒྲིག་པས་བཀའ་དྲི་མ་གནང་པར་བློ་འགྱོད་ཆེ།།

    Reply
  11. བཀྲ་ཤིས། says:
    ལོ་ 15 སྔོན།

    རྒྱལ་གཅེས་དཔའ་མོ་ཁྱེད་ལ་བཀྲ་ཤིས་བདེ་ལེགས་གྲངས་མེ་ད་ཡོད། མ་འོངས་པ་ན་ཨ་ནེ་ཡག་པོ་ཞིག་གནང་རོགས།

    Reply
  12. འོད་ཡུག་པའི་འཁྱམས་པོ། says:
    ལོ་ 15 སྔོན།

    མི་རིག་ལ་ཞེན་ཞིང་རྒྱལ་ཁབ་ལ་བརྩེ་བའི་རྒྱལ་གཅེས་དཔའ་མོ་ཆབ་སྲིད་བཙོན་པ་ཟུར་པ་བཙུན་མ་དཔལ་ལྡན་ཆོས་སྒྲོན་བཙན་བྱོལ་དུ་བདེ་འབྱོར་བྱུང་བར་དགའ་བསུ་ཞུ། སྐུ་ཉིད་ཀྱི་དགངོས་ཚུལ་གནས་ལ་འཁེལ་སོང་། ངོ་མ་བཙན་བྱོལ་བོད་མི་ཚོས་རང་ཡུལ་ན་འགྲོ་རྒྱུའི་གྲ་སྒྲིགས་མིན་འདུག་ལ་ཆོལ་ཁ་དང་ཡུལ་ལུང་གོ་ས་ལ་རེ་ནས་བོད་ཀྱི་གནད་དོན་བརྗེད་བཞིན་པ་རེད། ཁྱེད་ཀྱི་བཤད་པ་བདེན་སོང་སྐུ་ཉིད་བློ་འཕམས་མ་གནང་རོགས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཡང་དག་པའི་དབུ་ཁྲིད་འོག་རང་ཅག་རྣམས་རང་དབང་གཙང་མའི་དཔལ་ལ་སྤྱོད་ཐུབ་རྒྱུར་ཐེ་ཚོམས་མེད།

    Reply
  13. འོད་ཡུག་པའི་འཁྱམས་པོ། says:
    ལོ་ 15 སྔོན།

    སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཡང་དག་པའི་དབུ་ཁྲིད་འོག་རང་ཅག་རྣམས་རང་དབང་གཙང་མའི་དཔལ་ལ་སྤྱོད་ཐུབ་རྒྱུར་ཐེ་ཚོམས་མེད།

    བྲིས་ལྷག་ཡིན།

    Reply
  14. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    སྐྱེན་ངན་མ་འཕྲད་པ་འདིར་འབྱོར་བ་དགའ་བསུ་ཞུ
    ཁོང་རྣམས་པའི་བཙོན་གཞས་ཞིག་བཏང་ལས་སླ་པོ་ཞིག་ག་ལ་ཡིན དེ་ལ་ཉན་རྒྱུ་ཡང་སླ་པོ་ཞིག་རེད་མི་འདུག འཁོར་ཐག་དེ་་་དེས་སྐབས་ནས་མེད་སོང་བ་ཞིག་རེད་དམ་ཡང་ན་དེང་སང་ཡོད་དམ

    Reply
  15. སྣང་རྒྱལ་ཤེར་དགེ says:
    ལོ་ 15 སྔོན།

    འདི་རྣམས་དོན་གྱི་དཔའ་མོ་རེད། བོད་ཀྱི་བུ་མོ་ཟེར་ན་འདི་འདྲ་ཞིག་ཡིན་དགོས། ཐུགས་རྗེ་ཆེ། སྐུ་ཉིད་འོ་བརྒྱལ་མྱང་སོང་། ཁྱེད་ཀྱི་ཐུགས་འདུན་ལེགས་འགྲུབ་ཡོང་བར་སྨོན།

    Reply
  16. ནཱ་གྷཱ་རཀྵ། says:
    ལོ་ 15 སྔོན།

    ཆབ་སྲིད་བཙོན་ཟུར་དཔལ་ལྡན་ཆོས་སྒྲོན་བཙན་བྱོལ་ལ་འབྱོར་བ་ཧ་ཅང་ཡག་འདུག བཙུན་མ་བཅུ་གསུམ་༼གཅིག་ཐང་ན་༡༤༽གྱིས་བཙོན་གཞས་བཏང་བ་དེའི་རྒྱལ་སྤྱིའི་སྒང་ལ་སྐད་གྲགས་ཆེན་པོ་བཞག་པ་རེད། ཁོང་རྣམ་པའི་སྙིང་སྟོབས་ལ་རྗེས་སུ་ཡི་རིང་བྱེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese