མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགུ་བཅུ་གསུམ་གྱི་ཚོགས་གཙོ་གསར་འདེམས་བྱུང་ཡོད།

བོད་ཀྱི་དུས་བབ།
༢༠༡༠/༠༩/༣༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་དགོང་མོའི་ཆུ་ཚོད་ ༡༠ དང་ཕྱེད་ཀའི་སྟེང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་ཆེན་ཐེངས་ལྔ་བ་ཡོངས་སུ་མཇུག་བསྒྲིལ་ཅིང་། རྒྱུན་ལས་གསར་འདེམས་ཁྲོད་འོད་ཟེར་སྤྲུལ་སྐུ་མཆོག་སྐབས་ལྔ་བའི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོར་བདམས་ཐོན་བྱུང་ཡོད།

ཉིན་གྲངས་བཞིའི་རིང་གི་དགུ་བཅུ་གསུམ་གྱི་ཚོགས་ཆེན་སྟེང་། རྒྱུན་ལས་སྐབས་བཞི་བའི་རྩིས་ཁྲར་གཙང་བཤེར་དང་། མ་འོངས་པར་ལས་ཁུངས་ཀྱི་ལས་ཀ་བྱེད་ཕྱོགས་དང་བོད་རང་དབང་སླར་གསོའི་ཆེད་ལས་འགུལ་སྤེལ་སྟངས་བཅས་ལ་བགྲོ་གླེང་གོ་བསྡུར་གནང་ཡོད་པ་མ་ཟད། ཚོགས་པའི་སྒྲིག་གཞི་བསྐྱར་བཅོས་བྱས་ཏེ། འབྱུང་འགྱུར་རྒྱུན་ལས་བསྟུད་མུར་ཐེངས་གཉིས་ལས་བསྐྱར་འདེམས་མི་ཆོག་པ་དང་། སྐབས་རེ་རེའི་རྒྱུན་ལས་ཁོངས་སུ་ཆོལ་ཁ་རེ་ནས་མི་གཉིས་རེ་ངེས་པར་དུ་བསྐོ་འཇོག་བྱ་དགོས་པའི་གཏན་འབེབས་བྱུང་ཡོད། འདས་པའི་ལོ་འཁོར་གསུམ་རིང་གི་རྩིས་ཁྲའི་ནང་གསལ་བ་ལྟར་ན། ད་ཆར་དགུ་བཅུ་གསུམ་ལས་འགུལ་ཚོགས་པར་མ་དངུལ་ཧིན་སྒོར་ས་ཡ་བརྒྱད་དང་དྲུག་འབུམ་དགུ་ཁྲི་ཆིག་སྟོང་སུམ་བརྒྱ་ ༨༦༩༡༣༠༨།༢༡ ཙམ་ཡོད་ཅིང་། ཚོགས་མི་ཁྱོན་བསྡོམས་ ༥༤༠ ཙམ་ཡོད་འདུག

 

དོ་ནུབ་རྒྱུན་ལས་གསར་འདེམས་ཀྱི་དངོས་གཞིའི་འོས་བསྡུའི་ཁྲོད། ལྷ་ཆབ་སྦྱིན་པར་འོས་གྲངས་ ༡༢༥ དང་། ཀླུ་མཁར་བྱམས་ལ་ ༡༢༤ ། འོད་ཟེར་སྤྲུལ་སྐུར་ ༡༡༧ ། གངས་ལྷ་མོར་ ༩༧ ། ཟླ་བ་བཀྲ་ཤིས་ལ་ ༩༠ ། འཇམ་དཔལ་ལེགས་བཟང་ལ་ ༨༦ ། བསོད་ནམས་ཚེ་རིང་ལ་ ༨༡ ། བློ་བཟང་རྒྱ་མཚོར་ ༧༨ ། སྤེན་པ་ཚེ་རིང་ལ་ ༧༦ ། ཚེ་རིང་ནོར་བུ་ལ་ ༧༡ ། བཟོད་པར་ ༧༡ ། ཚེ་རིང་བསམ་འགྲུབ་ལ་ ༥༨ ། བློ་བཟང་ལུང་རིགས་ལ་ ༥༨ ། དཔལ་ལྡན་ལ་ ༥༦ ། ཐུབ་བསྟན་ཡུར་འཕེལ་ལ་ ༡༥ བཅས་ཐོབ་ཡོད།

གོང་གསལ་མི་བཅོ་ལྔ་བོ་དེ་དག་སྐབས་ལྔ་བའི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་རྒྱུན་ལས་སུ་བསྐོ་བཞག་བྱུང་ཞིང་། དེ་དག་ལས་ཡང་བསྐྱར་ཚོགས་གཙོ་བསྐོ་བཞག་གི་འོས་བསྡུའི་ཁྲོད་འོས་འཕེན་པ་གྲངས་ ༡༦༤ བྱུང་ཡོད་པ་ལས། འོད་ཟེར་སྤྲུལ་སྐུ་མཆོག་ལ་འོས་གྲངས་ ༡༠༢ དང་། ཀླུ་མཁར་བྱམས་ལགས་སུ་འོས་གྲངས་ ༥༢ ། ཚེ་རིང་ནོར་བུ་ལགས་སུ་འོས་གྲངས་ ༣ བཅས་ཐོབ་སྟེ། འོད་ཟེར་སྤྲུལ་སྐུ་མཆོག་སྐབས་ལྔ་བའི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོར་བསྐོ་བཞག་བྱུང་ཡོད།

 

ཚོགས་འདུ་མཇུག་བསྡོམས་སྟེང་ཚོགས་གཙོ་རྙིང་པ་ངག་དབང་འོད་འབར་ལགས་ཀྱིས་གསུང་བཤད་གནང་དོན། དེ་རིང་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་ཆེན་ཐེངས་ལྔ་བ་བཀྲ་ཤིས་ལོ་ལེགས་ཐོག་མཇུག་སྒྲིལ་ཐུབ་པ་བྱུང་བ་མ་ཟད། སྐབས་རྗེས་མིའི་རྒྱུན་ལས་བཅོ་ལྔ་དང་ཚོགས་གཙོ་བཅས་འོས་འདེམས་བྱུང་ཡོད། རྒྱུན་ལས་རྙིང་པ་ཕལ་ཆེ་བས་ལོ་དྲུག་རིང་ཕྱག་ལས་མཉམ་དུ་བྱས་པ་རེད། ང་རང་གི་ངོས་ནས་མ་འདང་ས་དང་ནོར་འཁྲུལ་ཤོར་ཡོད་ས་ཏན་ཏན་ཡོད་ལ། ཕན་ཚུན་ཁ་རྩོད་ཚིག་རྩོད་ཀྱང་བྱུང་བ་རེད། འོན་ཀྱང་དེ་དག་ཡོངས་རྫོགས་སྤྱི་བའི་དོན་དག་ཡིན་སྟབས། ཞེ་སེམས་ལ་ཉར་བ་རྩ་བ་ནས་མེད། རྒྱུན་ལས་གསར་པ་ཚོ་ཡང་དེ་བཞིན་རེད། མ་འགྲིག་མ་འཐུས་པ་བྱུང་ན། སྐབས་རྗེས་མའི་ཚོགས་ཆེན་བར་བསྒུག་འདུག་རྒྱུ་མ་ཡིན་པར་སྐབས་འཕྲལ་སྐབས་འཕྲལ་དུ་གསལ་བཤད་དང་ཡོ་བསྲང་བྱ་དགོས་པ་རེད། ཅེས་དང་།

ང་ཚོ་རྒྱུན་ལས་རྙིང་པ་ཚོའི་ངོས་ནས་ལས་བསྡོམས་དང་རྩིས་ཁྲ་གང་ཐད་ནས་གྲུབ་འབྲས་མི་དམན་པ་ཞིག་བླངས་ཡོད་དྲན་ཡོད། འདི་དག་ང་ཚོ་མཉམ་རུབ་ཐོག་བྱུང་བ་ཞིག་ཡིན་སྟབས། ལས་རོགས་ཚང་མ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་མཉམ་འབྲེལ་ཐོག་ལས་ཀ་བྱས་ཏེ། ལས་འགུལ་སྤེལ་ཕྱོགས་དང་འཛིན་སྐྱོང་བྱེད་སྟངས། ཐ་ན་རྩིས་ཁྲ་ཉར་སྟངས་ཚུན་ལ་ཕན་ཐོགས་ཆེན་པོ་བྱུང་སོང་། མ་འོངས་པར་མུ་མཐུད་དུ་རྒྱུན་ལས་གསར་པ་ཚོར་རོགས་འདེགས་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན། དེ་བཞིན་གསར་འགྱུར་བརྒྱུད་ལམ་ཁག་གིས་ཀྱང་ང་ཚོས་ལས་འགུལ་གང་ཞིག་སྤེལ་ཡང་བརྒྱུད་བསྒྲགས་ཡག་པོ་གནང་སོང་། སླད་ནས་ཀྱང་རྒྱབ་སྐྱོར་ཡོང་བའི་རེ་འདུན་ཞུ་བཞིན་ཡོད། ཅེས་བརྗོད་བྱུང་།

 

མཇུག་མཐར་ཚོགས་གཙོ་གསར་པ་འོད་ཟེར་སྤྲུལ་སྐུ་མཆོག་གིས་གསུང་བཤད་གནང་དོན། དེ་རིང་ངས་སྐད་ཆ་གྲ་འགྲིག་པོ་ཞིག་བཤད་ཐུབ་ས་མ་རེད། གང་ཡིན་ཟེར་ནས་ང་ཚོགས་གཙོར་འདུག་བསམ་པ་ཞིག་རྩ་བ་ནས་མེད་སྟབས། དེ་རིང་གློ་བུར་དུ་འདི་འདྲ་ཞིག་ཆགས་ཡོང་སྐབས་གང་ཡང་དྲན་གྱི་མི་འདུག ང་ཚོགས་གཙོར་འདུག་འདང་མེད་ཟེར་བ་དེ་ཡང་། གཅིག་ནས་དུས་ཚོད་རག་གི་མི་འདུག་ལ། གཉིས་ནས་ང་ལ་དམིགས་བསལ་གྱི་ནུས་འཇོན་གང་ཡང་ཡོད་པ་མ་རེད། འོན་ཀྱང་། སྐབས་མཚམས་སུ་གཅིག་རེ་གཉིས་རེ་བྱས་ཏེ་དགོངས་པ་ཞུས་ན་དེ་ཡང་འགྲིག་གི་མེད་སྟབས་དང་ལེན་བྱས་པ་ཡིན།

སྐབས་སྔ་མའི་རྒྱུན་ལས་ཚོའི་ངོས་ནས་ཕྱག་ལས་ཧ་ཅང་ཡག་པོ་གནང་འདུག སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་ཕྱིར་གྲུ་མཉམ་འདེགས་བྱས་པ་དེ། མ་འོངས་པར་ཡང་སྔར་རྒྱུན་བཞིན་མཉམ་རུབ་ཡོང་རྒྱུར་འབོད་སྐུལ་ཞུ་བཞིན་ཡོད། ང་རང་གིས་གློ་བུར་དུ་དྲན་སོས་པ་ཞིག་ལ། ཚོགས་པ་འདིའི་སྒྲིག་གཞིའི་མགོར་གླེང་བརྗོད་ཀྱི་ཚུལ་དུ་༧གོང་ས་མཆོག་གི་བཀའ་སློབ་ཅིག་བཞག་ཡོད། མ་འོངས་པར་ང་ཚོས་བཀའ་སློབ་དེའི་ནང་དོན་གཞིར་བཟུང་ལག་བསྟར་བྱ་རྒྱུ་ཡིན། དེ་གཅིག་ཡིན། ལས་ཀ་རིམ་པས་བྱེད་སྐབས་འགྲིག་དང་མ་འགྲིག་མང་པོ་ཡོང་གི་རེད། དེ་བཞིན་ནོར་འཁྲུལ་དང་འཐུས་ཤོར་ཡང་འབྱུང་གི་རེད། སྡུག་ཤོས་ཤིག་ལ་ང་རང་རླུང་ཚ་བོ་དང་སྐད་ཆ་ཁ་རུ་ཁ་ཐུག་ཅིག་ཡིན། དེ་དག་ལ་བསམ་ཤེས་གནང་རོགས་ཞུ་རྒྱུ་ཡིན། ཞེས་བརྗོད་བྱུང་།

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

ཡུམ་ཆེན་གདུགས་དཀར་སྒྲོལ་མ་དང་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་། ཟླ་ཚེས་མི་གསལ།
Mobile App

ཧཱུྃ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་སྐུ་གྲོངས།

ཆུ་ཚོད་ ༡༥ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༥།༥།༡༢
༸གོང་ས་མཆོག གསར་འགྱུར།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས།

ཆུ་ཚོད་ ༡༥ སྔོན་ལ།
Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩

མཆན། 30

  1. ཨ་འཇིགས། says:
    ལོ་ 15 སྔོན།

    བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་གཙོས་རྒྱུན་ལས་གསར་པ་རྣམས་ལ་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཡོད། ནང་ཁུལ་འཆམ་མཐུན་དང་གོང་བུ་གཅིག་སྒྲིལ་གྱིས། བོད་དོན་འཐབ་རྩོད་ཀྱི་ལས་དོན་ཡོངས་ལ་གྲུབ་འབྲས་སྔར་ལས་ལྷག་པ་ཡོང་བའི་སྨོན་འདུན་ཡོད།

    Reply
  2. ཨ་མཆོད་འཇམ་ཚུལ། says:
    ལོ་ 15 སྔོན།

    ད་དུང་གསལ་བཤད་ཅིག་ཞུས་ན་བཟང་པར་སྙམ། གྷན་དི་མཆོག་རྒྱ་གར་གྱི་རྩ་དོན་རྩོད་མཁན་ནམ་ཆབ་སྲིད་པ་བཟང་བ་དེ་ཡིན་པ་ལས། སྲིད་དོན་པའམ་ཆབ་སྲིད་པ་ངན་པ་དེ་མིན་པ་ནི་རྒྱ་གར་བཙན་ཐོབ་པ་ན་ཁོང་གིས་གོ་ས་གང་ཡང་མ་བཞེས་པ་དེས་མཚོན། འདི་ཚོ་ལ་ཐུགས་བསམ་ལེགས་པ་བཞེས་ན་ངས་བཤད་པར་གོ་རྒྱུ་ཞིག་ཡོད།

    Reply
  3. ཨ་མཆོད་འཇམ་ཚུལ། says:
    ལོ་ 15 སྔོན།

    ཆབ་སྲིད་ཟེར་བའི་ཚིག་འདི་ལ་གོ་ས་བཟང་ངན་གཉིས་ཡོད་པ་ཉེ་ཆར་ཁོ་བོའི་ཟིན་བྲིས་ཤིག་ཏུ་ཡང་བཀོད་ཡོད་། ཁྱེད་ཀྱིས་གྲ་བས་ཆབ་སྲིད་མི་འཇོན་ཞེས་པའི་ཤུགས་ལས་ཆབ་སྲིད་ཀྱི་གོ་བ་ངན་པ་དེ་ལ་གོ་རྒྱུ་ཡིན་པར་ཤུགས་ཀྱིས་གྲུབ་པ་རེད། ངས་དེ་གཞིར་བཞག་གིས་ཁྱེད་ལ་ལན་བྲིས་པ་ཡིན། ཁོང་རྣམས་ཀྱིས་གནང་བ་དེ་ནི་ཆབ་སྲིད་བཟང་བ་འམ་བོད་ཀྱི་རྩ་དོན་གྱི་ཆེད་ཡིན་པས་རང་རེའི་ངོས་ན་བལྟས་ན་ཆབ་སྲིད་ཡག་པ་དེ་དང་རྒྱ་མིའི་ངོས་ནས་བལྟས་ན་ཆབ་སྲིད་སྡུག་པ་དེ་རེད། དེས་ན་ད་ཁྱེད་ཀྱིས་བོད་ཀྱི་རྩ་དོན་རྩོད་པ་ལ་གྲ་བས་མི་འཇོན་པ་གང་ཡོད་གསུང་དགོས་ཀྱི་འདུག དེ་མིན་ཁྱེད་ཀྱི་གསུང་རྣམས་རྒྱུན་ལྡན་བཞིན་དུ་འགྱུར་།

    Reply
  4. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    ༩་༡༣་གྱི་ཚོགས་གཙོ་གསར་བ་ལ་རྟེན་འབྲེལ་ཞུ།

    རིག་གནས་གསར་རྗེས་ཆེན་མོའི་ལས་འགུལ་དང་དགུ་བའི་བཅུ་གསུམ་ཉིན་གྱི་ལས་འགུལ་སོགས་མི་ཡོང་བར་ཤོག
    ཚོགས་པ་འདི་མིང་འདོགས་ལུགས་ཁྱད་མཚར་ཞིག་འདུག

    Reply
  5. སྨར་ཡུལ་གྱི་ཁ་བ་དཀར་པོ། says:
    ལོ་ 15 སྔོན།

    འོད་ཟེར་སྤྲུལ་སྐུ་རིན་པོ་ཆེ་མཆོག་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།

    Reply
  6. ནད་པ says:
    ལོ་ 15 སྔོན།

    ཨ་མཆོད་འཇམ་ཚུལ་ལགས། རྒྱ་ནག་གུང་ཏང་ལ་ཆབ་སྲིད་ཀྱི་དཀའ་ངལ་སྤྲོད་མཁན་ཚོགས་པ་འདིའི་ཚོགས་མི་ཚང་མ་ཆབ་སྲིད་ཀྱི་དཀའ་ངལ་འོག་རྒྱའི་མནར་གཅོད་དང་སྡུག་སྦྱོང་འོག་ལོ་མང་བཙོན་ཁང་འགྲིམ་མཁན་གྱི་བོད་ཀྱི་དཔའ་བོ་དང་དཔའ་མོ་ཤ་སྟག་རེད།

    དང་པོ། ཚོགས་པ་འདིའི་མིང་ལའང་ ༩།༡༠།༣ ཞེས་ཆབ་སྲིད་ཀྱི་ལས་འགུལ་དང་ཐད་ཀར་འབྲེལ་བ་ཡོད།

    གཉིས་པ། ཚོགས་པ་འདིའི་ཚོགས་མི་ཡིན་ཕྱིན་ཚང་མ་ཆབ་སྲིད་ཀྱི་དཀའ་ངལ་འོག་སྐྱབས་བཅོལ་དུ་སླེབས་པ་ཤ་སྟག་རེད།

    གསུམ་པ། ཚོགས་པ་འདིའི་ལས་དོན་བོད་བསྟན་སྲིད་ཀྱི་དོན་དུ་རང་སྲོག་བློས་གཏོང་བྱེད་མཁན་གྱི་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་ཚོའི་བྱས་རྗེས་དང་དཀའ་སྡུག་ཚང་མ་འཛམ་གླིང་ནང་ཁྱབ་བསྒྲགས་བྱེད་བཞིན་ཡོད་པ་དེ་རེད།

    བཞི་པ། རྒྱ་ནག་གི་ཆབ་སྲིད་ཐད་ལ་སྐྱོན་དང་ནོར་འཁྲུལ་ཇི་ཡོད་དུས་ཐོག་གསལ་བཤད་དང་འགྲེལ་བརྗོད་བྱེད་བཞིན་ཡོད་པ་རེད།

    ལྔ་པ། བོད་ནང་གི་བོད་མི་སྤྱི་དང་ལྷག་དོན་ཆབ་སྲིད་བཙོན་པ་ཚོའི་གནས་སྟངས་ལ་གཞིགས་ཏེ་ཆབ་སྲིད་ཀྱི་ལས་འགུལ་དུས་ནས་དུས་སུ་སྤེལ་བཞིན་བཞིན་ཡོད་པ་དེ་རེད།
    དྲུག་པ། རྒྱ་ནག་གུང་ཁྲན་ཏང་ལ་ཆབ་སྲིད་ཀྱིས་ཐད་ཀར་དཀའ་ངལ་སྤྲོད་མཁན་ངོ་མ་ཚོགས་པ་འདིའི་ཚོགས་མིས་རང་སྲོག་བློས་བཏང་དང་དཔའ་ངར་ཞུམས་མེད་ཀྱི་སྙོང་སྟོབས་དེ་རེད།

    བདུན་པ། ཁོང་ཚོའི་ཚེ་སྲོག་དང་། ནང་མི། བུ་ཕྲུག ཁྱིམ་ཚང་། རྒྱུ་ནོར་སོགས་ཡོད་ཚད་བོད་མི་རིགས་ཀྱི་ལས་དབང་དུ་བཏང་དང་གཏོང་བཞིན་ཡོད་པ་དེར་གུང་ཁྲན་ཏང་གི་ཡ་ང་དང་སྙིང་རྗེ་སྤུ་ཙམ་མེད་པར་དམར་གསོད་དང་། མནར་གཅོད། བཙོན་འཇུག་སོགས་བྱེད་བཞིན་པ་དེ་ཆབ་སྲིད་དང་འབྲེལ་བ་མེད་ཟེར་ན་གང་ཡིན།

    འོ་ན་༩།༡༠།༣ གྱི་ཚོགས་པ་འདི་ཆབ་སྲིད་དང་འབྲེལ་བ་མེད་ན་ཚོགས་པ་འདིའི་ཚོགས་མི་ལྔ་བརྒྱ་ཙམ་བོད་ནང་རྐུན་མ་བརྒྱབ་མཁན་དང་། འཇག་པ་རྒྱག་མཁན། གང་བྱུང་མི་གསོད་དང་། ཁྲིམས་འགལ་བྱས་ཏེ་རྒྱའི་བཙོན་འོག་ཏུ་བཅུག་པ་ཤ་སྟག་ཡིན་ནམ།

    དོན་ཚན་གཉིས་པ་དེ་འོ་ན་ཚོགས་པ་འདི་ད་བར་གྲྭ་པས་གཙོ་སྐྱོང་བྱེད་བཞིན་ཡོད་ན་༩།༡༠།༣ གྱི་ལས་འགུལ་ཚོགས་པ་དེ་བོད་ཀྱི་གྲྭ་བཙུན་གྱི་རང་དབང་དང་གྲྭ་པའི་ཐོབ་ཐང་ཆེད་དུ་བཙུགས་པ་ཞིག་རེད་དམ།

    དོན་ཚན་གསུམ་པ་དེ་འོད་ཟེར་སྤྲུལ་སྐུས་ཚོགས་པ་འདི་ཐོག་མར་བཙུགས་ན་ཚོགས་པ་འདི་སྒྲིག་གཞི་དང་། བྱུང་སོང་། དངུལ་རྩིས་ཁ་གསལ། ཚོགས་མིའི་ཐོབ་ཐང་། ལས་འགུལ་སོགས་གནད་དོན་མང་པོར་ལམ་ཙམ་ཐུད་ཤོར་གང་འདྲ་སེ་ཕྱིན་པ་རེད་དམ།

    ཚོགས་པ་འདིའི་སྒྲིག་གཞི་དང་། བྱུང་སོང་། དངུལ་རྩིས་ཀྱི་རྩིས་ཁྲ་ཁ་གསལ། ཚོགས་པའི་མང་དངུལ་སྒོར་འབུམ་བརྒྱ་ལྷག་ཙམ་ཞིག་གསོག་འཇོག་ཐུབ་པ་སོགས་ཚོགས་གཙོ་ངག་དབང་འོད་འབར་དང་། དྲུང་ཆེ་བྱ་དོར་ཕུན་ཚོགས་དབང་རྒྱལ་གྱི་སྐབས་ནས་རིམ་པས་ཚགས་ཚུད་བྱུང་འདུག

    ད་དུང་ངས་ཁྱེད་ཉིད་ལ་ཞིབ་ཚགས་ཞུ་དགོས་པ་མཐོང་མ་སོང་། གལ་ཏེ་མཁྱེན་འདོད་ན་བརྟག་ཅིང་དཔྱད་པའི་སྒོ་ནས་ངེས་ཤེས་ཐོབ་དགོས།

    Reply
  7. ཤྰ་རིའི་བུ། says:
    ལོ་ 15 སྔོན།

    འོད་ཟེར་སྤྲུལ་སྐུ་མཆོག་ལ་མཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།
    རིན་པོ་ཆེ་ནི་ཆོས་སྲིད་གཉིས་ལ་མཁྱེན་རྒྱ་ཆེ་བའི་རྒྱལ་བའི་དགོངས་པ་ཇི་བཞིན་འགྲུབ་པའི་རེ་བ་ཧ་ཅང་ཆེ།།

    Reply
  8. གངས་ལྗོངས། says:
    ལོ་ 15 སྔོན།

    དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་གསར་པ་འོད་ཟེར་རིན་པོ་ཆེར་བདེ་བཀྲིས་བདེ་ལེགས་ཀྱི་འཚམས་འདྲི་ཞུ་བ། དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དེ་ནི། ཚོགས་གཙོ་ངག་དབང་འོད་འབར་ལགས་ཀྱི་རིང་འབུར་དུ་ཐོན་པའི་ཡར་ར྄ྒྱས་དང་ཚགས་ཚུད་བྱུང་བ་མ་ཟད། བཙན་བྱོལ་ནང་བོད་དོན་ལས་འགུལ་ས྄པེལ་མཁན་གྱི་ཆབ་ས྄ིད་ཚོགས་པ་གལ་ཆེ་ཞིག་ཏུ་གྱུར་ཡོད་པ་ཚང་མས་མཁྱེན་གསལ་རེད།

    Reply
  9. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    ཀླུ་མཁར་བྱམས་ལགས་ལ་ཚོགས་གཙོ་མ་ཐོབ་པ་དེ་བློ་ཕམ་ཡོད།དགུ་བཅུ་གསུམ་ཚོགས་མི་རྣམས་ཀྱི་རྗེས་མ་ཀླུ་མཁར་བྱམས་ཡོང་ཐབས་བྱ་དགོས་པ་དེ་ཧ་ཅང་གལ་ཆེ་དུ་མཐོང་།སྤྱིར་ང་ལ་སྐད་ཆ་བཤད་པའི་དབང་ཆ་མེད་ཀྱང་སེམས་ཤུགས་ཙམ་ཡིན།

    Reply
  10. མངའ་རིས་ཕོ་ཉ། says:
    ལོ་ 15 སྔོན།

    དགུ་བཅུ་གསུམ་གྱི་ལས་འགུལ་ཚོགས་པ་ཚོགས་གཙོ་གསར་པ་འོད་ཟེར་སྤྲུལ་སྐུ་མཆོག་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་། ཚོགས་རྙིང་ངག་དབང་འོད་འབར་མཆོག་ཚོགས་གཙོའི་ལས་གནས་སྐབས་བོད་སྤྱི་བའི་རྩ་དོན་ཐད་ལ་ལས་འགུལ་རབ་དང་རིམ་པ་གནང་བ་རྗེས་སུ་ཡི་རང་བསྔགས་བརྗོད་ཡོད། ཡིན་ནའང་། བོད་ནང་བསྡད་སྐབས་བོད་ཀྱི་རྩ་དོན་ཐད་ལ་ལས་འགུལ་སྣ་ཚོགས་སྤེལ་ཏེ་རྒྱ་ཡིས་འཛིན་བཟུང་བྱས་ནས་བཙོན་ཁང་ནང་མནར་གཅོད་དང་དཀའ་སྡུག་ཚད་ལས་འདས་པ་མྱང་ནས་ཐར་གློད་བཀྲོལ་ཐོབ་སྟེ་རྒྱ་གར་དུ་བྲོས་འབྱོར་སླེབས་སྐབས་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་ས་བཅར་ཏེ་གང་ཟག་རང་ཉིད་ཀྱི་བོད་ཀྱི་ཆོས་དང་རིག་གཞུང་མི་རིགས་ཐོག་ལས་འགུལ་སྤེལ་སྟངས་སྐོར་འགྲེལ་བཤད་རྒྱས་ཤིང་ཞིབ་ཚགས་བཤད་ནས་ཆབ་སྲིད་བཙོན་པ་ཚོགས་མི་ཁོངས་སུ་འཛུལ་། དེ་ནས་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་སྒྲིག་གཞིའི་འོག་ཐོབ་ཐང་ཐམས་བཅད་ལོངས་སུ་སྤྱད་དང་སྤྱོད་བཞིན་པ་ཡིན། བློ་ཕམ་པ་ཞིག་ལ་རང་བཙན་རྩོད་ལེན་པ་ཀླུ་མཁར་བྱམས་ལ་ད་ལན་ཚོགས་གཙོར་གོ་སྐབས་མ་རག་པ་བློ་ཕམ་ཡོད་།

    Reply
  11. སེར་ཆེན་ says:
    ལོ་ 15 སྔོན།

    ཨ་ལགས་འོད་ཟེར་རིན་པོ་ཆེ་མཆོག་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་ཆེན་ཐེངས་ལྔ་བའི་ཚོགས་གཙོ་འདེམས་ཐོན་བྱུང་བར་རྟེན་འབྲེལ་ཞུ།ཡིན་ནའང་རྒྱ་བོད་ཉམས་ཞིབ་པ་སྐུ་ཞབས་ཀླུ་མཁར་བྱམས་ལགས་ད་ཐེངས་ཚོགས་ཆེན་འདིའི་ཚོགས་གཙོ་འདེམས་ཐོན་མ་བྱུང་བ་ནི་བློ་ཕམ་སྐྱེས་དགོས་བ་ཞིག་རེད།ཨང།།ད་ལྟའི་བོད་མིའི་སྤྱི་ཚོགས་ནང་ཁཽང་དང་ཁོང་ལྟ་བུའི་མི་སྣ་གལ་ཆེན་གང་མང་གསོ་སྐྱོང་བྱེད་རྒྱུ་དང་ལས་ཞུགས་འགན་ཁྲིད་དང་ལེན་གནང་རྒྱུ་ཧ་ཅང་གལ་འགངས་ཆེ་བ་མཐོང་།ཨ་ཁུ་ཀླུ་མཁར་བྱམས་ལགས་སུ་བཀྲ་ཤིས་བདེ་ལེགས་ཞུ།

    Reply
  12. མངའ་རིས་ཕོ་ཉ། says:
    ལོ་ 15 སྔོན།

    དགུ་བཅུ་གསུམ་གྱི་ཚོགས་གཙོ་གསར་པ་འོད་ཟེར་སྤྲུལ་སྐུ་མ

    Reply
  13. ཨ་མཆོད་འཇམ་ཚུལ། says:
    ལོ་ 15 སྔོན།

    “དངོས་གཞིའི་མི་མང་གི་རེ་འདོད་དེ་སྒེར་གཅོད་ལྟ་བུ་བྱས་པའི་ཚོར་སྣང་ཞིག་འདུག” ཅེས་གསུང་པ་ལ་འགྲེལ་བཤད་ཅིག་གནང་ན་ཡག་པོ་འདུག་བསམ། ཚོགས་གཙོ་འོས་བསྡུ་དང་རྒྱུན་ལས་ཀྱི་འོས་བསྡུའི་འོས་འཕེན་ཕྱོགས་མི་འདྲ་བས་ཚོགས་གཙོའི་སྐབས་འོས་གྲངས་མར་ཟག་མི་སྲིད་པ་ཞིག་ཡེ་ནས་མ་རེད།

    Reply
  14. ཨ་མཆོད་འཇམ་ཚུལ། says:
    ལོ་ 15 སྔོན།

    དྲ་གྲོགས་ནད་པ་ལགས་སོགས་ལ་ཞུ་རྒྱུ། གྲ་བས་ཆབ་སྲིད་མི་འཇོན་ཞེས་པའི་གསུང་ཚུལ་ཁྱེད་ཀྱིས་ལན་མང་གོ་བ་འདྲ། ཐོག་མར་ཞུ་རྒྱུ་ཚོགས་པ་འདི་ཆབ་སྲིད་ཀྱི་ཚོགས་པ་ཞིག་ཡེ་ནས་མིན་བོད་ཀྱི་རྩ་དོན་རྩོད་པའི་ཚོགས་པ་ཞིག་རེད། འདི་ཁྱེད་ཀྱིས་མི་ཤེས་པ་དང་པོ་རེད། གཉིས་པ་ཚོགས་པ་འདིའི་འགོ་འཛུགས་མཁན་གྲ་བ་ཡིན་ན་བར་སྐྱོང་མཁན་ད་བར་དུ་གྲ་བ་ཤ་སྟག་རེད། འདི་ཁྱེད་ཀྱིས་མ་ཤེས་པ་གཉིས་པ་དེ་རེད། གསུམ་པ་འོད་ཟེར་རིན་པོ་ཆེ་ཚོགས་པ་འདི་འཛུགས་མཁན་དེ་ཡིན་ཞིང་ཚོགས་གཙོ་དང་པོ་ཡང་ཁོང་ཉིད་རེད། ཁོང་གི་ཕྱག་ལས་མགོ་བཙུག་པ་འཇུག་བསྐྱེལ་བའི་ཐུགས་མདུན་བཟུང་ཡིན། འདི་ཁྱེད་ཀྱིས་མ་ཤེས་པ་གསུམ་པ་རེད། དེ་ལྟར་ཁྱེད་ཀྱིས་མ་ཤེས་པའི་བཀའ་མོལ་མང་ཙམ་སྔ་ཕྱིར་གསུང་གི་འདུག་སྙམ།

    Reply
  15. སྨར་དྷཱིཿཟེར། says:
    ལོ་ 15 སྔོན།

    ཚོགས་གཙོ་གསར་པ་འོད་ཟེར་རིན་པོ་ཆེ་ལ་འཚམས་འདྲི་བཀྲིས་བདེ་ལེགས་ཞུ། སྐུ་ཉིད་ཕྱོགས་སུ་མ་ལྷོང་བའི་ལས་རྒྱུན་སྐྱོང་ཐུབ་པའི་རེ་བ་ཡོད། སྐུ་ཉིད་ལ་མི་མང་ཚོས་དྷ་ས་ཡོད་པའི་ཆུ་སྒང་གསར་པ་ཟེར་བ་དེ་དང་ཇོ་ཉམ་གཉིས་ཀྱིས་སྐུ་ཉིད་བེད་སྤྱོད་བཞིན་འདུག་ཟེར་གྱི་འདུག་དེ་བརྟན་གཟབ་གཟབ་གནང་རོགས་གནོངས།

    Reply
  16. ཁྲ་གླག་སྤྱང་གསུམ། says:
    ལོ་ 15 སྔོན།

    དགུ་བཅུ་གསུམ་གྱི་ཚོགས་གཙོ་གསར་པར་བཀྲིས་བདེ་ལེགས་ཞུ། ཚོགས་གཙོ་རྙིང་པ་ངག་དབང་འོད་འབར་སྐབས་ནས་བཟུང་ཚོགས་པ་དེ་ཡག་པོ་ཞེ་དྲགས་ཆགས་སོང༌། ཚོགས་པ་འདིའི་མི་རྣམས་ཀྱིས་དངོས་གནས་བོད་ཕྱི་ནང་གཉིས་སུ་བཀའ་ལས་ཤི་མ་ཤི་བརྒྱབ་པ་རེད། རྗེས་སུ་ཡི་རང་ཡོད།

    གྲྭ་པ་ཞིག་གིས་ཚོགས་པའི་འགོ་ཁྲིད་ན་མི་འགྲིག་པ་དེ་འདྲ་རང་ཨི་ཡིན། དགུ་བཅུ་གསུམ་ཞེས་པའི་མིང་ཐོགས་ས་༡༩༨༧་ ལོའི་ཟླ་བ་༩་ ཚེས་༢༧་ ཉིན་རྒྱ་ནག་གཞུང་ལ་ཞི་རྒོལ་ཐོག་མར་གནང་མཁན་དེ་ཚོ་གྲྭ་པ་རེད་ད། དེ་ཚོས་ག་རེ་འཇོན་མི་འདུག དེ་ནས་བཟུང་བོད་ནང་ཞི་རྒོལ་རིམ་པ་མང་པོ་དེ་དག་གི་ནང་གྲྭ་པ་ག་ཚོད་ཞུགས་པ་དང༌མི་སྐྱ་ག་ཚོད་ཞུགས་པ་རེད་བསམ་བློ་ཐོངས། བཙན་བྱོལ་ནང་གི་ངོ་རྒོལ་དང་ཟས་བཅད་བོད་ལ་སྐྱོད་པའི་ལས་འགུལ་དེ་ཚོའི་ནང་གཟིགས་དང༌། གྲྭ་པ་མང་བ་འདུག་དང་མི་སྐྱ་མང་བ་འདུག དམར་ཉིལ་ཉིལ་རེད། དཀའ་ལས་ཚང་མ་གྲྭ་པས་བརྒྱབ། འགོ་ཁྲིད་ཚང་མ་མི་སྐྱས་བྱེད་དགོས་ཟེར་ན་ག་རེ་ཟེར་བ་རེད།

    Reply
  17. གངས་རིའི་ཟེགས་མ says:
    ལོ་ 15 སྔོན།

    དགུ་བཅུ་གསུམ་ཚོགས་པའི་ཚོགས་གཙོ་གསར་པ་འོད་ཟེར་སྤྲུལ་སྐུ་གཙོས་པའི་རྒྱུན་ལས་ཡོངས་ལ་འཚམས་འདྲི་ཞུ་བ་དང་དེ་སྡོན་ལྟར་མི་མངས་ཁྲོད་ལབ་གླིང་གང་ཡང་མེད་པའི་ཐོག་བྱ་བ་ལམ་འགྲོ་ཡོང་བའི་སྨོན་ལམ་ཞུ་བོད་མི་རིགས་དང་རིག་གཞུངས་ལ་ཞབས་འདིབ་ཞུ་ཐུབས་པའི་རེ་བ་དང་སྨོན་ལམ་ཡོད་

    Reply
  18. རང་དབང་ཕོ་ཉ། says:
    ལོ་ 15 སྔོན།

    འོད་ཟེར་རིན་པོ་ཆེ་ལགས། ཁྱེད་ཚོགས་གཙོ་འོས་ཐོན་བྱུང་བ་དགའ་འོས་པ་རེད། ཡིན་ནའང་ལས་དོན་གང་ཡང་བྱེད་ཐུབ་ཀྱི་རེད་ལ། རྒྱུན་ལས་ནང་ཁུལ་འཆམ་མཐུན་ཡང་སྔ་བས་ཇེ་སྡུག་འགྲོ་ཡི་རེད། གང་ཡིན་ཟེར་ན་ཀླུ་མཁར་བྱམས་དང་གངས་ལྷ་མོ་སླེབས་ཡོད་པ་སོང་ཙམ། ཁོང་གཉིས་སྤྱི་ཚོགས་དང་སྒྲིག་འཛུགས་ནང་འཆམ་མཐུན་ངང་མཉམ་ལས་བྱེད་ཤེས་མཁན་ཞིག་མ་རེད་ལ། དེ་ལས་སྡུག་ཏེ་རང་གཤིས་དང་ང་རྒྱལ་ཅན་ཞིག་དང༌། ལས་རོགས་ཕན་མཚུན་བསྟུན་མཁན་མི་ཤེས་མཁན་ཐ་ཤལ་བ་གཉིས་རེད། ཁོང་གཉིས་ནི་སྤྱི་ཚོགས་ནང་འགྲོ་འདུག་མི་ཤེས་མཁན་དང༌། མི་ཤེས་ན་ཤེས་ཟེར་མཁན་དང་མ་འཇོན་ན་འཇོན་ཟེར་མཁན་ངོ་ཚ་ཁྲེལ་གཞུང་གང་ཡང་མེད་པའི་ཕོ་མོ་ཆ་གཅིག་རེད། ཧ་ག་སྙིང་བརྗེ། མི་ལུས་ཐོབ་ཀྱང་དོན་མེད། གཟིགས་ཧ་ང་ཚོ་ལྟད་མོ་རྗེས་ནས་མཐོང་ཡོང༌།

    Reply
  19. ཚྭ་སྒང་ཕོ་ཉ། says:
    ལོ་ 15 སྔོན།

    གསར་དུ་འདེམས་ཐོན་བྱུང་བའི་ཚོགས་གཙོ་དབུས་པའི་རྒྱུན་ལས་རྣམ་པ་ཡོངས་ལ་
    མཚམས་འདྲི་བཀྲིས་བདེ་ལེགས་ཞུ་རྒྱུ་དང་ཁྱེད་རྣམ་པ་ལས་དོན་རྣམས་ཁ་བཤད་དོན་ཐོག་ཆོད་པ་ཡོང་བའི་རེ་བ་ཡོད།

    Reply
  20. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    དགུ་བཅུ་གསུམ་ཚོགས་པའི་རྒྱུན་ལས་གསར་བ་རྣམས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་། མ་འོངས་ན་ཁྱེད་ཅག་གི་ལས་དོན་ཆེ་ཕྲ་ཆུང་ཁག་ཅི་ཡོད་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཞུ། སྒོར་མོའི་ཕྱོགས་ནས་འགྲིག་འདུག ད་ཚོགས་གཙོ་མཆོག་འོད་ཟེར་རིན་པོ་ཆེ་ཟེར་ན་ཕྱག་མོ་གཟིགས་ནས་སྐད་དྲགས་ཡོད་རེད། སྒོར་མོ་ཇེ་མང་དང་མི་ཤེས་ས་ནས་མོ་བཏབ་ན་ཡག་པོ་འདུག

    དེའི་རྗེས་ནས་ཁྱེད་ཅག་གི་དངོས་གཞིའི་འོས་གྲངས་མཐོ་བ་རྣམས་ཚོགས་གཙོ་བསྐོ་བཞག་སྐབས་མར་ཟགས་པ་ཡག་རྟགས་ཤིག་མ་རེད་བསམ། དངོས་གཞིའི་མི་མང་གི་རེ་འདོད་དེ་སྒེར་གཅོད་ལྟ་བུ་བྱས་པའི་ཚོར་སྣང་ཞིག་འདུག

    Reply
  21. ནད་པ says:
    ལོ་ 15 སྔོན།

    དགུ་བཅུ་གསུམ་ཟེར་བའི་ཚོགས་པ་འདིའི་ཚོགས་མིར་ཆ་བཞག་ན་ཆབ་སྲིད་བཙོན་པ་ཤ་སྟག་རེད། ཡིན་ནའང་ཚོགས་པ་འདི་ཚོགས་མི་རྣམས་ཀྱི་ཆབ་སྲིད་ཤེས་ཚད་དེ་ཧ་ཅང་སྐྱོ་པོ་རེད་འདུག

    ཚོགས་པ་བཙུགས་ནས་ཚོགས་གཙོ་སྐུ་ཞབས་སྟོབས་ལྡན་དང་། སྐུ་ཞབས་ངག་དབང་འོད་འབར། སྐུ་ཞབས་འོད་ཟེར་བ་བཅས་ཀྱིས་མགོ་འཁྲིད་ཀྱིན་པ་དེ་རེད།

    གྲྭ་པས་ཆོས་ཤེས་པ་མ་གཏོགས་གྲྭ་བཙུན་གྱིས་ཆབ་སྲིད་ཀྱི་མགོ་འཁྲིད་རྩ་བ་ནས་བྱེད་མི་རུང་བ་ཡིན་ཏེ་བྱས་ན་ཐ་མ་དེར་ཕམ་ཉེས་འགྲོ་རྒྱུ་ལས་ཅི་ཡང་མེད།

    བཅོམ་ལྡན་འདས་ཀྱིས་སྐྱེས་རབས་ལས། གལ་ཏེ་ཆོས་སྤྱོད་ཁྱིམ་གྱི་སོ་ནམ་འཆོར། །ཁྱིམ་ལ་ཕྱོགས་ན་ཆོས་ཀྱང་ག་ལ་འགྲུབ། །ཆོས་ཀྱི་ལས་ནི་རབ་ཏུ་ཞི་བ་ཡིན། །ཁྱིམ་གྱི་ལས་ནི་དྲག་ཤུལ་ཅན་གྱིས་འགྲུབ། །

    ཅེས་ཆོས་སྲིད་གཉིས་ཀྱི་ངོ་བོ་དེ་གཞི་གཅིག་ཏུ་གནས་མི་ཐུབ་པར་ཁྱིམ་པས་ཆོས་ལ་མགོ་འཁོར་ན་ཁྱིམ་གྱི་སོ་ནམ་ཤོར་བ་དང་། གྲྭ་པས་དགོས་པའི་ཆོས་མ་བྱེད་པར་མི་དགོས་སྲིད་དོན་ནང་བཞུགས་ན་ཆོས་ཀྱང་མི་འགྲུབ་ལ་སྲིད་ཀྱང་ཕམ་ཉེས་སུ་འགྲོ་རྒྱུ་ཡིན་ཞེས་གསལ་པོར་གསུངས་འདུག

    དེར་བརྟེན་༡༩༥༩ ལོའི་ཡར་སྔོན་དུ་བོད་པའི་ཆོས་པ་ཚོས་དགོས་པའི་ཆོས་མ་སྒྲུབ་པར་མི་དགོས་སྲིད་དོན་ནང་བཞུགས་སྟབས། མཐར་བོད་དེ་བལྟ་ས་དང་བརྟེན་ས་གང་ཡང་མེད་པའི་ཐབས་སྡུག་འདི་འདྲ་ཞིག་གྱུར་པ་རེད།

    མ་ཟད་ཁྱིམ་པ་མི་དྲག་ཚོས་དགོས་པའི་ཁྱིམ་གྱི་སོ་ནམ་ཆབ་སྲིད་དང་། དཔལ་འབྱོར། དམག་དོན། ལག་རྩལ་སོགས་ཀྱིས་ལས་ཀ་མ་བྱས་པར་མི་དགོས་ཆོས་ལུགས་ལ་རྨོངས་དད་རྐྱང་པ་བྱས་ནས་བསྡད་སྟབས་ཐ་མ་དེར་ཆོས་ཀྱང་མ་བྱང་། སྲིད་ཀྱང་མ་བྱུང་། དཔལ་འབྱོར་ཡང་མ་བྱུང་། བལྟ་ས་དང་བརྟེན་ས་གང་ཡང་མེད་པ་འདི་ཆགས་པ་རེད།

    ད་དུང་རྨོངས་གཉིད་ལས་མ་གསང་བ་དེ་བོད་པས་ལས་ངན་གང་ཞིག་བྱས་པའི་རྐྱེན་ཡིན་ནམ། འོ་ན་བོད་རྒྱལ་ཁབ་དང་བོད་མི་རིགས་ཐབས་སྡུག་འདི་འདྲ་གཅིག་ཏུ་གྱུར་པ་དེ་ཚང་མ་་་་རྒྱ་མིས་བཟོས་པ་རེད་དམ་་་་ དཀོན་མཆོག་གིས་བཟོས་པ་རེད་དམ་་་་་་ལས་ཀྱིས་བཟོས་པ་རེད་དམ་་་་་་་་ཤེས་པ་རྣལ་དུ་ཕབ་ནས་སོམས་ཤིག་་་་་་བཙན་པོ་སྲོང་བཙན་སྒམ་པོའི་བོད་ཕྲུག་ཚོ་་་་་་་་་་་་་་་་་

    Reply
  22. སྣང་གསལ། says:
    ལོ་ 15 སྔོན།

    ཚོགས་གཙོ་རིན་པོ་ཆེ་་་ལ་འཚམས་དྲིན་བཀྲ་ཤིས་བདེ་ལེགས་ཞུ་།
    དེ་བཞིན་རྒྱུན་ལས་པ་ཡོང་ལ་ཡང་བཀྲ་ཤིས་དེ་ལེགས་།

    Reply
  23. ཇོ་བོ་རྣམས་གཉིས། says:
    ལོ་ 15 སྔོན།

    རང་བཙན་བརྩོད་ལེན་པ་ཀླུ་མཁར་བྱམས་ལགས་ལ་འོས་མ་ཐོབ་པ་དེ་དངོས་གནས་བློ་ཕམ་བྱུང།

    Reply
  24. ཇོ་བོ་རྣམས་གཉིས། says:
    ལོ་ 15 སྔོན།

    དེ་སྔོན་གྱི་ཚོགས་གཙོ་ངག་དབང་འོད་འབར་ལགས་ལ་རྡ་སའི་མི་དམངས་ཁྲོད་ལབ་གླེང་མང་དག་ཞིག་འདུག་ལ་ཐ་ན་མདོ་སྟོད་སྤྱི་མཐུས་འོས་མིའི་ཁྱབས་སྒྲགས་ཀྱི་པར་ཁྲོད་དུ་ཁོང་གི་སྐུ་པར་ལ་རི་མོ་བྲི་བ་དང་སྐོག་པ་སོགས་མི་འདོད་པའི་རྣམ་པ་མང་དག་ཅིག་མཐོང་རྒྱུ་འདུག་ལ་དགུ་བཅུ་གསུམ་གྱི་ཚོགས་གཙོའི་ལས་གནས་ཀྱང་མེད་པ་དང་མདོ་སྟོད་སྤྱི་མཐུས་ཀྱང་མ་ཐོབ་པ་ཡིན་ན་ཁོང་གིས་ཕྱག་ལས་གང་ཞིག་གནང་རྩིས་ཡོད་དམ། ཁོང་ལྟ་བུའི་མི་ཤེས་འཇོན་གཉིས་ལྡན་ཞིག་ལ་དེང་གི་དུས་འདིར་ལབ་གླེང་མེད་པ་མི་སྲིད་པས་བཤད་ཚད་བདེན་པ་ཡིན་རྒྱུ་མ་རེད་དེར་བརྟེན་ཁོང་ལས་མེད་དུ་ལུས་ན་དངོས་གནས་བློ་འཕང་དགོས་པ་ཞིག་རེད།

    Reply
  25. ཤེལ་དཀར་བློ་བཟང་། says:
    ལོ་ 15 སྔོན།

    དགུ་བཅུ་གསུམ་གྱི་ཚོགས་གཙོ་ཡང་བསྐྱར་གྲྭ་པ་ཞིག་བསླེབས་འདུག གྲྭ་པས་མི་སྐྱ་ཡི་བདེ་སྡུག་ཇི་བཞིན་ཤེས་ཀྱི་མེད་སྟབས་ལས་བྱེད་རྣམས་ཀྱི་དཀའ་ངལ་དེ་མུ་མཐུད་གནས་རྒྱུ་རེད།
    ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས་ཞེས་པ་བདེན་པ་རེད། ཀླུ་མཁར་བྱམས་མི་འདོད་བཞིན་དུ་བླ་མ་གྲྭ་པའི་འོག་ལ་མི་སྡོད་ཀ་མེད་ཆགས་འདུག

    Reply
  26. བསེ་རོང་འོད་ཟེར། says:
    ལོ་ 15 སྔོན།

    དགུ་བཅུ་གསུམ་ཚོགས་པའི་ཚོགས་གཙོ་གསར་པ་འོད་ཟེར་སྤྲུལ་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།
    སྒྲིག་གཞི་བསྐྱར་བཅོས་བྱས་ཏེ་རྒྱུན་ལས་སྐབས་རེ་རེའི་ནང་ཆོལ་གསུམ་གྱི་འཐུས་མི་གཉིས་རེ་ངེས་པར་ཡོད་དགོས་བཟོས་པ་ནི་བདེ་སྡུག་ཆ་མཉམ་ཡོང་བའི་དགེ་མཚན་ཆེས་ཆེར་ལྡན།
    མུ་མཐུད་དེ་ཚོགས་པ་ཡར་རྒྱས་དང་བོད་དོན་ལ་སྔར་ལས་ལྷག་པའི་ཞབས་འདེགས་སྒྲུབ་ཐུབ་པ་་ཡོང་བའི་རེ་སྐུལ་ནན་ཏན་ཞུ།

    Reply
  27. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 15 སྔོན།

    སྔར་ཡང་བྱས་རྗེས་བཞག་ཡོད་ལ་ཕྱིས་ཀྱང་དེ་ལྟར་འཇོག་པའི་རེ་བ་ཡོད།

    སྟབས་ཉེས་པ་ཞིག་ལ་ཀླུ་མཁར་བྱམས་ཀྱི་མགོ་སྟེང་ནས་ཆབ་སྲིད་ཀྱི་ལས་ཀ་བྱེད་མཁན་དེར་སྤྲུལ་སྐུ་ཞིག་བསླེབས་ཞག
    ཟམ་གདོང་བླ་མ་སྤྲུལ་སྐུ་ཞིག་དང་བླ་མ་ཞིག གྲྭ་པ་ཞིག་ཡིན་པ་བཅས་ཀྱིས་ཀླུ་མཁར་བྱམས་ཀྱིས་འོས་ཤོག་བླུགས་མེད་ཟེར། སྤོབས་པ་དང་བཅས་ཏེ་བཤད།
    ད་ཕལ་ཆེར་སྤྲུལ་སྐུ་ཞིག་གི་ཆབ་སྲིད་ཀྱི་མགོ་འཁྲིད་འོག་ནས་ཁོ་པས་ལས་ཀ་ཞིག་ཇི་ལྟར་བསྒྲུབ་རྒྱུ།
    ཨ་ལ་རྩེད་མོ་ཡིན། ཁྱད་མཚར་པོ་དེ་འདྲ་གང་དུའང་ཡོང་གི་རེད། དེར་ཧ་ལས་རྒྱུ་ཡོད་ནི་མ་རེད་ཡ།

    Reply
  28. ཀ་ཉག་ཚེ་རིང་། says:
    ལོ་ 15 སྔོན།

    ཚོགས་གཙོ་མཆོག་གི་དབུས་ལྷན་རྒྱས་ལ་བཀྲ་ཤིས་བདེ་ལེགས་དང་ལས་དོན་སྔར་ལས་ལྷག་པའི་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཞུ།

    Reply
  29. ནཱ་གྷཱ་རཀྵ། says:
    ལོ་ 15 སྔོན།

    དགུ་བཅུ་གསུམ་གྱི་ལས་བྱེད་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཡོད། དཔར་དེའི་སྒང་ནས་མང་ཆེ་ཤོས་ངོ་ཤེས་པ་རྐྱང་རྐྱང་རེད། ཁྱེད་རང་ཚོས་ཕྱག་ལས་དོན་སྨོན་ཡོང་བ་དང་བོད་སྤྱི་བའི་དོན་ལ་ཚོགས་པ་གཞན་དང་མཉམ་དུ་ལས་འགུལ་རྒྱ་ཆེན་པོ་སྤེལ་ཐུབ་པའི་རེ་བ་དང་བཅས།

    Reply
  30. དོན་འགྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    ཐེངས་འདིར་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོར་བདམས་ཟིན་པའི་འོད་ཟེར་སྤྲུལ་སྐུ་མཆོག་ནི། ༡༩༩༡ ཡས་མས་ནང་ཚོགས་པ་འདི་ཐོག་མར་གསར་འཛུགས་གནང་མཁན་གྲས་ཡིན་ཞིང་། ད་ཆར་ཁོང་སེར་སྨད་གྲྭ་ཚང་ནང་བཞུགས་ཡོད་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese