མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་བདག་དབང་བསྒྲཊ་གཏམ། ༼བོད་འབྱོར་རྩོམ་ཡིག༽

བོད་ཀྱི་དུས་བབ།
༢༠༡༠/༡༠/༢༤
Share on FacebookShare on TwitterShare on EmailShare on Whatsapp

གདོན།

འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ནི་ཤེས་རིག་ལྡན་པའི་ལོ་རྒྱུས་ཤིག་རེད་མོད་ཀྱང་། འགྲོ་བ་མིའི་རིགས་ཀྱི་བསམ་བློ་དང་ལྟ་བ་། ཡུལ་སྲོལ་གོམས་གཤིས། ཆོས་ལུགས་དད་མོས། མི་ཚེ་ལྟ་ཚུལ། མཛེས་དཔྱོད་ལྟ་ཚུལ་སོགས་ཀྱི་འགལ་འབྲེལ་གྱི་གནད་དོན་ཡང་ཤེས་རིག་གདོང་གཏུག་ལས་བྱུང་བ་ཞིག་ཡིན་པར་མ་ཟད། རྒྱལ་ཁབ་གཅིག་གྱུར་དང་འཛམ་གླིང་གཅིག་གྱུར་གྱི་འགལ་རྐྱེན་ཉག་གཅིག་ནི་ཤེས་རིག་ལྟ་གྲུབ་ཀྱི་འགལ་ཟླ་ཉིན་རེར་ལས་རྣོ་ངར་ཅན་དུ་འགྱུར་བཞིན་ཡོད་པས་རེད།

ཤེས་རིག་ལྟ་བ་དེ་ནི་དུས་རབས་བཅོ་བརྒྱད་པའི་ནང་ཧྥ་རན་སའི་བསམ་བློ་མཁན་རྣམས་ཀྱིས་དམུ་རྒོད་ཀྱི་རྣམ་པའམ་རང་བཞིན་དེ་ལ་བལྟས་ཏེ་བཤད་པ་ཞིག་ཡིན་འདུག ཤེས་རིག་ལྡན་པའི་སྤྱི་ཚོགས་ནི་གདོད་མའི་སྤྱི་ཚོགས་དང་ཁྱོན་ནས་འདྲ་བ་མ་རེད་དེ། རྒྱུ་མཚན། དེ་ནི་གྲོང་རྡལ་དང་གྲོང་ཁྱེར་གྱི་གཞིས་ཆགས་པ། ཡི་གེ་སོགས་ཀྱང་དར་ཡོད་པས་རེད། གང་ལྟར། ད་ལྟའི་འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་ངོ་བོར་འགྱུར་ལྡོག་དང་རིག་གནས་སྣང་ཚུལ་མང་དག་ཅིག་བྱུང་དང་འབྱུང་བཞིན་ཡོད་པ་ནི་མ་འོངས་འགྲོ་བ་མིའི་རིགས་ཞི་བདེ་དང་དཀྱེལ་ཡངས། འཆམ་མཐུན་གྱི་སྤྱི་ཚོགས་ངོ་བོ་ཞིག་གཟུགས་ཐུབ་མིན་གྱི་གནད་དོན་གལ་ཆེན་ཞིག་སྟེ། བསམ་བློའི་ནུས་ཚད་དང་ཕྱི་འབྲེལ་ནུས་ཚད། ཆབ་སྲིད་ནུས་ཚད་སོགས་ཀྱི་ཚད་མཇལ་བྱེད་ཅིག་ཏུ་ལྟའོ།།

 

ཡང་ཤེས་རིག་ལྟ་བའི་ངོས་ནས་གླེང་ན། སྣ་གཅིག་གི་ཤེས་རིག་ལྟ་བ་དང་། སྣ་མང་གི་ཤེས་རིག་ལྟ་བ་དེ་ཁྱབ་ཁོངས་ཀྱི་ངོས་ཆེ་ཆུང་མི་འདྲ་བའི་སྟེང་ནས་དབྱེ་བ་བགར་ཡོད་པ་དང་། འཛམ་གླིང་མིའི་རིགས་ཀྱི་འཕེལ་རྒྱས་ངོས་ནས་བལྟས་ན། སྔ་མ་ནི་ཕྱི་མར་བལྟོས་ན་སྒེར་གཅོད་དང་བཙན་དྲག འབུར་འཇོམས་ཀྱི་རང་བཞིན་དང་ངོ་བོ་ལྡན་པ་དང་། ཀླ་ཀློའམ་དམུ་རྒོད། ཤེས་རིག་མ་དར་པའི་ཆ་འདྲེས་པ་ལས་གཞན།   བཟང་ངན་གཉིས་ལས་ངན་གྱི་ཤན་སྟོབས་ཤུགས་ཆེ་བའོ།  ཕྱི་མ་ནི་སྔ་མ་ལས་དཀྱེལ་ཡངས་དང་འདྲ་མཉམ། རང་དབང་ལྡན་པ་ཞིག་དང་། ཤེས་རིག་ལྡན་པ་ཞིག་རེད་ལ། བཟང་ངན་གཉིས་ལས་བཟང་གི་ཡོན་ཏན་ལྡན་པས་ན།  ལམ་དེ་ནི་འུ་ཅག་ཀུན་གྱི་ཁ་ཕྱོགས་དང་གདམ་ག་ཡིན་པའོ།།

 

ད་ལྟའི་མི་རིགས་དང་རྒྱལ་ཁབ་གང་ནས་ཀྱང་སྣ་མང་ཤེས་རིག་གི་ལྟ་བ་ནི་ཀུན་གྱི་བརྗོད་གཞི་ཞིག་ཏུ་གྱུར་འདུག་ལ།  དེ་དག་འདོན་སྤེལ་དང་ཁྱབ་བསྒྲགས། འཛིན་སྐྱོང་སྤེལ་གསུམ་གྱི་གཙོ་ཤུགས་ནི་སྲིད་གཞུང་གི་སྟེང་དུ་གནས་ཡོད་པ་ཞིག་རེད། རྒྱུ་མཚན། སྲིད་གཞུང་ལ་རིགས་གཉིས་ཡོད་པ་སྟེ། རང་དབང་འཛིན་སྐྱོང་བྱེད་པའི་སྲིད་གཞུང་ཞིག་དང་། རང་དབང་བཀག་སྡོམ་བྱེད་པའི་སྲིད་གཞུང་ཞིག་ཡོད་པ་རེད། དེ་ནི་རྒྱལ་ཁབ་ཕྱི་ནང་གི་གནས་བབ་ལ་བལྟས་ན་ཤེས་ཡོང་བ་ཞིག་རེད། སྲིད་གཞུང་ག་གེ་མོས་སྤྱི་པའི་རང་དབང་དེ་རང་དབང་ཞིག་ཡིན་དགོས་པའི་རིན་ཐང་ཞིག་གི་ངོས་ནས་སྤེལ་བ་དང་། ཡང་སྲིད་ག་གེ་མོས་སྤྱི་པའི་རང་དབང་དེ་ཁ་བྲལ་རིང་ལུགས་སམ་དྲག་སྤྱོད་རིང་ལུགས་ཤིག་གི་ངོས་ནས་བཀག་འགོག་བྱེད་ཀྱི་ཡོད། དཔེར་ན། ཤར་ཕྱོགས་རྒྱལ་ཁབ་དག་གིས་སྤྱི་པའི་རང་དབང་ནི་ཁ་བྲལ་རིང་ལུགས་ཀྱི་ལྟ་བའི་སྔོན་འགྲོའི་སྟེང་ནས་འགོག་གི་ཡོད་པ་དང་། ནུབ་ཕྱོགས་རྒྱལ་དག་གིས་སྤྱི་པའི་རང་དབང་ནི་ཆོས་ཉིད་དམ་གནས་ལུགས་ཤིག་གི་རིན་ཐང་ངོས་ནས་སྤེལ་གྱི་ཡོད་པ་རེད། ལྟོས་འཇོག་གིས། ཤར་ཕྱོགས་རྒྱལ་ཁབ་དག་ནི་རང་དབང་བཀག་སྡོམ་བྱེད་པའི་སྲིད་གཞུང་གི་ངོ་བོ་ལྡན་པ་ཞིག་དང་། ནུབ་ཕྱོགས་རྒྱལ་ཁབ་དག་ནི་རང་དབང་འཛིན་སྐྱོང་བྱེད་པའི་སྲིད་གཞུང་གི་རང་བཞིན་སྐྱོང་བ་ཞིག་རེད། དེ་བས། སྣ་མང་ཤེས་རིག་གིས་ལྟ་བ་འཛིན་སྐྱོང་སྤེལ་གསུམ་གྱི་གཙོ་ཤུགས་སྲིད་གཞུང་གི་སྟེང་དུ་རང་བཞིན་གྱིས་བབ་ཡོད་པ་ཞིག་རེད།

 

ཡང་སྲིད་གཞུང་གང་ཞིག་སྒེར་གཅོད་དང་རང་དབང་ཡིན་མིན་གྱི་ཁྱད་པར་ནི་སྲིད་གཞུང་གང་དེའི་ལང་ཕྱོགས་དང་ལམ་ལུགས།  བྱེད་ཐབས། སྦྱོར་བ་གང་གི་ཆ་ནས་རྡོ་ལ་རི་མོ་བརྐོས་པ་ཇི་བཞིན་མངོན་པར་གསལ་བོ་འདུག་སྟེ། དཔེར་ན། གང་དུ་མང་ཚོགས་ཀྱི་ངོ་རྒོལ་བྱེད་པ་དང་སྐད་འབོད་རྒྱག་པ་། ཁྲོམ་སྐོར་བྱེད་པ། ཟས་བཅད་གནང་བ་སོགས་རང་དབང་དང་འདྲ་མཉམ་སོགས་མི་བུའི་ཐོབ་ཐང་རྩོད་ལེན་བྱེད་སྐབས། སྲིད་གཞུང་གང་དེས་མངོན་ལྐོག་གང་རུང་ནས་མི་བུའི་སྨྲ་བརྗོད་རང་དབང་དང་། འགྲོ་འདུག་རང་དབང་། པར་བསྐྲུན་རང་དབང་། བསམ་བློའི་རང་དབང་། ཆོས་དད་རང་དབང་། འཚོ་གནས་རང་དབང་སོགས་ལ་ཁག་ཐེག་དང་བརྩི་འཇོག་གནང་ཞིང་། ལྷན་སྐྱེས་ཀྱི་རང་བཞིན་དང་དེའི་དེ་ཉིད་ཀྱི་གནས་ལུགས་ལ་དང་དོད་ཆེན་པོའི་སྒོ་ནས་ཡར་འཇོག་བྱེད་པ་དང་། ཉེས་པ་གང་གི་སྦྱོར་བ་བསྟར་པ་ཡིན་ན། འགྱོད་བཤགས་དང་ངོས་ལེན་བླ་ལྷག་གནང་བ་རེད། ཡང་། གང་དུ་མང་ཚོགས་ཀྱི་ངོ་རྒོལ་བྱེད་པ་དང་སྐད་འབོད་རྒྱག་པ་། ཁྲོམ་སྐོར་བྱེད་པ། ཟས་བཅད་གནང་བ་སོགས་རང་དབང་དང་འདྲ་མཉམ་སོགས་མི་བུའི་ཐོབ་ཐང་རྩོད་ལེན་བྱེད་སྐབས། སྲིད་གཞུང་གང་དེས་མངོན་ལྐོག་གང་རུང་ནས་མི་བུའི་ལྷན་སྐྱེས་ཀྱི་རང་དབང་ལ་རྡོག་བརྫིས་གཏོང་བ་དང་། ཁ་རྡུང་གཏོང་བ། བཀག་ཉར་བྱེད་པ། འཛིན་བཟུང་སོགས་བྱེད་སྲིད་ལ། ཉེས་པ་གང་གི་སྦྱོར་བ་བསྟར་པ་ཡིན་ན། འགྱོད་བཤགས་དང་ངོས་ལེན་གང་ཡང་མེད་པའི་ཆ་ནས་མི་རིགས་ཁ་བྲལ་རིང་ལུགས་སོགས་ཀྱི་མ་ཉེས་ཁ་གཡོགས་བྱས་ཏེ། མང་ཚོགས་སྟེང་ལ་གདུག་རྩུབ་ཆེ་བའི་གཉའ་གནོན་རབ་དང་རིམ་པ་སྤེལ་བའོ།།

 

ཤེས་རིག་ལྟ་བའི་ཁྱབ་ཁོངས་ནས་བསམ་གཞིག་ཅིག་བྱས་ན། ཀྲུང་གོ་ནི་སྣ་གཅིག་ཤེས་རིག་གི་ལྟ་བ་ཤུགས་དྲགས་པའི་རྒྱལ་ཁབ་ཅིག་རེད་ལ། མི་རིགས་གྲངས་འབོར་གྱི་ཆ་ནས་བལྟས་ན། ཀྲུང་གོ་ནི་མི་རིགས་མང་པོའི་རྒྱལ་ཁབ་ཞིག་ཡིན་པ་ཀུན་ལ་གསལ་ཆ་ཡོད་པ་རེད།  ཀྲུང་གོའི་རིག་གནས་ཀྱི་ཉིང་བཅུད་ནི་མི་རིགས་གྲངས་ཉུང་རིག་གནས་ཀྱི་རིན་ཐང་སྟེང་དུ་བབས་པ་ཡོད་པ་དང་། གལ་སྲིད། མི་རིགས་གྲངས་ཉུང་གི་རིག་གནས་རྩ་མེད་གཏོང་བའི་དབང་དུ་བཏང་ན། ཀྲུང་གོའི་གནས་བབས་དེ་ཆུ་བོ་ཆེན་པོ་བྱེ་མའི་ཐང་དུ་ལྷུང་བ་ལྟ་བུའི་སྐྱོ་གར་ཞིག་འབྱུང་བ་ནི་མ་དཔགས་ཀྱང་ཤེས་པ་རེད།  དེ་བས། མི་རིགས་གྲངས་ཉུང་གི་རིག་གནས་གང་ལ་རིས་ལྟ་མེད་པར་འཛིན་སྐྱོང་སྤེལ་གསུམ་བྱེད་པ་ནི་གཞུང་སྒེར་ཀུན་གྱི་འགན་འཁྲི་ཡིན།

 

འདྲ་མཉམ་གྱི་ལྟ་བ་ནི་འགྲོ་བ་མིའི་རིགས་ཀྱི་བསམ་བློའི་འཕེལ་ཕྱོགས་ཤིག་དང་། རང་དབང་དང་དམངས་གཙོའི་བསམ་བློ་གོང་འཕེལ་གཏོང་བའི་རྨང་རྐང་གཙོ་བོ་ཞིག་ཏུ་ཆགས་ཡོད་པ་རེད། སྤྱིར་འདྲ་མཉམ་གྱི་ལྟ་བ་ནི་དུས་རབས་རང་བཞིན་དང་ལོ་རྒྱུས་རང་བཞིན། ཆབ་སྲིད་རང་བཞིན་གྱི་འགལ་རྩོད་མང་དུ་བྱུང་མྱོང་མོད། འགྲོ་བ་མིའི་རིགས་རང་བྱུང་གི་རྣམ་པ་ནས་གདོད་མའི་ཚུལ་བབ་ལས་རིམ་བཞིན་མིའི་སྤྱི་ཚོགས་སུ་བརྒལ་བ་ནས།  འདྲ་མཉམ་གྱི་ལྟ་བའམ་འདུ་ཤེས་དེ་ནི་འགྲོ་མི་ཀུན་གྱི་གཙོ་རྒྱུགས་བསམ་བློ་ཞིག་ཏུ་གྱུར་ཡོད་པ་དང། ལྟ་བ་དེ་ནི་མིའི་རྩིས་ཐང་དང་རང་དབང་། ཐོབ་ཐང་སོགས་མི་བུ་ཀུན་ལ་རིས་མེད་དུ་ཡོད་པ་ཞིག་རེད།

 

ཡང་འདྲ་མཉམ་ལྟ་བའི་ངོས་ནས་དབྱེ་ན། མི་བུའི་ཐོབ་ཐང་འདྲ་མཉམ་དང་། མི་བུའི་མི་གཞི་འདྲ་མཉམ། མི་བུའི་རྩིས་ཐང་འདྲ་མཉམ། རྒྱུ་འབྱོར་ལོངས་སྤྱོད་ཀྱི་རང་དབང་འདྲ་མཉམ། བསམ་བློ་རང་དབང་གི་འདྲ་མཉམ། ལས་གནས་རེག་པའི་གོ་སྐབས་འདྲ་མཉམ། འཚོ་གནས་རང་དབང་འདྲ་མཉམ། སྐད་ཡིག་བཀོལ་སྤྱོད་ཀྱི་རང་དབང་འདྲ་མཉམ་སོགས་མང་དུ་ཡོད་པ་དང་། ཡང་གཅིག་བཤད་ན། འདི་ནི་སྤྱི་དམངས་ཀྱི་རྩ་བའི་ཐོབ་ཐང་དང་འོས་འགན་ཡང་ཡིན་པ་རེད། ཀྲུང་གོ་རྒྱལ་ཁབ་ཀྱི་ངོས་ནས་གླེང་ན། མི་རིགས་ཀྱི་སྐད་དང་ཡི་གེ་ནི་མི་རིགས་དེ་ཉིད་གཞི་གྲུབ་ཀྱི་རྩ་བའི་ཁྱད་ཆོས་སུ་བརྗོད་པ་དང་། མི་རིགས་ཀྱི་སྐད་དང་ཡི་གེ་འདྲ་མཉམ་ཡིན་པ་ནི་མི་རིགས་འདྲ་མཉམ་གྱི་མཚོན་རྟགས་གལ་ཆེན་ཞིག་ཡིན་ཚོད། ཕྱོགས་ཡོངས་ནས་མི་རིགས་གྲངས་ཉུང་གི་སྐད་དང་ཡི་གེ་དང་། འདྲ་མཉམ་ཐོབ་ཐང་ལ་བརྩི་འཇོག་དང་ལུགས་མཐུན་གྱིས་ཁེ་དབང་སྲུང་སྐྱོབ་བྱེད་པ་ནི། མི་རིགས་གྲངས་ཉུང་དག་གི་མཐུན་སྒྲིལ་དང་འབྲེལ་བའི་གནད་དོན་ཞིག་ཡིན་སྐད། མི་རིགས་གྲངས་ཉུང་ས་ཁུལ་དུ་མི་རིགས་རང་གི་སྐད་དང་ཡི་གེ་བཀོལ་སྤྱོད་བྱེད་ཆོག་པ་ནི་སྲིད་ཇུས་སུ་གསལ་ལོ།།

 

མ་གཞི། རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སོགས་ཀྱི་གཏམ་བཟློ་བ་ནི་སྐྱག་རྫུན་ཁོ་ན་རེད། དེ་དག་ནི་མི་རིགས་གྲངས་ཉུང་རྩ་མེད་གཏོང་བྱེད་ཀྱི་ལག་ཆ་འབའ་ཞིག་ཡིན་ཚོད་འདུག འདི་ནི་འགལ་བ་གཙོ་བོ་སྟེ། མི་རིགས་དང་རྒྱལ་ཁབ་བར་གྱི་འགལ་བ་ཞིག་ཡིན་པ་དང་། ངོ་བོའི་ཆ་ནས་བལྟས་ན། སྒེར་གཅོད་སྲིད་གཞུང་དང་བོད་མང་ཚོགས་བར་གྱི་འགལ་བ་ཡིན་ཅིང་། རིན་ཐང་གི་ཆ་ནས། སྣ་གཅིག་ཤེས་རིག་གི་ལྟ་བ་དང་སྣ་མང་ཤེས་རིག་གི་ལྟ་བའི་བར་གྱི་འགལ་བ་ཞིག་ཡིན་པ་རེད། འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ལྟར་ན། སྒེར་གཅོད་སྲིད་གཞུང་དང་མང་ཚོགས་བར་གྱི་འགལ་བ་ནི་ལུ་གུ་བརྒྱུད་དུ་མཐུད་པ་བཞིན་བྱུང་མྱོང་བ་དང་། མ་འོངས་སྤྱི་ཚོགས་སུའང་དེའི་མུར་སྐྱོང་བ་ནི་ཆོས་ཉིད་ཡིན། གཅིག་གིས་བདེན་དོན་རྩོད་ལེན་བྱེད་པ་རེད་ལ། གཅིག་གིས་བདེན་པ་རྡོག་བརྫིས་བྱས་པ་རེད། སྲིད་གཞུང་གི་ཚབ་བྱེད་ནི་སྒེར་གཅོད་དང་། མང་ཚོགས་ཀྱི་ཚབ་བྱེད་ནི་བདེན་པའོ།། རྒྱུ་མཚན་དེའི་ཕྱིར་ན། ང་ཅག་མི་རིགས་ནི་ཏག་ཏག་རྒྱུ་འབྲས་བློ་མིག་དང་སྡོངས་གྲོགས་མཛད་ཡོད་ལ། བདེན་པར་གཏན་དུ་ལུས་དང་གྲིབ་མ་བཞིན་གྲོགས་དགོས་སོ།།

 

 སྦྱོར་བའི་ངོས་ནས་བལྟས་ན། སྲིད་གཞུང་གི་སྦྱོར་བ་ནི་གཉའ་གནོན་དང་། མང་ཚོགས་ཀྱི་སྦྱོར་བ་ནི་ཞི་བ་རེད། ཞི་བ་ནི་ནམ་ཡང་གཞན་ལ་འཚེ་བ་མེད་པའི་སྒོས་ནས་སྤྱོད་པ་དང་། གཉན་གནོན་ནི་གཏུམ་དྲག་དང་གདུག་རྩུབ་ཀྱིས་མནར་བ་ཞིག་རེད། ཞི་བའི་ཁྱད་ཆོས་ནི་རང་གཞན་ཀུན་ལ་བརྩི་འཇོག་བྱེད་པ་དང་། མིའི་རིགས་ཀྱི་རང་བཞིན་དང་མཐུན་པའི་གནས་ལུགས་ཀྱི་དེ་ཉིད་ལ་ངོས་ལེན་བྱེད་པའི་ཀུན་སྤྱོད་ཚུལ་ལྡན་ཞིག་ཡིན་ལ། གཉའ་གནོན་གྱི་ཁྱད་ཆོས་ནི་རྡུང་བཅག་འཕྲོག་གསོད་དང་། གནོན་དྲག་སྤྱོད་གསུམ་སོགས་མིའི་རིགས་ལ་འཚེ་བའི་ཀུན་སྤྱོད་སྤེལ་བ་རེད། དེའི་ཕྱིར། རྡུང་བཅག་འཕྲོག་གསུམ་དང་མི་རིགས་ཁ་བྲལ་རིང་ལུགས། དྲག་སྤྱོད་རིང་ལུགས། གཏུམ་དབང་རིང་ལུགས་སོགས་ཀྱི་ཉེས་མིང་ནི་སྒེར་གཅོད་པར་བཏགས་པ་ཞིག་ཡིན་པ་ལས། རང་དབང་དང་འདྲ་མཉམ། མང་གཙོ་སོགས་དཔྲལ་བའི་མི་འབྲས་བཞིན་སྲུང་བའི་བདེན་དོན་རྩོད་ལེན་བགྱི་མཁན་རྣམས་ལ་བཏགས་པ་ཞིག་མིན་པ་ཤེས་དགོས་སོ།།

ད་ལྟ་བོད་མི་རིགས་ཀྱི་སྐད་ཡིག་བཀོལ་སྤྱོད་ཀྱི་རང་དབང་མེད་པར་བཟོས་པ་དེ་ནི། སྐད་ཡིག་བཀོལ་སྤྱོད་རང་དབང་གི་གནད་དོན་ཁོ་ནར་ལྟ་རུང་བ་ཞིག་མ་ཡིན་ཏེ།  འདི་ནི་མི་རིགས་འདིའི་འབྱུང་འགྱུར་བདག་དབང་ལ་འབྲེལ་བ་ཡོད་པ་ཞིག་ཡིན་པས་ན། བདག་དབང་དེ་ངེས་པར་ཕྱིར་སྤྲོད་དགོས་པ་དང་། དེའི་དོན་དུ་རང་སྲོག་བློས་གཏོང་དགོས་ཀྱང་འགྱོད་པ་སྤུ་ཙམ་ཡང་མེད་དོ།།

 

༼ བར་སྐབས་འདིར། ཁོ་བོ་ཤུགས་དྲགས་པའི་ཚོར་བ་འདི་ལ་ལྡོག་མ་ཐུབ་པས་ན། གཤམ་གྱི་ཚན་པ་འདི་གཏམ་བཤད་ཀྱི་ཚུལ་དུ་བཀོད་པ་ཡིན།༽

སྤུན་ཟླ་རྣམ་པ། ཁྱེད་ཅག་ལ་འཇིགས་སྐྲག་ཆེའམ། ང་ལ་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་ཞིག་འདུག དོ་ནུབ། ང་གློག་ཀླད་མདུན་ན་འཇིགས་སྐྲག་གིས་སུག་འདར་རྒྱག་བཞིན་ཡོད། རྒྱུ་མཚན། ང་ཅག་མི་རིགས་འདིའི་སྐད་དང་ཡི་གེ་ལ་གཞན་གྱིས་རྩ་མེད་གཏོང་རྩིས་འདུག ང་ཅག་མི་རིགས་འདིའི་ལས་དབང་ལ་གཞན་གྱིས་ཁ་ལོ་བསྒྱུར་བཞིན་འདུག འུ་ཅག་མི་རིགས་འདི་ལ་སྡུག་བསྔལ་ཇི་འདྲའི་ཆེ་བ་ལ། འདི་ལྟར། མངོན་ལྐོག་གང་རུང་ནས། འདི་ལྟར། བསམ་བཞིན་དང་བསམ་བཞིན་དུ་བཙན་གྱིས་གསོད་རྩིས་བྱས་ན། འཇིག་སྐྲག་འདི་ཇི་འདྲའི་ཡ་ང་བ་ཞིག་རེད་ཨང་།

ད་ལྟ། ང་ཅག་ལ་གདམ་ང་ཉག་གཅིག་འདུག་སྟེ། དེ་ནི་མི་རིགས་འདི་གསོན་ནམ་འཆི་བའོ།། གལ་སྲིད། ང་ཧོན་ལོག་པ་མིན་ན། ཁ་སང་། ཆབ་ཆ་དང་རེབ་གོང་། མགོ་ལོག་སོགས་ནས་བྱིས་པ་མང་པོ་ཞིག་གིས་རི་བོ་གངས་ཅན་པའི་སྐྱེ་འགྲོ་ཡོངས་ལ་གསོན་དགོས་པའི་སྐད་འབོད་རྒྱག་བཞིན་འདུག བྱིས་པ་དེ་དག་ནི་སུ་ཞིག་ཡིན་ནམ། ལྟོས་དང་། ཁོ་ཚོས་ཅིའི་ཕྱིར་གསོན་པ་ལ་གཡབ་མོ་གཏོང་དགོས་པ་ཡིན། རེད་དེ། ཁོ་ཚོ་ནི་གསོན་པའི་ཆེད་དུ་འཆི་ཡང་ཕོད་པའི་རི་བོ་གངས་ཅན་པའི་མི་རབས་ཚ་བརྒྱུད་རེད། ཁོ་ཚོས་རང་གི་སྐད་དང་ཡི་གེའི་ཆེད་དུ། ཁོ་ཚོས་རང་གི་བདག་དབང་གི་ཆེད་དུ། དེ་ལྟར་བློ་གྲོས་ལྡན་པའི་ངང་དུ། བདེན་པའི་ལམ་ལ་ཆས་བྱུང་། སྤུན་ཟླ་ལགས།  ཁྱོད་ཀྱིས་ལམ་དེ་མཐོང་བྱུང་ངམ། མཐོང་བྱུང་ངམ།

བལྟས་ཚོད་དུ། བྱིས་པ་དེ་དག་ལ་འཇིགས་སྐྲག་ཆེན་པོ་ཞིག་འདུག མ་རེད། ང་ནོར་འདུག ཁོ་ཚོ་ལ་འཇིག་སྐྲག་ཅི་ཡང་མི་འདུག ཁོ་ཚོས་འཆི་བར་རྒོལ་ལན་སྤྲོད་ཀྱི་འདུག ཁོ་ཚོས་དེ་ལྟར་བདེན་དོན་གྱི་མཉམ་སྒྲོག་རོལ་དབྱངས་ཤིག་སྒྲོག་གི་འདུག སྤུན་ཟླ་ལགས། ཐོས་བྱུང་ངམ།  གཟབ་ནན་གྱིས་ཉན་རོགས་གྱིས། དེ་ནི་གསོན་པའི་ལག་བརྡ་རེད་ཡ།

ཇི་འདྲའི་བླ་སྲོག་འགུག་པའི་རོལ་དབྱངས་གསོན་པོ་ཞིག་རེད། ཇི་འདྲའི་སྒལ་ཚིགས་སློང་བའི་དབྱངས་རྟ་སྙན་མོ་ཞིག་རེད། ཇི་འདྲའི་མི་སེམས་འདྲེན་པའི་བརྩེ་དུང་རྣལ་མ་ཞིག་རེད་། ཇི་འདྲའི་འཚོ་གནས་སྲུང་བའི་མི་སྐད་དྭངས་མ་ཞིག་རེད་ཨང་།

ཐལ་མོ་རྡོབས་དང་། དགའ་བསུ་གནང་རོགས། མུ་འབྲེལ་བརྙན་འཕྲིན་དེའི་ལེ་ཚན་ཡོངས་སུ་མཇུག་རྫོགས་སོང་བ་འདྲ།  མ་རེད། མ་རེད། ང་དངོས་ནས་ཧོན་འཐོར་འདུག ང་ཚོ་རྒས་པོ་ཆགས་འདུག དེ་བརྙན་འཕྲིན་ཞིག་ཡིན་ཚོད་མ་རེད། དེ་ནི་སྙིང་སྟོབས་ཤིག  དེ་ནི་བསམ་བློ་ཞིག་རེད། དེ་ནི་མི་རབས་གསར་པའི་སྙིང་གསོན་པོ་སྟེ། རང་དབང་རེད། དམངས་གཙོ་རེད། འདྲ་མཉམ་རེད། ཞི་བདེ་རེད།

ལྟོས་དང་། བྱིས་པ་དེ་དག་ནི་ལོ་ན་བཅུ་ཡས་མས་ལོན་ཡོད་མེད་ཀྱི་ན་ཆུང་རྐྱང་རྐྱང་རེད། ཁོ་ཚོའི་རིགས་ཞེན་དཀར་པོ་དེ་མཐོང་ན། ཁོ་ཚོའི་རྣམ་དཔྱོད་རྒོད་པོ་དེ་བསམ་ན། ཁོ་ཚོའི་རིགས་ཤེས་དྭངས་མོ་དེ་འདོད་ན། ཁོ་ཚོའི་གོ་རྟོགས་མཐོན་པོ་དེ་སྒོམ་ན། ང་ཚོས་ཅི་ལ་འཛེམས་དོགས་བྱ་དགོས་པ་རེད། འོ།  བདེན་དེ། སྐད་ཡིག་དེ་ནི་འུ་ཅག་དང་འབྲེལ་བ་མེད་པས་རེད། དེ་ནི་རི་བོ་གངས་ཅན་པ་དང་འབྲེལ་བ་གང་ཡང་མེད་པ་ཞིག་རེད། ངས་བོད་སྐད་མི་ཤེས། ངས་བོད་ཡིག་མི་ཤེས། བོད་ཡིག་ཡོད་ཀྱང་མེད་ཀྱང་དགོས་པ་མི་འདུག

ཨ་ཚ་ཚ། བྱིས་པ་དེ་དག་གིས་ང་ལ་འགྲམ་ལྕག་ཚ་ཐག་ཆོད་པ་ཞིག་བྱས་སོང་། ཁོ་ཚོས་བཤད་ན། དེ་ནི་ངའི་ཕ་མེས་ཡང་མེས་ཀྱི་རིང་དེ། བཙན་པོ་རིམ་བྱུང་གི་རིང་ནས་དར་བའི་ལོ་རྒྱུས་ཀྱང་འཆད་བྱུང་། ཁོ་ཚོས་བཤད་ན། ང་ལ་དྲན་པ་ཉམས་འདུག་ཟེར། ཁོ་ཚོས་བཤད་ན། ད་ལྟ། བོད་སྐད་ཡིག་གི་ཚེ་སྲོག་ལ་རླུང་ནང་གི་མར་མེ་ཇི་བཞིན་ཉེན་ཁ་ཧ་ཅང་ཆེན་པོ་གནས་འདུག་པ་མ་ཟད། ང་ཅག་གི་འཚོ་གནས་ལའང་དེ་བཞིན་ཉེན་ཁའི་ནང་དུ་ལྟུང་ཡོད་ཅེས་ངུ་སྐད་འདྲེས་མའི་ངང་དུ་ཁྲོམ་སྐོར་ལ་བུད་སོང་།

ཀྱེ་ཀྱེ། བོད་རིགས་སྤུན་ཟླ་ལགས། ངའི་དྲན་པ་ཉམས་འདུག་གམ། ཁྱོད་ཀྱིས་གནས་ཚུལ་དངོས་དེ་ང་ལ་བརྗོད་རོགས་གནང་དང་། ཁྱོད་ཁོ་ན་ད་གཟོད་འདུ་ཤེས་དེའི་དྲན་པ་གསོ་བའི་རྟོགས་སད་པ་ཡིན།

སྤུན་ཟླ་རྣམ་པ།   འཇིགས་དངངས་ཅི་ཡང་མེད་པར་ཡར་ལ་ལོངས་ཤོག    འདི་ནི་མི་རིགས་རང་སྐྱོང་མ་ཡིན་ནོ།

སྤུན་ཟླ་རྣམ་པ།     གུ་ཡངས་གང་མེད་པར་ཡར་ལ་ལོངས་ཤོག  འདི་ནི་མི་རིགས་རང་སྐྱོང་མ་ཡིན་ནོ།

ང་ཚོ་ལ་དགོས་པ་ནི། མི་རིགས་བདག་དབང་གི་རང་དབང་ཡིན་པའོ།།

གཤམ་ནས་ཁོ་བོ་སྒེར་གྱི་ལྷག་བསམ་དྭངས་མའི་ཀུན་སློང་སྔོན་དུ་བཏང་དེ། བོད་ཁུལ་གྱི་སློབ་གྲྭ་སོ་སོ་དང་ལས་ཁུང་སོ་སོ། མི་སྒེར་ཀུན་ལ་རེ་སྐུལ་བྱེད།

ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ། བོད་ལྗོངས་སློབ་གྲྭ་ཆེན་མོ། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ། སི་ཁྲོན་མི་རིགས་དགེ་ཐོན་སློབ་གླིང་། གཙོད་དགེ་ཐོན་མི་རིགས་སློབ་གླིང་། མཚོ་སྔོན་མི་རིགས་དགེ་ཐོན་སློབ་གླིང་། ཁམས་པའི་བརྙན་འཕྲིན་ཁང་། མཚོ་སྔོན་བརྙན་འཕྲིན་ཁང་། བོད་ལྗོངས་བརྙན་འཕྲིན་ཁང་། མཚོ་སྔོན་རླུང་འཕྲིན་ཁང་སོགས་དང་། དེ་མིན། བོད་ཁུལ་གྱི་སློབ་ཆུང་དང། དམའ་མཐོ་འབྲིང་གི་སློབ་གྲྭ་ཁག་སོ་སོ་ལས་གཞན། སྨན་ཁང་ཁག་སོ་སོ་དང་། ཤེས་ཡོན་ཅན་གཙོ་བྱས་པའི་བོད་ནང་གི་སྤུན་ཟླ་ཡོངས་ལ་མེ་སྦར་རླུང་སྐུལ་གྱི་ཚུལ་སྤྲིངས་པ་ཡིན་ནོ། གལ་སྲིད། མི་སྒེར་དང་ཚོགས་པ། ཐུན་མོང་གིས་འདི་ནི་ངན་སྐུལ་གྱི་ཉེས་མིང་བཙུགས་ན། ངས་ནི་མི་རིགས་སྐད་ཡིག་སྲུང་སྐྱོབ་ཀྱི་འོས་འགན་ལག་བསྟར་བྱེད་ཙམ་ཞིག་བྱེད་པའོ།།  

སྤྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༢༣ ཉིན།  

 

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

ཆུ་ཚོད་ ༢༡ སྔོན་ལ།
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 2

  1. ཤིང་རྟ། says:
    ལོ་ 16 སྔོན།

    རང་དབང་གི་ཆེད་དུ། བློ་གྲོས་ལྡན་པའི་ངང་ནས།
    བདེན་དོན་གྱི་རོལ་དབྱངས། ཇི་འདྲའི་བླ་སྲོག་འགུག་པའི་རོལ་དབྱངས་གསོན་པོ་ཞིག་རེད། ཇི་འདྲའི་མི་སེམས་འདྲེན་པའི་བརྩེ་དུང་རྣལ་མ་ཞིག་རེད།
    ཇི་འདྲའི་འཚོ་གནས་སྲུང་བའི་མི་སྐད་དྭངས་མ་ཞིག་རེད།

    Reply
  2. རླུང་རྟ་རྒྱལ། says:
    ལོ་ 16 སྔོན།

    བོད་ནས་རྟྩོམ་ཡིག་འབྱོར་བ་ལ་སེམས་སུ་དགའ་བ་གནོན་མི་ཐུབ་པ་ཞིག་སྐྱེས་བྱུང་།རྒྱ་ནག་པོའི་མེ་མདའི་ཁ་འོག་ཏུ་རང་དབང་གི་རྟྩོམ་ཡིག་སྤེལ་རྒྱུ་ནི་དངོས་གནས་སྣྙིང་སྟོབས་བླ་ན་མེད་པ་ཞིག་རེད།ཁྱེད་ལྟ་བུའི་བོད་ནང་གི་མིག་དཔེ་སྟོན་མཁན་རྣམས་ཀྱིས་ང་དང་འདྲ་བའི་བྱེས་སྡོད་བོད་མི་རྣམས་ལ་མ་འོངས་པའི་རེ་བ་དང།ཡིད་ཆེས།སྤོབས་པ་བཅས་བསྟྩལ་བྱུང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese