མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་ཁབ་ ༢༢ ཙམ་སྦག་སྦག་གིས་བསྐོར་ཏེ་ངྷ་སར་འབྱོར།

བོད་ཀྱི་དུས་བབ།
༢༠༡༠/༡༠/༢༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་ཁབ་ ༢༢ ཙམ་སྦག་སྦག་གིས་བསྐོར་ཏེ་ངྷ་སར་འབྱོར།

ང་ཚོའི་མི་མང་པོ་ཞིག་དཔལ་འབྱོར་ཁོ་ནའི་ཕྱོགས་སུ་བརྒྱུགས་ཏེ་ལས་ཀ་བྱེད་ཀྱིན་ཡོད་པ་རེད། རྒྱལ་ཁབ་མེད་ཚེ་དཔལ་འབྱོར་ཇི་འདྲ་ཡོད་ཀྱང་ཧ་ལས་དགོས་པ་གང་ཡང་ཡོད་པ་མ་རེད། ད་ལྟ་ང་ཚོ་བཙན་བྱོལ་མིའི་ལུང་པར་བསྡད་ཡོད། ས་འདི་ནས་ང་ཚོ་ཡུན་རིང་འདུག་ཐབས་ཡོད་པ་མ་རེད། མི་གཞན་གྱིས་ང་ཚོའི་རྩ་དོན་འཐབ་རྩོད་བྱས་ཏེ་རྒྱལ་ཁབ་ང་ཚོར་སྤྲོད་སྲིད་ཀྱི་མ་རེད་ཟེར།

འཛམ་གླིང་རྒྱལ་ཁབ་ ༢༢ ནང་སྦག་སྦག་བཞོན་ཏེ་བོད་དོན་དྲིལ་བསྒྲགས་སྐོར་སྐྱོད་པ་བོད་རིགས་ན་གཞོན་ལྷག་པ་ཚེ་རིང་ལག ཟླ་ ༡༠ ཕྱི་ཚེས་ ༢༨ ཉིན་བཞུགས་སྒར་ཁུལ་གྱི་མི་མང་སྟོང་ཕྲག་མང་པོའི་དགའ་འབོད་དང་ཕེབས་བསུའི་ཁྲོད་བཞུགས་སྒར་ངྷ་རམ་ས་ལར་འབྱོར་ཡོད། ཉིན་རྒྱབ་ཆུ་ཚོད་ ༢ ཙམ་ལ་ཀཱང་ར་རྫོང་དུ་སླེབས་སྐབས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་ས་གཉིས་དང་བཞུགས་སྒར་ཁུལ་གྱི་གཞོན་སྐྱེས་མང་པོ་ཞིག་སྔོན་བསུར་ཕྱིན་ཏེ་ཁ་བཏགས་སྒྲོན་འབུལ་ཞུས་ཡོད་ཅིང་། དེ་ནས་ས་རཱ་མཐོ་སློབ་དང་ངྷ་སྟེང་བོད་ཁྱིམ་སློབ་གྲྭ་བཅས་བརྒྱུད་དེ། ཕྱི་དྲོའི་ཆུ་ཚོད་ ༥ དང་ཕྱེད་ཀ་ཙམ་ལ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཕེབས་བསུའི་མཛད་སྒོ་ཐོག་འབྱོར་ཡོད།

སྐབས་དེར་ལྷག་པ་ཚེ་རིང་ལགས་ཀྱིས་རང་ཉིད་ངོ་སྤྲོད་དང་སྦྲགས་འཛམ་གླིང་སྐོར་སྐྱོད་ཀྱི་ལས་འགུལ་དེའི་དམིགས་ཡུལ་སྐོར་བརྗོད་དོན། ང་རང་ཆུང་དུས་ནས་བུ་གསོ་ཁང་གིས་གསོ་སྐྱོང་འོག་ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་ཐོབ་མྱོང་མཁན་ཞིག་ཡིན་ལ། ད་ལྟ་རང་ཉིད་ཀྱི་རྐང་པའི་སྒང་ལངས་ཐུབ་པ་དེ་ཡང་བུ་གསོ་ཁང་གི་བཀའ་དྲིན་ཡིན། ཆུང་དུས་བུ་གསོ་ཁང་དུ་འགྲོ་སྐབས་ངྷ་ས་ནས་ཕྱི་གླིང་བ་སྦག་སྦག་སྐོར་མཁན་མང་པོ་མཐོང་བྱུང་ལ། སྐབས་དེར་མ་འོངས་པར་ང་ཡང་སྤྲོད་འཆམ་ཙམ་མིན་པར་བོད་དོན་དྲིལ་བསྒྲགས་ཀྱི་ཆེད་དུ་འཛམ་གླིང་གང་སར་འགྲོ་ཐུབ་ན་བསམ་པའི་འཆར་སྣང་སྐྱེས་མྱོང་། ཕྱིས་སུ་སློབ་གྲྭ་ཐོན་པ་དང་བལ་ཡུལ་ནང་ལོ་ཁ་ཤས་བསྡད་རྗེས་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་ཕྱིན་ཏེ། ༡༩༩༦ ལོར་ཆེས་ཐོག་མར་སྐུའི་གཅེན་པོ་སྟག་འཚེར་རིན་པོ་ཆེ་མཆོག་གིས་གོ་སྒྲིག་གནང་བའི་ཞི་བའི་གོམ་བགྲོད་ཐེངས་དང་པོའི་ནང་མཉམ་ཞུགས་བྱས་ཏེ། ཟླ་གསུམ་རིང་ཨ་རིའི་ཝ་ཤིན་ཊོན་ཌེ་སེ་ནས་ནེའུ་ཡོག་ཏུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་བར་ཞི་བའི་གོམ་བགྲོད་དང་།  ༡༩༩༨ ལོར་གོམ་བགྲོད་ཐེངས་གཉིས་པའི་ནང་མཉམ་ཞུགས་གནང་སྟེ་ཨ་རིའི་ཕོར་ལན་ཌི་ཨོར་གྷན་ནས་ཁེ་ན་ཌའི་གྲོང་ཁྱེར་ཝན་ཁེལ་ཝོར་བར་ཕྱིན་པ་ཡིན། སྐབས་དེར་ཨ་རི་དང་ཁེ་ན་ཌའི་མང་ཚོགས་ཀྱིས་བོད་དོན་སྐོར་ཤེས་རྟོགས་ཐུབ་ཀྱི་མི་འདུག ང་ཚོས་བོད་རང་བཙན་ཞེས་པའི་དབྱིན་ཡིག་གི་འཕྲེད་དར་འཕྱར་འགྲོ་དུས་ཅ་ལག་སྤྲོད་མཁན་ཡིན་པར་བསམ་ཏེ་ལེན་དུ་ཡོང་མཁན་དེ་འདྲ་ཡང་བྱུང་སོང་། གོམ་བགྲོད་དེ་དག་ལས་ང་ལ་ཉམས་མྱོང་མི་དམན་པ་ཞིག་ཐོབ་སོང་། ཞེས་ངོ་སྤྲོད་གནང་བྱུང་།

ལྷག་པ་ལགས་ཀྱིས་ཐེངས་འདིའི་ལས་འགུལ་གྱི་ཐོག་མའི་མགོ་འཛུགས་སྐོར་བརྗོད་དོན། བོད་ནང་གི་བོད་མི་ཚོར་རྒྱ་ནག་གིས་སྡུག་སྦྱོང་མནར་གཅོད་འོག་དཀའ་ངལ་འཕྲད་ཀྱིན་ཡོད་པ་དང་། ཁོང་ཚོས་ང་ཚོ་རྒྱ་གར་དང་ཕྱི་རྒྱལ་དུ་ཡོད་པའི་བོད་པ་ཚོར་རེ་བ་བཅངས་ཡོད་སྟབས། ༢༠༠༡ ལོར་ངས་བཟའ་ཟླ་དང་ལྷན་དུ་ང་རང་གིས་འཛམ་གླིང་ནང་སྦག་སྦག་སྐོར་བསྐྱོད་ཀྱི་ལས་འགུལ་ཞིག་སྤེལ་རྒྱུའི་སྐོར་ལ་གྲོས་བསྡུར་ཙམ་བྱས་པ་ཡིན། ༢༠༠༨ ལོའི་བོད་ནང་གི་བོད་མི་ཚོས་རྒྱ་ནག་གཞུང་གི་སྲིད་བྱུས་ལ་མི་འདོད་པའི་རྣམ་འགྱུར་བསྟན་ཏེ་ངོ་རྒོལ་སྐད་འབོད་བྱས་པ་རེད། སྐབས་དེར་ང་ནེའུ་ཡོག་ཏུ་ཡོད་ལ། ནེའུ་ཡོག་གི་གནམ་གཤིས་སོགས་ཧ་ཅང་སྐྱིད་པོ་འདུག གནམ་གཤིས་གྲང་དུས་ཚ་གློག་ཚ་དུས་གྲང་རླུང་གཏོང་རྒྱུ་སོགས་རང་ཉིད་ལ་དགོས་ཞིང་མཁོ་བའི་མཐུན་རྐྱེན་ཡང་ཧ་ཅང་འཛོམས་པོ་ཡོད་ཀྱང་། བོད་ནང་གི་བོད་མི་ཚོའི་གནས་སྟངས་དྲན་ཡོང་སྐབས་སེམས་པ་སྐྱིད་པོ་མི་འདུག རང་དང་ཤ་ཁྲག་གཅིག་པའི་སྤུན་ཟླ་དག་རང་ཡུལ་ན་གཞན་གྱིས་དམར་གསོད་གཏོང་གིན་ཡོད་ཀྱང་། རང་གིས་གཞན་ཡུལ་ནས་སྐྱིད་པོ་བཏང་བསྡད་ན་འགྲིག་གི་མི་འདུག་སྙམ་སྟེ། ད་ལོའི་ཕྱི་ཟླ་ ༣ པའི་ཚེས་ ༡༠ ཉིན་མགོ་འཛུགས་ཀྱིས་འཛམ་གླིང་རྒྱལ་ཁབ་ ༢༢ ནང་སྦག་སྦག་སྐོར་སྐྱོད་ཀྱིས་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་འདི་སྤེལ་བ་ཡིན། འདི་ལོའི་ཕྱི་ཟླ་ ༣ པའི་ཚེས་མགོ་ནས་ཨ་རི་དང་ཁེ་ན་ཌའི་མངའ་སྡེ་ཡོངས་ལ་ཟླ་གཉིས་རིང་སྐོར་བསྐྱོད་བྱས་པ་ཡིན་ལ། ཕྱིས་སུ་ཡུ་རོབ་ཀྱི་རྒྱལ་ཁབ་ཡོངས་དང་ཨོ་སི་ཁྲོ་རི་ཡ་བཅས་སུ་སྐོར་བསྐྱོད་དང་འབྲེལ་རྒྱལ་ཁབ་དེ་དག་གི་ཚགས་པ་དང་རླུང་འཕྲིན། དེ་བཞིན་ཚོགས་པ་ཁག་དང་མི་སྒེར་སོགས་ལ་ང་རང་གི་ངོས་ནས་གང་ཐུབ་ཀྱིས་བོད་ནང་གི་གནས་སྟངས་དང་བོད་དོན་དྲིལ་བསྒྲགས་བྱས་པ་ཡིན། དེ་རིང་ང་བཞུགས་སྒར་ངྷ་རམ་ས་ལར་འབྱོར་ཏེ་ཐེངས་འདིའི་ངའི་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་མཇུག་སྒྲིལ་བ་ཡིན། ཞེས་ལས་འགུལ་གྱི་བརྒྱུད་རིམ་དང་དམིགས་ཡུལ་ངོ་སྤྲོད་གནང་བྱུང་།

ཡང་ཁོང་གིས། བོད་ནང་གི་བོད་མི་ཚོ་དང་བསྡུར་ན་ང་ཚོ་རང་དབང་ལུང་པའི་བོད་མི་ཚོར་ཕྱོགས་ཡོངས་ནས་རང་དབང་ཡོད། བོད་ནང་གི་བོད་མི་ཚོས་རྒྱ་གར་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་ཡོད་པའི་བོད་མི་ཚོར་རེ་བ་བཅིངས་ཡོད། ཁོང་ཚོར་སེམས་ཤུགས་དང་སྤོབས་པ་ཆེན་པོ་ཡོད་སྐབས། ང་ཚོ་སེམས་ཤུགས་ཆགས་ཏེ་སྡོད་པ་དང་། ལས་འགུལ་གྱི་ནུས་པ་ཆུང་དུ་ཕྱིན་པ་ཡིན་ན་ང་ཚོར་བཅིངས་བའི་ཡིད་ཆེས་དང་རེ་བ་བརླག་པའི་ཉེན་ཁ་འདུག ང་ཚོའི་མི་མང་པོ་ཞིག་དཔལ་འབྱོར་ཁོ་ནའི་ཕྱོགས་སུ་བརྒྱུགས་ཏེ་ལས་ཀ་བྱེད་ཀྱིན་ཡོད་པ་རེད། རྒྱལ་ཁབ་མེད་ཚེ་དཔལ་འབྱོར་ཇི་འདྲ་ཡོད་ཀྱང་ཧ་ལས་དགོས་པ་གང་ཡང་ཡོད་པ་མ་རེད། ད་ལྟ་ང་ཚོ་བཙན་བྱོལ་མིའི་ལུང་པར་བསྡད་ཡོད། ས་འདི་ནས་ང་ཚོ་ཡུན་རིང་འདུག་ཐབས་ཡོད་པ་མ་རེད། མི་གཞན་གྱིས་ང་ཚོའི་རྩ་དོན་འཐབ་རྩོད་བྱས་ཏེ་རྒྱལ་ཁབ་ང་ཚོར་སྤྲོད་སྲིད་ཀྱི་མ་རེད། དེར་བརྟེན། མ་འོངས་པར་ང་ཚོ་བོད་པ་རྣམས་རྡོག་རྩ་གཅིག་སྒྲིལ་གྱིས་རྒན་རབས་པས་གཞོན་པ་རྣམས་ལ་འདས་པའི་ལོ་རྒྱུས་ངོ་སྤྲོད་དང་། གཞོན་པ་རྣམས་ཀྱིས་རང་ངོས་འགན་བླངས་ཏེ། བོད་དོན་དང་འབྲེལ་བའི་ལས་འགུལ་གཞི་རྒྱ་ཆེ་རུ་གཏོང་དགོས་པ་རེད། ཅེས་རེ་བ་བཏོན་བྱུང་།   

 མཇུག་མཐར། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་དོན་འགྲུབ་ལྷ་དར་ལགས་ཀྱིས། དོ་ནུབ་ང་ཚོ་འདིར་འཛོམས་དོན་ལྷག་པ་ཚེ་རིང་སྒེར་ལ་ཐུག་འཕྲད་དང་རྒྱབ་སྐྱོར་གནང་རྒྱུའི་ཆེད་དུ་མིན་པར། ཁོང་གི་བོད་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་ཆེད་དཀའ་ལས་རྒྱག་རྒྱུའི་སྙིང་སྟོབས་དང་ཆོད་སེམས་ལ་གུས་བཀུར་དང་ཡི་རངས་ཞུ་ཆེད་འཛོམས་པ་རེད། བོད་རྒྱལ་ཁབ་འདི་ཉིད་ ༡༩༤༩ ལོར་འཛམ་གླིང་ཐོག་མི་འབོར་མང་ཤོས་ཡིན་པའི་བཙན་རྒྱལ་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་གི་འོག་ཏུ་བཅུག་ཡོད་ཀྱང་།  ང་ཚོར་མི་འབོར་ས་ཡ་ ༦ ཙམ་ལས་མེད་ཀྱང་བོད་པ་མི་ངོ་རེ་ནས་འཐབ་རྩོད་ལ་འགན་བླངས་སྟབས། ད་བར་མི་ལོ་ ༦༡ ཕྱིན་ཀྱང་བོད་ཀྱི་འཐབ་རྩོད་གསོན་པོར་གནས་ཡོད་ལ། འཐབ་རྩོད་དེ་གསོན་པར་གནས་པ་ཙམ་དུ་མ་ཟད། ལྷག་པ་ཚེ་རིང་ལགས་ཀྱི་མི་གཅིག་གི་སྙིང་སྟོབས་དེས་རྒྱ་གཞུང་ལ་བོད་ཀྱི་འཐབ་རྩོད་ཤི་མེད་པ་དང་། གཞོན་སྐྱེས་ཚོས་མི་རྒྱུ་གཉིས་ཐོག་ནས་རང་གི་ཡོད་ཚད་བློས་གཏོང་བྱ་ཐུབ་པའི་བརྡ་ལན་སྤྲད་ཡོད། ཅེས་བརྗོད་བྱུང་།

 དོན་འགྲུབ་ལྷ་དར་གྱིས་མུ་མཐུད་དུ་བརྗོད་དོན། བཙན་བྱོལ་བོད་མི་མང་པོ་ཞིག་གིས་ཨ་རིའི་དངུལ་ལོའི་ཆེད་དུ་དུས་ཚོད་སྐར་མ་རེ་རེ་རྩིས་རྒྱག་གི་ཡོད་ཀྱང་། ལྷག་པ་ཚེ་རིང་གིས་དུས་ཚོད་དང་ཁོར་ཡུག རང་གི་ཁྱིམ་ཚང་བཅས་བློས་བཏང་སྟེ། ཟླ་དང་ཟླ་བསྟུད་དེ་དཀའ་ལས་བརྒྱབ་པ་རེད། རྒྱལ་ཁབ་མེད་པའི་ཆབ་སྲིད་སྐྱབས་བཅོལ་བ་ཞིག་དང་ཕ་མ་མེད་པའི་དྭ་ཕྲུག་ཅིག་ཡིན་པའི་ཚོར་བའི་ཐོག་ནས། རྒྱ་ནག་གིས་ང་ཚོའི་ལུང་པ་བཙན་བཟུང་བྱས་པའི་སེམས་ཚོར་འོག ཁོང་གིས་རླབས་ཆེ་བའི་ལས་འགུལ་འདི་འདྲ་ཞིག་མགོ་བརྩམས་པ་རེད། བཙན་བྱོལ་སྤྱི་ཚོགས་ཀྱི་གཞོན་སྐྱེས་ཞིག་གི་བརྡ་ལན་གྱི་སྙིང་སྟོབས་དེ་ནི། གཞིས་ལུས་མི་དམངས་ཚོའི་ཡར་ལངས་ཀྱི་སྙིང་སྟོབས་ལས་བྱུང་བ་ཞིག་རེད། གོང་དུ་ལྷག་པ་ཚེ་རིང་ལགས་ཀྱིས་ཁོང་གི་ཁྱིམ་དུ་ལོ་ ༤ ཅན་གྱི་བྱིས་པ་ཆུང་ཆུང་ཞིག་གིས་པ་ལགས་ཕྱིར་ལོག་རྒྱུར་སྒུག་བསྡད་ཡོད་ཅེས་གསུངས་སོང་། ཁོང་གི་སྐད་ཆ་འདི་འདྲ་འདྲ་བར། བོད་ནང་དུ་ཕ་མ་མང་པོ་ཞིག་རྒྱའི་བཙོན་དུ་ལྷག་པ་དང་། བོད་གཞིས་དང་བྱེས་སུ་གྱར་བ་སོགས་ཀྱིས་ཕ་མ་དང་བཟའ་ཚང་མང་པོ་ཡ་བྲལ་དུ་སོང་ཡོད། འདི་ལ་བཙན་བྱོལ་སྤྱི་ཚོགས་ཀྱི་གཞོན་སྐྱེས་ཚོར་ཚོར་བ་རྣོན་པོ་ཞིག་དགོས་ཀྱི་འདུག ཅེས་བརྗོད་བྱུང་།

གསར་འགོད་པ། དོན་གོ་དང་དཔལ་ལྡན།

 

དགོན་སྡེ་ཁག་དང་ཆོས་རྒྱུན་རྩ་མེད་བཟོ་རྒྱུའི་ཐབས་ལམ།

རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡུལ་མི་རྣམས་ལ་ཆོས་དད་རང་དབང་གཏན་ནས་མེད་པ་དང་། རྒྱ་ནག་ནང་ཁྲིམས་ཀྱི་དབང་སྒྱུར་མེད་པར་གང་ཟག་གི་དབང་སྒྱུར་ཡིན་པའི་གནད་དོན་གསལ་སྟོན་བྱས་འདུག་ཟེར།

ཕྱི་ཟླ་ ༡༠ ཚེས་ ༢༧ ཉིན་གྱི་སྔ་དྲོ་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། བོད་གཞུང་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་གིས་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་ཡོད། དེ་ནི་འདི་ལོའི་ཕྱི་ཟླ་ ༩ པའི་ཚེས་ ༣༠ ཉིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆོས་ལུགས་ལས་དོན་སྡེ་ཁག་གིས་༼ བོད་བརྒྱུད་ནང་བསྟན་གྱི་དགོན་པའི་དོ་དམ་བྱེད་ཐབས ༽ཞེས་པའི་སྐོར་ཡིག་ཆ་ཞིག་བཀྲམས་ཡོད་ལ། ཕྱི་ཟླ་ ༡༡ ཚེས་ ༡ ཉིན་ནས་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་ཚུལ་བསྒྲགས་ཡོད་སྟབས། དེ་ལ་བོད་བརྒྱུད་ནང་བསྟན་གྱི་བླ་ཆེན་ཁག་དང་དགོན་སྡེ་ཁག་གི་མཁན་སློབ། འདུས་མང་། མང་ཚོགས་བཅས་ནས་ངོས་ལེན་རྩ་བ་ནས་མེད་པར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱིན་ཡོད་པ་ཞིག་ཡིན་འདུག  

 སྐབས་དེར་ཆོས་རིག་བཀའ་བློན་མཆོག་གིས་གསལ་བསྒྲགས་སྒྲོག་སྦྱོང་གནང་དོན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སུ་”ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་ཆོས་དད་ཀྱི་རང་དབང་ཡོད། རྒྱལ་ཁབ་ཀྱི་ལས་ཁུངས་དང་། སྤྱི་ཚོགས་ཀྱི་ཚོགས་པ། མི་སྒེར་བཅས་གང་ཡིན་རུང་བཙན་ཤེད་ཀྱིས་སྤྱི་དམངས་ལ་ཆོས་ལ་དད་མོས་བྱེད་དུ་འཇུག་པའམ་ཆོས་ལ་དད་མོས་བྱེད་དུ་མི་འཇུག་པ་བྱས་མི་ཆོག ཆོས་ལ་དད་པ་ཡོད་པའི་སྤྱི་དམངས་དང་ཆོས་ལ་དད་པ་མེད་པའི་སྤྱི་དམངས་སུ་ལའང་མཐོང་ཆུང་བྱས་མི་ཆོག རྒྱལ་ཁབ་ཀྱི་ཆོས་ལུགས་ཀྱི་རྒྱུན་ལྡན་བྱེད་སྒོ་སྲུང་སྐྱོང་བྱེད་རྒྱུ། མི་སུ་ཡིན་རུང་ཆོས་ལུགས་ལ་བརྟེན་ནས་སྤྱི་ཚོགས་ཀྱི་སྒྲིག་ལམ་གཏོར་བཤིག་གཏོང་བ་དང་། སྤྱི་དམངས་ཀྱི་ལུས་ཁམས་བདེ་ཐང་ལ་གནོད་འཚེ་གཏོང་བ། རྒྱལ་ཁབ་ཀྱི་སློབ་གསོའི་ལམ་ལུགས་ལ་འགོག་རྐྱེན་བཟོ་བ་བཅས་ཀྱི་བྱ་བ་བྱེད་མི་ཆོག ཆོས་ལུགས་ཀྱི་ཚོགས་པ་དང་ཆོས་ལུགས་ཀྱི་ལས་དོན་ཐད་ཕྱི་རྒྱལ་གྱི་སྟོབས་ཤུགས་ཀྱི་བཀོད་པར་ཉན་མི་དགོས།” ཞེས་ཁ་གསལ་བསྟན་ཡང་། ཉེ་ཆར་ཟླ་ ༩ ཚེས་ ༣༠ ཉིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆོས་དོན་ལས་ཁུངས་ཀྱིས་བཀའ་ཡིག་ཨང་ ༨ པར་འབོད་པའི་ “བོད་བརྒྱུད་ནང་བསྟན་གྱི་དགོན་པའི་དོ་དམ་བྱེད་ཐབས།” ཞེས་པའི་ཡིག་ཆ་ཞིག་ཁྱབ་སྤེལ་བྱས་ཏེ། འདི་ལོ་ཕྱི་ཟླ་ ༡༡ ཚེས་ ༡ ནས་ལག་བསྟར་བྱེད་རྒྱུ་ཡིན་ཚུལ་འཁོད་འདུག དེ་ནི་གོང་དུ་དྲངས་པའི་རྩ་ཁྲིམས་ཀྱི་ཆ་རྐྱེན་དང་རྩ་འགལ་ཡིན་པ་མ་ཟད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡུལ་མི་རྣམས་ལ་ཆོས་དད་རང་དབང་གཏན་ནས་མེད་པ་དང་། རྒྱ་ནག་ནང་ཁྲིམས་ཀྱི་དབང་སྒྱུར་མེད་པར་གང་ཟག་གི་དབང་སྒྱུར་ཡིན་པའི་གནད་དོན་གསལ་སྟོན་བྱས་འདུག ཅེས་དང་།
ཁོང་གིས་མུ་མཐུད་དུ་སྒྲོག་སྦྱོང་གནང་དོན། བོད་བརྒྱུད་ནང་བསྟན་སྤྱི་དང་བྱེ་བྲག་ཆོས་བརྒྱུད་སོ་སོའི་བླ་ན་མེད་པའི་དབུ་ཁྲིད་བླ་ཆེན་དང་། མཁས་དབང་རྣམ་པ་བོད་ཀྱི་ཕྱི་ལ་བཙན་བྱོལ་དུ་བཞུགས་བཞིན་པ་ཡིན་ཞིང་། ཆོས་ཕྱོགས་ཀྱི་ལམ་སྟོན་དང་། དཔེ་ཁྲིད། དབང་ལུང་མན་ངག་གི་བརྒྱུད་པ་སོགས་བཙན་བྱོལ་དུ་བོད་མིའི་ཁྲོད་དུ་ཡོད་པ་རྣམས་”བྱེད་ཐབས་”འདིའི་ལྐོག་གཡོའི་འོག་བོད་དུ་བཀག་སྡོམ་བྱ་རྒྱུར་དམིགས་པ་ཞིག་དང་། དགོན་སྡེ་སོ་སོའི་ཆོས་ཕྱོགས་ཀྱི་གལ་ཆེའི་བྱེད་སྒོ་ཁག་བྱེད་མི་ཐུབ་པའམ། བྱེད་ཐབས་ཧ་ཅང་དཀའ་བར་བཟོས་ཏེ་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་དང་སློབ་གསོ་རྩ་མེད་གཏོང་རྒྱུ་མ་ཟད། བོད་བརྒྱུད་ནང་ཆོས་ཀྱི་སྙིང་དོན་བླ་སློབ་ཀྱི་འབྲེལ་བ་ཡང་བཅད་དེ། དགོན་སྡེ་ཁག་དང་ཆོས་རྒྱུན་རྩ་མེད་བཟོ་རྒྱུའི་ཐབས་ལམ་ཉག་ཅིག་ཡིན་འདུག་ན།“བྱེད་ཐབས་” འདི་ལ་གཞིས་བྱེས་བོད་བརྒྱུད་ནང་བསྟན་གྱི་བསྟན་བདག་བླ་ཆེན་ཁག་དང་། དགོན་སྡེ་ཁག་གི་མཁན་སློབ། འདུས་མང་། མང་ཚོགས་བཅས་ནས་ངོས་ལེན་རྩ་བ་ནས་མེད་པ་མ་ཟད། མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱིན་ཡོད། ཅེས་བསྒྲགས་སོང་།

རྒྱ་གཞུང་གིས་ཁྱབ་བསྒྲགས་བྱས་པའི་ ༼ བོད་བརྒྱུད་ནང་བསྟན་གྱི་དགོན་པའི་དོ་དམ་བྱེད་ཐབས ༽ ཞེས་པའི་ཡིག་ཆ་དེར། བོད་ནང་གི་དགོན་སྡེ་ཁག་གི་ལས་དོན་ལ་ཕྱི་རོལ་གྱི་སྒྲིག་འཛུགས་དང་། མི་སྒེར་སོགས་ཀྱི་ཐེ་གཏོགས་དང་བཀོལ་སྤྱོད་མི་ཆོག་པ་མ་ཟད། རྩ་འཛུགས་དང་མི་སྒེར་སུ་འདྲ་ཞིག་ཡིན་རུང་བོད་བརྒྱུད་ནང་བསྟན་ལ་བརྟེན་ཏེ། སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་གཏོར་བརླག་དང་། མང་ཚོགས་ཀྱི་བདེ་ཐང་ལ་གནོད་འཚེ་བྱེད་མི་ཆོག་ཅིང་། རྒྱལ་ཁབ་ཀྱི་སློབ་གསོའི་ལམ་ལུགས་ལ་བར་ཆད་དང་། རྒྱལ་ཁབ་ཀྱི་ཁེ་ཕན་དང་སྤྱི་ཚོགས་ཀྱི་ཁེ་ཕན། སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་སོགས་ལ་གནོད་པའི་ལས་འགུལ་སྤེལ་མི་ཆོག ཅེས་དང་།

དེ་སྔ་བོད་པའི་དགོན་སྡེ་མང་དག་ཅིག་གི་སྒྲིལ་སྲོལ་འཐུས་ཚང་མིན་པ་དང་། གང་འདོད་དུ་དགོན་པ་རྒྱ་བསྐྱེད་པ། དགོན་པའི་དགེ་རྒན་དང་ལས་སྣེ་ཚོར་རྒྱལ་གཅེས་ཁྲིམས་སྲུང་གི་འདུ་ཤེས་ཆུང་སྟབས། ཕྱི་ནང་གི་ཁ་བྲལ་སྟོབས་ཤུགས་ནང་དུ་འཛུལ་ཏེ། མི་རིགས་མཐུན་སྒྲིལ་དང་མེས་རྒྱལ་གཅིག་རྒྱུར་ལ་གཏོར་བརླག་ཐེབས་བཞིན་ཡོད་པ་དང་། ཏཱ་ལའི་རུ་ཚོགས་ཀྱིས་བོད་ཁུལ་དུ་ཟིང་ཆ་སློང་བ་དང་། ཁ་བྲལ་དུ་གཏོང་བའི་ངན་ཇུས་སྤེལ་བར་གོ་སྐབས་སྐྲུན་བཞིན་ཡོད་སྐོར་སོགས་བཀོད་འདུག

གསར་འགོད་པ། དཔལ་ལྡན།

 

སློབ་ཕྲུག་ཚོར་ཤེས་ཡོན་བསླབ་རྒྱུའི་ཚབ་ལ་ཚོང་སློབ་ཀྱི་ཡོད།

ཕྲུ་གུའི་ཀུན་སྤྱོད་དང་སྦྱངས་འབྲས་ཐད་ནས་ཕྲུ་གུ་གཞན་དང་འགྲན་བསྡུར་ནམ་ཡང་མ་གནང་རོགས། དཔེར་ན། ཁྱིམ་མཚེ་ཚང་གི་བུ་དེ་ཡག་པོ་ཡོད་ལུགས་དང་དེའི་སྦྱངས་འབྲས་ལེགས་ཚུལ། ཁྱོད་རང་ག་རེ་བྱས་པ་རེད་སོགས་ལབ་སྟེ་ཁ་རྡོང་བཏང་ན། ཕྲུ་གུའི་ཀུན་སྤྱོད་དང་སློབ་སྦྱོང་ཡག་ཏུ་འགྲོ་རྒྱུའི་ཚབ་ལ། ཕྲུ་གུའི་སེམས་ལ་དཀའ་ངལ་འཕྲད་ཀྱི་ཡོད་པ་མ་ཟད། སེམས་པ་ཐང་ཐང་མེད་པ་ཆགས་རྒྱུའི་ཉེན་ཁ་ཡོད་ཟེར།

ཕྱི་ཟླ་ ༡༠ ཚེས་ ༢༧ ཉིན་གྱི་ཞོགས་པར་ངྷ་ས་ཡོངས་གླིང་སློབ་གྲྭ་དབུ་བརྙེས་ཏེ་ལོ་ ༢༦ འཁོར་པའི་མཛད་དེ་སྲུང་གཙི་བྱས་ཡོད་ཅིང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་གཞུང་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་མཆོག་ཕེབས་འདུག སྐབས་དེར་སློབ་གྲྭའི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས་སློབ་གྲྭའི་ལས་བསྡོམས་དང་འབྲེལ་སློབ་ཕྲུག་གི་ཕ་མ་ཚོར་རེ་སྐུལ་འགའ་ཞུས་དོན། ཕ་མ་ཕལ་ཆེ་པས་སོ་སོའི་ཕྲུ་གུ་སྔ་དགོང་སློབ་གྲྭར་ཕར་བསྐྱལ་ཚུར་ལེན་ཙམ་ལས། ཕྲུ་གུས་ཉིན་རེར་ཚིག་གསར་པ་གང་ཚོད་ཤེས་ཀྱི་ཡོད་པ་དང་། ཀུན་སྤྱོད་ཡར་རྒྱས་ཡོད་མེད་སོགས་ལ་བལྟ་རྟོག་བྱེད་ཀྱི་མེད་པ་མ་ཟད། ཕ་མ་རེ་ཟུང་གིས། ཕྲུ་གུའི་མདུན་དུ་ཚུལ་མིན་གྱི་གློག་བརྙན་ལ་ལྟ་བ་དང་རྒྱན་འགུག་ཤོ་རྒྱག་བྱེད་པ། ཕྲུ་གུའི་མཐོང་ས་ནས་ཐྭ་མག་དང་ཆག་རག་སྤྱོད་པ། ཕྲུ་གུར་རྡོང་རྡེག་དང་ཚིག་རྩུབ་བཤད་པ། ཁྱིམ་ནས་སྐད་ཡིག་བསྲེས་ལྷད་ཅན་བཤད་པ། ཕྲུ་གུའི་མདུན་ནས་ཁྱོ་ཤུག་འཁོན་རྩོད་དང་ཁ་འཛིང་བྱེད་པ་སོགས་ཀྱིས་ཕྲུ་གུའི་སློབ་སྦྱོང་དང་བསམ་བློ། ཀུན་སྤྱོད་བཅས་ལ་ཤུགས་རྐྱེན་ངན་པ་ཐེབས་ཀྱི་འདུག ཕ་མ་ཚོས་དེ་རིགས་ལ་ཐུགས་གཟབ་གནང་དགོས་ཀྱི་འདུག ཅེས་དང་བརྗོད་བྱུང་།

ཁོང་གིས་མ་འོངས་པའི་ལས་འཆར་སྐོར་ལ། བུ་ཕྲུག་ཚོར་དཔལ་འབྱོར་གྱི་དཀའ་ངལ་དང་ལོ་ཚད་ཀྱི་རྐྱེན་པས་མུ་མཐུད་སློབ་སྦྱོང་བྱེད་མ་ཐུབ་པའི་རིགས་ལ་དམིགས་བསལ་སློབ་སྦྱོང་གི་གོ་སྐབས་ཤིག་སྐྲུན་རྒྱུ་ཡིན། ལས་གཞི་དེ་རིགས་ ༢༠༡༡ ལོའི་ཕྱི་ཟླ་ ༡ ནང་དངོས་སུ་མགོ་འཛུགས་བྱ་རྒྱུར་རྒྱ་གར་གཞུང་ནས་ཆོག་མཆན་ཐོབ་ཡོད། ཅེས་བསྒྲགས་སོང་།

མཇུག་ཏུ་སྐུ་མགྲོན་གཙོ་བོ་བཀའ་བློན་ཐུབ་བསྟན་ལུང་རིགས་མཆོག་གིས་གསུངས་བཤད་གནང་དོན། གོང་དུ་སློབ་ཕྲུག་ཚོའི་གཞས་སྣ་འཁྲབ་སྟོན་སྐབས་ང་ཚོ་བོད་ཀྱི་སོན་རྩ་ཞེས་བཏང་པ་ལྟར། མ་འོངས་པའི་བོད་དེ་ཁོང་ཅག་རེད། ང་ཚོས་གཅིག་གིས་གཅིག་ལ་རྩིས་སྤྲད་ནས་འགྲོ་དགོས་པ་ཡིན་དུས། ད་ལྟའི་ཕྲུ་གུ་ཚོར་ཕྱོགས་ཡོངས་ནས་གསོ་སྐྱོང་གང་ལེགས་བྱ་དགོས་པ་རེད། དགེ་རྒན་དང་པོ་ཕ་མ་ཡིན་སྟབས། མི་རིགས་གྲུང་པོ་དང་ཤེས་འཇོན་ཅན་གྱི་མི་རབས་ཤིག་གསོ་སྐྱོང་ཡོང་རྒྱུར་ཕྲུ་གུ་སོ་སོའི་ཕ་མ་ཚོས་ངེས་པར་གཟབ་ནན་དང་ནུས་ཤུགས་འདོན་དགོས། མིའི་ཀུན་སྤྱོད་ནི་འཛིན་གྲྭ་ཁོ་ནའི་ནང་བསླབ་ན་འགྲིག་འགྲོ་བ་ཞིག་མ་རེད། དེ་ཉིན་རེའི་འཚོ་བའི་ཁྲོད་ཕྲུ་གུ་ཚོའི་གཤིས་རྒྱུད་ལ་འཇགས་ཐབས་བྱ་དགོས་པ་ཞིག་དང་། མཚམས་རེར་ཕ་མ་གཉིས་ཀྱིས་ཕན་ཚན་ཁ་འཛངས་འཁྲུག་རྩོད་བྱེད་པ། དཔེར་ན། ཕ་མ་ཚོས་ཁྱིམ་ནས “ཨ་ཕའི་རོ་དང་ཨ་མའི་མགོ” ལྟ་བུའི་སྡིག་མོལ་བྱེད་སྡོད་མཁན་ཞིག་ཡིན་ན། ཕྲུ་གུ་དེར་རང་བཞིན་གྱིས་གཤིས་ཀ་ངན་པ་ཞིག་རྒྱུད་ལ་འཇགས་ཏེ། ཕྱི་ལོགས་སུའང་མི་གཞན་དང་ཕྲུ་གུ་གཞན་དང་མཉམ་དུ་འགྲོ་སྐབས། ཨ་ཕའི་རོ་དང་ཨ་མའི་མགོ་སོགས་ལབ་ཀྱི་རེད། ཅེས་དང་།

ད་ལྟའི་སློབ་ཕྲུག་ཚོར་ཤེས་ཡོན་བསླབ་རྒྱུའི་ཚབ་ལ་ཚོང་སློབ་ཀྱིན་ཡོད་པ་རེད་ཅེས་ངས་ལབ་བསྡད་ཡོད། འཛིན་ཁང་དུ་སློབ་སྦྱོང་ག་རེ་བྱེད་ན་ལས་ཀ་གང་འདྲ་རག་གི་ཡོད་མེད་དང་། གླ་ཕོགས་ཡག་པོ་རག་རྒྱུའི་ཆེད་དུ་སློབ་ཚན་ག་རེའི་སྟེང་སློབ་སྦྱོང་བྱ་དགོས་པ་སོགས་ཀྱི་སློབ་གསོ་སྐྱོན་གྱི་ཡོད་པ་རེད། འདི་དགེ་རྒན་ཚོའི་སློབ་གསོ་སྤྲོད་སྟངས་འགྲིག་གི་མེད། ངས་ཕ་མ་ཚོར་ནན་གྱིས་ཞུ་འདོད་པ་ཞིག་ལ། ཕྲུ་གུའི་ཀུན་སྤྱོད་དང་སྦྱངས་འབྲས་ཐད་ནས་ཕྲུ་གུ་གཞན་དང་འགྲན་བསྡུར་ནམ་ཡང་མ་གནང་རོགས། འདི་བྱེད་ཐབས་ཡག་པོ་མ་རེད། དཔེར་ན། ཁྱིམ་མཚེ་ཚང་གི་བུ་དེ་ཡག་པོ་ཡོད་ལུགས་དང་དེའི་སྦྱངས་འབྲས་ལེགས་ཚུལ། ཁྱོད་རང་ག་རེ་བྱས་པ་རེད་སོགས་ལབ་སྟེ་ཁ་རྡོང་བཏང་ན། ཕྲུ་གུའི་ཀུན་སྤྱོད་དང་སློབ་སྦྱོང་ཡག་ཏུ་འགྲོ་རྒྱུའི་ཚབ་ལ། ཕྲུ་གུའི་སེམས་ལ་དཀའ་ངལ་འཕྲད་ཀྱི་ཡོད་པ་མ་ཟད། སེམས་པ་ཐང་ཐང་མེད་པ་ཆགས་རྒྱུའི་ཉེན་ཁ་ཡོད། དེ་ལས། སློབ་སྦྱོང་གི་ངོ་བོ། ཤེས་ཡོན་གྱི་དགོས་པ། ཤེས་ཡོན་མེད་པའི་དཀའ་ངལ།སློབ་སྦྱོང་ཡར་རྒྱས་འགྲོ་པའི་ཐབས་ལམ་སོགས་བཤད་དེ། ཕྲུ་གུའི་བློ་འགུག་ཐབས་བྱ་རྒྱུ་དེ་གལ་ཆེན་པོ་རེད། ཅེས་གསུངས་སོང་།

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

ཆུ་ཚོད་ ༡༥ སྔོན་ལ།
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

ཆུ་ཚོད་ ༡༦ སྔོན་ལ།
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese