ཉིན་འདི་འགར་བོད་ནང་གི་སློབ་ཕྲུག་ཚོས་རྒྱ་གཞུང་གི་ཤེས་ཡོན་སྲིད་བྱུས་གསར་པར་མི་འདོད་པའི་ཁྲོམ་སྐོར་སྐད་འབོད་བྱེད་ཀྱིན་ཡོད་པའི་ཐད། དེ་རིང་ངྷ་ས་ཉེ་འཁོར་གྱི་སློབ་གྲྭ་ཁག་གི་སློབ་ཕྲུག་ཚོས་བོད་ནང་གི་སློབ་ཕྲུག་མང་པོ་ཞིག་གིས་རྒྱབ་དཔུང་གི་ཆེད་དུ། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནས་ཀཱ་ཅ་རིལ་བར་ཞི་བའི་གོམ་བགྲོད་གཞི་རྒྱ་ཆེན་པོ་ཞིག་སྤེལ་ཡོད།
དེ་རིང་ཕྱི་ཚེས་ ༤ ཉིན་གྱི་ཞོགས་པའི་ཆུ་ཚོད་དགུ་བའི་སྟེང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག ངྷ་ས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སཱ་ར་མཐོ་སློབ་དང་ནོར་གླིང་མཐོ་སློབ། ངྷ་སྟེང་བོད་ཁྱིམ། ངྷ་ཤོད་བོད་ཁྱིམ། དེ་བཞིན་ངྷ་སར་གནས་སྡོད་བོད་རིགས་སེར་སྐྱ་མང་ཚོགས་སོགས་ཁྱོན་མི་ ༤༠༠ ལྷག་འདུ་འཛོམས་ཐོག མེག་གྷན་ནས་ཀཱ་ཅ་རི་བར་ཞི་བའི་ཁྲོམ་སྐོར་སྐད་འབོད་ཀྱིས་བགྲོད་ཅིག་བྱས་ཡོད་ཅིང་། ཐེངས་འདིར་སྐད་འབོད་བྱེད་དོན་ནི། ཉེ་ཆར་བོད་མདོ་སྨད་ཁུལ་དུ་རྒྱ་གཞུང་གིས་ཤེས་ཡོན་སྲིད་བྱུས་གསར་པ་ཞིག་ལག་བསྟར་བྱ་འཆར་ཡོད་པ་དེར་བོད་རིགས་སློབ་ཕྲུག་ཚོས་མི་འདོད་པའི་རྣམ་འགྱུར་བསྟན་ཏེ། ཞི་བའི་རྔམ་སྟོན་ཁྲོམ་སྐོར་བྱེད་ཀྱིན་ཡོད་པ་དེར་རྒྱབ་སྐྱོར་བྱས་པ་ཞིག་ཡིན་འདུག་ལ། དེ་བཞིན། དེ་རིང་གི་ཉིན་མོར་རྒྱ་གར་རྒྱལ་ཡོངས་ས་གནས་ཁག་ ༨༤ ཙམ་གྱི་ནང་སློབ་ཕྲུག་ཚོས་ཐུན་མོང་ཐོག བོད་ལ་རང་དབང་དགོས། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དགོས། བོད་སྐད་ཡིག་སློབ་ཁྲིད་རྒྱུན་འཁྱོངས་དགོས། བོད་ཡིག་གི་བདག་དབང་ཕྱིར་སྤྲོད་དགོས་སོགས་ཀྱི་འབོད་ཚིག་འོག་ཁྲོམ་སྐོར་སྐད་འབོད་བྱེད་ཀྱིན་ཡོད་འདུག
ལས་འགུལ་མགོ་མ་བཙུགས་གོང་སློབ་ཕྲུག་དང་སེར་སྐྱ་མི་དམངས་ཡོངས་གཙུག་ལག་ཁང་ཏུ་འདུ་འཛོམས་ཐོག ངྷ་ས་དབུས་གཞོན་ནུ་ལྷན་ཚོགས་ཀྱིས་ལས་འགུལ་འདི་གོ་སྒྲིག་ཞུ་དགོས་པའི་རྒྱུ་མཚན་སྐོར་སྒྲོག་སྦྱོང་གནང་དོན། འདི་ལོའི་ཕྱི་ཟླ་ ༩ པའི་ཚེས་ ༡༢ ཉིན་མཚོ་སྔོན་ཞིང་ཆེན་དམར་ཤོག་ཚོཊ་པ་ཟེར་བ་དང་། ཞིང་ཆེན་སྲིད་གཞུང་ཟེར་བ་གཉིས་མཉམ་འབྲེལ་ཐོག སློབ་གསོ་དང་འཕེལ་རྒྱས་ལ་ཁ་གཡར་ཏེ། ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་ཐེངས་དང་པོ་སྐོང་ཚོགས་ཀྱིས། མི་རིགས་ཆེན་པོའི་འདུ་ཤེས་དང་བོད་མི་རིགས་རྩ་མེད་བཟོ་བའི་ངན་ཇུས་ཁ་གསལ་དུ་བཏོན་ཅིང་། མ་འོངས་ལོ་བཅུ་ཚན་གྱི་ཤེས་ཡོན་སྲིད་བྱུས་ནང་སློབ་གྲྭ་ཁག་ཏུ་རྒྱའི་སྐད་ཡིག་གཙོ་བོ་དང་། བོད་ཀྱི་སྐད་ཡིག་ཕལ་བར་སློབ་ཁྲིད་ཀྱིས་སྐད་གཉིས་མངོན་འགྱུར་བྱ་རྒྱུ་ཟེར་བར། ཕྱི་ཟླ་ ༡༠ པའི་ཚེས་ ༡༩ ཉིན་ནས་མགོ་འཛུགས་ཀྱིོས་བོད་ནང་གི་སློབ་མ་ཚོས་ཁྲིམས་མཐུན་ཐོག རང་སྲུང་ཡར་ལངས་གནང་བཞིན་པར་རྒྱབ་སྐྱོར་དང་། རྒྱ་གཞུང་གིས་བོད་ཀྱི་སྐད་ཡིག་རྩ་མེད་བཟོ་བའི་སྲིད་ཇུས་ལ་ངོ་རྒོལ་མཚོན་ཆེད། དེ་རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་ངྷ་སའི་ཁྱབ་ཁོངས་ཡོངས་ཀྱི་སློབ་མའི་གཞི་རྒྱ་ཆེ་བའི་ལས་འགུལ་སྣེ་ཁྲིད་དང་། ས་གནས་གཞོན་ནུ་ཁག་ལའང་བཀོད་ཁྱབ་བཏང་སྟེ། དེ་རིང་རྒྱ་གར་རྒྱལ་ཡོངས་བོད་མིའི་སློབ་གྲྭ་ཁག་ནང་དུས་གཅིག་ལ། སྐད་རིགས་རང་དབང་། བོད་སྐད་ཡིག་སློབ་ཁྲིོད་རྒྱུན་འཁྱོངས། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དགོས། བོད་ཡིག་གི་བདག་དབང་ཕྱིར་སྤྲོད་དགོས་ཞེས་པའི་གཅིག་གྱུར་གྱི་འབོད་ཚིག་འོག གཞི་རྒྱ་ཆེ་བའི་ཁྲོམ་སྐོར་ལས་འགུལ་སྤེལ་བཞིན་ཡོད། ཅེས་དང་།
བོད་སྐད་ཡིག་གི་གནས་བབ་ཐད་མུ་མཐུད་ནས་སྒྲོག་སྦྱང་གནང་དོན། རྒྱའི་སྐད་ཡིག་དེ་ཉིད་ཀྲུང་ཧྭ་མི་རིགས་ཀྱི་ཤེས་རིག་གི་སྲོག་རྩ་ཡིན་པ་བཞིན། བོད་ཀྱི་སྐད་ཡིག་དེ་ཉིད་ཀྱང་ང་ཚོ་གངས་ཅན་པའི་ཤེས་རིག་གི་སྲོག་རྩ་ཡིན་ལ། གངས་ཅན་པའི་བུ་ཕྲུག་རྣམས་ལ་རང་གི་ཤེས་རིག་གི་དཔལ་ཡོན་གཅེས་འཛིན་བྱ་རྒྱུའི་ཐོབ་ཐང་ངེས་པར་དུ་དགོས་ཤིང་། དེ་ནི་ང་ཚོ་འཚོ་གནས་ཀྱི་སྲོག་རྩ་ཡིན། ཞེས་དང་། ཡང་གསལ་བསྒྲགས་དེའི་ནང་དུ། དེ་རིང་རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་ཕལ་བར་འཇོག་པའི་ངན་ཇུས་དེ་ཉིད་ཕྱིར་འཐེན་མ་བྱས་ན། དེ་ནི་ཁྱེད་ཚོས་འཛམ་གླིང་ཐོག་བོད་མི་རིགས་འཚོ་གནས་བྱ་རྒྱུའི་ཐོབ་ཐང་མེད་ཟེར་བའི་བརྡ་ལན་དང་གཅིག་མཚུངས་ཡིན། ཁྱེད་ཚོའི་བསམ་བློའི་གཙོ་འཛིན་དམར་ཤོག་རིང་ལུགས་པ་ལེ་ཉིན་དང་སི་ཊ་ལིན་བཅས་ཀྱིས་མི་རིགས་ཤིག་རྩ་མེད་བཟོ་དགོས་ན། སྔོན་ལ་སྐད་ཡིག་དེ་རྩ་མེད་བཟོ་དགོས་ཟེར་བ་དེ་ད་ཆ་ཁྱོད་ཚོས་བོད་མི་རིགས་ཀྱི་ལག་བསྟར་བྱེད་ཀྱིན་ཡོད། ཅེས་དང་། ང་ཚོས་མཐའ་གཅིག་ཏུ་ངོ་རྒོལ་དང་བོད་ནང་གི་སློབ་མ་ཚོས་སོ་སོའི་མི་རིགས་ཀྱི་སྲོག་རྩ་ཁྲིམས་མཐུན་དང་། ཞི་བའི་ངང་རྩོད་ལེན་གནང་བར་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན་ཞེས་བཀོད་ཡོད།
འདིའི་ཐད་གཞོན་ནུ་ལྷན་ཚོགས་ཀྱིས་རིག་གཞུང་འགན་འཛིན་འཇིགས་མེད་ལགས་ཀྱིས་བརྗོད་དོན། བོད་ནང་དུ་བོད་རིགས་སློབ་ཕྲུག་ཚོས་ཞི་བདེ་དང་དྲང་བདེན་གྱི་ཐོག་ནས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་རྩོད་ལེན་གནང་གི་ཡོད་པ་ལྟར། བོད་སྐད་ཡིག་ནི་ང་ཚོ་གངས་ཅན་པ་རྣམས་ཀྱི་སྲོག་རྩ་ཡིན་སྟབས། དེ་རིང་ང་ཚོས་ལས་འགུལ་འདི་སྤེལ་བ་ཡིན། ལས་འགུལ་གྱི་ཁ་ཕྱོགས་སློབ་ཕྲུག་རང་ངོས་ནས་རྒྱབ་སྐྱོར་ཞུས་པ་ཞིག་ཆགས་ཡོད། ལས་འགུལ་འདིའི་ཆེད་གཞོན་ནུའི་སྤྱི་ཁྱབ་ཀྱི་ངོས་ནས་ཁ་སྔོན་ནས་རྒྱ་གར་ས་གནས་ཁག་ ༨༤ ཙམ་ལ་བཀོད་ཁྱབ་བཏང་བ་བཞིན་མང་ཆེ་བས་ཆ་ཤས་ལེན་ཐུབ་ཡོད་ཀྱང་། ད་ཆར་ཅི་ཙམ་མཉམ་ཞུགས་བྱས་ཡོད་མེད་ཤེས་རྟོགས་བྱུང་མེད། ཅེས་བརྗོད་བྱུང་།
སྐབས་དེར་འདི་གའི་གསར་འགོད་པས་སཱ་ར་མཐོ་སློབ་ཀྱི་སློབ་མ་བྱམས་པ་རྒྱལ་མཚན་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས། བོད་ནང་གི་སློབ་ཕྲུག་ཚོར་མཚོན་ན། བོད་ཀྱི་རྒྱལ་རབས་དང་དེང་དུས་སློབ་ཚན་སོགས་བོད་ཡིག་ནང་བསླབ་ཆོག་གི་མེད་ལ། ཁོང་ཚོར་རྒྱ་ནག་གི་ཁྲིམས་འོག་ཏུ་བོད་ཡིག་སྲུང་སྐྱོབ་བྱ་རྒྱུའི་ཐོབ་ཐང་སྤྲོད་ཀྱི་མེད། དེའི་རྐྱེན་གྱིས། ང་ཚོ་ཕྱི་ལོགས་སུ་ཡོད་པའི་བོད་ཕྲུག་ཚོས་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་འདི་འདྲ་ཞིག་སྤེལ་བ་ཡིན་ན། བོད་ནང་གི་སློབ་ཕྲུག་ཚོར་སེམས་ཚོར་དང་སྤོབས་པ་གསར་པ་ཞིག་སྐྱེས་ཐུབ་ཀྱི་རེད་དྲན་སོང་། ཞེས་དང་།
གསར་འགོད་པ། དཔལ་ལྡན།
དབུས་ཚོགས་གཞོན་ལགས་སུ་ཞུ་རྒྱུར།
ཉེ་ཆར་བཏབ་པའི་མཆན་བུ་དེ་རྨོག་རུ་མི་སྒེར་གྱི་ངོས་ནས་བཏང་བ་ཡིན་ལ། དབུ་མའི་ལམ་གྱི་དྲུང་ཆེ་ཡི་གནས་བབ་དང་མཉམ་བསྲེས་གང་ཡང་མེད། ཡིན་ནའང་ང་ལ་འགན་ཞིག་ཡོད་པའི་ཆ་ནས་ཚོགས་པའི་བར་གྱི་ལྟ་ཚུལ་ཞིག་ཆགས་ཀྱིན་འདུག་ན་ངས་དགོངས་དག་ཞུ་ངེས་ཡིན། རྒྱུ་མཚན་ནི། དེང་སང་སྤྱི་ཚཽགས་ནང་དུ་ཕན་ཚུན་ལ་སྐྱོན་ལྟ་རེས་བྱེད་པའི་ཆོལ་ཁ་དང་། ཆོས་ལུགས། དབུ་མ་དང་རང་བཙན་བར་གྱི་འགལ་འདུ་མང་པོ་ཞིག་ང་ཚོ་མི་རབས་འདིས་ཡོད་པ་ནས་ཆུང་དུ་དང་། ཆུང་དུ་ནས་མེད་པ་བཟོ་ཐུབ་ཡ་ལ་དགོངས་པ་རྒྱ་ཆེ་ཙམ་བཞེས་དགོས་པ་དེ་གལ་ཆེན་པོ་རེད་བསམ་གྱིན་འདུག
མི་ཞིག་གིས་སྐད་ཆ་ཞིག་བཤད་པ་དང་། ལམ་སེང་ཁྱོད་དང་ང་། ཁྱོད་ཚང་དང་ངེད་ཚང་ཞེས་འགལ་ཟླའི་ཚིག་སྣེ་མང་པོ་ཞིག་ཏུ་འཇུས་ན་ཕན་དང་གནོད་གཉིས་ཀྱི་གནོད་ལས་མེད་སྙམ།
ཉེ་ཆར་ང་ས་གནས་གཞོན་ནུའི་མགྲོན་ཤཽག་འབྱོར་དོན་བཞིན་ང་རང་སྐུ་མགྲོན་དུ་བཅར་བ་ཡིན་ལ། མ་འོངས་པར་ཡང་གཞོན་ནུ་དམིགས་ཡུལ་གསུམ་གྱི་ཐད་ང་ཚོས་དཔུང་བ་མཉམ་གཤིབ་དང་། ཕྱར་གྲུ་མཉམ་འདེགས་ཀྱིས་ལས་ཀ་བྱེད་རྒྱུའི་དམིགས་ཡུལ་ཡོད། ཟིན་ནའང་། ཟིན་བྲིས་པ་རེ་ཟུང་ཞིག་གིས་ང་རང་མགོ་གཉིས་མ་ཡིན་པས་སྐྱོན་བརྗོད་བྱེད་ཀྱིན་འདུག་མོད། ལྟ་གྲུབ་ཕྱོགས་གཅིག་མ་མཐུན་པ་ཙམ་གྱིས་འགལ་ཟླར་འཛིན་པའི་བསམ་བློ་དེ་ང་ལ་དུས་ནམ་ཡང་མེད།
བཤད་ཉེས་ཤོར་ན་དགོངས་དག་ཞུ་བ་ཡིན།
དབུས་གཞོན་ནུའི་ཚོགས་གཞོན་གྱི་གསལ་བཤད་ཡག་པོ་ཞེ་དྲག་རེད། རྗེས་སུ་ཡི་རངས་ཡོད། ཡིན་ནའང་། སྐུ་ངོ་མོག་བསྟན་ལགས་ཀྱི་ཚིག་ཁ་ཤས་བཤད་ཉེས་ཤོར་འདུག དཔེར་ན། ༼ངོས་རང་གི་ངོས་འཛིན་བྱེད་སྟངས་ནི་གུང་ཁྲན་གྱི་ཕོ་ཉ་ངོ་མ་ནི་གསང་བའི་ནང་དུ་འཚངས་ཡོད་པར་འདོད་ཀྱིན་ཡོད།༽འདི་ནི་རྒྱ་ནག་གི་རྩ་ཁྲིམས་ངོས་ལེན་གཙང་མ་ཡོད་པའི་ལས་འགུལ་ཁང་ཞིག་གི་བྱེད་བབས་ལ་འགལ་ཡོད་ཅིང་། རྩ་ཁྲིམས་དང་གུང་ཁྲན་ཞེས་ཅིག་ཤོས་ཡག་པོ་ཞིག་དང་། གཞན་དེ་སྡུག་པོ་ཞིག་ཡིན་པའི་དབྱེ་བ་མེད་པའི་ཁར། རྩ་ཁྲིམས་གཅིག་གི་འོག་ཏུ་ཕོ་ཉ་ཟེར་བ་ཞིག་ཀྱང་མེད་པར་མ་ཟད། རྩ་ཁྲིམས་ལ་འགལ་མཁན་ཆ་ཚང༼ངོ་ལོག་པའམ་ཁ་བྲལ་བ༽ཡིན་པའང་ཞོར་ནས་ཤེས་དགོས་པས། སྲིད་དོན་ཞེས་པ་འདི་ལག་ཏུ་ལེན་སླ་ཡང་ས་ལ་འཇོག་ཁག་པོ་ཞིག་ཡིན་པའང་འདི་ལས་ཤེས་རྟོགས་ཐུབ་པར་སྨོན་ལམ་ཡོད།
གཞོན་ནུ་ཚོགས་གཞོན་ལྷ་དར་མཆོག་དང་འབྲོག་རུ་ཆོས་དར་གཉིས་ཀྱིས་མི་རིགས་འདྲ་མཉམ་ཞེས་པའི་འདྲ་མཉམ་དེར་ཁ་ཁར་རེད་འདུག
ཁྱེད་གཉིས་ཀ་བདེན་པ་རེད། ལྷ་དར་ལགས་ཀྱིས་གསུངས་པ་དེར་བཙན་བྱོལ་སྤྱི་ཚོགས་ནང་གི་རྒྱ་དགའ་མ་ཚོས་བཤད་བསྡད་པའི་རྒྱ་ཁྲིམས་འོག་གི་མི་རིགས་འདྲ་མཉམ་དེ་རེད།
ཆོས་དར་ལགས་ཀྱིས་གསུངས་པ་དེར་འགྲོ་བ་མིའི་སྤྱི་མཚུངས་ལྟར་གྱི་མི་རིགས་འདྲ་མཉམ་དེ་རེད། ཁྱེད་རྣམ་པ་གཉིས་རྩོད་པ་མ་རྒྱབ་རོགས་ཞེས་རེ་བ་ཞུ།
གཉིས་ཀའི་ནོར་མེད། ནོར་མཁན་ཚང་མ་རྒྱའི་ཁྲིམས་འོག་ཏུ་སྡོད་འདོད་ཡོད་པའི་མི་རྣམས་ཡིན།
མི་རིགས་འདྲ་མཉམ། རྒྱལ་ཁབ་འདྲ་མཉམ། སྐད་ཡིག་འདྲ་མཉམ་། དཔལ་འབྱོར་འདྲ་མཉམ། ཐོབ་ཐང་འདྲ་མཉམ། ཆོས་ལུགས་འདྲ་མཉམ། ཆབ་སྲིད་འདྲ་མཉམ། རང་དབང་འདྲ་མཉམ།
ལ་སོགས་འདྲ་མཉམ་མང་པོ་ཞིག་གི་ཆེད་དུ་རྩོད་ལེན་བྱེད་པ་འདི་རང་བཙན་གྱི་ལྟ་བ་དང་འགལ་གྱི་ཡོད་ཟེར་མཁན་ཚོས་ཆབ་སྲིད་ཀྱི་གོ་རྟོགས་མེད་པའི་སྐྱོན་རེད་སྙམ།
བོད་རང་བཙན་གྱི་འཐབ་རྩོད་བྱས་བསྡད་པ་འདི་ཡང་བོད་མི་རིགས་ལ་འགྲོ་བ་མིའི་སྤྱི་མཚུངས་ལྟར་འདྲ་མཉམ་འདི་ཚོ་ཐོབ་པའི་ཆེད་དུ་རེད།
མ་གཏོགས་འགྲོ་བ་མིའི་སྤྱི་དང་འདྲ་མི་མཉམ་པའི་རང་བཙན་ཟེར་བ་ཞིག་ཡོང་རྒྱུ་མེད། མི་རིགས་འདྲ་མཉམ་དགོས་ན་རྒྱའི་རྩ་ཁྲིམས་འོག་ཏུ་འདྲ་མཉམ་དགོས་བསམ་པའི་འདུ་ཤེས་ཡོད་པའི་མི་རྣམས་ཀྱིས་གོང་ཁྲན་ཏང་ལ་ཡིད་ཆེས་ཆེ་བས་རེད།
ཧྭ་མི་རིགས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་ཏུ་བོད་མི་རིགས་ལ་འདྲ་མཉམ་གྱི་ཐོབ་ཐང་ཞིག་ཡོང་རྒྱུ་མེད། འདྲ་མ་མཉམ་ནས་མི་རིགས་སྟོབས་ཆེ་བས་སྟོབས་ཆུང་བ་དེར་བཅོམ་པ་རེད།
མི་རིགས་འདྲ་མཉམ་དགོས་ཞེས་པ་དེ་ཧྭ་མི་རིགས་དང་བོད་མི་རིགས་འདྲ་མཉམ་དགོས་ཞེས་པའི་དོན་རེད། གཞོན་ནུ་ཚོགས་པའི་ནོར་ཡོད་ནི་མ་རེད། ཐུགས་རྗེ་ཆེ། བོད་ཀྱི་གཞོན་ནུ་ཚོ།
བོད་མི་རིགས་ཀྱི་ཆེད་དུ་ལང་ཕྱོགས་བརྟན་པོ་ཡོད་མཁན་གཞོན་ནུ་ལས་ལྷག་པ་ཞིག་འཛམ་གླིང་འདིའི་ཐོག་ཏུ་སུ་ཡང་མེད།
ཚོགས་གཞོན་དོནའགྲུབ་ལྷ་དར་ལགས་ཀྱིས་གསལ་བཤད་གནང་བར་ཐུགས་རྗེ་ཆེ།
ང་ཚོ་རང་ཉིད་ལ་བསམ་ཚུལ་གང་ཡོད་དངོས་མིང་གི་ལམ་ནས་བཀོད་ན་བགྲོ་གླེང་གི་རྣམ་པ་ཡིན་ལ། ཕན་ཚུན་ལ་གོ་རྟོགས་དང་ངེས་ཤེས་འབྱུང་བ་རེད།
འོན་ཀྱང་ནག་ཁུང་ནང་གི་རྐུན་མ་བཞིན་རྫུན་མིང་བེད་སྤྱོད་ཀྱིས་མཆན་བུ་ལོག་འདེབས་བྱེད་མཁན་ཚོར་ཆ་བཞག་གང་ཡང་བྱེད་རྒྱུ་མེད།
ངོས་རང་གི་ངོས་འཛིན་བྱེད་སྟངས་ནི་གུང་ཁྲན་གྱི་ཕོ་ཉ་ངོ་མ་ནི་གསང་བའི་ནང་དུ་འཚངས་ཡོད་པར་འདོད་ཀྱིན་ཡོད།
གཞོན་ནུའི་ཚོགས་གཞོན་ Lhadar ལགས། ཁྱོད་ཀྱིས་གསལ་བཤད་དང་ལན་འདེབས་གནང་བ་དེ་ཏག་ཏག་རེད། སྤྱིར་འདི་ལ་ཁ་གསལ་བཟོ་དགོས་པ་གང་ཡང་མི་འདུག ལས་འགུལ་འདི་ཆབ་སྲིད་དང་འདྲེས་ཀྱི་ཡོད་མེད་བཤད་ཀྱི་ཡོད་ན། གོང་གི་གསར་འགྱུར་ནང་ཆབ་སྲིད་དང་འབྲེལ་བ་མེད་པ་ས་རིས་ཐང་གསལ་གྱིས་བཤད་འདུག ཡང་བཙན་བྱོལ་ནང་ནས་བོད་ནང་གི་སློབ་ཕྲུག་ཚོར་རྒྱབ་ལངས་བྱས་ན་འགྲིག་གི་མི་འདུག་ཟེར་ན། དུས་བབ་དྲ་བའི་མདུན་ངོས་ཀྱི་བསམ་ཤོག་གི་འོས་གྲངས་ལ་གཟིགས་དང་ར་སྤྲོད་གསལ་བོ་རེད།
ལྷ་དར་ལགས། སྤྱིར་ཅི་བཤད་ལ་ཉན་རྒྱུ་མེད། ཅི་བྱིན་ལ་ཟ་རྒྱུ་མེད་ཟེར་བའི་གཏམ་དཔེ་ཡོད་ཀྱང་། ཁྱེད་ཀྱིས་གསལ་བཤད་གནང་བ་འགྲིག་འདུག ལས་དོན་ཞིག་བརྩམས་ཚར་ན་མགོ་མཇུག སྣེ་དང་ཟུར་ཚང་མར་འགན་འཁུར་དགོས་པ་རེད།
ཐོག་མ་དང་མཐའ་མའི་གསལ་བཤད།
ཚེས་ ༤ ཉིན་སློབ་མའི་ལས་འགུལ་གྱི་གཞོན་ནུའི་བསྒྲགས་གཏམ་ནང༌། དེ་རིང་ངེས་པར་གསལ་བརྗོད་དགོས་པ་ཞིག་ལ། རྒྱའི་སྐད་ཡིག་དེ་ཉིད་ཀྲུང་ཧ་མི་རིགས་ཀྱི་ཤེས་རིག་གི་སྲོག་རྩ་ཡིན་པ་བཞིན། བོད་ཀྱི་སྐད་ཡིག་དེ་ཉིད་ཀྱང་ང་ཚོ་གངས་ཅན་པའི་ཤེས་རིག་གི་སྲོག་རྩ་ཡིན་ཞིང༌། གངས་ཅན་པའི་བུ་ཕྲུག་རྣམས་ལ་རང་གི་ཤེས་རིག་གི་དཔལ་ཡོན་གཅེས་འཛིན་བྱ་རྒྱུའི་ཐོབ་ཐང་ངེས་པར་དགོས་ཤིང༌། དེ་ནི་ང་ཚོ་འཚོ་གནས་ཀྱི་ཚེ་སྲོག་ཡིན། ཞེས་བཀོད་ཡོད།
སྤྱིར་བར་ལམ་ཟིན་བྲིས་འདིར་དངོས་མིང་ཡོད་མེད་ཅི་རིགས་ཀྱིས་གཞོན་ནུའི་སྒྲིག་འཛུགས་དང་ཕྲན་གྱིས་མ་བཤད་པ་བཤད་ཚུལ་སོགས་མི་བདེན་རྫུན་སྒྲིག་ཁག་ཅིག་སྤེལ་སོང་ཡང༌། ཡ་ལན་གསལ་བཤད་མ་དགོས་པ་གཙོ་འདོན་ཞུས་ཡོད། འོན་ཀྱང༌། དེ་རིང་འདི་ཟླའི་ཚེས་ ༤ ཉིན་གཞོན་ལྷན་གྱིས་སྤེལ་བའི་ལས་འགུལ་སྐོར་ལ། བོད་ནང་གི་སློབ་མའི་བདེ་འཇགས་དང༌། ལོ་རྒྱུས་ཀྱི་བདག་དབང་དང་འབྲེལ་བའི་གནས་ཚུལ་སྐོར་སྤེལ་འདུག་སྟབས། གསལ་བཤད་ཚིག་གཉིས་ཞུ་གལ་མཐོང༌།
༡། རྨོག་རུ་བསྟན་པ་ལགས་ཀྱིསྭའདི་ལྟར་ཕྱི་ཚོགས་ནས་རྒྱབ་སྐྱོར་མངོན་གསལ་དོད་པོས་བྱས་ན་རྒྱ་ནག་གིས་ཁག་འཇོག་ས་འཚོལ་གྱིན་རེད།ྭགལ་སྲིད་རྩ་ཁྲིམས་ཐད་འགྱུར་བ་གཏོང་རྒྱུ་ཕར་བཞག སློབ་ཕྲུག་དང་དགེ་རྒན་མང་པོ་ཞིག་གི་མདུན་ལམ་འཕྲོ་བརླག་དང་བཙོན་འཇུག་མནར་གཅོད་བྱས་ན་ཉིན་མོ་དེར་ང་ཚོར་བྱེད་རྒྱུ་ག་རེ་ཡོད།ཅེས་གསུངས་ཐད། ང་ཚོས་ཐོག་མར་དེ་ལྟར་བསམས་ཏེ་སློབ་མའི་ལས་འགུལ་སྐོར་ལ་དུས་ཡུན་རིང་པོར་ལས་འགུལ་མ་སྤེལ་བར་བསྡད་ཡིན། འོན་ཀྱང༌། གཅིག བོད་ནང་གི་སློབ་མའི་ལས་འགུལ་ལ་རྒྱ་ནག་གིས་བཟང་ཕྱོགས་ཀྱི་ཡ་ལན་མེད་པ་དང༌། གཉིས། བཙན་བྱོལ་ནང་གི་ཚོགས་སྡེ་གཞན་ཚོས་གསར་འགོད་ལྷན་ཚོགས་དང༌། མར་མེ་ཁྲོམ་སྐོར་སོགས་ལས་འགུལ་སྣ་ཚོགས་སྤེལ་ཟིན་ཡོད་པས། དོག་ཟོན་བྱས་ནས་བསྡད་ཀྱང་ཕན་ཐོགས་མེད་པར་གྱུར། ༼སྐུ་ཉིད་ཀྱི་ཕྱག་ལས་གནང་ཡུལ་དབུ་མའི་ལམ་མི་མང་ལས་འགུལ་ཁང་གིས་ཀྱང་གསར་འགོད་ལྷན་ཚོགས་བསྐོངས་གནང་ཡོད།༽ གོང་གི་རྒྱུ་མཚན་གཉིས་ལ་བརྟེན་ནས་ད་དུང་ཡང་ང་ཚོས་ལས་འགུལ་མ་སྤེལ་ན་བོད་ནང་གི་སློབ་མའི་ལས་འགུལ་ལ་དགོས་ཕན་དམིགས་བསལ་བ་མེད་པས། ཚེས་ ༤ ཉིན་གཞི་ནས་ལས་འགུལ་དེ་སྤེལ་ཡོད་ཅིང༌། དེ་ཡང་གསར་འགོག་བསྒྲགས་སོགས་སློབ་མ་མདུན་ལ་ཐོན་ནས་ལས་འགུལ་སྤེལ་ཡོད།
༢། བསྟན་འཛིན་ཚེ་དཔག་༼བསྟན་འཛིན་ཚེ་དཔག་སུ་ཡིན་གསལ་པོ་ཤེས་ཀྱི་ཡོད༽ཟེར་བས་འབྲོག་རུ་ཆོས་ལགས་ཀྱིས་སྤེལ་བའི་རྩོམ་ཡིག་འདྲེན་བཀོད་གནང་བའི་ནང༌། གུས་ལ་ཆབ་སྲིད་ཀྱི་གོ་རྟོགས་མེད་པ་དང༌། གུ་དོག་དྲག་པ་སོགས་སྐྱོན་བརྗོད་ཁག་ཅིག་གནང་འདུག་པར། ལན་འདེབས་གསལ་བཤད་ཞུ་གལ་མ་མཐོང༌། དེ་མིན་ངེས་པར་གསལ་བཤད་དགོས་པ་ཞིག་ལ། དེ་ཉིན་འཕྲེད་དར་ཞིག་ཐོག་མི་རིགས་འདྲ་མཉམ་ཞེས་འཁོད་པ་དེ་མ་ཁྱེར་རོགས་ཞེས་ངས་འབོད་སྐུལ་དང་མཉམ་འཕྲེད་དར་ཕྱིར་བླངས་པའི་ཐད། འབྲོག་རུ་ཆོས་དར་ལགས་ཀྱིས་གཞོན་ནུའི་ཚོགས་གཞོན་དོན་འགྲུབ་ལྷ་དར་གྱིས་ང་ཚོའི་འཕྲེད་དར་ལ་ལག་པ་འཇུས་ནས་ཁྱེད་ཚོའི་འཕྲེད་དར་འདི་འཕྱར་མ་ཡོང༌། འདིའི་སྟེང་མི་རིགས་འདྲ་མཉམ་ཞེས་བཀོད་འདུག གཞོན་ནུའི་ལྟ་བ་དང་འགལ་འདུག མི་རིགས་འདྲ་མཉམ་ཞེས་པ་ནི་རྒྱ་ནག་གི་མངའ་འོག་གི་གྲངས་ཉུང་མི་རིགས་ལྔ་དྲུག་ཡོད་པ་དེ་འདྲ་མཉམ་དགོས་ཟེར་བའི་དོན་རེད། གཞོན་ནུས་ང་ཚོ་རྒྱལ་ཁབ་ཐ་དད་དུ་འདོད་ཀྱི་ཡོད་རེད། གལ་སྲིད་འཕྲེད་དར་འདི་འཕྱར་བ་ཡིན་ན་ལས་འགུལ་ནང་མ་ཞུགས་ཀྱང་འགྲིག་ཀི་རེད་ཅེས་བཤད་པ་མ་ཟད་ཁྱེད་ཚོས་མི་རིགས་འདྲ་མཉམ་ཞེས་བོད་པ་ནག་པོ་བཟོ་ཀི་ཡོད་རེད་ཅེས་བཤད་འདུག སྐབས་དེར་ང་རང་དེར་མེད་མོད། ངའི་སློབ་གྲོགས་ཚོས་ཁོ་ལ་རྒྱུ་མཚན་ཁ་ཤས་བཤད་ཀྱང་ཁོས་མ་ཉན་པར་འགྲོ་སོང་ཟེར། དོན་འགྲུབ་ལྷ་དར་ཡ། ཁྱོད་ཀྱི་ཆབ་སྲིད་ཀྱི་གོ་རྟོགས་འདི་ཡིན་ནམ། འདི་ལྟ་བུའི་གོ་རྟོགས་ཤིག་གིས་ཆབ་སྲིད་ཀྱི་ལས་འགུལ་སྤེལ་གྱིན་ཡོད་དམ། མི་རིགས་འདྲ་མཉམ་ཟེར་བ་དེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་ལུགས་ཀྱི་ངོས་ནས་མི་རིགས་ཐམས་ཅད་འདྲ་མཉམ་དང་མི་རིགས་སོ་སོར་རང་གི་སྐད་ཡིག་སྲུབ་སྐྱོབ་བྱེད་པའི་རང་དབང་ཡོད་པ་དེའི་དོན་ཡིན་ལ། ང་ཚོས་ཀྱང་དེ་བརྩོན་ལེན་བྱེད་བཞིན་ཡོད་པ་རེད་མ་གཏོགས། ཁྱེད་རང་ནང་བཞིན་གུ་དོག་པའི་བསམ་བློའི་ཨུ་ཁུང་ནས་བལྟ་དགོས་པའི་རྒྱུ་མཚན་ཅི་ཞིག་ཡོད།ྭ
ཟེར་བཀོད་འདུག སྐབས་དེར་ཁོང་ལས་འགུལ་ནང་དངོས་སུ་མེད་པས། ཇི་བཞིན་མ་གོ་བ་ཡིན་ནམ། ཡང་ན་ཇི་བཞིན་མ་ཤེས་པ་གང་ལྟར་ངས་བཤད་པ་ཇི་བཞིན་བཀོད་མི་འདུག
སྐབས་དེར་ངས་བཤད་པ་ངོ་མ་ནི། འཕྲེད་དར་འདི་མ་འཁྱེར་རོགས། མི་རིགས་འདྲ་མཉམ་ཟེར་བ་བཙན་བྱོལ་སྤྱི་ཚོགས་ཀྱིས་རྒྱ་ནག་གི་རྩ་ཁྲིམས་འོག་གི་མི་རིགས་ང་དྲུག་ལ་འགྲེལ་བཤད་བརྒྱབ་ཀྱི་འདུག གཞོན་ནུས་ལོ་ ༤༡ རིང་རང་བཙན་གྱི་ལོ་རྒྱུས་དང་རང་བཙན་འཐབ་རྩོད་གཙང་མ་ཉར་ནས་བསྡད་ཡོད་པས། དེར་ང་ཚོས་དེ་རིང་དོ་ཕོགས་གཏོང་མི་རུང་ཞེས་ཞུས་ནས་འཕྲེད་དར་ཕྱིར་ལེན་སྐབས། འཕྲེད་དར་འཁྱེར་མཁན་སློབ་མ་གཉིས་ཀྱིས་བསམ་ཤེས་གནང་སྟེ་རྙོག་གླེང་གང་ཡང་མེད་པར་འཕྲེད་དར་ཕྱིར་གནང་སོང༌། འོན་ཀྱང་དགེ་འདུན་པ་ཞིག་ཕེབས་ནས་འཕྲེད་དར་འཁྱེར་མ་བཅུག་ན་ང་ལས་འགུལ་ལ་ཡོང་གི་མིན་ཞེས་སོགས་གསུངས་པར། ངས་ལོ་རྒྱུས་ནག་པོ་བཟོས་ནས་ལས་འགུལ་ལ་ཞུགས་པ་ལས། ལོ་རྒྱུས་གཙང་མ་བཞག་ནས་ལས་འགུལ་ནང་མ་ཞུགས་ན་ཡག་གི་རེད་ཅེས་ཞུས་ཡིན།
ཡང་འབྲོག་རུ་ཆོས་དར་ལགས་ཀྱིས་མི་རིགས་འདྲ་མཉམ་ཟེར་བ་དེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་ལུགས་ཀྱི་ངོས་ནས་མི་རིགས་ཐམས་ཅད་འདྲ་མཉམ་་་་་་རྩོད་ལེན་བྱེད་པ་རེད་མ་གཏོགས། ཁྱེད་རང་བཞིན་གུ་དོག་པའི་བསམ་བློའི་ཨུ་ཁུང་ནས་བལྟ་དགོས་པའི་རྒྱུ་མཚན་ཅི་ཡོད་གསུངས་ཐད། སྤྱིར་རྒྱལ་སྤྱིའི་ཁྲིམས་འོག་ནས་མི་རིགས་འདྲ་མཉམ་ཞེས་པ་ང་ཚོས་ཀྱང་ལོས་ཁས་ལེན་ཐུབ། འོན་ཀྱང་བོད་ནང་གི་སློབ་མིའི་མི་རིགས་འདྲ་མཉམ་ཞེས་པའི་འབོད་ཚིག་ལ་བཙན་བྱོལ་སྤྱི་ཚོགས་ཀྱིས་འགྲེལ་བཤད་རྒྱག་སྐབས། རྒྱ་ནག་གི་རྩ་ཁྲིམས་དང་གྲངས་ཉུང་མི་རིགས་ཀྱི་ཁྲིམས་གཞིའི་འོག་ནས་འགྲེལ་བཤད་རྒྱག་གི་འདུག་ཅིང༌། དེ་ལྟར་ན་རྒྱ་ནག་གི་ཁྲིམས་འོག་ཏུ་བསྡད་རྒྱུའི་འབོད་ཚིག་ནི། བོད་རང་བཙན་གྱི་ལོ་རྒྱུས་དང་མི་མཐུན་པས། དེར་ང་ཚོས་ངོས་ལེན་ཞུ་མི་ཐུབ། རྒྱུ་མཚན་དེར་བརྟེན། དེ་རིང་ང་ཚོས་ལས་འགུལ་ནང་གི་འབོད་ཚིག་ཡོངས་རྫོགས་བོད་ནང་གི་སློབ་མའི་འབོད་ཚིག་ཤ་སྟག་ཡིན་ཡང༌། དེ་དག་གི་ནང་ནས་མི་རིགས་འདྲ་མཉམ་དང༌། ཀྲུང་ཧྭ་མི་རིགས་ཀྱི་ཤེས་རིགས་དར་སྤེལ་ཟེར་བ་གཉིས་ང་ཚོར་འབྲེལ་བ་མེད་པས། ང་ཚོས་འབོད་ཚིག་ནང་དང་ལེན་ཞུ་ཐུབ་མེད། རྒྱུ་མཚན་ནི། ང་ཚོའི་ད་བར་སྤུན་ཟླ་འབུམ་ཕྲག་མང་པོས་སྲོག་བཏང་ནས་བོད་མི་རིགས་ལ་བོད་གཞུང་གི་ཁྲིམས་དགོས་པ་ལས། རྒྱ་ནག་གི་ཁྲིམས་ཀྱི་དབང་སྒྱུར་འོག་བསྡད་འདོད་མེད་པ་གསལ་སྟོན་གནང་ཡོད་པ་དང༌། ལྷག་པར་བཙན་འོག་ནས་ལས་དོན་དང་འབོད་ཚིག་ཁག་ཅིག་མ་སྤེལ་ཀ་མེད་ཆགས་ཀྱང༌། ང་ཚོ་རང་དབང་ལུང་པར་ཡོད་མཁན་ཚོར་ལོ་རྒྱུས་སྲུང་སྐྱོབ་ཀྱི་འགན་དང་རང་དབང་གཉིས་ཀ་བོད་ནང་ལས་ལྷག་པ་ཡོད་ཅིང༌། དེར་བལྟ་ཞིབ་ཀྱི་འགན་ཡང་ངེས་པར་ཡོད་ངེས་ཡིན།
དེར་བརྟེན། ལྷག་བསམ་དང་མཉམ་དུ་ལོ་རྒྱུས་སྲུང་སྐྱོབ་དང་འཐབ་རྩོད་ཀྱི་གལ་གནད་ལ་ངོས་འཛིན་དགོས་རྒྱུ་ནི་ཧ་ཅང་གལ་ཆེ་ཞེས་སྤྱི་ཡོངས་གསལ་བཤད་ཙམ་དང༌། འབྲོག་རུ་ཆོས་དར་ཁྱེད་ལ་ངས་བྱེད་ཕྱོགས་ཀྱིས་ཐུགས་ཕམ་བྱུང་ཡོད་ཚེ་དགོངས་སེལ་ཞུ་བ་ལགས། འདི་ནི་གོང་གི་གནད་དོན་གཉིས་ཀྱི་ཐད་ཕྲན་གྱིས་གསལ་བཤད་མཐའ་མ་དེ་ཡིན་པས་དེ་ལུགས་དགོངས་འཇགས་ཞུ།
ཞེས་སྤོ་ཆུང་ཚང་དོན་གྲུབ་ལྷ་དར་གྱིས།་
དཀར་མཚོ་དང་གནས་ཚང་སོགས་ཕེབས་པར་དགའ། གནད་དོན་ཐད་བསམ་འཆར་འགྲིག་མིན་དང་། ལྟ་བ་མཐུན་མིན་ཅི་རིགས་ཡོང་སྲིད་ལ། ཡོང་དགོས་པ་ཞིག་ཀྱང་རེད། མི་གཤིས་དང་སྒེར་འཁོན། གཞི་རྩ་མེད་པས་སྐྱོན་བརྗོད་ཙམ་མིན་པར་བགྲོ་གླེང་གི་རྣམ་པས་ཐོག་ཕན་ཚུན་ལ་བཤད་རེས་བྱས་པ་ནི་ཕན་ཚུན་ཡར་རྒྱས་ཀྱི་རྣམ་པ་ཙམ་ཡིན།
དགོངས་དག་་བཤད་ཐུབ་མ་སོང་། ལས་ཀ་གཞན་ཞིག་ཐོན་སོང་་།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་མི་སྣས་མི་རིགས་འདྲ་མཉམ་གྱི་་ཐོབ་ཐང་ཡལ་བར་དོར་ནས་རང་བཙན་རྩོད་པ་ནི་རྩ་བ་བོར་ནས་ཡལ་ག་འཛིན་པའི་དཔེ་ལྟར་དུ་རང་བཙན་གྱི་གནས་བབ་ཡོངས་སུ་སྤངས་ཏེ་མིང་ཙམ་གྱི་རང་བཙན་ཞིག་ལ་རྩོད་ལེན་བྱེད་བཞིན་པ་གསལ་བར་རྟོགས་སོ། །
མོག་བསྟན་ཡང་བསྐྱར་ཕེབས་པར་དགའ་བསུ་ཡོད། ཐོག་མར་སྲིད་དོན་ཤེས་དགོས་ཀྱི་ཡོད་ལ། དེ་ལས་ཀྱང་ཐབས་རྩལ་ཤེས་དགོས། དེ་དག་མ་ཤེས་པ་ཡིན་ན། སྲིད་དོན་པས་ཁ་གཡང་ཙམ་ལ་གཞིར་བཅོལ་བ་ནི་བླུན་རྟགས་ཡིན། གལ་སྲིད་རྒྱུ་དང་འབྲས་བུ་ཁས་ལེན་མཁན་ཞིག་ཡིན་ན་དེ་ག་རང་ཡིན། འོ་ན། བོད་ཀྱི་གནད་དོན་ཞེས་པ་གང་རེད། མདོར་དྲིལ་ན། བོད་ནང་སྤེལ་བའི་ཛ་དྲག་གི་ལས་འགུལ་དག་རེད་ལ། དེ་ལ་ཇི་ལྟར་དྲག་གནོན་བྱས་ཀྱང་དེ་ལྟར༼དབུ་མའི་ལམ་གྱི་མཛད་ཐབས་ལ་བརྟན་ནས་བོད་ཀྱི་གནད་དོན་སེལ་རྒྱུའི་འབད་བརྩོན་གནང་བཞིན་ཡོད༽པ་མ་ཡིན་ནམ། གྱ་བདུན་གྱ་བརྒྱད་གྱ་དགུའི་ལས་འགུལ་དག་བོད་ཀྱི་གནད་དོན་གྱི་མཇུག་མཐུད་མ་ཡིན་ནམ། སྐུ་ངོ་མོག་བསྟན་ལགས་ཀྱིས་དགོས་འདུན་ལས་འགུལ་འདི་དག་ལས་མ་འདྲ་བའི་བོད་ཀྱི་གནད་དོན་ཞིག་ལོགས་སུ་འཇོག་ཐུབ་ཀྱི་ཡོད་དམ།
ད་ཡིན་ན། གཞོན་ཚོགས་པའི་ལྟ་སྟངས་བྱས་ན། བོད་ནང་གི་སློབ་ཕྲུག་ཚོས་༼མི་རིགས་འདྲ་མཉམ༽གྱི་སྐད་འབོད་བྱས་པ་དེ་གཞོན་ནུ་ཚོགས་པའི་ལངས་ཕྱོགས་དང་འགལ་གྱིན་འགལ་གྱིན་ལའང་། རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་བ་དེ་ནོར་འཁྲུལ་རེད། གང་ལ་ཟེར་ན། ༼མི་རིགས་འདྲ་མཉམ༽གྱི་འཕྲེད་དར་འཁྱེར་མི་ཆོག་པའི་འགྲེལ་བཤད་དེ་དང་། འགྲེལ་བཤད་དེ་དང་འཕྲེད་དར་དེ་གཉིས་ཕར་བཞག་པའི་ཤུལ་ན། ད་ནི་རྒྱབ་སྐྱོར་གྱི་རྣམ་འགྱུར་ཞིག་ཡོང་སྟངས་ལྷག་མེད། མ་གཞི་ནས་སྐད་ཡིག་གི་རང་དབང་ནི། མི་རིགས་འདྲ་མཉམ་ལས་གཞི་ནས་ཡོང་དགོས་པ་ཞིག་རེད། ངའི་ལྟ་སྟངས་ལ། ད་རེས་གཞོན་ནུ་ཚོགས་པས་ལས་འགུལ་སྤེལ་བ་དང་། ནོར་འཁྲུལ་བཟོས་པ་གཉིས་ལས་ནོར་འཁྲུལ་མང་བ་བཟོས་འདུག
རྨོག་བསྟན་གྱི་བཤད་པ་ཚང་མ་འཐད་པར་མི་འདོད་དེ། བོད་ནང་ལ་དཀའ་ངལ་འཕྲད་དུས་ཁོ་ཚོས་ང་ཚོ་ལ་རེ་སྒུག་བྱས་ནས་བསྡད་ཡོད་པ་ལས་གཞན་ཐབས་ཤེས་དང་མགོན་སྐྱབས་ཅི་ཡང་མེད་པ་རེད། རྒྱ་ནག་གི་བྱེད་སྟངས་ལ་རྒྱུས་མངའ་ཡོད་པ་ལྟར་ང་ཚོས་རྒྱ་མི་ལ་སྤྲེལ་ལད་འཁྲབ་ནས་ངོ་དགའ་ག་ཚད་བྱས་ཀྱང་རྒྱ་ནག་གིས་ང་ཚོའི་མགོ་ལ་མ་ཉེས་ཁ་གཡོགས་ཀྱི་ཞྭ་མོ་ནག་པོ་སྐོན་རྒྱུ་དང་དགེ་སློབ་མང་པོ་བཙོན་འཇུག་མནར་གཅོད་གཏོང་རྒྱུ་ནི་སྨྲོས་མ་དགོས་པ་ཡིན། དཔེར་ན་གོང་ས་༸མཆོག་གིས་ད་ལྟའི་བར་དུ་རྒྱ་ནག་ལ་བསྟུན་མཁས་ཅི་ཙམ་གནང་ནའང་ རྒྱ་མིས་ཏཱ་ལའི་བླ་མ་ཟེར་བ་ནི་མི་གདོང་གཅན་གཟན་གྱི་སེམས་ཅན་དང་ཆོས་གོས་གྱོན་པའི་སྤྱང་ཀི་ཡིན་པར་སྔར་ལས་ལྷག་པའི་སྒྲོ་སྐུར་དང་མཚན་སྨོད་བྱས་ནས་༼ཁོ་གསད་ཞོག༽་ཅེས་ཡིག་འབྲུ་གསུམ་དུ་བསྡུས་ཡོད་པ་ལ་ལྟོས་དང་། དེ་ཡང་ང་ཚོས་རྒྱུ་དང་རྐྱེན་ལ་བརྟེན་ནས་ལས་འགུལ་སྤེལ་དགོས་པ་ནི་རང་དབང་ལུང་བར་ཡོད་པའི་བོད་རིགས་ཚང་མའི་ལས་འགན་རེད། ཡིན་ནའང་། ང་ཚོས་ཉིན་མཚན་མེད་པར་ལས་འགུལ་སྤེལ་དགོས་པ་དང་བོད་ཀྱི་སྐད་ཡིག་གལ་འགངས་མི་ཆེ་བའི་རྒྱུ་མཚན་ཁྱོད་ལ་བཤད་རྒྱུ་ཅི་ཡོད།
སློབ་མ་འདི་ཚོས་སང་ཉིན་ནས་བོད་ཡིག་གཙོ་བོ་བྱས་ནས་སྦྱོང་གི་ཡིན་ཟེར་ནས་སྐད་བརྒྱབ་ཡོད་པ་རེད་དམ། ཡང་ན། ང་ཚོས་སྦྱོང་གི་མིན། སྦྱང་འདོད་ཀྱང་མེད། ཁོང་ཚོས་སྦྱོང་གི་རེད། སྦྱང་འདོད་ཀྱང་ཡོད་པ་རེད། ཁོ་ཚོར་བོད་ཡིག་སྦྱོང་བའི་གོ་སྐབས་དེ་མུ་མཐུད་སྤྲོད་རོགས་ཟེར་ནས་སྐད་བརྒྱབ་ཡོད་པ་རེད་དམ་ཅི།
སང་ཉིན་ནས་བོད་ཡིག་སྦྱང་གི་ཡིན། ང་ཚོས་དབྱིན་ཇིའི་སྐད་ཡིག་མ་ཡིན་པའི་སློབ་ཚན་ཚང་མ་བོད་ཡིག་གིས་སྦྱང་གི་ཡིན། དེ་ཚང་མ་བོད་ཡིག་གི་ལམ་ནས་འཁྲིད་རོགས། ང་ཚོ་བོད་ཀྱི་སོན་རྕ་ཡིན། བོད་ཡིག་ནི་ང་ཚོའི་སྲོག་རྩ་ཡིན་ཞེས་བརྗོད་འདོད་པ་ཡིན་ན་ནི། བོད་ནང་གི་སློབ་ཕྲུག་ཚོའི་རྗེས་སུ་འབྲངས་ཤིང་། རྒྱབ་སྐྱོར་གཞོགས་འདེགས་ཀྱང་རེད་དེ། དེ་ལྟར་མིན་པར་ཉི་མ་ཕྱེད་ཀའི་ཚོར་སེམས་ཙམ་ཡིན་ན་ནི། གངས་ལྟ་མེ་ཏོག་གིས་བཤད་པ་དེ་ག་རང་བདེན་དུ་འདུག གོམ་ཁ་སྤོ་སྟངས་དེ་ཏན་ཏན་ནོར་ནས་འདུག
གཞོན་ནུ་ཚོགས་པ་སོགས་ཀྱིས། བོད་ནང་ནས་འགུལ་བསྐྱོད་རེ་མ་བྱས་ན་ལས་འགུལ་སྤེལ་རྒྱུ་མི་དྲན་པ་འདི་ཡང་ཡ་མཚན་པོ་ཞིག་ཏུ་མཐོང་། ག་དུས་ཡིན་ནའང་། བོད་ནང་ནས་ལས་འགུལ་ཞིག་སྤེལ་བ་ལ་སྒུག་སྡོད་པ་ལྟ་བུའི་བྱེད་སྟངས་གནང་སྟངས་འདི་ཚོ་ཡག་པོ་གང་ཡང་མ་རེད། འགན་ཁུར་ཟེར་བ་དེ་རྒྱུན་ལྡན་ནས་དགོས་པ་ཞིག་ལས། མཚམས་ལན་རེ་ལས་མེད་པ་ཡིན་ན། དེས་ཕན་ཐོགས་ཡོང་དཀའ་ཚོད།
ད་ལྟ་རང་དྲ་ངོས་འདི་ནས་ཟིན་བྲིས་པ་འབྲོག་རུ་ཆོས་དར་ལགས་ཀྱི་རྩོམ་ཡིག་གསར་པ་དེ་བཀླགས་པ་ཡིན། དེར་ཁ་བྱང་ལ་ ༼གོ་རྟོགས་མེད་པའི་ཆབ་སྲིད་པ།༽ཞེས་བཀོད་པའི་མཇུག་ཐོག་ཏུ་གཤམ་གྱི་རྩོམ་ཡིག་འདི་འདྲ་ཞིག་སྤེལ་འདུག འདི་འདྲ་ཡིན་ན། ལས་འགུལ་འདི་བོད་ནང་གི་སློབ་ཕྲུག་ཚོའི་མངོན་འདོད་དེར་རྒྱབ་སྐྱོར་གྱི་ཆེད་དུ་མིན་སྣང་འཆར། དེ་ནི་གཞོན་ནུ་ཚོགས་པ་རང་གི་དགོས་མཁོ་ཞིག་གི་ཆེད་དུ་ཡིན་སྣང་སྟེར་བ་ཞིག་ཏུ་འདུག འདི་འདྲ་ཡིན་ན། ལས་འགུལ་སྤེལ་བ་ལས་མ་སྤེལ་བ་ལེགས་པར་མཐོང་།
༼འབྲོག་རུ་ཆོས་དར་ལགས་ཀྱིས་སྤེལ་བའི་རྩོམ་ཡིག་ནི་གཤམ་གྱི་འདི་ལགས།༽
ངས་དེ་རིང་སེམས་བསམ་པའི་གཏིང་གི་སྐད་ཆ་ཚིག་ཁ་ཤས་བཤད་ན་དོན་འགྲུབ་ལྷ་དར་ལྟ་བུའི་གོ་རྟོགས་མེད་པའི་ཆབ་སྲིད་པ་ཁག་ཅིག་གིས་སྡང་མིག་སྟོན་སྲིད་ཀྱང་། འདི་ནི་རང་གི་རུས་གསེང་ནས་མཆེད་པའི་དོན་ངོ་བོའི་སྟེང་གི་དྲང་བརྗོད་ཅིག་ཡིན་པས་ང་ཅི་ལ་འགྱོད།
འདས་ཟིན་པའི་སྲིད་དོན་པ་ཁག་ཅིག་གི་རུལ་སུངས་དང་སྒེར་སྤྱོད་ཀྱི་དབང་བསྒྱུར་འོག་ལྷག་པའི་མི་རིགས་འདི་དང་འདིའི་ཚེ་སྲོག་ལ་བརྒྱུས་པའི་སྐད་ཡིག་འདིའང་གྲི་རྩེ་དང་མདུང་རྩེ་ན་མཆེད་པའི་ཤིན་ཏུ་ཉེན་ཚབས་ཀྱི་དུས་རེད། ཉེ་ལམ་རྒྱ་ནག་གིས་སློབ་གསོ་བཅོས་བསྒྱུར་གྱི་འཆར་འགོད་དེ་ཁྱབ་བསྒྲགས་བྱས་པའི་རྗེས་ཀྱི་ཉིན་གསུམ་དང་བཞིའི་རིང་མདོ་སྨད་རེབ་གོང་ཕྱོགས་ནས་སློབ་གྲྭ་ཁག་བདུན་དང་ཆབ་ཆ་ནས་སློབ་གྲྭ་ཁག་ལྔ། དེ་མིན་མགོ་ལོག་དང་པེ་ཅིན་ཀྲུང་དབྱང་མི་རིགས་སློབ་ཆེན་སོགས་ནས་རྒྱ་ནག་གི་བཅོས་བསྒྱུར་གསར་བ་དེར་ངོ་རྒོལ་ཤུགས་ཆེན་བྱས་ཡོད་ལ་མི་རིགས་འདྲ་མཉམ། སྐད་རིགས་རང་དབང་ཞེས་སོགས་ཀྱི་འབོད་ཚིག་བསྒྲགས་འདུག མི་འགྱངས་པར་༢༠༠༨ལོའི་ཞི་བའི་ངོ་རྒོལ་ཇི་བཞིན་བོད་ས་ཡོངས་སུ་ཤེས་ཡོན་པའི་སྡེ་དང་མི་མང་ནས་གྱེན་ལངས་བྱེད་རྒྱུ་སྨོས་ཅི་དགོས།
ཡིན་ནའང … … བློ་ཕམ་པ་ཞིག་ལ། ནམ་རྒྱུན་ངས་རྒྱབ་སྐྱོར་དང་རེ་ལྟོས་བྱེད་བཞིན་པའི་གཞོན་ནུའི་ཚོགས་གཞོན་དོན་འགྲུབ་ལྷ་དར་གྱིས་ཁ་སང་ང་བློ་ཕམ་དུ་བཅུག་སོང་། ངས་དོན་འགྲུབ་ལྷ་དར་གྱི་གདོང་འབག་དང་ཆབ་སྲིད་ཀྱི་གོ་རྟོགས་སྐྱོ་བོ་དེ་ཁ་སང་མ་གཏོགས་མ་ཤེས། ཁ་སང་སྟེ་ཕྱི་ཟླ་ ༡༡ ཚེས་ ༤ ཉིན། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་སློབ་གྲྭ་ཁག་ཅིག་མཉམ་འབྲེལ་ཐོག་རྒྱ་ནག་ལ་ངོ་རྒོལ་སྐད་འབོད་བྱ་རྒྱུ་ཡིན་པ་གོ་ཐོས་བྱུང་བ་བཞིན། ང་དང་ངའི་སློབ་གྲོགས་ཁ་ཤས་ཀྱིས་ཕྱི་ཚེས་ ༣ ཉིན་གྱི་འཛིན་གྲྭར་དགོངས་པ་ཞུས་ཏེ་འཕྲེད་དར་ཞིག་བཟོས་པ་ཡིན། ཡིན་ཡང་། ཁ་སང་གཙུག་ལག་ཁང་དུ་སྐད་འབོད་བྱེད་དུས་གཞོན་ནུའི་ཚོགས་གཞོན་དོན་འགྲུབ་ལྷ་དར་གྱིས་ང་ཚོའི་འཕྲེད་དར་ལ་ལག་པ་འཇུས་ནས་ཁྱེད་ཚོའི་འཕྲེད་དར་འདི་འཕྱར་མ་ཡོང་། འདིའི་སྟེང་མི་རིགས་འདྲ་མཉམ་ཞེས་བཀོད་འདུག གཞོན་ནུའི་ལྟ་བ་དང་འགལ་འདུག མི་རིགས་འདྲ་མཉམ་ཞེས་པ་ནི་རྒྱ་ནག་གི་མངའ་འོག་གི་གྲངས་ཉུང་མི་རིགས་ལྔ་དྲུག་ཡོད་པ་དེ་འདྲ་མཉམ་དགོས་ཟེར་བའི་དོན་རེད། གཞོན་ནུས་ང་ཚོ་རྒྱལ་ཁབ་ཐ་དད་དུ་འདོད་ཀྱི་ཡོད་རེད། གལ་སྲིད་འཕྲེད་དར་འདི་འཕྱར་བ་ཡིན་ན་ལས་འགུལ་ནང་མ་ཞུགས་ཀྱང་འགྲིག་ཀི་རེད་ཅེས་བཤད་པ་མ་ཟད་ཁྱེད་ཚོས་མི་རིགས་འདྲ་མཉམ་ཞེས་བོད་པ་ནག་པོ་བཟོ་ཀི་ཡོད་རེད་ཅེས་བཤད་འདུག སྐབས་དེར་ང་རང་དེར་མེད་མོད། ངའི་སློབ་གྲོགས་ཚོས་ཁོ་ལ་རྒྱུ་མཚན་ཁ་ཤས་བཤད་ཀྱང་ཁོས་མ་ཉན་པར་འགྲོ་སོང་ཟེར། དོན་འགྲུབ་ལྷ་དར་ཡ། ཁྱོད་ཀྱི་ཆབ་སྲིད་ཀྱི་གོ་རྟོགས་འདི་ཡིན་ནམ། འདི་ལྟ་བུའི་གོ་རྟོགས་ཤིག་གིས་ཆབ་སྲིད་ཀྱི་ལས་འགུལ་སྤེལ་གྱིན་ཡོད་དམ། མི་རིགས་འདྲ་མཉམ་ཟེར་བ་དེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་ལུགས་ཀྱི་ངོས་ནས་མི་རིགས་ཐམས་ཅད་འདྲ་མཉམ་དང་མི་རིགས་སོ་སོར་རང་གི་སྐད་ཡིག་སྲུབ་སྐྱོབ་བྱེད་པའི་རང་དབང་ཡོད་པ་དེའི་དོན་ཡིན་ལ། ང་ཚོས་ཀྱང་དེ་བརྩོན་ལེན་བྱེད་བཞིན་ཡོད་པ་རེད་མ་གཏོགས། ཁྱེད་རང་ནང་བཞིན་གུ་དོག་པའི་བསམ་བློའི་ཨུ་ཁུང་ནས་བལྟ་དགོས་པའི་རྒྱུ་མཚན་ཅི་ཞིག་ཡོད། ཁྱེད་ཀྱིས་རང་གི་ཁེ་ཕན་གྱི་ཆེད་དུ་ཆབ་སྲིད་ཀྱི་ཟློས་གར་འཁྲབ་པ་ལས་དོན་ངོ་བོའི་སྟེང་ནས་གཞིས་ལུས་མི་མང་ལ་ཕན་འབྲས་ཡོད་པའི་ཕྱོགས་ལ་བསམ་བློ་ཅུང་ཙམ་ཡང་བཏང་མི་འདུག མི་རིགས་འདྲ་མཉམ། སྐད་ཡིག་རང་དབང་ཅེས་པའི་ཡིག་འབྲུ་འདི་དག་ལ་བོད་ནང་གི་སློབ་མ་ཚེའི་ཚེ་སྲོག་དང་མདུན་ལམ། སེམས་ཚོར། མི་རིགས་ལ་བཅངས་པའི་འདུ་ཤེས་སོགས་འདྲེས་ཡོད་པས་ང་ཚོས་གཅིག་ནས་རྒྱ་ནག་གི་སྲིད་ཇུས་གསར་བ་དེར་ཁ་གཏད་དང་མོས་མཐུན་མེད་པ་མཚོན་དགོས་ལ། གཉིས་ནས་བོད་ནང་གི་སློབ་མ་ཚོར་རྒྱབ་སྐྱོར་དང་དཔུང་ཤུགས་ཀྱི་རྣམ་པ་མཚོན་དགོས་པས་ང་ཚོས་འཕྲེད་དར་ངོས་ལའང་དེ་འབྲི་བར་གཏན་ཁེལ་བྱས་པ་མ་ཟད་འཕྲེད་དར་གཤམ་དུ་ས་རཱ་མཐོ་སློབ་ནས་ཞེས་བཀོད་ཡོད།
ཅིའི་ཕྱིར་ང་ཚོས་བོད་ནང་ལ་རྒྱབ་སྐྱོར་བྱེད་དུས་གཞོན་ནུའི་ལྟ་བ་དང་མཐུན་དགོས་པ་རེད།
ཅིའི་ཕྱིར་གཞོན་ནུས་རང་གི་ལྟ་བ་མཁྲེགས་འཛིན་བྱེད་པ་ལས་དོན་ངོ་བོའི་སྟེང་བབས་ནས་གཞིས་ལུས་མི་མང་ལ་རྒྱབ་སྐྱོར་མི་བྱེད་པ་ཡིན།༽
ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་འབྱོར་ནས་བཟུང་ད་བར་ཕྱི་ལོ་༢༠༡༠ ལོའི་ཁྱོན་མི་ལོ་ཧྲིལ་པོ་ ༥༠ འདས་ཟིན་པའི་ནང་རྒྱ་ནག་དབུས་གཞུང་གིས་ཐད་ཀར་བཙན་བྱོལ་ནང་གི་གཞི་རིམ་ཤེས་ཡོན་སྲིད་ཇུས་ལ་བཀག་འགོག་བྱས་མེད་ལ་བོད་ཀྱི་སྐད་ཡིག་གི་རབ་དབང་ཡང་ཐད་ཀར་འཕྲོག་མེད།
རང་དབང་ལུང་པའི་འདས་པའི་མི་ ༥༠ རིང་བོད་ཀྱི་སྐད་ཡིག་ཐད་གཞི་རིམ་ཤིས་ཡོན་སྲིད་ཇུས་ལ་འཐུད་ཤོར་བཏང་བ་དེ་བཙན་བྱོལ་དུ་ཡོད་པའི་བོད་པ་རང་ཉིད་ཀྱིས་ནོར་འཁྲུལ་ཤོར་ཡོད།
སྟོང་ལོ་གསར་པའི་ནང་མི་དབང་བཀའ་ཁྲིས་བཀའ་ཤག་གི་ཤེས་ཡོན་གསར་པའི་ལས་གཞི་དེར་གྲུབ་འབྲས་དོན་འབྲས་སུ་སྨིན་མ་ཐུབ་པ་དེས་བོད་མི་རིགས་འདི་ཡར་ད་དུང་རང་ཉིད་རང་གིས་གསོད་པ་དང་གཅིག་མཚུངས་སུ་གྱུར་པ་དེ་རེད།
དངོས་འབྲེལ་བྱས་ན་བཙན་བྱོལ་དུ་ཡོད་པའི་ན་གཞོན་ཚོས་ཁ་རྒྱ་ནག་ལ་བལྟས་ཏེ་བོད་ཀྱི་སྐད་ཡིག་ལ་རང་དབང་སྤྲོད་དགོས་ཟེར་བའི་ཁ་དཀྲི་བྱེད་ས་གཏན་ནས་མེད་སྟབས།
བཙན་བྱོལ་གཞི་རིམ་ཤེས་ཡོན་སྲིད་ཐུས་ཐད་བོད་ཀྱི་སྐད་ཡིག་ལ་རང་དབང་དགོས་ཞེས་ཤེས་རིག་དང་། སམ་བྷི་ཊ། གཏན་སློབ། ལྷ་དོན་བོད་ཕྲུག་ཁྱི་སླདེའི་ཤེས་ཡོན་སླདེ་ཚན་ལ་ཁ་བལྟས་ཏེ་བོད་ཀྱི་སྐད་ཡིག་རང་དབང་སྤྲོད་དགོས་ཤེར་ན་དངོས་ཐོག་བདེན་འཚོལ་ཡིན།
གཞི་བཞུགས་བོད་ནང་གི་ན་གཞོན་ཚོར་རྒྱ་མིས་གཞི་རིམ་ཤེས་ཡོན་སྲིད་ཇུས་ཐད་བོད་ཀྱི་སྐད་ཡིག་ལ་རང་དབང་སྤྲོད་ཀྱི་མེད་སྟབས་ཁོང་ཚོས་བོད་ནང་ཞི་བའི་སྐད་འབོད་བྱས་བྱེད་བཞིན་ཡོད་པ་དངོས་ཐོག་བདེན་འཚོལ་ཡིན།
ད་རེས་བོད་ནང་གིས་ན་གཞོན་ཚོས་ཞི་བའི་ངོ་རྒོལ་བྱས་པ་དེས་བརྒྱབ་ལྗོངས་སུ་བོད་ཕྲུག་ཁྱིམ་སྡེའི་གཞི་རིམ་ཤེས་ཡོན་གྱི་སྲིད་ཇུས་དེར་ཡང་ནོར་འཁྲུལ་དང་ཐལ་ཆ་ཚབ་ཆེན་ཤོར་བཞིན་པའི་སྔོན་བརྡ་ཞིག་ཀྱང་ཡིན།
༡ ངས་དེ་རིང་གི་སློབ་མ་འདི་དག་ཅི་ཞིག་གི་ཆེད་དུ་རྡ་སྟེང་ནས་རྡ་ཞོལ་བར་དུ་འགྲོ་དགོས་དོན་མི་ཤེས་ལ་ཤེས་དགོས་དོན་མི་འདུག ཁོང་ཚོ་ཕལ་ཆེར་སྐད་ཡིག་རང་དབང་གི་ཆེད་དུ་ཡིན་རྒྱུ་མ་རེད་འདོད། དེ་ཡང་རྒྱུ་མཚན་ཡོད་དེ་བཙན་བྱོལ་གྱི་སློབ་མས་བོད་ཡིག་སྦྱངས་རྒྱུར་བཀག་འགོག་གཏན་ནས་མེད་པས་སོ།
༢ གལ་སྲིད་དེ་རིང་སློབ་མ་འདི་ཚོས་བོད་ཡིག་གི་རང་དབང་གི་ཆེད་དུ་གོམ་བགྲོད་བྱེད་ཀྱི་ཡོད་ན་འགྲོ་ས་དེ་ཏན་ཏན་ནོར་སོང་བ་འདྲ། ཡང་ན་ཚོགས་པ་ཀ་ཀེ་མོ་ཞིག་གིས་ནོར་དུ་བཅུག་ཡང་སྲིད། ང་ཚོ་བཙན་བྱོལ་དུ་བོད་ཡིག་སྦྱངས་པར་བཀག་འགོག་གཏན་ནས་མེད་ལ་བོད་ཡིག་སྦྱངས་པར་དུངས་པ་དེ་བས་ཀྱང་མེད། གལ་སྲིད་སློབ་མ་ཚོས་སྦྱངས་འདོད་ཡོད་ནས་མཐུན་རྐྱེན་གྱི་སྟོང་ན་སྐད་འབོད་དུ་འགྲོ་ས་ཀ་ཀྱརི་མིན་པར་སྤྱི་མཐུས་དང་བཀའ་ཤག་གི་སྒོ་འགྲམ་ཡིན་པས་སོ།
རེ་བ་ཞུ་རྒྱུ་ཞིག་ལ་དེང་གི་ཕྱིན་ཁྱེད་ཚོགས་པ་རྣམས་ཀྱི་ད་རེས་བོད་ཀྱི་སྐད་ཡིག་རང་དབང་གི་སྒེར་ལངས་འདི་ཆབ་སྲིད་ཀྱི་ངོ་བོར་མི་སྒྱུར་བའི་རེ་བ་ཡོད། འདི་ལྟར་བྱེད་ཚེ་ཕན་པ་ལས་གནོད་པའི་རྒྱུ་རུ་འགྲོ་ཉེན་ཆེ་ན་དེ་དོན་ནམ་ཡང་སེམས་ནས་མི་དོར་བར་འཚལ།།
ཁ་བ་རི་བའི་བདེ་སྡུག་ནི། སྐབས་འགར་སྐྱིད་པོ་དང་མངའ་ཐང་རྒྱས་ནས་སུམ་གཉིས་ས་ལ་དབང་བསྒྱུར་བའི་དུས་སྐབས་ཤིག་ཤར་མྱོང་ཞིང་།
ཡང་དུས་སྐབས་་རེ་རེའི་ནང་བསམ་ཡུལ་ལས་འདས་པའི་ཆག་སྒོ་ཁ་གསབ་མི་ཐུབ་པ་རེ་ཁུར་ནས་བསྐྱོད་དགོས་པ་ནི་གདོང་དམར་སྤྱི་མཐུན་གྱི་ལས་དབང་རེད།
ད་དུང་ང་ཚོས་ལས་དབང་འདི་མུ་འཐུད་ནས་འཁུར་དགོས་པ་དང་།
དེ་ཚང་མ་ང་ཚོའི་འོས་འགན་ཡིན་པ་ཤེས་ནས།
མི་རིགས་ཀྱི་སྲོག་རྩ་ལྟ་བའི་སྐད་ཡིག་སྲུང་སྐྱོབ་ཆེད།
གཞུང་སྒེར་གཉིས་ཀའི་འབད་པ་དང་། ཐུགས་ཁུར་གནང་དགོས་ངེས་ོསོ།
གནས་ཚུལ་འདི་ཡང་གཟི་བརྗིད་དང་བསྟོད་བསྔགས་བྱེད་འོས་ཤིག་ལོས་ཡིན།
གནས་ཚང་ལགས། སྤྱིར་དངོས་མིང་མེད་པའི་མཆན་བུ་བ་དག་ལ་དེ་ཙམ་གྱིས་ཡ་ལན་བྱེད་འདོད་མི་འདུག རྒྱུ་མཚན་ནི་ཁོ་ཚོར་འགན་འཁུར་མེད་པ་དེ་རེད།
ཡིན་ཡང་། ངས་བླུན་རྟགས་བསྟན་པ་ཡིན་སྲིད་ལ། དོན་དངོས་ཀྱི་བླུན་པོའི་བྱེད་སྟངས་ཡིན་ན་ཁས་ལེནབྱེད་མི་ཐུབ་པ་གང་ཡང་མི་འདུག
འོན་ཀྱང་། ཁྱོད་ཀྱིས་ཀྱང་བླུན་རྟགས་སྟོན་བཞིན་འདུག ༸གོང་ས་མཆོག་ལ་ཞི་བདེ་གཟེངས་རྟགས་རེག་པ་དེ་༸གོང་ས་སྐྱབས་མགོན་པོས་ཐུགས་ཀྱི་བཞེས་ཕྱོགས་དང་། ཀུན་ཁྱབ་སེམས་འཁུར། གཉིས་ཕན་དབུ་མའི་ལམ་གྱི་བསམ་སྤྱོད་ལས་བྱུང་བ་རེད་མ་གཏོགས་གྱ་དགུ་ལོའི་ཟིང་འཁྲུག་ལ་བརྟེན་ནས་བྱུང་བ་ཞིག་མ་རེད།
ཨ་རིའི་ཞི་བའི་གཟེངས་རྟགས་ཀྱི་རྩ་འཛིན་བསྒྲགས་གཏམ་དོན་ཚན་བཞི་བར། ༸གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནི་འཛམ་གླིང་ཁྱོན་ཡོངས་སུ་ཞི་བདེ་དང་། ལྷག་པར་དབུ་མའི་ལམ་གྱི་མཛད་ཐབས་ལ་བརྟན་ནས་བོད་ཀྱི་གནད་དོན་སེལ་རྒྱུའི་འབད་བརྩོན་གནང་བཞིན་ཡོད་པར་བརྟེན། ཕྱི་ལོ་༡༩༨༩་ལོར་ནོར་ཝེ་ཞི་བདེ་གཟེངས་རྟགས་ཀྱི་བྱ་དགའ་འབུལ་བཞེས་གནང་ཡོད་ཞེས་འཁོད་ཡོད།
༄༎ དངོས་ཡོད་དང་མཐུན་པའི་ཕྱག་ལས་གནང་གི་འདུག་སློབ་ཕྲུག་ཚོ་ལ་ཐུགས་རྗེ་ཆེ་ཞེས་ཞུ་ཡི་ཡིན།
མོག་བསྟན་འདིས་བླུན་རྟགས་སྟོན་བཞིན་པར་སྣང་། གལ་སྲིད་བོད་ནང་གི་གྱ་བདུན་གྱ་བརྒྱད་གྱ་དགུའི་ལས་འགུལ་ཛ་དྲག་དེ་དག་མེད་ན། གོང་ས་མཆོག་ལ་ཞི་བདེ་རྟགས་མའང་བདེ་བླག་ངང་རེག་ཐུབ་བམ།
དེ་ག་ནང་བཞིན་ལས་འགུལ་ཇི་འདྲའི་ཛ་དྲག་སྤེལ་ནས་རྒྱལ་སྤྱིའི་སྒང་ཇི་ལྟར་ཁྱབ་བརྡལ་སོང་ན། དེ་ལྟར་སྲིད་ཇུས་འགྱུར་བ་གཏོང་སྲིད་པ་མ་གཏོགས་གྲགས་མེད་འགུལ་མེད་དུ་བསྡ་པ་ཡིན་ན། པེ་ཅིན་གཞུང་གིས་ཏཱ་ལའི་རུ་ཚོགས་ཀྱིས་ཀྱང་ང་ཚོའི་སྲིད་ཇུས་རྒྱབ་བསྐྱོར་ཡོད་པ་མཚོན་སླད་ངོ་རྒོལ་བྱེད་ཀྱི་མེད་དུས། ཕྱི་གླིང་བ་ཚོར་དམིགས་ཡུལ་ཅི་ཞིག་ཡོད་དམ་ཞེས་དྲིས་ན་རྒྱབ་བསྐྱོར་ཡོང་ཐབས་འདུག་གམ།
བོད་ནང་གི་སློབ་མའི་ལས་འགུལ་དེ་བཙན་བྱོལ་བོད་ཀྱི་གཞོན་སྐྱེས་དག་གི་རྒྱབ་སྐྱོར་གཙང་མ་ཞིག་བྱེད་བསམ་ན། དང་པོ་། རང་གི་ཁ་ནང་གི་སྐད་ཆ་འདི་དག་གཙང་མ་བཟོས་།
སློབ་སྤྱོང་གླེན་རྟགས་ཡོད་པ་རེད་། ཚབ་ཏུ་། སློབ་སྦྱོང་ཞེ་དྲགས་ཡོད་པ་རེད།
ཁོང་འགྲོ་སོང་། ཚབ་ཏུ། ཁོང་ཕྱིན་སོང་།
འདང་དགོང་ཞོགས་པ་སླེབ་པ་ཡིན ཚབ་ཏུ་། ཁ་སེང་ཞོགས་པ་སླེབ་པ་ཡིན
ཁོ་པས་འགྲོ་སོང་་། ཚབ་ཏུ་། ཁོང་ཡང་འགྲོ་དོང་་་་་སོགས་བཞག་དང་དེ་བོད་ཀྱི་སྐད་ཡིག་བདག་དབང་བཤད་ཆོག་། བཙན་བྱོལ་དུ་བོད་ཀྱི་སྐད་ཡིག་གི་བདག་དབང་ཡོད་བཞིན་དུ་མ་བླང་པ་རེད་། བོད་ནང་དུ་བོད་ཀྱི་སྐད་ཡིག་གི་བདག་དབང་དགོས་ཡང་མ་སྤྲད་པ་དེ་རད་།
ངའི་ལྟོས་ན་ང་ཚོ་རྐུ་མ་བྱེད་གུ་ཡིན་ ཁྱེད་ཚོའི་རྐུ་ཆོག་ནི་མ་རེད་ཟེར་བ་དང་གཅིག་པ་རེད།།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་མགོ་འཁྲིད་དེ་བོད་ནང་གིས་སློབ་ཕྲུགས་ཚོའི་རྒྱ་ནག་གིས་ཤེས་ཡོན་སྲིད་བྱུས་ལ་ངོ་རྒོལགྱི་ལས་མགུལ་སྤེལ་བ་ལ་བརྒྱབ་སྐྱོར་བྱེད་པ་བསྔགས་བརྗོད་ཡོད།། འོན་ཀྱང་བཙན་བྱོལ་ན་ཡོད་པའི་སློབ་གྲྭ་ཁག་གིས་སློབ་ཚན་གཙོ་བོ་དབྱིན་ཡིག་དང་བོད་ཡིག་གཉིས་པ་ཡིན་པ་ལ་ངོ་རྒོལ་མེད་པ་ཅི་ཡིན་ནམ།། བོད་གཞུང་བཀའ་ཤག་གིས་ཤེས་ཡོན་སྲིད་བྱུས་དེ་བོད་ཁྱིམ་སློབ་གྲྭ་ཁག་གིས་ལགས་ལེན་བྱེད་མ་ཐུབ་པ་དེ་གང་ཡིན་ནམ ད་ལོ་༧་གོང་ས་མཆོག་གིས་བོད་ཁྱིམ་སློབ་གྲྭའི་ནང་བཀའ་སློབ་དེའི་ངོ་གདོང་ལྟོས་ན་ཐུགས་ཕོམ་ཡོད་ས་དེ་མི་རབ་ཕྱི་མིའམ་སློབ་ཕྲུགས་ཚོའི་མདུན་ལམ་དང་ དགེ་རྒན་དང་ལས་བྱེད་པ་དག་གིས་སློབ་གསོ་ཡག་པོ་མེད་པ་དང་ སློབ་གྲྭའི་དབང་འཛིན་པ་དག་གིས་ལས་དོན་དག་འཐུས་ཤོར་དུ་བཏང་བའི་སྐྱོན་གྱིས་ཡིན་པ་གསལ་པོ་རེད།
རྒྱལ་ཁབ་དང་མི་རིགས་ལ་བརྩེ་བའི་དམ་བཅའ་ཡོད་ན།ཕ་ཡུལ་ན་རང་སྲོག་དཔང་ལ་བཞག་ཏེ་རྒྱ་དམར་ལ་ངོ་རྒོལ་བྱེད་བཞིན་པའི་སྤུན་ཟླ་ཚོའི་རྒྱབ་ཏུ་ལངས་དགོས།
རྒྱ་བལ་ན་ཡོད་པའི་བོད་མི་སྐྱབས་བཅོས་པ་ཚོས། བོད་ནང་གི་སྐད་ཡིག་བསྲུང་སྐྱོབ་ཆེད་དུ་སྐད་འབོད་བྱེད་རྒྱུ་འདི་ཡང་མི་བཟང་རྒྱུ་མི་འདུག་སྟེ། གལ་ཆེ་ཤོས་དེ་ནི་ཁོ་རང་ཚོས་ཧིན་བོད་དབྱིན་གསུམ་སྲ་སྲེ་མི་བྱེད་པར་བོད་སྐད་གཙང་ཞིག་སྦྱངས་རྒྱུ་དེ་རེད། བོད་ནང་སློབ་ཕྲུག་ཚོའི་སྐད་འབོད་འདིའི་
དགོས་དོན་ནི། བོད་ཀྱི་སྐད་ཡིག་གཙང་ཞིག་འོངས་རྒྱུ་དང་།
དགག་བྱ་ནི། རང་སྐད་མི་ཤེས་པ་དང་སྐད་ཡིག་སྲ་སྲེ་བྱེད་རྒྱུ་འདི་རེད།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བོད་ནང་གི་སློབ་ཕྲུག་ཚོར་གདུང་སེམས་མཉམ་བསྐྱེད་ཆེད་ལས་འགུལ་སྤེལ་བ་འདི་ཁོ་ན་ངོས་ལེན་བྱེད་ཐུབ་མ་སོང་། སྤྱིར་ལས་འགུལ་སྤེལ་བ་མི་འགྲིག་གི་ཟེར་གྱིན་མེད། འོན་ཀྱང་ལས་འགུལ་སྤེལ་བར་འགན་ཞིག་འཁུར་དགོས་པ་རེད། འདི་ལྟར་ཕྱི་ཚོགས་ནས་རྒྱབ་སྐྱོར་མངོན་གསལ་དོད་པོས་བྱས་ན་རྒྱ་ནག་གིས་ཁག་འཇོག་ས་འཚོལ་གྱིན་རེད། གལ་སྲིད་རྩ་ཁྲིམས་ཐད་འགྱུར་བ་གཏོང་རྒྱུ་ཕར་བཞག སློབ་ཕྲུག་དང་དགེ་རྒན་མང་པོ་ཞིག་གི་མདུན་ལམ་འཕྲོ་བརླག་དང་བཙོན་འཇུག་མནར་གཅོད་བྱས་ན་ཉིན་མོ་དེར་ང་ཚོར་བྱེད་རྒྱུ་ག་རེ་ཡོད།
ཡང་བསྐྱར་སྐད་འབོད་རེ་བྱེད་སྲིད། སེམས་པ་རྡོ་ལས་མཁྲེགས་པའི་རྒྱ་གཞུང་གིས་སྐད་འབོད་ཙམ་ལ་ངོས་ལེན་བྱེད་མིན་ང་ཚོས་ཧ་གོ་གོ་བ་རེད།
ང་ཚོ་རང་དབང་ལུང་པར་གནས་པ་ཚོས་ལས་འགུལ་ག་དུས་སྤེལ་སྤེལ་རེད། བོད་ནང་ནས་ཅིག་བྱས་སོང་ཟེར་བ་དང་ཁ་གསར་ཨ་གསར་གྱིས་ཟིང་ཆ་ཆེན་པོ་བཟོས། དོན་དངོས་རྒྱ་མིས་ཟིང་ཆ་བསླངས་སོང་ན་ང་ཚོ་ཁུ་སིམ་མེར། འཇམ་ཅག་གེར་འགྲོ་བཞིན་ཡོད།
དྲང་པོ་ཡིན། ཐག་ཉེ་ས་ནས་ང་ཚོའི་སྤུན་ཟླ་ག་ཚོད་རྒྱ་མིས་བསད་སོང་། ག་ཚོད་ཅིག་ད་ལྟ་བཙོན་ཁང་དུ་ལྷག་ཡོད། དོན་དངོས་རྒྱབ་སྐྱོར་བྱེད་ས་འདི་ཚོ་རེད། ང་ཚོས་འདི་ཚོ་རྙིང་ནས་བརྗེད་གྲབས་ཡོད་པ་རེད།
ད་རེས་ཡང་ཕྱི་ལོགས་ནས་ཉ་དང་ཉུང་མ་མཉམ་བསྲེས་བྱས། གཞིས་ལུས་བོད་མིའི་ལས་འཆར་ཡག་པོ་དེ་ས་ལ་མི་བསྲེས་པའི་ངེས་པ་མི་འདུག
སོ་སོའི་ཁ་ནས་རྨོའོ་རྙིང་པ་དང། དེབ་རྒྱག་པ། ངའི་གུ་ཐུང་ལ་སེར་ཀ་བཏང་ཤགས། ཤོད་བཞིན་དུ་བོད་ཀྱི་སྐད་ཡིག་གི་ཐོབ་ཐང་སྨྲ་ན་ང་ནི་ངོ་ཚ་མཁན་འདྲ་ཞིག་བྱ་ཡི་འདུག།
དྲ་གྲོགས་ནད་པ་ལགས་དུས་ཡུན་རིང་པོའི་ནང་དུ་ཁྱེད་ཀྱི་མཆན་བུ་བཏབ་པ་རྣམས་སྣང་བ་འགྲོ་པོ་ཁྱོན་ནས་མེད། དེ་རིང་གི་མཆན་བུ་འདིར་སྣང་བ་འགྲོ་པོ་དང་ཧ་ཅང་དགའ་པོ་བྱུང་།
སྤྱིར་བོད་མི་ལ་མདུན་ལམ་མེད་པ་བཞིན་དུ་བོད་ཀྱི་སྐད་ཡིག་ལ་མདུན་ལམ་ཡག་པོ་མེད་པར་ཕྱི་ནང་ཀུན་གྱིས་མཁྱེན་གསལ་རེད། བོད་ཀྱི་སྐད་ཡིག་འདིར་མ་འོང་ཡུན་གནས་དགོས་ན་བོད་ཀྱི་སྐད་ཡིག་ལ་མདུན་ལམ་བཟོ་དགོས།
དཔེར་ན།
1.དེང་རབས་ཀྱི་བྱ་དངོས་གསར་པ་འཕྲུལ་ཆས་དང་ཀློག་ཆས་ལ་སོགས་མང་པོ་ཞིག་རྒྱ་ནག་གཞུང་གི་བཟོ་གྲྭའི་ནང་དུ་བཟོ་བསྐྲུན་བྱས་དང་བྱེད་བཞིན་པ་རེད། བྱ་དངོས་རེ་རེའི་མཉམ་དུ་སྐད་ཡིག་མི་འདྲ་མང་པོའི་ནང་དུ་བྱ་དངོས་དེར་བེད་སྤྱོད་གཏོང་སྟངས་གསལ་པོ་བཀོད་ཡོད་ཀྱང་བོད་ཀྱི་སྐད་ཡིག་དེ་དག་གི་མཉམ་དུ་བཀོད་མེད། དེར་བརྟེན་བོད་ཀྱི་སྐད་ཡིག་གི་ཐོག་ནས་དེང་གསར་པའི་བྱ་དངོས་རྣམས་བེད་སྤྱོད་བཏང་ཐུབ་ཀྱི་མེད།
2.མི་རིགས་ཤིག་གི་སྐད་ཡིག་ནང་དུ་དེང་རབས་གསར་པའི་ཆེད་ལས་སྣ་གཅིག་མེད་པ་ནི་ང་རང་ཚོའི་བོད་ཀྱི་སྐད་ཡིག་འདིར་རེད། རྒྱ་ནག་གཞུང་གིས་དེང་རབས་གསར་པའི་བཟོ་ལས་དང་ཆེད་ལས་རྣམས་བོད་ཀྱི་སྐད་ཡིག་ནང་དུ་བསྒྱུར་ཐུབ་པའི་གོ་སྐབས་ཆ་ཚང་ཡོད་ཀྱང་བོད་ཀྱི་སྐད་ཡིག་གི་མདུན་ལམ་ལ་ཕན་པའི་བྱ་བ་སྣ་གཅིག་ཀྱང་བྱས་མེད། དེ་དང་གཅིག་མཚུངས་སུ་བཙན་བྱོལ་བོད་གཞུང་གིས་ཀྱང་ཕྱི་རྒྱལ་ཁབ་ཁག་གི་དེང་རབས་གསར་པའི་ཆེད་ལས་རིག་གནས་སྣ་གཅིག་ཀྱང་བོད་ཀྱི་སྐད་ཡིག་ནང་དུ་བསྒྱུར་ཨེ་ཐུབ་ཙམ་ཡང་བལྟས་མྱོང་མེད།
3.དེང་རབས་གསར་པའི་བརྡ་འཕྲིན་གྱི་རིག་གནས་Googleསྐད་བསྒྱུར་ནང་དུ་སྐད་ཡིག་མི་འདྲ་བ་༥༩ཡོད། དགོངས་རྒན་སྐད་བསྒྱུར་གྱིས་སྐད་ཡིག་དེ་དག་ཕར་བསྒྱུར་ཚར་བསྒྱུར་བྱས་ཀྱི་ཡོད་ཀྱང་བོད་ཀྱི་སྐད་ཡིག་ནི་དགོངས་རྒན་སྐད་བསྒྱུར་གྱི་ལེན་ཚན་ནང་དུ་མེད།
4.བོད་ཀྱི་སྐད་ཡིག་འདིར་སློབ་གྲྭའི་ནང་དུ་སློབ་སྦྱོང་བྱེད་ཆོག་པ་ཙམ་མ་ཡིན་པ་བོད་ཀྱི་སྐད་ཡིག་གི་ཐོག་ནས་དེང་རབས་གསར་པའི་རིག་གནས་ཐམས་ཅད་སྦྱང་ཐུབ་པ་བྱུང་ན་བོད་ཀྱི་སྐད་ཡིག་གི་མདུན་ལམ་དང་རང་དབང་རག་པ་རེད།
མདུན་ལམ་མེད་པའི་མི་ཞིག་ལ་རང་དབང་ཡོད་མི་སྲིད་ལ་ཆེད་ལས་མེད་པའི་སྐད་ཡིག་ཞིག་ལ་མདུན་ལམ་ཡོད་མི་སྲིད།
བོད་ཀྱི་སྐད་ཡིག་དང་ཤེས་རབ་དགའ་ཚལ་གླིང་གི་སློབ་མའི་ལག་ཁྱེར་གཉིས་གཞུང་གིས་ངོས་ལེན་མེད་པར་གཅིག་པ་གཅིག་ཀྱང་ཡིན་པར་འདྲ། མ་རེད་པས།
བོད་ཀྱི་སྐད་ཡིག་དངོས་གནས་མ་ཉམས་འཛིན་སྐྱོང་དགོས་ན། ལགས་རེད། རེད། རེད། ་་་་བོད་ཀྱི་སྐད་ཡིག་གིས་རྩིས་རིག་དང་། དངོས་ཁམས། རྫས་འགྱུར། སྐྱེ་དངོས། ས་རྒྱུས་སོགས་སློབ་ཚན་སློབ་ཁྲིད་བྱེད་པའི་དགེ་རྒན་གྱི་དཔུང་སྡེར་མཐོང་ ཆེན་་་་་་ བྱེད་དགོས། ལགས་མ་རེད་པེ།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་མགོ་འཁྲིད་དེ་ཞི་བའི་ཁྲོམ་སྐོར་གྱི་ངོ་རྒོལ་ལས་གཞི་དུས་ཐོག་ཏུ་སྤེལ་ཐུབ་པ་དེར་བསྔགས་བརྗོད་ཚད་མེད་ཞུ།
ང་ཚོར་རྒྱ་གཞང་གིས་སྲིད་ཤེས་ཡོན་སྲིད་ཇུས་དང་། བརྡུང་འདེབས་སྲིད་ཇུས། མནར་གཅོད་སྲིད་ཇུས། མི་རིགས་སྲིད་ཇུས། བྲན་གཡོག་སྲིད་ཇུས་སོགས་དེ་ཚོའི་གྲས་མ་གྲིག་པ་ཅི་ཡོད་ལ་ཞི་བའི་ངོ་རྒོལ་བསྟུད་མར་བྱེད་དགོས།
ག་ཚོད་གཅིག་གྲུབ་འབྲས་སོན་མིན་ལ་མ་ལྟོས་པར་ང་ཚོས་ཞི་བྱེས་བོད་རིགས་སྤྱི་ཡོངས་དང་ལྷག་དོན་མི་རབས་གསར་པའི་ན་གཞོན་ཚོས་བོད་མི་རིགས་འདི་ནངམ་ཞིག་ཡར་ལངས་ཐུབ་རྒྱུར་སེམས་ཤུགས་དང་འགྱུར་མེད་ཀྱིསྙིང་སྟོབས་དང་ལ་རྒྱའི་མདུད་པ་དམ་པོར་འཆིང་དགོས།