ལོ་རྒྱུས་ཀྱི་ཁྲོད་དུ་ཕྱིར་མིག་ཅིག་བལྟས་ཚེ་བཙན་པོའི་དབང་སྒྱུར་གྱི་དུས་རབས་མཇུག་བསྡུས་པ་དང་། བོད་སིལ་བུར་ཐོར་བ་སླར་གསོ་བྱུང་བ་ནས་བཟུང་བོད་ཀྱི་རྒྱལ་རབས་དེ་ཡང་དམིགས་བསལ་གྱི་དཀྱོགས་མཚམས་ཤིག་ཏུ་བསླེབས་ཡོད་དེ། དེ་ཡང་ཆོས་ལུགས་མི་སྣས་སྲིད་དོན་གྱི་དབང་སྒྱུར་ལམ་ལུགས་ཤུགས་ཆེ་བར་གྱུར་བའི་གནས་ཚུལ་ཞིག་བྱུང་ཡོད་ལ། དེ་ནི་ས་སྐྱ་བ་དང་བཀའ་བརྒྱུད་པ། དགེ་ལུགས་པ་སོགས་གཙོ་བྱས་ཏེ་བྱུང་བ་ཞིག་ཡིན། ལོ་རྒྱུས་ཀྱི་རྒྱབ་ལྗོངས་འདི་ལྟ་བུའི་ཁྲོད་དུ་མི་རིགས་ནང་ཁུལ་གྱི་ཡ་ང་ཞིང་། ཁྲག་དྲི་བྲོ་བའི་འཐབ་རྩོད་དང་འབྲེལ་བའི་རྒྱལ་རབས་ཀྱི་བྱུང་བ་མང་བོ་ཞིག་བརྒྱུད་པ་ནི་དངོས་ཡོད་གནས་ཚུལ་ཞིག་ཆགས་ཡོད། ད་ལྟའི་འུ་ཅག་གི་དགའ་ལྡན་ཕོ་བྲང་གི་རྒྱུན་འདི་ཡང་དེ་ལྟ་བུའི་མི་ལོ་སུམ་བརྒྱའི་ཡར་སྔོན་གྱི་རི་བོ་དགེ་ལྡན་པའི་བྱུང་རབས་ཤིག་གི་ཁྲག་རྩར་འབྲེལ་ཡོད།
དེས་ན་ད་ལྟའི་ང་ཚོའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་༧གོང་ས་བཅུ་བཞི་བ་ཆེན་པོ་མཆོག་ཁོང་ཡང་། ཕྱེད་རྒན་ཡོལ་གྱི་རྣམ་པར་བཞུགས་པ་འདིས་ཆབ་སྲིད་ཐད་ཀྱི་དཀྱེལ་ཡངས་ཤིག་མཚོན་གྱི་ཡོད་ཀྱང་། མ་འོངས་པའི་ང་ཚོའི་ཆོས་སྲིད་ཀྱི་དབུ་ཁྲིད་དམ་སྲིད་འཛིན་ནི་རྒྱ་གར་བཞིན་འོས་འདེམས་ཀྱི་ལམ་ལུགས་སྟེང་ནས་འབྱུང་དགོས་པ་ཡིན་ནམ། ཡང་ན། དབྱིན་ཇི་སོགས་ཀྱི་རྒྱལ་རྒྱུད་རིང་ལུགས་ལྟར། སྐུ་ཕྲེང་ལམ་ལུགས་སུ་འགྲོ་དགོས་པ་ཡིན། གང་ལྟར་རྒྱ་ནག་གི་རེ་སྒུག་གི་མཐར་ཐུག་ནི། རྒྱལ་བ་རིན་པོ་ཆེ་སྐུ་ཚེ་གཞན་དོན་དུ་གཤེགས་པར་སྒུག་ཡོད་པ་ཤིན་ཏུ་གསལ་བོ་ཡིན་པས། ང་ཚོའི་སྲིད་འཛིན་དང་སྲིད་བློན་གྱི་དབང་ཚད་དང་ལམ་ལུགས་དེ་ཡང་ཅུང་མག་མོག་གི་རྣམ་པར་གནས་པས། ད་ལྟ་ནས་རི་བོང་གནམ་རྡིབ་ཀྱི་ལྟ་བ་ཞེས་གཤེ་བར་གྱུར་ཡང་གནས་ཚུལ་འདི་དག་ལ་ཤིན་ཏུ་གསལ་ཁ་དགོས་པ་ནི་མ་འོངས་པའི་ཉེན་ཁ་སྔོན་འགོག་གི་དགོས་མཁོ་དང་ཐབས་ལམ་ཞིག་ཏུ་སེམས།
ང་ཚོ་ལ་ཀུན་གྱི་སྨོན་ཡུལ་དུ་གྱུར་བའི་འཛམ་གླིང་ཞི་བདེའི་དེད་དཔོན་བཞུགས་བཞིན་པའི་གོ་སྐབས་འདི་དང་བསྟུན་ཏེ། མ་འོངས་པར་གྲ་སྒྲིག་ཅིག་དང་། མ་འོངས་པའི་སྐྱ་ཐིག་ཅིག མ་འོངས་པའི་བརྟན་སྲུང་གི་ཁོར་ཡུག་ཅིག་བསྐྲུན་རྒྱུ་འཕྱི་དྲགས་མེད་ན་སྔ་མེད་པ་ནི་ཀུན་གསལ་རེད། དེར་བརྟེན། རྒྱ་ནག་གིས་བོད་པ་ཚང་གི་ཡ་ང་བའི་གནས་ཚུལ་ཞིག་ལ་སྒུག་བཞིན་པ་ལྟར་ང་ཚོ་ཡང་བག་ལྷོད་དུ་སྡོད་པ་ནི་ཁོ་ཚོ་སྒུག་པ་ལས་ཀྱང་ཆེས་ཛ་དྲག་ཅིག་ཡིན་པར་འདོད་དེ། ད་ལྟ་གོང་ས་མཆོག་དགུང་གྲངས་བརྒྱད་ཅུར་ཉེ་བར་ཕྱོགས་བཞིན་པའི་སྐབས་འདིར། ང་ཚོས་ཀྱང་གོ་སྐབས་དམ་འཛིན་གྱིས་བསམ་གཞིགས་དང་འཆར་གཞི། གྲ་སྒྲིག་གི་ལས་དོན་འཐུས་ཚང་ཞིག་དགོས་པ་ནི་སྨྲོས་མེད་ཡིན། གལ་སྲིད་ལྟས་ངན་གྱི་ཚིག་སྣ་འདི་དག་ནི་འུ་ཅག་བོད་པའི་རྣ་བར་འཕྲོད་ཤིན་ཏུ་དཀའ་ཡང་། མི་བརྗོད་ཐབས་མེད་ཅིག་ནི་རྒྱལ་བའི་སྐུ་ཚེ་མཇུག་བསྡུས་པའི་ཉི་མ་དང་པོ་ནས་རྒྱ་ནག་གིས་ཡང་སྲིད་ཐག་འཚོལ་དཔྱོད་ཀྱི་ལས་རིམ་མགོ་འཛུགས་རྒྱུ་ཡིན་པ་གསལ་བོ་ཡིན་ལ། དེ་ཡང་ད་ལྟའི་རྒྱལ་མཚན་ནོར་བུས་ཐག་གཅོད་རྒྱུ་ཡིན་པ་སྨྲོས་མེད་རེད།
སྐབས་དེ་ནས་བཟུང་བོད་གཞིས་བྱེས་གཉིས་སུ་ཆེས་བློ་ཡུལ་ལས་འགོངས་པའི་འགལ་ཟླའི་རང་བཞིན་ཅན་གྱི་གནས་ཚུལ་མང་བོ་ཞིག་བསྟུད་མར་འབྱུང་རྒྱུ་ཡིན་པར་མ་ཟད། གལ་སྲིད་ང་ཚོས་ཀྱང་འདི་ག་རྒྱལ་བའི་ཡང་སྤྲུལ་ཞིག་འཚོལ་བའི་དབང་དུ་བཏང་ཚེ། བོར་བརླགས་སུ་ཐེབས་ཟིན་པའི་པཎ་ཆེན་རིན་པོ་ཆེ་མེད་པ་དང་། ཡང་བཙན་བྱོལ་ལུང་བ་ནས་ངེས་པར་དུ་ཐག་གཅོད་ཅིག་བྱ་དགོས་ཐུག་པས། གཞིས་ནས་རྒྱལ་བའི་ཡང་སྲིད་ཅིག་དང་བྱེས་ནས་ཡང་སྲིད་གཉིས་བྱུང་བ་འདིས་ཆབ་སྲིད་དང་ཆོས་ལུགས་གང་གི་ཐད་དུ་བསམ་ན་ཡང་དཀའ་ངལ་ལྷག་མ་ཞིག་འཕྲད་རྒྱུ་ནི་བསྙོན་མེད་ཅིག་སྟེ། དེ་ཡང་དུས་ཚོད་ཀྱི་སྔ་ཕྱི་ཅུང་ཙམ་མ་གཏོགས་འདི་ལྟ་བུའི་གནས་ཚུལ་ནི་ད་ལྟའི་རྒྱ་གཞུང་གི་ལས་དོན་སྒྲུབ་སྟངས་ལས་གསལ་བོར་མངོན་ཡོད།
གང་ལྟར་ང་ཚོས་རྒྱལ་བའི་ཡང་སྲིད་སྐུ་ན་ཤིན་ཏུ་ཕྲ་བའི་དུས་སྐབས་དེ་ལྟ་བུ་ཞིག་ཏུ་བོད་ཀྱི་ཆོས་སྲིད་ཀྱི་དབུ་ཁྲིད་དུ་རྒྱལ་ཚབ་ཅིག་སྔ་མོའི་ལུགས་སྲོལ་བཞིན་བསྐོ་བཞག་བྱ་རྒྱུ་ཡིན་ནམ། ཡང་ན་ཆོས་བརྒྱུད་ཀྱི་བླ་ཆེན་ཞིག་གམ། མི་དྲག་གང་རུང་ཞིག་གསར་དུ་འདེམས་བསྐོ་བྱ་རྒྱུ་ཡིན། དུས་ཚོད་འདིའི་ཁྲོད་དུ་ཆེས་ཛ་དྲག་གི་གནས་ཚུལ་མང་བོ་ཞིག་འབྱུང་སྲིད་པ་ནི་གོང་དུ་བརྗོད་པའི་ཕྱི་ནང་གི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དག་ལས་གསལ་བོར་མཚོན་ཐུབ་ལ། ཆེས་བརྗོད་དཀའ་བའི་གནས་ཚུལ་འདི་དག་གིས་ང་ཚོའི་ཉག་ཕྲ་བའི་བཙན་བྱོལ་གྱི་སྲ་བརྟན་ལ་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་སྲིད་ལ། ང་ཚོའི་བློ་ཡུལ་ལས་འདས་པའི་དོན་རྐྱེན་ཞིག་མི་འབྱུང་བའི་ངེས་པ་དེ་བས་མེད། དེ་དུས་ཐུན་མོང་གི་ངོས་ལེན་བྱེད་ཐུབ་པའི་མི་སྣ་དང་ཚོགས་པ་ཞིག་འབྱུང་རྒྱུ་ཤིན་ཏུ་དཀའ་སྟེ། གནད་འགག་དང་ཉེན་ཁའི་སྐབས་སུ་མི་སུ་ཡིན་ཡང་། ཡིད་ཆེས་དང་མཉམ་འབྲེལ་གྱི་ནུས་པ་ལྷོད་འགྲོ་བ་ནི་ཆོས་ཉིད་དོ།།
རྒྱ་གཞུང་གིས་མཐའ་འབྲས་འདི་ལྟ་བུ་ཞིག་ལ་རེ་སྒུག་བྱེད་བཞིན་པའི་སྐབས་སུ་ང་ཚོ་ལ་ཐབས་ལམ་གསར་བ་གཏན་ནས་མེད་པའང་མིན་ཏེ། དེ་ཡང་བོད་མི་མང་རང་ཉིད་ཀྱིས་ངེས་པར་འཚོལ་སྒྲུབ་བྱ་དགོས་པའི་གལ་འགངས་ཆེ་བའི་ལམ་བུ་ཉག་གཅིག་ནི། ༧གོང་ས་མཆོག་གིས་ད་ལྟ་སྲིད་དོན་གྱི་ཐད་ནས་ཕྱེད་རྒན་ཡོལ་དུ་བཞུགས་པར་མ་ཟད། ཉེ་བའི་ཆར་རྒན་ཡོལ་ཆ་ཚང་ཞུ་ངེས་ཡིན་པའི་བརྡ་ཡང་དང་བསྐྱར་དུ་བསྟན་ཡོད་ལ། སྤྱིར་འཛམ་གླིང་གི་དེང་དུས་ཆབ་སྲིད་ཀྱི་འགྲོ་སྟངས་དང་ལྟོས་འཇོག་གིས་བརྗོད་ན། གོང་ས་མཆོག་གིས་ཆེས་གཞལ་དཀའ་བའི་དགོངས་པ་རྒྱ་ཆེ་བ་ཞིག་བཞེས་པ་ཀུན་གྱི་བློ་ལ་ངེས་དགོས་ཤིང་། འུ་ཅག་གིས་མ་འོངས་པའི་སྔོན་དཔག་དེ་ཡང་དད་པ་གཅིག་པུས་སྟེང་ནས་ཐག་ཆོད་ཐབས་བྲལ་བའི་ཉེན་ཁ་ཞིག་ཀྱང་མཐོང་བས། གལ་སྲིད་ང་ཚོ་ལ་རང་དབང་ཆ་ཚང་ཞིག་ཐོབ་པའི་ཉིན་མོ་འུ་ཅག་གི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་དམ། སྲིད་འཛིན་ལམ་ལུགས་ཅི་ཞིག་ཏུ་འགྱུར་ཡང་འགྱུར་ཆོག་པ་ལས་ད་ལྟ་ནི་ཆེས་ཛ་དྲག་གི་སྐབས་སུ་ཡོད་ཚད་དེང་རབས་ལམ་ལུགས་ཞེས་རང་ཉིད་ཀྱི་ཁོར་ཡུག་ལ་མ་བལྟས་པར་བསྒྱུར་བཅོས་བྱ་རྒྱུ་ནི་ཤིན་ཏུ་ཚབས་ཆེན་ཞིག་སྟེ། དེས་ན་མ་འོངས་པའི་ཉེན་ཁ་དེ་ལས་གཡོལ་དགོས་ན། ༧གོང་ས་མཆོག་གི་མ་འདས་སྤྲུལ་སྐུ་ཐུགས་ཐག་གཅོད་རྒྱུ་དེ་ལས་མ་འདས་སྙམ། དེ་ནི་ད་ལྟའི་སྲིད་དོན་འཚོ་གནས་ཀྱི་ཐབས་ལམ་ཉག་གཅིག་གོ།
ཡང་འགའ་ཤས་ལ་མ་འདས་སྤྲུལ་སྐུའི་ལམ་ལུགས་ནི་ཅུང་ཧང་སངས་པའི་རྣམ་པ་ཞིག་འབྱུང་སྲིད་ནའང་། དེ་ནི་རྒྱལ་དབང་སྐུ་ཕྲེང་ན་རིམ་གྱི་ཁྲོད་དུ་ཡང་བྱུང་མྱོང་བའི་གནས་ཚུལ་ཞིག་སྟེ། རྒྱལ་དབང་དྲུག་པ་དང་བདུན་པའི་བར་དུ་ཡང་དེ་ལྟ་བུའི་ལོ་རྒྱུས་ཀྱི་དཔང་རྟགས་ཡོད་པས། ང་ཚོས་འདི་ཉིད་ངེས་པར་བསྒྲུབ་དགོས་པར་སྙམ། དེ་ལྟར་སྒྲུབ་པ་ལ་མི་མང་གཙོ་བྱས་ཏེ། ས་སྐྱ་བདག་ཁྲི་རིན་པོ་ཆེ་དང་དཔལ་རྒྱལ་བ་ཀརྨ་པ། སྨན་རིའི་ཁྲི་འཛིན་སོགས་ཀྱིས་སྣེ་ཁྲིད་དེ་བསྒྲུབ་རྒྱུ་ཡང་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་སྟེ། དེ་ནི་ལོ་རྒྱུས་ཀྱི་དོན་རྐྱེན་བསྐྱར་ལོག་མི་བྱེད་པ་དང་། མ་འོངས་པའི་ལམ་བུ་སྟོབས་ཤུགས་ལྡན་པར་འགྱུར་བའི་མཐུན་རྐྱེན་ཆེ་ཤོས་ཤིག་ཏུ་འདོད། དེ་མིན་རྒྱ་གཞུང་གིས་གནས་ཚུལ་འདི་ནི་སྐྱབས་མགོན་རིན་པོ་ཆེའི་སྐུ་སྒེར་གྱི་ཐོབ་དབང་རྒྱུད་འཛིན་གྱི་སྲིད་ཇུས་བྱེད་ཐབས་ཤིག་ཏུ་བསྒྲུབ་སྲིད་པར་མ་ཟད། རྒྱལ་རྒྱུད་ཀྱི་དབང་སྒྱུར་ལམ་ལུགས་ལྟ་བུའི་སྤྲུལ་རྒྱུད་ཀྱི་དབང་སྒྱུར་ལམ་ལུགས་ཤིག་ཏུ་ཡང་ངོས་འཛིན་སྲིད་པས། ༧གོང་ས་མཆོག་སྐུ་སྒེར་ངོས་ནས་འདི་ལྟར་བསྒྲུབ་པའི་ཐུགས་འདུན་ནམ་འདོད་པ་མེད་པ་ནི། ད་ལྟ་ཁོང་གིས་ཆབ་སྲིད་ཐད་ཀྱི་རྒན་ཡོལ་ཡོངས་སུ་ཞུ་བཞིན་པ་འདིས་དཔག་ཐུབ་ལ། ང་ཚོའི་འབྱུང་འགྱུར་ལ་མཚོན་ན་གནས་ཚུལ་འདི་ནི་མི་མང་ཡོངས་ཀྱིས་མང་གཙོའི་ལམ་ལུགས་ཤིག་གི་སྟེང་ནས་རེ་སྐུལ་དང་སྐྱབས་འཇུག་ཞུ་རྒྱུ་དེ་ཡིན། ད་ལྟ་ང་ཚོའི་མདུན་དུ་ལྷག་པའི་ལམ་བུ་སྟེ། མ་འདས་སྤྲུལ་སྐུའི་ཐབས་ལམ་འདི་གཅིག་པུའི་གདམ་ག་ལས་ཅི་ཡང་ལྷག་མེད་པར་མཐོང་ལ། གལ་སྲིད་དུས་ཚོད་འདི་ཉིད་འཕྱི་འགྱངས་བྱུང་ཚེ། ༧གོང་ས་མཆོག་གི་དགུང་གྲངས་གནས་བབ་ཀྱི་སོགས་གང་ལ་བསམ་ན། ང་ཚོའི་རེ་བ་དེ་ཡང་ཚད་ལྡན་ཞིག་འགྲུབ་རྒྱུ་ཅུང་དཀའ་བར་འགྱུར་ངེས་སྟབས། རྒྱ་གཞུང་གིས་ཀྱང་སྔར་ནས་རེ་ཞིང་སྒུག་པའི་འུ་ཅག་གི་སྐྱུག་བྲོ་བའི་ལྟད་མོ་ཞིག་མི་འབྱུང་བའི་གདེང་ཚོད་ནི་ཅིས་ཀྱང་བརྙེད་དཀའ་བའོ།
ཕྱི་ལོ་ ༢༠༡༠ ཟླ་ ༡༡ ཚེས་ ༩ ལ་བྲིས།
རྩ་བའི་མ་འོངས་པར་བོད་མི་མང་གིས་ཐག་གཅོད་གནང་དགོས་ངེས་ཤིག་རེད་ཀྱང་། ངོས་ཀྱི་སེམས་པར་བོད་མི་མང་ལ་ཆིག་བསྒྲིལ་དང་བདེ་སྐྱིད་དགོས་ན་ངེས་པར་དུ་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་དུ་བསྐོ་གཞག་གནང་དགོས།
ཡ་ང་བའི་དྲ་རོགས་ཨ་འཇམ་ལགས་ཁྱེད་ཀྱི་སེམས་ལ་དྲི་ངན་མེད་པ་ངས་ཤེས་ཐུབ་འོན་ཀྱང་མགོ་སེར་ལྟར་བསམ་ཚད་དང་དྲན་ཚད་གང་བྱུང་དུ་མ་བྲིས་ན་ལེགས་།
འོ་ན་ངས་ཁྱེད་ལ་དྲི་བ་གཅིག་ཡོད་།
ཁྱེད་རང་གི་ཚེ་འདིའི་ཕ་མ་གཉིས་སྐྱེ་བ་ཕྱི་མར་ཡང་ཁྱེད་ཀྱི་ཕ་མར་ཡོང་སྲིད་དམ་
སྤྱིར་ཆབ་སྲིད་གོ་ཐོབ་མེད་ན་གང་བྱུང་མ་བྲིས་
ཀརྡོས་གཞིས་བྱེས་བོད་མི་ཡོངས་ལ་སྤྲིངས་པ། ༧གོང་ས་༧སྐུ་ཕྲེང་བཅུ་བཞི་པ་མཆོག་༧སྐུ་ཚེ་དགུང་ལོ་༡༡༣ཙམ་བཞུགས་པར་སྨོན་ལམ་དང་། ཁས་བླངས་དམ་ཚིག་སྲུང་དགོས། དད་མེད་སྤྱི་དང་། ཁྱད་པར་ཆོས་ལུགས་གཞན་པ་དང་། བུད་མེད་རང་དབང་རྩོད་ལེན་པ་སོགས་ཀྱིས་དྲི་ལན་ཙམ་ལ་མགོ་མ་འཁོར་བར། ༧གོང་ས་༧སྐུ་ཕྲེང་བཅོ་ལྔ་པ་ཡང་བོད་རིགས་སྒེར་དང་འཛམ་གླིང་སྤྱི་ཡི་ཕན་བདེའི་བྱེད་པོ་ཞིག་ལ་རེ་འབུངས་ད་ལྟ་ནས་བྱ་དགོས། དགེའོ།
སངས་རྒྱས་དང་བྱང་ཆུབ་སེམས་དཔའི་མཛད་པ་འཕྲིན་ལས་ནི་གདུལ་བྱའི་ཁམས་དང་། མོས་པ། ཡུལ་དུས། བྱ་བྱེད་སོགས་སྣ་ཚོགས་མཐའ་ཡས་པ་ལ་གཞིགས་ཏེ་སེམས་ཅན་གྱི་དོན་རྒྱུན་ཆད་མེད་པར་མཛད་བཞིན་ཡོད་སྟབས་འདི་འདྲ་འབྱུང་དང་འདི་འདྲ་ཞིག་མ་བྱུང་ཞེས་སུས་ཀྱང་བརྗོད་མི་ནུས།
༸ གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་འཕགས་མཆོག་ཕྱག་ན་པདྨོས་ཕྱག་སྟོང་དང་། སྤྱན་སྟོང་། འཁོར་ལོས་བསྒྱུར་བའི་རྒྱལ་པོ་སྟོང་། མདོར་ན་གང་ལ་གང་འདུལ་གྱིས་སྤྲུལ་པས་བསྟན་འགྲོའི་དོན་ཆེན་སྒྲུབ་པར་མཛད་བཞིན་ཡོད་པའི་འཕགས་པ་ཐུགས་རྗེ་ཆེན་པོའི་སྤྲུལ་པ་དངོས་གཅིག་ཡིན།
ལྷན་རྒྱས་ཚོས་གཤམ་དུ་ཆོས་རྗེ་དམ་པ་འཇིགས་མེད་ཕུན་ཚོགས་མཆོག་གིས་མཛད་པའི་གསུང་བྱིན་རླབས་ཅན་དེང་དུས་ཀྱི་གཞས་པ་གྲགས་ཅན་ཀུན་དགའ་ལགས་ཀྱི་བཏང་བའི་ཚིགས་བཅད་ཤོ་ལོ་ཀ་གསུམ་དེ་ལུང་འདྲེན་ཚུལ་དུ་ཕུལ་བས་དེར་གཟིགས་ཞིབ་ཡོད་པ་མཁྱེན།
ཆོས་དབྱིངས་སྤྲོས་བྲལ་ཆོས་སྐུའི་ཞིང་ཁམས་སུ། །
ཁྱད་ཆོས་ཆོས་དྲུག་ལྡན་གདོད་མའི་བཙན་ས་བཟུང་།
འཇམ་དཔལ་ཀུན་ཏུ་བཟང་ལ་གསོལ་བ་འདེབས། །
ཀ་དག་མངོན་སུམ་རྟོགས་པར་བྱིན་གྱིས་རློབས། །
རང་སྣང་རྣམ་དག་ལོངས་སྐུའི་ཞིང་ཁམས་སུ།།
ངེས་པ་ལྔ་ལྡན་རྟགས་ཀྱིས་ཕྱག་རྒྱར་རྫོགས།།
འཇམ་དཔལ་ཡེ་ཤེས་སེམས་དཔར་གསོལ་བ་འདེབས།།
སྣང་བཞི་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས།།
མ་ངེས་འགྲོ་འདུལ་སྤྲུལ་སྐུའི་ཞིང་ཁམས་སུ།།
གང་འདུལ་སྤྲུལ་པའི་རོལ་པ་ཅིར་ཡང་སྟོན།།
འཇམ་དཔལ་རྡོ་རྗེ་འཆང་ལ་གསོལ་བ་འདེབས།།
བསྟན་འགྲོའི་དོན་ཆེན་བསྒྲུབ་པར་བྱིན་གྱིས་རློབས།།
མ་འདས་སྤྲུལ་སྐུ་ཞེས་པ་ནི་ཡོད་ཆོག་པ་དང་དེ་བས་ཡོང་དགོས་པ་ཞིག་ཀྱང་ཆགས་ཡོད།
༸་གོང་ས་སྐུ་སྐྱེས་བཅོ་ལྔ་པ་ཡང་མ་འདས་སྤྲུལ་ཞིག་ཕེབས་ན་བློའི་ཡུལ་ལས་འདས་པ་དང་
ཡོང་མི་སྲིད་པ་ཞིག་གཏན་ནས་མིན།
༸་གོང་ས་མཆོག་སྤངས་རྟོགས་མཐར་ཕྱིན་པའི་དམ་པ་ཞིག་གིས་གཞན་དོན་དུ་བསམ་བཞིན་དུ་གདུལ་བྱའི་སྣང་ངོར་གཟུགས་སྐུའི་བཀོད་པ་མི་འདྲ་བ་ཐ་དད་དུ་སྟོན་པ་ནི་འགལ་བ་ག་ལ་
ཡོད། སྤངས་རྟོགས་མཐར་ཕྱིན་པའི་དམ་པ་རྣམས་ཀྱིས་ཡེ་ཤེས་ཆོས་སྐུ་བདག་རྐྱེན་དང་སྤྲུལ་གཞི་
གཅིག་ནས་གཟུགས་སྐུ་ཐ་དད་པ་དུ་མ་ཞིག་སྟོན་པ་ནི་དཔེ་མཚོན་ཞུ་ན། སྔོར་སྟོན་པ་ཉིད་ཀྱིས་བྱ་རྒོད་ཕུང་པོའི་རི་ལ་ཤེར་ཕྱིན་ཟབ་མོ་གསུངས་པ་དང་དུས་མཉམ་དུ་
མཆོད་རྟེན་དཔལ་ལྡན་འབྲས་སྤུངས་སུ་གསང་སྔགས་ཀྱི་ཆོས་གསུངས་ཡོད་པ་ནི་གཞུང་
ལུགས་ལས་གསལ་བ་ལྟར་དམ་པ་རྣམས་ཀྱིས་མཐུན་སྣང་དུ་གྲུབ་པ་དང་སྟོན་པས་ཆོས་འཁོར་
གསུམ་གཅིག་ཅར་དུ་གསུངས་པ་ཡང་སྒྲུབ་བྱེད་དེ་ཉིད་དོ།
དངོས་པོའི་གནས་ཚུལ་ལ་སངས་རྒྱས་ཞིག་ཡིན་ན་ལྟ་སྨོས་ཀྱང་ཅི་དགོས།
བྱང་སེམས་ས་དང་པོ་ལ་གནས་པའི་སེམས་དཔའ་རྣམས་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་
མངའ་བས་སྐད་ཅིག་རེ་ལ་ཡང་སྤྲུལ་པ་མི་འདྲ་བ་བརྒྱ་ཕྲག་སྟོན་ནུས་པ་ནི་ཤིན་ཏུ་གསལ་བས་
ཞི་བདེ་དེད་དཔོན་ཆེན་པོ་དང་སྐྱེས་ཆེན་དམ་པ་རྣམས་ཀྱིས་སྤྲུལ་པ་རེ་རེ་ཁོ་ན་་ལས་སྟོན་མི་
ནུས་པ་མ་ཡིན་པའི་ཕྱིར།
སངས་རྒྱས་ཀྱི་གསུང་རབ་དང་གཞུང་ལུགས་རྣམས་ལས་བྱུང་བའི་ལུང་རིགས་ཀྱི་སྒྲུབ་བྱེད་
མཐའ་ཡས་པ་ཞིག་ཡོད་མོད་ཀྱང་མང་བ་འཇིག་ནས་མ་བྲིས་སོ།
མདོར་དོན་སྙིང་པོ་ནི་༸་གོང་ས་མཆོག་ཉིད་ཀྱིས་ཞལ་བཞེས་གནང་ན་མི་ཡོང་བ་ཞིག་དང་
རྙོག་གྲ་ཕར་མ་ཆགས་རྒྱུ་དང་ཡིད་ཆེས་དཀའ་བའི་གནས་གཏན་ནས་མིན་ན་ཡང།
ཡིད་ཆེས་ཀྱི་དད་པ་ནི་མེད།གཞུང་ལུགས་ལ་སྦྱངས་པ་ནི་བྱས་མེད།རྣམ་རྟོག་གི་དྲ་བའི་ནང་དུ་ཚུད།རྨོངས་ཚོད་ཀྱི་གྱ་ཚོམ་སྨྲ་བ་ལ་དགའ་བ་རྣམས་ཀྱིས་ངེས་དོན་གྱི་གཞུང་ལ་སྦྱང་པ་
གྱིས་ཤིག་ཅེས་གདམས་པའོ།
མདོར་ན་གཞུང་གི་སྲི་ཞུ་བ་དང་དགོན་པ་ཁག་གི་ལས་ཀྱི་སྣེ་མོ་དག་གིས་མི་དམངས་ཀྱི་ཚབ་བྱེད་ནས་ངེས་པར་དུ་༸གོང་ས་མཆོག་ལ་སྐྱབས་འཇུག་ཞུ་དགོས་པ་ཡིན།
དྲྭ་རོགས་ཨ་འཇམ་ལགས་ངོ་མ་སྐུ་ཉིད་ཀྱིས་རང་གི་རིག་སྟོབས་དང་དཔྱོད་ཤེས་ཀྱི་རྣོ་ངར་ཕྱི་ལ་བསྟན་ནས་ཟིན་བྲིས་རྩོམ་ཡིག་འདི་འདྲ་ཞིག་སྤེལ་ཐུབ་པ་ངོ་མ་དགའ་ནི་ཡིན། ཡིན་ནའང་རྩོམ་ཡིག་འདི་ཕྱི་ཚེས ༡༡ ཉིན་མ་གཏོགས་གུས་པ་རྐང་གསུམ་གྱིས་མཐོང་ཐུབ་མ་སོང་། དྲྭ་རོགས་ད་ལྟའི་དུས་སུ་ཕྲན་རྐང་གསུམ་གྱིས་བོད་ཀྱི་རྩམ་པ་ཟ་ཁང་ནང་ནས་ཁྱེད་ཀྱི་ཟིན་བྲིས་རྩོམ་ཡིག་འདི་ཀློག་བཞིན་པའི་སྒང་ཡིན། འོན་ཀྱང་རྩོམ་ཡིག་འདིའི་ནང་ཁྱོད་དང་འུ་གཉིས་ཀྱི་བར་ན་ལྟ་ཚུལ་དང་བསམ་ཚུལ་མི་འདྲ་ས་ཁ་ཤས་ཤིག་འདུག། ཡིན་ནའང་དེ་དག་རེ་རེ་བཞིན་སྐུ་ཉིད་ལ་བཤད་འདོད་བྱུང་།
དྲྭ་རོགས་གནའ་བོའི་འུ་ཚང་གི་ལོ་རྒྱུས་ཁྲོད། བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་བྱུང་འཕེལ་དང་འབྲེལ་བའི་བོད་གཞུང་དགའ་ལྡན་ཕོ་བྲང་གི་ལོ་རྒྱུས་ནི། སྐུ་ཉིད་ཀྱིས་གསུང་བ་བཞིན་རི་བོ་དགེ་ལྡན་པའི་གྲུབ་མཐའི་ཆག་འཇིག་གི་ཁྲག་རྩ་དང་འབྲེལ་ཡོད་པ་དངོས་ཡོད་ཀྱི་ལོ་རྒྱུས་ཤིག་རེད། ཡིན་ནའང་སྐབས་དེའི་ཆོས་ལུགས་མི་སྣའི་ཁྲོད་ཀྱི་སྲིད་དོན་དབང་འཛིན་པ་ཚོའི་མདུན་དུ། ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ཤིག་གང་ན་ཡོད། ཁོ་བ་ཚོའི་མདུན་དུ་ཤ་རུལ་ལ་སྦྲང་མ་འཁོར་བ་བཞིན་སྒེར་གཅོད་པ་དང་ཆིག་གཅོད་ཀྱི་ལྟ་ངན་འཛིན་པ་གང་མང་ཞིག་གིས་གཞོགས་འདྲོགས་དང་ཧོལ་རྒྱུག་བྱེད་བཞིན་སོ་སོས་གང་འདོན་བཞིན་ལས་ལ་བརྩོན་བཞིན་ཡོད། དེ་བཞིན་སྔོན་ཆད་ཕྱི་གླིང་བ་ཚོའི་ཁ་ནས་ཀྱང་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ཞེས་འབོད་མྱོང་ཡོད་ནའང་། ཁོ་བ་ཚོའི་ཁྲིམས་ཀྱི་མདུན་ས་ནས་ཆོས་ལུགས་པ་ཚོའི་གཉའ་བ་གཅོག་ཅི་ཐུབ་བྱས་པ་རེད། དེ་བཞིན་འུ་ཚང་གི་སྔོན་གྱི་ཆོས་སྲིད་ཟུང་འབྲེལ་ཞེས་པའི་བགྲོད་ལམ་དེའི་མདུན་དུའང་། བོད་ཀྱི་སྲིད་དོན་པ་དང་སྲིད་དོན་གྱི་བྱ་འགུལ་གང་མང་ཞིག་གི་གཉའ་བ་གཅོག་ཅི་ཐུབ་བྱས་མྱོང་ཡོད་པ་མ་ཟད། ཆོས་ལུགས་པའི་ཁྲོད་ཀྱི་སྲིད་དོན་པ་དེ་ཚོས་རང་རང་གི་གོ་ཐོབ་དང་གཞིས་ཀའི་ཆེད་དུ་ཁྲག་དྲི་བྲོ་བའི་ཕུ་ནུ་ནང་འཁྲུག་གི་འཐབ་རྩོད་དང་། ཆོས་བརྒྱུད་དང་གྲུབ་མཐའི་བར་ན་བརྗེད་དཀའ་བའི་ལོ་རྒྱུས་ཀྱི་གོད་ཆག་གང་མང་ཞིག་འཇོག་མྱོང་བ་རེད། དྲྭ་རོགས་འདི་ནི་ཞོར་འཕྲོས་བྱས་པ་ཙམ་ཡིན།
ད་ལྟའི་དུས་འདིར་ང་ཚོའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད༧གོང་ས་སྐྱབས་མགོན་བཅུ་བཞི་བ་ཆེན་པོས་རང་ཉིད་ཕྱེད་རྒན་ཡོལ་གྱི་རྣམ་པར་བཞུགས་ཡོད་ཅེས་པའི་བཀའ་གསུང་ཡང་ནས་ཡང་དུ་བསྩལ་དང་སྩོལ་བཞིན་ཡོད་པའི་གསུང་འགྲོས་འདིའི་ཐོག་ལ་བསམ་བློ་རེ་གཏོང་ཁུར་བྱས་པ་ཡིན་ན། མ་འོངས་བོད་རྒྱལ་ཁབ་ཆེན་པོའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་དམ་སྲིད་འཛིན་ནི། དབྱིན་ཇི་རྒྱལ་རྒྱུད་ལམ་ལུགས་དང་། ང་ཚོས་གནའ་ནས་ད་བར་བརྒྱུད་མྱོང་བའི་སྐུ་ཕྲེང་ལམ་ལུགས་སོགས་ཀྱི་ཐོག་ཏུ་འགྲོ་བ་ཡིན་ན། མཐའ་མི་འཁྱོངས་པའི་བདེན་དོན་དང་གནས་ལུགས་ཤིག་ཁོང་གིས་རྟོགས་ཡོད་པར་བརྟེན། ཁ་བ་གངས་ཅན་པ་ཚོའི་མདུན་དུ་ཁོང་གིས་ལྗགས་བཀོད་འདི་ལྟར་སྤྱན་འབེབ་བྱས་པ་ཞིག་རེད། དེ་བས་ན་ང་ཚོས་མ་འོངས་པའི་དུས་སུ་རང་ཉིད་སྔོན་ཆད་བརྒྱུད་མྱོང་བའི་སྐུ་ཕྲེང་ལམ་ལུགས་དང་། དེ་མིན་དབྱིན་ཇི་རྒྱལ་རྒྱུད་ལམ་ལུགས་སོགས་གང་གི་ཕྱོགས་སུ་ཡང་འགྲོ་མི་ཐུབ་པ་དུས་དང་ལོ་ཟླའི་འཕེལ་འགྱུར་གྱིས་ཀྱང་ང་ཚོ་ལ་ཁ་གྲག་བཞིན་ཡོད་པ་ཤེས་དགོས་ལ་ཤེས་ཀྱང་ཡོད། དེའི་ཕྱིར་ང་ཚོའི་འབྱུང་འགྱུར་གྱི་ལམ་ཁ་དེ་ནི་མིའི་ཁེ་དབང་དང་འོས་འགན་ལོངས་སུ་སྤྱོད་ཐུབ་པའི་མང་གཙོའི་གཞུང་ལམ་འདིའི་ཐོག་གོམ་པ་རིམ་བགྲོད་བྱས་ནས་མི་ལོ་ལྔ་བཅུ་འགྲོ་བཞིན་ཡོད་པ་མ་ཟད། སྐབས་གསུམ་པའི་བོད་ཀྱི་འོས་འདེམས་ཆེན་མོས་ཀྱང་ང་ཚོའི་འབྱུང་འགྱུར་གྱི་ལམ་ཁ་སྔར་ལས་ཇེ་བརྟན་ཏུ་གཏོང་ངེས་ཡིན་པ་སྔོན་འགྲོས་འོས་འདེམས་ཀྱིས་ཀྱང་ང་ཚོ་ལ་གསལ་འདེབས་ཡག་པོ་ཞིག་བྱེད་ཀྱིན་འདུག
དེ་མིན་སྐུ་ཉིད་ཀྱིས་(མི་བརྗོད་ཐབས་མེད་ཅིག་ནི་རྒྱལ་བའི་སྐུ་ཚེ་མཇུག་བསྡུས་པའི་ཉི་མ་དང་པོ་ནས་རྒྱ་ནག་གིས་ཡང་སྲིད་ཐག་འཚོལ་དཔྱོད་ཀྱི་ལས་རིམ་མགོ་འཛུགས་རྒྱུ་ཡིན་པ་གསལ་བོ་ཡིན)ཞེས་པའི་སྐད་ཆ་དེའི་རིགས་ནི་ཕྱོགས་ངོས་གཅིག་ནས་བདེན་བདེན་འདྲ་བོ་ཞིག་ཡོད་ནའང་། རྒྱ་ནག་གིས་ཡང་སྲིད་འཚོལ་དཔྱོད་ཀྱི་ལས་རིམ་འདི་ནི་རྒྱལ་བའི་སྐུ་ཚེ་མཇུག་བསྡུས་པའི་ཉི་མ་དང་པོ་ནས་འགོ་འཛུགས་བྱེད་མི་སྲིད་པ་ཞིག་མ་རེད། ཡིན་ནའང་ལས་རིམ་དེ་ནི་དེའི་སྔོན་ནས་འཛུགས་སྲིད་པ་ཞིག་ཀྱང་རེད། མ་ཟད་ད་ལྟ་ནས་བཙུགས་ཚར་ཡོད་པའི་ལས་དོན་ཞིག་མི་ཡང་མི་སྲིད། དཔེར་ན་ལོ་སྔོན་མ་ནས་བོད་ཀྱི་ཡང་སྲིད་ངོས་འཛིན་ལམ་ལུགས་འོག་སྤྲུལ་སྐུ་ངོས་འཛིན་བྱེད་དགོས་ན་ཀྲོང་དབྱང་ནས་ཆོག་མཆན་ཞུ་དགོས་པའི་རྩ་ཁྲིམས་ཤིག་བཟོས་ཡོད་པ་འདིའི་ཕུགས་ཀྱི་ཆབ་སྲིད་ཀྱི་གནད་དོན་ཡང་༧གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དང་འབྲེལ་བ་ཡོད་པ་བརྒྱ་ཆ་བརྒྱ་རེད། དེ་མིན་པཎ་ཆེན་སྐུ་ཕྲེང་བཅུ་བའི་ཡང་སྲིད་ངོས་འཛིན་དང་ཁྱབ་བསྒྲགས་བྱེད་ཕྱོགས་ཐད་ནས་རྒྱ་ནག་ང་ཚོའི་རྗེས་སུ་ལུས་ཡོད་པར་བརྟེན། ད་རེབ་རྒྱ་ནག་གིས་རྒྱལ་བའི་ཡང་སྲིད་ངོས་འཛིན་དང་ཁྱབ་བསྒྲགས་བྱེད་ཕྱོགས་ཐད་ལ་ནུས་པ་ཡོད་དགུ་འདོན་ངེས་ཡིན་པ་མ་ཟད། གནད་དོན་དེའི་འོག་ནས་ནམ་ཡང་ང་ཚོ་ལས་འཕྱི་རུ་འཇུག་མི་ཉན་པའི་གནས་ལུགས་ཤིག་དང་རྒྱུ་མཚན་ཞིག་རྒྱ་ནག་གིས་རྟོགས་ཡོད་པ་གསར་བོ་རེད། དཔེར་ན་ལོ་སྔོན་མའི་རྒྱ་ནག་གི་རྩ་ཁྲིམས་དེའི་རྒྱལ་བའི་ཡང་སྲིད་ངོས་འཛིན་འཚོལ་དཔྱོད་ཀྱི་ལས་རིམ་ད་ལྟ་ནས་རྒྱ་ནག་གིས་འགོ་བཙུགས་ཚར་ཡོད་པའི་དངོས་གཟུགས་ཤིག་ཕྱི་ལ་བསྟན་པ་དང་གཅིག་མཚུངས་རེད།
༧་གོང་ས་བཅུ་བཞི་བ་ཆེན་པོ་སྐུ་ཚེ་གཞན་དོན་དུ་གཤེགས་པའི་ཚུལ་བསྟན་པའི་སྐབས་དེར། བཙན་བྱོལ་ཁྲོད་ནས་དགའ་ལྡན་ཁྲི་རིན་པོ་ཆེ་དང་། ས་སྐྱ་བདག་ཁྲི་རིན་པོ་ཆེ། དཔལ་རྒྱལ་དབང་ཀརྨ་བ་རིན་པོ་ཆེ། སྨན་རིའི་ཁྲི་འཛིན་རིན་པོ་ཆེ་སོགས་བླ་ཆེན་དང་སྐྱེས་ཆེན་དམ་པ་གང་མང་ཞིག་གིས་མཁྱེན་སྟོབས་དང་བློ་གྲོས་ལ་བརྟེན་ནས་ཡང་སྲིད་འཁྲུལ་མེད་ཅིག་ངོས་འཛིན་བྱེད་ངེས་ཡིན་པ་མ་ཟད། རྒྱ་ནག་གིས་ཀྱང་རྒྱལ་མཚན་ནོར་བུ་ལག་ཆ་བྱས་ནས་ཡང་སྲིད་ཅིག་ངོས་འཛིན་བྱེད་ངེས་ཡིན་པ་སྨྲོས་མེད་རེད། ཡིན་ནའང་(སྐབས་དེ་ནས་བཟུང་བོད་གཞིས་བྱེས་གཉིས་སུ་ཆེས་བློ་ཡུལ་ལས་འགོངས་པའི་འགལ་ཟླའི་རང་བཞིན་ཅན་གྱི་གནས་ཚུལ་མང་བོ་ཞིག་བསྟུད་མར་འབྱུང་རྒྱུ་ཡིན་པར་མ་ཟད།)ཅེས་སྐུ་ཉིད་ཀྱིས་གསུང་བ་ནི་གནས་ལུགས་དང་བདེན་དོན་གྱིས་ཕོངས་པའི་བཤད་ཡམས་ཀྱི་སྐད་ཆ་ཞིག་ལས་གཞན་གང་ཡང་མི་འདུག་བསམ་སོང་། སྐབས་དེར་རྒྱ་ནག་གིས་དུས་ཚོད་སྔ་ཕྱི་ཙམ་ཡང་བརྩོད་ངེས་ཡིན་པ་ད་ལྟའི་རྒྱ་ནག་གི་ཆབ་སྲིད་རིག་པའི་འཕེལ་ཕྱོགས་དང་། ལག་ལེན་ཁྲོད་ཀྱི་ཆབ་སྲིད་ཀྱི་ལས་འགུལ་སྤེར་སྟངས་སོགས་ཀྱི་གནད་དོན་ལས་གསལ་བོ་ང་ཚོས་རྟོགས་ཐུབ་ངེས་རེད། ཡིན་ནའང་བོད་མི་རིགས་ཀྱི་བསམ་བློ་དང་ཀུན་སྤྱོད་ཀྱི་རྨང་གཞི་ནི་ནང་བསྟན་གྱི་ཆོས་དང་འབྲེལ་ཡོད་སྟབས་རང་ཉིད་ཀྱི་བླ་མའི་ཡང་སྲིད། རང་གི་བླ་མ་དང་ཐུགས་རྒྱུད་གཅིག་ཏུ་འདྲིས་པའི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་སྐྱེས་ཆེན་དམ་པ་ཚོས་ངོས་འཛིན་བྱས་པའི་ཡང་སྲིད་འདི་ལ་དད་པ་དང་ཡིད་ཆེས་བྱེད་ངེས་ཡིན་པ་མ་ཟད། རྒྱལ་སྤྱི་རང་བཞིན་ཅན་གྱི་ནང་པ་ཡོངས་ཀྱིས་སྐབས་དེར་བཙན་བྱོལ་བོད་མིས་ངོས་འཛིན་བྱས་པའི་ཡང་སྲིད་འདི་ལ་ཡིད་ཆེས་དང་དད་མོས་བྱེད་ངེས་ཡིན་པ་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་ལམ་ལུགས་འདིའི་ཁྲོད་ནས་གསལ་བོར་རྟོགས་ཐུབ་ངེས་རེད།
གང་ལྟར༧གོང་ས་བཅུ་བཞི་བ་སྐུ་ཚེ་གཞན་དོན་དུ་གཤེགས་པའི་ཚུལ་བསྟན་པ་ནས་སྐྱེ་ཕྲེང་བཅོ་ལྔ་བ་འཇིག་རྟེན་དུ་ཕེབས་རག་བར་དང་། དེ་མིན་སྐྱེ་ཕྲེང་ལྔ་བའི་ཡང་སྲིད་ངོས་འཛིན་བྱས་ནས་སྐུ་ན་ཤིན་ཏུ་ཕྲ་དུས་ཀྱི་ལོ་ཟླའི་འཕེལ་འགྱུར་ལ་ང་ཚོས་བསམ་བློ་ཞིག་བཏང་བ་ཡིན་ན། འདས་པའི་འུ་ཚང་གི་ལོ་རྒྱུས་ཁྲོད་ལོ་ཟླ་དེ་དག་ནི་ཆོས་ལུགས་མི་སྣའི་ཁྲོད་ཀྱི་སྲིད་དོན་པ་དེ་ཚོས་རང་རང་གི་ཁེ་དབང་དང་གཞིས་ཀ་ཡི་ཆེད་དུ། ཁྲག་དྲི་བྲོ་བའི་ཕུ་ནུ་ནང་འཁྲུག་གི་འཐབ་རྩོད་གང་མང་བྱུང་དུས་ཀྱི་ལོ་ཟླ་ཞིག་ཏུ་བསྒྱུར་ཚར་ཡོད་ནའང་། ད་ལྟའི་དུས་འདིར་ང་ཚོར་དེ་ལྟ་བུའི་ལོ་རྒྱུས་ཁྲོད་ཀྱི་ཆག་འཇིག་ཅིག་བྱུང་མི་སྲིད། ཉེ་བའི་ཆར༧གོང་ས་མཆོག་ལ་རྒྱ་ནག་གི་རྩོམ་པ་པོ་ཝང་ལི་ཞུང་བརྒྱུད་རྒྱ་རིགས་མི་གྲངས ༡༥༥༨ ཀྱིས་དྲི་བ ༣༡༧ ཕུལ་བའི་ནང་དུ༧གོང་ས་མཆོག་གིས་དྲི་བ་གཅིག་གི་ལན་དུ་འདི་ལྟར་གསུང་ཡོད། ང་མེད་པ་ཆགས་པ་ཡིན་ནའང་གང་ཡང་བྱེད་ཀྱི་མ་རེད། ཁྱེད་རང་ཚོ་ཆོས་དང་སྲིད་ཀྱི་འགན་འཁུར་མཁན་ཚོས་ང་མེད་པ་ནང་བཞིན་བྱས་ཏེ་འགན་འཁུར་དགོས་རེད་ཅེས་ངས་ལོ་ཉི་ཤུ་སུམ་བཅུའི་གོང་ནས་བཤད་ཡོད། ཁོང་ཚོས་ཀྱང་དེ་ལྟར་བྱས་ཏེ་ཉམས་མྱོང་གསག་ནས་འགྲོ་གི་ཡོད། ལོ་ལྔ་རེའི་མཚམས་ལ་འགོ་ཁྲིད་གསར་བ་རེ་སླེབས་ཡོང་གི་ཡོད། ལོ་རྗེས་མར་མི་མང་གིས་འོས་བསྡུ་བྱས་པའི་འགོ་ཁྲིད་གསར་བ་ཞིག་སླེབས་ཀྱི་རེད། ཆོས་ཕྱོགས་ཀྱི་ཆ་ནས་ཆོས་ལུགས་སོ་སོའི་དབུ་ཁྲིད་ཡོད་པ་རེད་ཁོང་ཚོས་གནང་གི་རེད། ངོས་རང་ཡོད་དང་མེད་ཁྱད་པར་མེད་པ་འདྲ་བོ་རེད། ཅེས་པའི་བཀའ་ལན་འདིའི་འོག་ནས་ལོ་ཟླ་དེ་དང་དེའི་སྐབས་སུ་ང་ཚོས་སྔར་བཞིན་རྒྱལ་ཚབ་ཅིག་བསྐོ་འཇོག་བྱེད་མི་དགོས་པ་གསལ་བོ་བསྟན་ཡོད་པ་མ་ཟད། ང་ཚོས་ནི་འདི་ནས་ཡར་བརྩིས་པའི་མི་ལོ་ཉི་ཤུ་དང་སུམ་བཅུའི་གོང་ནས་དུས་རབས་ཉེར་གཅིག་པའི་མིའི་རིགས་ཀྱི་འཚོ་གནས་ཀྱི་ཁེ་དབང་དང་མཐུན་པའི་མང་གཙོའི་སྲིད་དབང་ལམ་ལུགས་ལོངས་སུ་སྤྱད་ཐུབ་ཡོད་པའི་བདེན་དོན་ཞིག་ཀྱང་བཀའ་ལན་འདིའི་གསའ་དང་གསེང་ནས་གསལ་བོ་ཞིག་གསུང་འདུག། དེ་བས་ན་ལོ་ཟླ་དེ་དང་དེའི་ཁྲོད་ང་ཚོ་ཐུན་མོང་གི་ངོས་ལེན་བྱེད་ཐུབ་པའི་མི་སྣ་དང་ཚོགས་པ་ནི། བོད་རིགས་མི་དམངས་ཀྱིས་འོས་འདེབས་ཁྲོད་བཀའ་ཁྲིའི་རྐུབ་སྟེགས་ཐོག་བསྐོ་བཞག་བྱས་པའི་མི་དབང་ཁོང་ཡིན་པ་མ་ཟད། སྐབས་དེར་གཞིས་བྱེས་གཉིས་ཀྱི་འབྲེལ་ཐག་དེ་ཡང་སྐབས་དེའི་སྲིད་གཞུང་ཡིན་པ་རྩམ་ཟན་བོད་རིགས་ཡོངས་ཀྱིས་ངོས་འཛིན་དང་ཡིད་ཆེས་བྱེད་ངེས་ཡིན་པ་བཤད་མི་དགོས་པའི་གནས་ཚུལ་ཞིག་རེད། ཡིན་ནའང་གནད་དོན་འདིའི་རིགས་ནི་ཉིས་སྟོང་བརྒྱད་ལོའི་སྐྱིད་སྡུག་ཉམས་མྱོང་དང་ཡུལ་ཤུར་ས་འགུལ་གྱི་གནས་ཚུལ་སོགས་ཀྱིས་ང་ཚོ་ལ་གསལ་བོ་ཁ་གྲག་ངེས་རེད།
དེ་མིན་མ་འདས་སྤྲུལ་སྐུའི་སྐོར་གྱི་གནད་དོན་ནི་འདི་ནས་ཡར་བརྩིས་པའི་མི་ལོ་ཉི་ཤུ་དང་སུམ་བཅུའི་ཡར་སྔོན་ནས༧གོང་ས་མཆོག་གིས་ཐུགས་ཐག་བཅད་ཚར་ཡོད་པའི་གནད་དོན་ཞིག་རེད་བསམ་གི། ༧གོང་ས་མཆོག་གིས་ཁྱེད་རང་ཚོ་ཆོས་དང་སྲིད་ཀྱི་འགན་འཁུར་མཁན་ཚོས་ང་མེད་པ་ནང་བཞིན་བྱས་ཏེ་འགན་འཁུར་དགོས་རེད་ཅེས་པའི་གསུང་འགྲོས་ལས་ཀྱང་། འདས་པའི་འུ་ཚང་གི་ལོ་རྒྱུས་ཁྲོད་བརྒྱུད་མྱོང་བའི་རྒྱལ་ཚབ་བསྐོ་འཇོག་གི་ལམ་ལུགས་འདི་དང་། དེ་མིན་མི་དྲག་དཔུང་ཤུགས་ཅན་གྱི་ཁེ་དབང་ལམ་ལུགས་སོགས་ཀྱི་འོག་དུས་གཏན་དུ་འགྲོ་རྒྱུ་མིན་པའི་གནས་ལུགས་ཤིག་གསུང་འགྲོས་འདིས་གསལ་འདེབས་བྱས་ཡོད་པ་མ་ཟད། ཁོང་གིས་ངོས་འཛིན་བྱས་ཟིན་པའི་མ་འདས་སྤྲུལ་སྐུ་དེ་ཡང་། མང་གཙོའི་ཁེ་དབང་དང་འོས་འགན་ལམ་ལུགས་འོག་དམངས་ཀྱིས་འོས་འདེམས་ཁྲོད་ནས་ཐོན་པའི་བོད་མིའི་འགོ་ཁྲིད་དེ་ཡིན་པ་གསུང་འགྲོས་འདིའི་ཕུགས་ཀྱི་བརྗོད་དོན་ཞིག་ཏུ་གྱུར་ཡོད་འདུག། མ་ཟད་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཀྱང་ཆོས་བརྒྱུད་ཁག་སོ་སོའི་བླ་ཆེན་ཁག་ཡིན་པ་ཡང་གསུང་འགྲོས་འདིའི་བསམ་བློའི་སྒམ་དཀྱེལ་ཡངས་པོ་འདིའི་ཁྲོད་ནས་ང་ཚོས་ལེན་ཤེས་དགོས་པ་ནི་དངོས་ཡོད་ཀྱི་བསྟན་དོན་ཞིག་ཏུ་གྱུར་འདུག།
༧གོང་ས་མཆོག་གིས་རྒྱལ་བ་ཀརྨ་པ་དང་གླིང་མཆོག་སྤྲུལ་རིན་པོ་ཆེ་གཉིས་ལ་དམིགས་བསལ་གསུངས་པའི་བཀའ་སློབ་གཅིག་གི་ནང་དུ་ ད་ང་ནི་རྒས་ཤིང་འཁོགས་པར་གྱུར་ཟིན་པས་ཁྱེད་གཉིས་ཀྱིས་མ་འོངས་པར་བོད་མི་རིགས་ཀྱི་འགན་འཁུར་ཡས་ལ་དགོངས་པ་བཞེས་དགོས་གསུངས་ཡོད་ འདིས་གང་བསྟན་ཅེ་ན་ སྔར་སྦག་ས་ནས་ཕེབས་པའི་མི་རབས་རྒན་པ་རྣམས་ནི་ཕལ་ཆེར་རྫོགས་ལ་ཉེ་བ་ཡིན་པས་གཞོན་པ་རྣམས་ཀྱིས་བོད་འདི་མུ་འཐུད་བདག་པོ་རྒྱག་དགོས་པའི་བསྐུལ་བ་གནང་བ་ཞིག་ཏུ་མངོན་ བྱས་ཙང་ཁོ་བོས་བལྟས་ན་མ་འོངས་པར་༧གོང་ས་མཆོག་ཞིང་ལ་གཤེགས་ན་ཡང་རིན་པོ་ཆེ་རྣམ་པ་གཉིས་ཀྱིས་གཙོ་བོར་འགན་འཁུར་བའི་ཡིད་ཆེས་ཡོད་ འདི་ལ་འི་ཅག་བོད་རིགས་ཡོངས་ཀྱིས་གུས་ཞབས་དང་ཡིད་ཆེས་བྱ་ན་དོན་རིན་ཡོད་པར་སྙམ་ མ་གཏོགས་དོགས་པ་དང་རྣམ་རྟོག་ཁོ་ནའི་གཞན་དབང་དུ་འགྱུར་ནས་གཏམ་འཆལ་སྒྲོགས་ནས་དོན་དག་ཆེར་མེད་
དྲ་གྲོགས་ཚོ་ཁམས་བཟང་།
གཅིག
ཕྱི་ལོ་ ༡༩༥༩ ལོར་༸ གོང་ས་མཆོག་དང་། བཙན་བོལ་བོད་གཞུང་། བོད་མི་ཁྲི་བརྒྱད་ལྷག་ཙམ་ཞིག་རྒྱ་གར་དུ་ཞབས་སོར་འཁོད་ཐུབ་པ་དེས་ད་ལྟ་ང་ཚོའི་བོད་ཀྱི་རྩ་དོན་དང་། བོད་ཀྱི་རིག་གཞུང་། བོད་ཀྱི་སྐད་ཡིག བོད་པའི་ཕྱི་ནང་གི་སྤྱི་ཚོགས། བོད་མིའི་ལ་རྒྱ་སོགས་ཕྱོགས་གང་ས་སྤྱི་ཐད་ནས་དགེ་མཚན་རླབས་ཆེན་བྱུང་དང་འབྱུང་བཞིན་ཡོད་ལ་བོད་ཀྱི་བླ་ན་མེད་པའི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་ ༸ གོང་ས་ཡིད་བཞིན་བུ་སོགས་རིས་མེད་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་ཁག་དང་། བོད་མི་རྒྱལ་གཅེས་བ་ཚོའི་ལྷག་བསམ་དང་སྙིང་སྟོབས་བཅས་ཀྱིས་བོད་རིགས་ཙམ་མ་ཟད་ཐ་ན་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ཁྲོད་དུ་བོད་བརྒྱུད་ནང་བསྟན་དང་། བོད་ཀྱི་ཡ་རབས་བཟང་སྤྱོད་ཀྱི་རིག་གཞུང་། བོད་ཀྱི་སྐད་ཡིག བོད་ཀྱི་སྨན་རྩིས་སོགས་ཕྱོགས་མང་པོས་འཛམ་གླིང་ནང་ཞབས་འདེབས་རླབས་ཆེན་བསྒྲུབས་དང་སྒྲུབ་བཞིན་ཡོད་པ་དེས་༸ གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐྱབས་བཅོལ་དུ་བཀའ་དྲིན་ཞབས་སོར་འཁོད་ཐུབ་པ་དེར་ནོར་འཛོལ་ཤོར་མེད།
གཉིས།
ཕྱི་ལོ་༡༩༥༩ ལོར་ཀུན་གཟིགས་པཎ་ཆེན་ཆོས་ཀྱི་རྒྱལ་མཚན་མཆོག་སྐྱབས་བཅོལ་དུ་མ་ཕེབས་པར་གཞིས་སུ་བཞུགས་ནས་བོད་མིའི་ལས་དབང་སྤྱི་ལ་ངལ་བའི་འཁུར་ཆེན་ཕྲག་པར་བླངས་ནས་སྙིང་སྟོབས་ཀྱིས་གོ་ཆ་བཟུང་སྟེ། བོད་མི་རིགས་ཀྱི་སྐད་ཡིག་དང་། རིག་གཞུང་། སྤྱི་ཚོགས། ལ་རྒྱ། རྒྱལ་གཅེས། ལྷག་བསམ། དཔལ་འབྱོར། སློབ་གསོ། ཚན་རྩལ། ཆབ་སྲིད། ཁོར་ཡུག་སོགས་ཕྱོགས་མང་པོར་ལམ་སྟོན་དབུ་འཁྲིད་མཛད་དེ་གཞིས་སུ་བོད་རིགས་མི་དམངས་ཀྱི་སྤྱི་ཚོགས་དང་ཁ་བྲལ་བར་བཞུགས་ཐུབ་པ་དེ་ཡང་ནོར་འཛོལ་ཤོར་མེད།
གསུམ།
ད་ལྟའི་འཛམ་གླིང་གི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་གནས་བབ་སྤྱི་དང་། ལྷག་དོན་རྒྱ་ནག་གི་སྤྱི་ཚོགས་འཕེལ་རྒྱས་དང་། སྒོས་སུ་བོད་རིགས་ཀྱི་ལས་དབང་དང་། དཔལ་རྒྱལ་དབང་ཀརྨ་པ་ཆེན་པོའི་ཡང་སྲིད་ཀྱི་དགུང་ལོའི་བབ་དང་བསྟུན་ནས་མཚུངས་བསྡུར་གཅིག་བྱས་ན་ཁོང་ཉིད་སྟོབས་ཆེན་རྒྱ་ནག་གི་སྤྱི་ཚོགས་ཆེན་པོ་དེ་དང་ལྷག་ཏུ་བོད་ཆོལ་ཁ་གསུམ་གྱི་སྤྱི་ཚོགས་ཆེན་པོ་དེ་དང་ཁ་བྲལ་ནས་ཕྱིར་རྒྱ་གར་དུ་སྐྱབས་བཅོལ་དུ་ཞབས་སོར་ཕེབས་པ་དེའི་ཐད་ལ་ངས་དཔྱད་ན་ནོར་འཛོལ་ཆེན་པོ་ཞིག་ཤོར་ཡོད།
དེ་ལྟ་བུའི་ནོར་འཛོལ་དེ་དཔལ་རྒྱལ་བ་ཀརྨ་པའི་ཆེན་པོ་སྐུ་སྒེར་གྱི་མདུན་ལམ་གཅིག་བུ་ཞིག་མ་ཡིན་པར་བོད་མི་རིགས་ལས་དབང་སྤྱི་དང་། སྒོས་སུ་བོད་མིའི་ཆོས་ལུགས་དང་། རིག་གཞུང་། སྐད་ཡིག ཁོར་ཡུག ཆབ་སྲིད། དཔལ་འབྱོར། སྤྱི་ཚོགས་སོགས་ཕྱོགས་ལ་གྱོང་གུད་དང་ནོར་འཛོལ་ཆེན་པོ་ཞིག་གཅིག་ཐེབས་ཡོད།
སྐབས་འདིར་བོད་ཀྱི་སྤྲུལ་སྐུའི་ཡང་སྲིད་ཀྱིས་བོད་མིའི་སྤྱི་ཚོགས་དང་། ཆབ་སྲིད། དཔལ་འབྱོར། རིག་གཞུང་། སྐད་ཡིག ཁོར་ཡུག སློབ་གསོ་སོགས་ཕྱོགས་ཡོངས་ལ་གཞིགས་ན་བོད་ཀྱི་སྤྲུལ་སྐུའི་ཡང་སྲིད་ཀྱི་བྱས་ཉེས་ལས་དགེ་མཚན་སྟོང་འགྱུར་གྱིས་ཆེ་བ་ཡོད་པ་དེ་འདས་དང་ད་ལྟ་མ་འོངས་བཅས་དུས་གསུམ་ནས་ང་ཚོར་ཚན་རིག་དང་མཐུན་པར་དངོས་ཡོད་གནས་ཚུལ་གྱིས་ར་སྤྲོད་དང་ཤེས་རྟོགས་ཐུབ་ངེས་ཡིན། དེར་བརྟེན་རྒྱལ་བ་སྐུ་འཕྲེང་བཅོ་ལྔ་པ་ཆེན་པོའི་ཡང་སྲིད་ཀྱི་རྒྱུན་དེ་ང་ཚོས་མི་ཉམས་སྲུང་སྐྱོབ་ཐུབ་ཅི་ནས་ཀྱང་བྱེད་ཐུབ་པ་ཞིག་དགོས།
འོན་བཏང་བོད་ཀྱི་ཆབ་སྲིད་ཀྱི་ལམ་ལུགས་དེ་ངེས་པར་དུ་ཆོས་ཕྱོགས་ཀྱི་དབུ་འཁྲིད་ཚོས་འགན་འཁུར་བླངས་ཏེ་འབྱུང་འགྱུར་བོད་ཀྱི་སྲིད་དབང་ཀྱི་སྣེ་འཁྲིད་དགོས་པའི་དགོས་པ་རྒྱུ་མཚན་གཏན་ནས་མེད་སྟབས་བོད་ཀྱི་ཆབ་སྲིད་ཀྱི་དབུ་འཁྲིད་དེ་ངེས་པར་དུ་ཡང་བོད་མི་དམངས་ཡོངས་ཀྱིས་དམངས་གཙོའིལམ་ལུགས་ལྟར་བདམས་ཐོན་བྱེད་དགོས།
མི་དམངས་ཀྱིས་བདམས་ཐོན་བྱུང་བའི་སྲིད་འཛིན་དང་སྲིད་བློན་དེ་༸ གོང་ས་མཆོག་དང་། པཎ་ཆེན། ཀརྨ་པ་སོགས་ཡིན་དགོས་པའི་ངེས་པ་མེད་ལ་སྤྲུལ་སྐུ་དང་། མཁན་པོ། གྲྭ་བཙུན། མི་སྐྱ། བུད་མེད། སོགས་ཕོ་མོ་ཁྱད་མེད་ཀྱིས་བོད་རིགས་སུ་འཇོན་ན་སུས་བྱེད་མཆོག་པའི་འཛམ་གླིང་དམངས་གཙོའི་ལམ་ལུགས་ལྟར་དུས་རབས་དང་མཐུན་པར་འགྲོ་དགོས།
དུས་རབས་ཀྱི་ཆོས་ཉིད་ལྟར་འཛམ་གླིང་ལ་འཕོ་འགྱུར་འགྲོ་བཞིན་ཡོད་ལ་སྔ་ཕྱི་མ་གཏོགས་རྒྱ་ནག་འདི་ཡང་དམངས་གཙོ་ཅན་དུ་འགྱུར་ངེས་ཡིན་ལ་བོད་མི་རིགས་ལ་ཡང་འཕོ་འགྱུར་ཞིག་རང་བྱུང་ཆོས་ཉིད་ཀྱིས་དབང་ལས་འབྱུང་ངེས་ཡིན་སྟབས་ང་ཚོས་གཞུམ་པ་མེད་པའི་སྙིང་སྟོབས་དང་ལྷོད་པ་མེད་པའི་བརྩོན་འགྲུས་ཀྱིས་བོད་ཀྱི་རྩ་དོན་དེ་བོད་མི་རིགས་ཀྱི་ལས་དབང་ལ་ཐུག་ཡོད་སྟབས་ང་ཚོས་ཇི་སྲིད་བསྐལ་པར་ཐུག་ཀྱང་དུས་ནམ་ཡང་མཚམས་འཇོག་མི་བྱེད་པའི་དམ་བཅའ་ཞིག་བོད་རིགས་ཞིག་ཡིན་ཕྱིན་ཆད་ཚང་མས་འགན་འཁུར་བླངས་དགོས།
གོང་གི་རྩོམ་པ་པོ་དང་ཀློག་མཁན་ལྷན་རྒྱས་ལགས། ང་ཚོའི་མི་དམངས་སམ་སྤྱི་ཚོགས་ཁྱོན་ཡོངས་ཀྱི་བསམ་བློའི་གོ་རྟོགས་ཆ་སྙོམ་དེང་གི་ཨ་རིའི་མི་མང་གི་ཆབ་སྲིད་བསམ་བློའི་གནས་ཚད་ལྟ་བུར་མ་སླེབས་པ་དེ་སྲིད་དུ། ང་ཚོར་ནང་ཆོས་རྒྱུན་འཛིན་དང་སྤྲུལ་སྐུའི་ལམ་སྲོལ་ཤིན་ཏུ་ནས་མཁོ་གལ་ཆེ་ལ། ལྷག་དོན་དུ་རྒྱལ་བའི་ཡང་སྲིད་ཕྱི་མ་དག་དེ་བས་ཀྱང་ཆོས་སྲིད་གཉི་ཀར་གཙིག་ཆེ་པར་མཐོང་། ནམ་ཞིག་ཚད་དེ་ཙམ་དུ་བསླེབ་སོང་ན་་་་་་་་་་་་་་་་་་་་་་? བསམ་ཚུལ་ཡིན།
དང་པོ་་་ཨ་འཇམ་ལགས་ཀྱི་རྩོམ་འདི་བཀླགས་རྒྱུ་བྱུང་བས་དགའ་སོང་།
གཉིས་པ་་་ཁྱེད་ཀྱི་རྩོམ་གྱི་ཁ་བྱང་ལ་ལན་ཞིག་རྒྱག་འདོད་སྐྱེས་སོང་། ༧རྒྱལ་དབང་སྐུ་ཕྲེང་བཅོ་ལྔ་བ་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ནང་ནས་ཆོས་ཀྱི་དབུ་ཁྲིད་གཅིག་པོ་བྱེད་པར་རེ་བ་ཡོད། ཡིན་ན་ཡང་བོད་ཀྱི་གནད་དོན་ཐག་གཅོད་བྱེད་པའི་དར་སྐུད་རིང་བོ་འདི་སྐུ་ཕྲེང་བཅོ་ལྔའི་བར་དུ་གནར་བ་ཡིན་ན། ༧གོང་ས་མཆོག་གིས་གསུངས་པ་བཞིན་སྐུ་ཕྲེང་བཅོ་ལྔ་བ་སྐུ་ཕྲེང་བཅུ་བཞི་བའི་ལས་དོན་འཇུག་སྐྱོང་བར་ཕེབས་དགོས་པར་བསམ།
གསུམ་པ་་་ང་ཡང་མ་འདས་སྤྲུལ་སྐུའི་སྐོར་ལ་འདོད་པ་ཡོད་མཁན་ཞིག་ཡིན། རྒྱུ་མཚན་ནི་བོད་པའི་གནས་སྟངས་སྡུག་པོ་འདི་སེལ་བར་བྱེད་པའམ་བོད་མི་རིགས་ཀྱི་ཐབས་རྩོད་འདི་མི་མཐུད་དུ་གནས་པ་ལ་མ་འདས་སྤྲུལ་སྐུའི་གོ་སྐབས་འདི་ང་ཚོས་རླུང་ལ་བསྐུར་མི་རུང་བར་བསམ། ཡང་གཅིག་བཤད་ན་མགོ་ནག་བོད་མིའི་ཁྲ་ཆུང་མིག་གིས་བལྟ་ས་ཞིག་དང་མགོ་ཟུར་རྣ་བས་ཉན་ས་ཞིག་ཅིས་ཀྱང་དགོས།
ལྷག་པར་དུ་༧གོང་ས་མཆོག་གིས་མ་འདས་སྤྲུལ་སྐུའི་སྐོར་ལ་བཀའ་སློབ་ཡང་གསལ་བོ་གནང་ཡོད་པ་དང་ཁོང་གི་སྐུ་ཕྲེང་བཅོ་ལྔ་བ་ཡོང་མིན་ཡང་བོད་མི་མང་གིས་ཐག་གཅོད་བྱེད་དགོས་ཞེས་ཡང་དང་བསྐྱར་དུ་གསུངས་འདུག ༧སྐུ་མདུན་གྱི་དགུང་གྲངས་ལ་བལྟས་ན་བོད་རིགས་ཚང་མའི་ཁོག་ལ་ན་ཟུག་སྐྱེས་ཀྱི་ཡོད་པ་གསལ་བོ་རེད། ཡིན་ན་ཡང་སྟབས་མ་ལེགས་པ་ཞིག་ལ་ང་ཚོས་ཆོས་ཉིད་འདི་ལ་གདོང་གཏོད་པ་ལས་གཞན་ཐར་ཐབས་བྲལ། དེ་བས་༧གོང་ས་མཆོག་སྐུ་འཚོ་བཞུག་གི་སྐབས་འདི་ལ་མ་འདས་སྤྲུལ་སྐུའམ་སྐུ་ཕྲེང་བཅོ་ལྔ་བ་སླེབས་ཐུབ་པ་ཡིན་ན། ང་ཚོ་ལ་བོད་དོན་ཐབས་རྩོད་ཀྱི་གནས་ཤུགས་འཕར་མ་ཞིག་དང་བོད་མི་གོང་བུ་གཅིག་གྱུར་ཡོང་ལ་ནུས་པ་གསར་བ་ཞིག་རེག་པ་རེད།
རྒྱུ་མཚན་འདི་འདྲ་ལ་བརྟེན་ད་ལྟ་བོད་པ་ཚང་མས་༧གོང་ས་མཆོག་ལ་མ་འདས་སྤྲུལ་སྐུ་དགོས་པའི་བསམ་ཚུལ་འདོན་དགོས་པའི་དུས་རེད་བསམ། བོད་མི་མང་གིས་འདོད་པ་ཡོད་པའི་༧རྒྱལ་དབང་སྐུ་ཕྲེང་བཅོ་ལྔ་བ་ཞིག་དགོས་ན་༧གོང་ས་མཆོག་སྐུ་བཞུགས་སྐབས་འདིར་ང་ཚོ་ལ་གོ་སྐབས་ཡོད་པ་རེད་འདོད། དེ་མིན་ང་ཚོས་དུས་ཚོད་དལ་འགོར་བྱས་ན་སྐུ་ཕྲེང་བཅོ་ལྔ་བ་གང་ནས་བཙལ་བ་དང་སུ་ཡིས་ཐག་གཅོད་བྱེད་ཐུབ་མིན་གྱི་ཐམ་ཀ་དེ་ང་ཚོའི་ལག་ནས་ཤོར་སྲིད་པ་རེད།
གནས་སྟངས་འདི་༧པཎ་ཆེན་མཆོག་གི་ཡང་སྤྲུལ་གྱིས་ང་ཚོ་ལ་འབྲེལ་བཤད་གསལ་བོ་བྱས་ཡོད།
བཞི་བ་་་རྒྱལ་དབང་ཀརྨ་བ་འདིས་༧གོང་ས་མཆོག་གི་ལས་འགན་ཁ་ཤས་ལེན་ཐུབ་རྒྱུ་ན་བསམ་སོང་། རྒྱལ་དབང་ཀརྨ་བ་རྒྱ་དཀར་ནག་གཉིས་ཀྱི་ཆབ་སྲིད་ཀྱི་བར་ན་སྐུ་ཚེགས་མྱོང་གི་ཡོད་པ་གསལ་བོ་རེད། ཡིན་ན་ཡང་བརྒྱུད་རིམ་འདི་ལས་སྡུག་ཞིག་༧གོང་ས་མཆོག་དང་བཙན་བྱོལ་བོད་པ་ཚོས་བརྒྱུད་ནས་ཡོང་བ་རེད། ཀརྨ་པས་ཡང་དཀའ་ཚེགས་ཆེ་བའི་བརྒྱུད་རིམ་འདི་རྒྱབ་ལ་བསྐྱུར་ནས་བོད་མི་མང་དང་མི་རིགས་གཞན་པ་ཚོས་རེ་བ་བཞིན་ཕྱི་ལོག་གི་ཆབ་སྲིད་དང་ཆོས་ལུགས་གཉིས་ཀྱི་ནང་ལ་ཞུགས་ཐུབ་ན་བསམ་སོང་། དཔེར་ན་གནས་སྐབས་རིང་༧གོང་ས་མཆོག་གི་སྐུ་ཚབ་འདྲ་བོ་བྱས་ནས་དགོན་པ་ཚོ་ལ་རབ་གནས་བྱེད་པ་དང་ཚོགས་པ་གསར་དེ་ཚོའི་དབུ་འབྱེད་མཛད་སྒོར་ཞུགས་ཐུབ་རྒྱུ་ན། ༧གོང་ས་མཆོག་གི་སྐུ་ལས་ཇེ་ཡངས་ལ་ཧང་སང་བ་བཏང་བ་རེད་བསམ།
༼འདི་ཁྱོད་ཀྱི་རྩོམ་དང་འབྲེལ་བ་མི་འདུག་སྟེ་བསམ་ཚུལ་ཙམ་ཡིན༽།
ཨ་འཇམ། འཇམ་ནོར། ལྷག་བསམ་དང་གཞོན་ལྷན་སོགས་ཀྱིས། ༧གོང་ས་བཅུ་བཞི་པ་དང་བཅོ་ལྔ་པའི་སྐོར། མ་གླེང་ན་མི་མཛེས་སམ། །
དྲ་གྲོགས་ཚོ། དོན་དག་འདི་ནི་བཙན་བྱོལ་བྱོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་དོན་ཚན་སོ་གཅིག་པ་སྡེ་སྲིད་ལྷན་ཚོགས་ལ་འབྲེལ་བ་ཡོད་པཅིག་རེད། དོན་ཚན་འདི་ལ་ནང་གསེས་བཞི་ཡོད་ལ། དེ་རེ་རེ་བཞིན་སྐབས་འདའི་བརྗོད་བྱ་དང་འབྲེལ་བ་ཆེན་པོ་ཡོད་པས་མཁྱེན་འདོད་ཡོད་མཁན་དག་གིས་དེར་གཟིགས་རྗེས་བསམ་ཚུལ་བཤད་པར་འཚལ། དེ་མིན་ཁ་ནས་གང་བྱུང་དུ་གོང་འོག་ཀུན་ལ་སྐྱོན་འཛུགས་རྐྱང་རྐྱང་བྱས་ནས་འདུག་ན་དོན་དག་ཅིག་འགྲུབ་ཨེ་ཡོང་ང་བསམ་གི
གོང་དུ་གནམ་ལྕགས་དང་ནད་པ་གཉིས་ཀྱིས་བཤད་པ་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན།
ནད་པས་བོད་ཀྱི་འབྱུང་རབས་ལོ་རྒྱུས་དང་ད་ལྟའི་ཏཱ་ལི་བླ་མའི་ཡང་སྲིད་འདིས་བོད་ཙམ་མ་ཡིན་པར་འཛམ་བུ་གླིང་དང་འགྲོ་བ་མཐའ་དག་ལ་ཕན་པ་དང་བདེ་བ་སྒྲུབ་པའི་རླབས་ཆེན་གྱི་དགེ་མཚན་རྣམས་རེ་རེ་བཞིན་བགྲངས་ནས་གང་ཉིད་ཀྱི་ཡང་སྲིད་མུ་མཐུད་དུ་དགོས་པ་བཤད་པ་མ་ཟད།་་་བོད་ཀྱི་འབྱུང་རབས་ལོ་རྒྱུས་ནང་སྤྲུལ་སྐུའི་དགེ་སྐྱོན་གཉིས་ལས་དགེ་མཚན་ཆེ་བ་འབྱུང་ཡོད་པ་དངོས་ཤུགས་བརྒྱུད་གསུམ་ནས་གསལ་སྟོན་བྱས་འདུག་སྟབས་དེ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཞུ་འདོད་བྱུང།་་
ད་ནི་གནམ་ལྕགས་ཀྱི་བཤད་པ་ལྟར།་གལ་སྲིད་མ་འདས་སྤྲུལ་སྐུ་ཞིག་ངོས་འཛིན་བྱེད་པ་ཆ་ཞོགས་་མ་འདས་སྤྲུལ་སྐུ་དེ་ཉིད་བྱིས་པ་ཞིག་ངོས་འཛིན་བྱེད་དམ།་ཡང་ན།རྒས་བགྲེས་ཤེས་ཡོན་ཅན་ཟམ་གདོང་ལྟ་བུ་ཞིག་ངོས་འཛིན་བྱས།་སྔ་མ་ལྟར་ན།་བྱིས་པ་ལོ་ཆུང་ཞིག་གིས་༸གོང་ས་མཆོག་གི་ཚབ་མཚོན་བྱེད་དཀའ་སྟབས།་་དེ་ལས་ཡང་སྲིད་ངོ་མ་ཞིག་སྒུག་ན་དགེ་མཚན་ཆེ་བ་ཡོད་སྙམ།་
ཕྱི་མ་ལྟར་ན།་ཟམ་གདོང་ཡང་ཧ་ཅང་སྐུ་བགྲས་ལ་སོང་ཡང་དེའི་མ་འདས་སྤྲུལ་སྐུ་ཞིག་ངོས་འཛིན་བྱེད་རྒྱུ་ཡིན་ནམ།་གང་ལྟར་རྫོགས་རྒྱུ་མེད་པའི་རྙོག་དྲ་ལྷག་རྒྱུ་རང་རེད།་
དྷི་ཟེར་ལགས། ཡང་སྲིད་ངོ་མ་ཡིན་མིན་ཟེར་བ་དེ་ངས་ག་ལ་ཤེས། ངས་སྤྱིར་ན་ཡང་སྲིད་ཟེར་བ་ཞིག་ཡོད་མེད་ཀྱང་མི་ཤེས། ཆབ་སྲིད་ཤོག་ཁག་གིས་བཟོས་པ་ལོས་ཡིན། སྐུ་ཕྲེང་དྲུག་པ་ལ་མཚོན་ན་སྡེ་སྲིད་སངས་རྒྱམ་པས་ལྷ་བཟང་གི་ཕྱོགས་གཏོགས་ལ་གྲོས་བསྡུར་མ་བྱས་པས་རྗེས་མ་ཕུང་ཚབ་ཆེན་པོ་ག་འདྲ་ཞིག་བྱུང་ཡོད་པ་རེད། བདུན་པ་ལ་མཚོན་ན་པད་དཀའ་འཛིན་པ་ཁྲི་ལས་ཕབ་པ་དང་། འཇུན་གར་བ་ཕམ་ཉེས་སུ་བཏང་བ། ཕོ་ལྷ་བས་ང་ལུམ་སྦྱར་གསུམ་ཕམ་ཉེས་སུ་བཏང་རྗེས་སུ་རྒྱལ་བ་བདུན་པ་ཁམས་མགར་ཐར་དུ་སྐྱབས་བཅོལ་དུ་ཕེབས་དགོས་བྱུང་བ་སོགས་ཚང་མ་ལ་བསམ་གཞིག་རེ་གྱིས་དང་གཞི་ནས་ཁོང་རྣམ་པ་ཆབ་སྲིད་ཚོགས་ཁག་གིས་ཐོག་མཇའ་བར་གསུམ་དུ་སྟངས་འཇིན་བྱས་ཡོད་པ་ཤེས་ནུས་སྙམ།
འདིར་དྲྭ་གྲོགས་རྣམས་ཀྱིས་བསམ་ཚུལ་མང་དག་ཅིག་བཀོད་ཡོད་ནའང་བརྡ་སྤྲོད་པའི་ཚིག་གི་སྦྱོར་བ་དང་། ཚིག་ཕྲད་དང་རྣམ་དབྱེའི་ཁྱད་པར། བྱ་བྱེད་ལས་གསུམ་གྱི་སྦྱོར་ལུགས། དུས་གསུམ་གྱི་ཐོབ་ཚུལ། བསྒྲུབ་བྱ་སྒྲུབ་བྱེད་འགོད་ཚུལ་སོགས་གང་ཡང་མ་ཤེས་པར་རྡོ་ཆག་བཙན་སྒྲིག་གི་ཚུལ་དུ་ཡི་གེར་བྲིས་ཏེ་མཆན་བུ་འགོད་པ་འདིས་རང་ཕྱོགས་དང་གཞན་ཕྱོགས་ཀྱི་ལྟ་བའི་འདོད་ཚུལ་གསལ་བོ་མེད་པ་དང་བརྗོད་བྱའི་དོན་སྟོན་པའི་འགོག་རྐྱེན་ཞིག་ཏུ་གྱུར་ཡོད་པར་མ་ཟད། རང་ཉིད་ཀྱིས་མ་ཤེས་ཤེས་མདོག་གི་ཚུལ་དུ་བྲིས་པ་དང་བརྡ་སྤྲོད་པའི་རིག་གཞུང་ལ་དོ་སྣང་མེད་པའི་ངང་ཚུལ་གསལ་བོར་མངོན་པས་དེ་དག་ལ་གཟབ་པར་མཛོད།
རྒྱལ་བ་རིན་པོ་ཆེས་གསུང་ཞིག་ལ་མ་འོངས་པར་རྒྱལ་བ་རིན་པོ་སྐུ་ཕྲེང་བཅོ་ལྔ་པ་ཟེར་བ་ཞིག་འཁྲུངས་དང་མི་འཁྲུངས་དེ་བོད་མི་མང་ལ་རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅོ་ལྔ་ཟེར་བ་ཞིག་དགོས་དང་མི་དགོས་ལ་རག་ལས་པ་ཡིན་གསུངས་ཡོད་པ་རེད། ང་རང་ངོས་ནས་རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅོ་ལྔ་པ་མི་དགོས་ཟེར་མཁན་ཞིག་ཡིན། ཆོས་ཕྱོགས་ནས་བཤད་པའི་སྤྲུལ་བས་འགྲོ་དོན་མཛད་པ་དེ་ནི་སྤྲུལ་སྐུ་རྒྱུན་མི་ཆད་པ་སངས་རྒྱས་ཀྱི་ཁྱད་ཆོས་ཡིན་སྟབས་ངོས་འཛིན་ཁྲི་འདོན་བྱས་རུང་མ་བྱས་རུང་ཁྱད་པར་མི་འདུག ངོས་འཛིན་ཁྲི་འདོན་གྱི་སྤྲུལ་སྐུ་དེ་རིགས་ཀྱིས་མ་འོངས་པར་ཕན་ཐོགས་ཁག་པོ་རེད།
རྒྱུ་མཚན་གསུམ་བགྲང་གི་ཡིན། གཅིག་ནས་བོད་མི་མང་གི་རྨོངས་དད་ཟེར་ན་འདྲ་ཆོས་དད་ཟེར་ན་འདྲ་གང་ལྟར་སྤྲུལ་སྐུའི་ལམ་ལུགས་ཀྱིས་གཞི་བཟུང་བའི་སྐྱེས་བུ་སྒེར་ལ་སྐྱབས་བཅོལ་བའི་དད་མོས་ཇེ་ཆུང་ལ་འགྲོ་བཞིན་ཡོད་པ་རེད། གཉིས་ནས་ཆོས་སྲིད་ཟུང་འབྲེལ་གྱི་མདུན་ལམ་དོག་ཏུ་འགྲོ་བཞིན་ཡོད་པ་རེད། གསུམ་ནས་ངོས་འཛིན་བྱས་པའི་ཡང་སྲིད་དེ་ཚོ་སྟངས་འཛིན་བྱེད་ཧ་ཅང་དཀའ་བར་འགྱུར་བཞིན་ཡོད་པ་རེད། དཔེར་ན་ཁྲི་བྱང་ཡང་སྲིད་སོགས་ལྟ་བུ་རེད། རྒྱུ་མཚན་དེ་གསུམ་གྱི་སྟེང་ནས་བསམ་གཞིག་ཅིག་གྱིས་དང་ཡང་སྲིད་ཀྱིས་བོད་སྐྱོབ་ཟེར་བ་དེ་ཧ་ཅང་ཁག་པོ་རེད།
རབ་བྱུང་ན་རྒྱལ་བ་རིན་པོ་ཆེ་རང་ཉིད་ཀྱིས་ཡང་སྲིད་མི་འབྱུང་བའི་དགོས་པ་རྒྱུ་མཚན་དང་འབྲེལ་ནས་གསལ་བསྒྲགས་ཤིག་གནང་ཐུབ་ན་ཡག་པོ་ཡོད་ངེས་རེད། སྤྱིར་ན་རྒྱལ་བ་རིན་པོ་སྐུ་ཕྲེང་དྲུག་པ་དང་བདུན་པ་སོགས་ལ་ཡང་ང་ཚོས་ཆོས་ཕྱོགས་ནས་གུས་བཀུར་བྱེད་བཞིན་པ་རེད་ལ་བྱེད་འོས་པ་ཡང་ལོས་ཡིན། འོན་ཀྱང་མ་འོངས་པར་ང་ཚོ་ལ་རྒྱལ་བ་རིན་པོ་སྐུ་ཕྲེང་དྲུག་པ་དང་བདུན་པ་ལྟ་བུ་རེ་ཡོད་རུང་སྤྱི་ཚོགས་ཀྱི་གནས་སྟངས་ལེགས་ཕྱོགས་སུ་འདེད་པའི་ནུས་པ་ཆེན་པོ་ཡོད་པ་མ་རེད། ཁོང་ཚོའི་རྣམ་ཐར་ཞིབ་ཀློག་རེ་གྱིས་དང་ཧ་གོ་ངེས་རེད། སྐབས་འདིར་དེ་ཙམ་ཡིན།
དྲྭ་གྲོགས་རྣམ་པ་ཚོས་བསམ་ཚུ་བཤད་པ་དགའ་བསུ་ཞུ། འོན་ཀྱང་བསམ་ཚུལ་མ་མཐུན་པར་རྒྱུ་མཚན་གྱིས་ཐོག་ནས་སྦྱང་བཤད་གནང་དགོས་པ་དེ་ཡང་གལ་ཆེ་མཐོང་། སྤོབས་པ་མཐའ་ཡས་ལགས་ཀྱི་གསུང་སྟངས་ལ་ལྟས་ན་རྒྱལ་མཆོག་སྐུ་ཕྲེང་དྲུག་པ་དང་བདུན་པ་གཉིས་ཆབ་སྲིད་ཚོགས་ཁག་གིས་ཕྱོགས་འཐེན་གྱི་བཟོ་པ་ལས་དོན་ངོ་མའི་རྒྱལ་མཆོག་སྐུ་ཕྲེང་འཁྲུལ་མེད་མིན་པ་ལྟ་བུ་གསུང་འདུག དེ་ལྟར་ཡིན་ཚེ་ད་ལྟ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་ཀྱང་སྐུ་ཕྲེང་རྣལ་མ་དེ་མིན་པ་ཐལ་ཕྱོགས་ཁག་གིས་བསྐྲུན་པའི་སྐུ་ཕྲེང་དྲུག་པ་དང་བདུན་པ་གཉིས་ཀྱི་དངོས་དང་རྒྱུད་པའི་ཡང་སྲིད་ཅེས་ཡིན་པའི་ཕྱིར། དེར་རྒྱུ་མཚན་རྣམ་དག་གི་ཐོག་ནས་ལན་ཞིག་གསུང་རོགས།
གྲོགས་གནམ་ལྕགས་ཀྱིས་གསུངས་བ་དེ་བདེན་པ་མ་རེད་ཟེར་བཞིན་མེད་ལ། མཐའ་གཅིག་ཏུ་མོས་པ་ཡོད་ཀྱང་ཟེར་ཁག ལོ་ངོ་བརྒྱ་ཕྲག་མང་པོའི་ལུགས་སྲོལ་དང་གོམས་གཤིས། འདོད་འདུན། བསམ་བྱ། བག་ཆགས། དད་སེམས་བཅས་ཡོད་སྟབས་སྤྲུལ་སྐུའི་ལམ་ལུགས་འདིའི་ངོ་རང་དགར་བརྫོགས་ག་ལ་ཐུབ། ལྷག་དོན་སྐྱེ་ཆེན་དམ་༸ཁོང་ལྟ་བུ་ཞིག་གི་ཡང་སྲིད་ང་ཚོ་ལ་མི་དགོས་ཞེས་དེ་བས་ཀྱང་བཤད་སྤོབས་མེད། དེ་བས་ཕྲན་ནས་༸མགོན་པོ་གང་སྐུ་གཞན་དོན་དུ་མ་ཕེབས་སྔོན་ནས་ཁོང་གི་ཞལ་ནས་སྐུ་ཚབ་ཞིག་བཀོད་འདོམ་བྱེད་དགོས་པ་མཐོང་ལ། ཡང་སྲིད་བཙའ་འཚོལ་ཟིན་པའི་རྗེས་ནས་སྐུའི་འགན་བབ་འཁུར་ནུས་པའི་རྗེས་ལ་སྐུ་ཚབ་དེ་ནི་རང་བཞིན་གྱི་མེད་པར་འགྲོ་ངེས་པ་ནི་སྐུ་ཚབ་ཞེས་པའི་ཚིག་ནས་རྟོགས་ཐུབ། འདི་ཡང་རྨོངས་འཆར་ཡིན།
གོང་ས་མཆོག་སྐུ་བཞུགས་པའི་དུས་ཚོད་འདི་ལྟ་བུ་ཞིག་ལ་ཁོང་གིས་མ་འདས་སྤྲུལ་སྐུའམ་ཡང་ན་སྐུ་ཚབ་ལྟ་བུ་ཞིག་ཐག་བཅད་ཀྱང་བོད་མི་མང་གིས་ཏོག་ཙམ་ངོས་ལེན་བྱ་སྲིད། ཡིན་ནའང་དེའི་རྗེས་མ་དེ་ག་རེ་བྱེད་ཀྱི་ཡིན་ནམ།
དེ་ལྟ་བུའི་མ་འདས་སྤྲུལ་སྐུ་ཞིག་བཙལ་བར་ཆ་ཞོགས། མཚམས་ཤིག་ནས་༸གོང་ས་མཆོག་དངོས་སུ་ཕེབས་སོང་བ་ལྟ་བུའི་སྐབས། དེའི་སྤྲུལ་སྐུ་མེད་པ་བཟོ་རྒྱུ་ཡིན་ནམ། ཡང་ན་སྤྲུལ་སྐུ་དངོས་མ་དེ་བཙལ་རྒྱུ་ཡིན། དེ་དུས་ངས་བལྟས་ན་ཡང་དངོས་སྤྲུལ་འཚོལ་རྒྱུ་ཡིན་མི་ཟེར་མཁན་གཅིག་ཀྱང་མེད་པར་མཐོང་ན། མ་འདས་སྤྲུལ་སྐུ་དེ་ཐོལ་བ་མ་རེད་དམ།
དེའི་སྟབས་ཀྱིས་ཁ་སང་ནས་ངས་མ་འདས་སྤྲུལ་སྐུའི་སྐོར་ནས་གྲོགས་ཨ་འཇམ་གྱི་དགོངས་ཚུལ་ལ་དགག་པ་བརྒྱབ་པ་ཡིན། ང་མ་གཞི་ནས་མ་འདས་སྤྲུལ་སྐུ་ལ་དགའ་གི་མེད། མ་འདས་སྤྲུལ་སྐུའི་ལམ་ལུགས་དེ་གོང་དུ་སྤོབས་པ་མཐའ་ཡས་ལགས་ཀྱིས་གསུང་བ་དེ་ག་རང་རེད། འདི་ཆོས་ལུགས་རང་ངོས་ནས་ཀྱང་མཐུན་པ་ཞིག་མ་རེད།
སྤྲུལ་སྐུའི་ལམ་ལུགས་འདིས་ང་ཚོའི་ལོ་རྒྱུས་ལ་སོས་དཀའ་བའི་ན་ཚ་ག་འདྲ་བསླངས་ཡོད་མེད་འདས་པའི་ལོ་རྒྱུས་ལ་ལྟོས་དང་ཧ་གོ་ངེས། དེའི་སྟབས་ཀྱིས་གུང་ཐང་བསྟན་པའི་སྒྲོན་མེ་དང་ཨ་ལགས་ཚེ་བརྟན་ཞབས་དྲུང་སོགས་འདས་པའི་མཁས་དབང་དག་དང་། ད་ལྟའི་བོད་མི་རིགས་ཀྱི་དཔྲལ་བའི་མིག་དང་ཁོག་པའི་སྙིང་གཅིག་བུ་སྟེ༸གོང་ས་ཡིད་བཞིན་ནོར་བུ་སོགས་ཀྱིས་སྤྲུལ་སྐུའི་ལམ་ལུགས་ལ་མི་འདོད་པ་དང་དེར་དགག་པ་བརྒྱབ་ཡོད་པ་རེད།
ངས་སྤྲུལ་སྐུའི་ལམ་ལུགས་འདི་མི་ལེགས་པ་ཞིག་རེད་ཟེར་གྱི་མེད་དེ། ལམ་ལུགས་དེ་ལམ་ལོག་ཏུ་འཁྱེར་ནས་ཉོག་དྲ་མི་རྫོགས་པ་ཞིག་བཟོ་ཡི་ཡོད་པ་དེར་བརྟེན་ནས་བཤད་ཀྱི་ཡོད། དེའི་སྟེང་ལ་མ་འདས་སྤྲུལ་སྐུ་ཞེས་པའི་ཉོག་དྲ་ཞིག་བསྣན་ན་ད་ག་འདྲ་ཞིག་ཆགས་སམ།
རེ་བ་ཡག་ས་དང་གྲ་སྒྲིགས་སྡུག་ས་ཞེས་པ་ལྟར། ཨ་འཇམ་ལགས་ནས་ཀྱང་དོན་གནད་འདི་འདྲ་ཞིག་ལ་གཞིར་བཅོལ་ནས་ཟིན་བྲིས་སྤེལ་བ་རེད་ལ། མཆན་མཁན་ཚོས་ཀྱང་འདོད་དོན་འདི་འདྲ་ཞིག་བཟུང་ནས་མཆན་བུ་བཏབ་ཡོད་པ་རེད། འདི་ནི་ང་ཚོའི་ཕྲག་སྟེང་ལ་ལྷུང་བའི་དོན་ཆེན་ཞིག་རེད། ཚང་མས་གླེང་དགོས་པ་རེད་ལ་བསྒྲུབ་དགོས་པ་ཞིག་ཀྱང་རེད། ཕྲན་ལ་ཡང་འདིར་བསམ་བྱ་ཞིག་ཡོད་པ་ནི་༸མགོན་པོ་མཆོག་ནས་གང་ཉིད་སྐུ་གཞན་དོན་མ་ཕེབས་སྔོན་ནས། གང་གི་སྐུ་ཚབ་ཞིག་གཟབ་ནན་ངང་འཇོག་དགོས་ལ་དེ་ཡང་མི་དམངས་ལ་ཁྱབ་བསྒྲགས་དང་། བརྩི་སྲུང་བྱེད་དགོས་པའི་བཀའ་སློབ་རིམ་ཕེབས་གནང་ན་བོད་མི་ཚང་མས་དེ་བཞིན་བརྩི་འཇོག་དང་གུས་བརྩི་བྱེད་ངོས་ཡིན། དགོངས་དག་འདི་ནི་ཕྲན་ནས་མགོན་པོ་གང་ལ་བཀལ་འཕབ་པ་ལྟ་བུ་ཞིག་སྣང་མོད། ཕྲག་ཏུ་ལྷུང་བའི་ང་ཚོའི་འགན་ཞིག་ཡིན་སྟབས་བསམ་ཚུལ་གླེང་བ་ཡིན། ད་དུང་འདི་ནས་༸གང་ཉིད་སྐུ་གཞན་དོན་དུ་ཕེབས་ན་བོད་མི་ནང་ཁུལ་དང་ཆོས་ལུགས་ཕན་ཚུན་གྱི་རྙོག་གླེང་དེ་ཙམ་ཡོང་མི་སྲིད་མོད། ང་ཚོ་ལ་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་ལྷག་རྒྱུ་ནི་རྒྱལ་ཁབ་གཞན་ལ་འབྲེལ་བ་བྱེད་རྒྱུ་དང་། རྒྱ་གར་ནང་དུ་བོད་མི་གང་འདྲ་གནས་མིན་དང་བོད་དོན་ཁྱབ་སྤེལ་གཏོང་ཐབས་གང་འདྲ་ཞིག་བྱེད་རྒྱུ་སོགས་ཀྱི་གནས་བབ་དེ་ཧ་ཅང་གལ་ཆེ་བར་འདོད།
དྲ་གྲོགས་ཚོ་ཁམས་བཟང་། ནང་པ་སངས་རྒྱས་པའི་ཆོས་ཀྱི་བདག་པོ་སངས་རྒྱས་བཅོམ་ལྡན་འདས་ཡིན། དེ་ལས་ཉེ་བར་བརྒྱུད་པའི་རྗེ་བཙུན་བྱམས་མགོན། ཐོགས་མེད། དབྱིག་གཉེན། འཇམ་དབྱངས། ཀླུ་སྒྲུབ། ཟླ་གྲགས་སོགས་ནས་མཁན་སློབ་ཆོས་གསུམ། བོན་ས་དགེ་རྙིང་བཀའ་དང་བཅས་པའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་དབང་ལུང་འཁྲིད་གསུམ་གྱི་བརྒྱུད་པ་མི་ཉམས་རྒྱུན་འཛིན་གྱིས་ད་ལྟའི་རྒྱལ་ཚབ་༸ བོད་ཀྱི་བླ་ན་མེད་པའི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་༸ གོང་ས་ལྷ་མིའི་རྣམ་འདྲེན། འཇིག་རྟེན་ཞི་བདེའི་དེད་དཔོན་ཆེན་མོ་ཁོང་བར་བོད་བརྒྱུད་ནང་བསྟན་འདིའི་རྩ་བ་དང་གནད་འགག་དེ་ལ་ཐུག་ཡོད།
ཕྱི་དངོས་པོའི་ཐོག་ནས་འཛམ་གླིང་ཤར་ཕྱོགས་རྒྱལ་ཁབ་ཁག་ཆེས་རྗེས་ལུས་ཅན་ཡིནནའང་རྒྱ་དཀར་ནག་དང་ལྷག་དོན་བོད་རིགས་འདིར་མཚོན་ན་འཛམ་གླིང་འདིའི་སྟེང་དུ་ནང་སེམས་ཀྱི་རིན་ཐང་བྲལ་བའི་བཟང་པོའི་ཡོན་ཏན་དག་ལ་འཛམ་གླིང་ནང་ཆེས་མངོན་ཐོན་ཅན་གྱི་མི་རིགས་གཅིག་ཡིན།
ད་ལྟའི་ཕྱི་དངོས་པོའི་ཚན་རིག་འཕེལ་རྒྱས་དང་བསྟུན་ནས་བོད་བརྒྱུད་ནང་བསྟན་དེ་འཛམ་གླིང་སྤྱི་ཡོངས་ལ་ཆབ་སྲིད་དང་། དཔལ་འབྱོར། ཚན་རིག དམག་དོན། རིག་གཞུང་། ཞི་བདེ། ཁོར་ཡུག འགྲོ་བ་མིའི་རིགས་ཀྱིས་བཙལ་དང་འཚོལ་བཞིན་པའི་ལུས་སེམས་ཀྱི་བདེ་སྐྱིད་སོགས་མི་སྒེར་དང་། ཁྱིམ་ཚང་། ཚོགས་པ། གཞུང་། མངའ་སྡེ། རྒྱལ་ཁབ། འཛམ་གླིང་ཧྲིལ་པོར་ཕན་བདེ་དང་བདེ་སྐྱིད་མཛད་མཐའ་མེད་པ་ཞིག་སྐྲུན་རྒྱུའི་ཐད་ལ་བོད་བརྒྱུད་ནང་བསྟན་འདི་ཆེས་རྩ་ཆེ་གྲུབ་ཆ་གལ་ཆེན་ཞིག་ཆགས་ཡོད།
དེར་བརྟེན་ནས་ང་ཚོས་བོད་མི་རིགས་འདི་དང་འཛམ་གླིང་ནང་པ་སྤྱི་ཡོངས་ལྷག་ཏུ་འཛམ་གླིང་འགྲོ་བ་མིའི་རིགས་ཀྱི་བྱམས་པ་དང་། བརྩེ་བ། ཞི་བདེ། བདེ་སྐྱིད་སོགས་ཕྱོགས་ཡོངས་ལ་མནོ་བསམས་ལེགས་པར་བཏང་ན་བོད་བརྒྱུད་ནང་བསྟན་ཆོས་ལུགས་སྤྱི་དང་སྒོས་སུ་བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་འདིས་ཕན་ཐོག་ཚད་མེད་གཅིག་བསྐྲུན་ཐུབ་ཡོད་པས་ལམ་ལུགས་དེའི་གཞན་ཆ་དང་དགེ་མཚན་གཉིས་གཉིས་ཀྱི་ཐད་ལ་མཚུངས་བསྡུར་གཅིག་བྱས་ན་དགེ་མཚན་དང་ཕན་ཐོགས་ཆེ་བ་བྱུང་དང་འབྱུང་བཞིན་ཡོད་པ་དེ་དངོས་ཐོག་བདེན་འཚོལ་རང་ཡིན་སྟབས་བོད་ཀྱི་བླ་ན་མེད་པའི་༸ གོང་ས་མཆོག་གི་སྐུ་ཡི་ཕྲེང་བ་ཟམ་མོ་དེ་མུ་མཐུད་མི་ཉམས་རྒྱུན་འཛིན་ཅིས་ཀྱང་བྱེད་ཐུབ་པ་ཞིག་དགོས།
༸ གོང་ས་མཆོག་སྐྱབས་མགོན་ཆེན་པོའི་མཚུངས་པ་མེད་པའི་རྣམ་དཔྱོད་དང་དང་གཞལ་བར་དཀའ་བའི་ཐུགས་བརྩེའི་བཀའ་དྲིན་ལ་བརྟེན་ནས་བོད་རིགས་མི་དམངས་སྤྱི་དང་། ནང་པ་སངས་རྒྱས་པ་སྤྱི་ཡོངས། འཛམ་གླིང་ཞི་བདེ་དང་། འཚེ་བ་མེད་པའི་ལྟ་གྲུབ། རིས་མེད་ཆོས་ལུགས་སྤྱི་ཡོངས་ཀྱི་མཐུན་སྒྲིལ། འགྲོ་བ་མིའི་རིགས་ཀྱི་བདེ་སྐྱིད་དང་བྱམས་བརྩེའི་ཡིན་ཏན་བཟང་པོ་དག་གོང་ནས་གོང་དུ་སྤེལ་བཞིན་ཡོད་སྟབས་ད་ལྟའི་ཆར།
༸ གོང་མཆོག་ནི་བོད་ཀྱི་དབུ་འཁྲིད་གཅིག་པུ་མ་ཡིན་པར་གང་ཉིད་འཛམ་གླིང་ཆོས་ལུགས་ཡོངས་ཡོངས་ཀྱིས་བླ་ཆེན་ཞིག་དང་། འཛམ་གླིང་འགྲོ་བ་མིའི་རིགས་ཡོངས་ཀྱིས་དགའ་དད་སྤྲོ་གསུམ་བྱེད་པའི་བྱམས་བརྩེའི་རྩ་བའི་བླ་མ་ཞིག འཛམ་གླིང་ཞི་བདེའི་དང་ཞི་བའི་སྤྱི་ཚོགས་འཕེལ་རྒྱས་ཁྲོད་དུ་མང་པོས་ཀུན་ནས་བཀུར་བའི་ཞི་བདེའི་དེད་དཔོན་རྩ་ཆེན་ཞིག་བཅས་སུ་གྱུར་པ་དེ་ཡིན།
འོན་ཀྱང་ཉེ་བའི་ཆར་མགོན་པོ་གང་ཉིད་ཀྱིས་མཁྱེན་རླབས་མཚུངས་པ་མེད་པའི་སྒོ་ནས་ད་ཆ་རྒན་ཡོལ་ཆ་ཚང་ཞིག་ཏུ་ཕེབས་རྒྱུའི་བཀའ་སློབ་བསྩལ་ཡོད། དེ་ནི་དགག་བྱ་ལས་ཀྱང་དགོས་པ་ཆེ་བ་ཡོད་སྟབས་དེར་བསམས་ན་བོད་མི་རིགས་འདི་ལ་མཚོན་ན་རང་ཉིད་རང་གི་རྐང་པའི་སྟེང་ནས་ཡར་ལངས་ཐུབ་པའི་ལམ་སྟོན་ཞིག་ཡིན་པ་དང་མ་ཟད་ཚད་ལྡན་གྱི་དམངས་གཙོའི་རིང་ལུགས་བཟང་པོ་དེ་བོད་རིགས་མི་དམངས་དང་། རྒྱ་རིགས་མི་དམངས། མདོར་ན་འཛམ་གླིང་ཧྲིལ་པོར་དམངས་གཙོ་དང་། བདེ་སྐྱིད། ཞི་བདེ། བྱམས་བརྩེ་བཅས་ལྷད་མེད་གཅིག་བསྐྲུན་རྒྱུའི་ཆེད་དུ་ལས་གཞན་ཅི་ཡང་མིན།
དེར་བརྟེན་ང་ཚོས་ཀྱང་མགོན་པོ་གང་ཉིད་ཀྱི་ཅི་གསུངས་བཀའ་བཞིན་སྒྲུབ་ནས་ད་ལྟའི་མི་རབས་གསར་པ་ཚོས་འགན་འཁུར་ཕྲག་པར་བླངས་ཏེ་རབས་ཆེན་གྱིས་དམངས་གཙོའི་རིང་ལུགས་ཀྱི་དར་ཆ་མཐོར་པོར་བསྒྲེང་ཏེ་བོད་མི་རིགས་ཀྱི་ཆབ་སྲིད་ཀྱི་ལམ་ལུགས་དེ་མཐའ་གཅིག་ཏུ་འཚེ་བ་མེད་པའི་ལྟ་གྲུབ་དང་། ཞི་བདེ། འཕེལ་རྒྱས་བཅས་ཀྱི་ངོ་བོར་སྣེ་འཁྲིད་བྱས་ཏེ་བོད་མི་རིགས་འདི་སྔར་བཞིན་ནང་སེམས་ཀྱི་བཟང་པོའ་ཡ་རབས་དང་། དྲབ་བདེན། ཞི་བདེ། འཚེ་བ་མེད་པ། བྱམས་པ་། བརྩེ་བ་ཅན་ཞིག་གིས་མངོན་ཐོན་ཀྱི་མི་རིགས་གཅིག་ཡིན་པ་དེ་མུ་མཐུད་རྒྭན་འཁྱོངས་བྱེད་ཐུབ་པ་དགོས།
འོནཏང་ང་ཚོས་བསམ་བློ་དཀྱེལ་ཡངས་བཏང་ཏེ་བོད་ཀྱི་ཆབ་སྲིད་ཀྱི་ལམ་ལུགས་དེ་དམངས་གཙོའི་ངོ་བོར་ཚད་ལྡན་གཅིག་སྐྲུན་ནས་མི་རབས་ནས་མི་རབས་བརྒྱུད་དེ་རྒྱ་ཆེའི་མི་དམངས་ཀྱིས་མང་མོས་འོས་བསྡུའི་ཐོག་ནས་གདམས་ཐོན་བྱས་ཏེ་བོད་ཀྱི་ཆབ་སྲིད་ཀྱི་ལམ་ལུགས་དེ་འཛམ་་གླིང་དམངས་གཙོའི་རྒྱལ་ཁབ་སྤྱི་དང་མཐུན་པ་ཞིག་ཅིས་ཀྱང་བྱེད་ཐུབ་པ་དགོས།
རྒྱ་ནག་གུང་ཁྲན་གྱི་ཀླད་རྙིང་མཁྲེགས་བཟུང་མཁན་གྱི་མགོ་འཁྲིད་ཚོས་༸ གོང་ས་མཆོག་གི་སྐུ་ཚེའི་འཕེན་པ་རྫོགས་ན་བོད་མི་རིགས་ཀྱི་གནད་དོན་དེ་རང་ཡལ་དུ་འགྲོ་རྒྱུའི་བསམ་བློ་གཏོང་བཞིན་ཡོད་ཀྱང་དེ་ནི་གླེན་པའི་བྱེད་སྟངས་གཅིག་ཡིན།
༸གོང་ས་མཆོག་སྐུ་ཞི་བར་གཤེགས་ཀྱང་བོད་མི་རིགས་ཀྱི་གནད་དོན་དེ་ནམ་ཡང་རང་ཡལ་དུ་འགྲོ་མི་སྲིད།
ད་དུང་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་དང་འབྲེལ་བའི་བོད་ཀྱི་ཆབ་སྲིད་ལམ་ལུགས་འདིར་མཚོན་ན་༸ གོང་ས་སྐྱབས་མགོན་ཆེན་པོའི་སྐུ་ཡི་འཕྲེང་བ་ན་རིམ་བྱུང་དང་འབྱུང་བཞིན་ཡོད་ལ་ད་དུང་བོད་བརྒྱུད་ནང་བསྟན་གྱི་ལྟ་གྲུབ་དང་འཚེ་བ་མེད་པའི་བྱམས་བརྩེའི་ཡོན་ཏན་བཟངཔོ་འདི་ཉིད་མི་ཉམས་རྒྱུན་འཛིན་གྱིས་ཆེད་དུ་རྒྱལ་བའི་རྒྱལ་ཚབ་ཀྱིས་ཚུལ་དུ་༸ གོང་ས་མཆོག་གི་ཡང་སྲིད་སྐུ་ཡི་འཕྲེང་བ་དེ་སྔར་ལས་ཀྱང་ལྷག་པའི་སྐུ་འཕྲེང་བཅོ་ལྔ་པ་ཆེན་པོ་ཞིག་བྱོན་རྒྱུའི་སྨོན་ལམ་དང་། ལས་འབྲེལ། དད་འདུན། མདུན་ལམ་དང་། གནས་བབ། དུས་རབས་སོགས་ཀྱི་དགོས་མཁོ་བཅས་མཐུན་རྐྱེནཡོངས་སུ་ཚང་ཡོད།
དེ་ནི་འཛམ་གླིང་འགྲོ་བ་མི་རིགས་ཀྱི་སྤྱི་དང་སྐྱེ་འགྲོ་སེམས་ཅན་ཡོངས་ཀྱི་བསོད་ནམས་ཀྱི་གོ་བསྐལ་ཆེན་པོ་ཞིག་ཡིན་ལ་རྒྱ་མི་རིགས་ཚོ་ལ་མཚོན་ནའང་ཆེས་བླ་ན་མེད་པའི་རྩ་ཆེའི་ནོར་བུ་གཅིག་ཀྱང་ལོད་ཡིན། སྒོས་སུ་བོད་མི་རིགས་འདིར་མཚོན་ན་སྔར་ནས་ད་བར་འཕགས་མཆོག་སྤྱན་རས་གཟིགས་ཀྱི་ཐུགས་བརྩེས་རྗེས་སུ་བཟུང་ཡོད་ལ་མ་འོངས་པར་ཡང་འཕགས་པ་ཐུགས་རྗེ་ཆེན་པོས་རྗེས་སུ་བཟུང་རྒྱུའི་ལས་སྨོན་དད་འདུན་ཡོངས་སུ་འཛོམས་ཡོད།
བྲ་གྲོགས་ཚོ་བློ་སེམས་བདེ་མོ་བྱོས།
མ་འདས་སྤྲུལ་སྐུ་ཞེས་པ་དེ་ནང་ཆོས་ཀྱི་འདོད་སྟངས་དང་མཐུན་གྱིན་མི་འདུག འགྲོ་ལ་ཤེས་རྒྱུད་གཉིས་མི་མངའ༎ཞེས་པ་ལས་གང་ཞིག་བསྟན་ཡོད་ཅེ་ན་འགྲོ་བ་གཅིག་ལ་ཤེས་རྒྱུད་གཅིག་མ་གཏོགས་མེད་པར་བསྟན་ཡོད་པ་རེད། སྐུ་ཕྲེང་གཅིག་མ་འདས་བཞིན་དུ་དེའི་སྐུ་སྐྱེ་རྗེས་མ་དེ་སྐྱེ་དགོས་ཟེར་བ་དེས་སྐྱེ་བ་སྔ་ཕྱིའི་རིག་པའི་ལམ་ལུགས་ལ་ཁྱད་གསོད་བྱས་པ་རེད། བོད་ལ་སྔོན་དུས་སུ་མ་འདས་སྤྲུལ་སྐུ་ཟེར་བ་ལྟ་བུ་ངོས་འཛིན་བྱེད་མཁན་ཆེས་ཉུང་ཤས་རེ་བྱུང་བའི་ལོ་རྒྱུས་ཡོད་པ་རེད། ཡིན་ན་ཡང་དེ་ཚོ་ནི་སྐབས་དེར་བོད་ལ་ཆོས་སྲིད་གཉིས་ཀྱི་ལམ་ལུགས་གཙང་མ་ཞིག་མེད་རྐྱེན་གྱིས་རང་སྣང་གང་ཤར་བྱས་པ་མ་གཏོགས་དད་ལྡན་པ་སྤྱི་དང་ལྷག་པར་ཡང་ནང་ཆོས་ཀྱི་གནད་དོན་ཤེས་མཁན་ཞིག་ལ་མཚོན་ན་ཡིད་ཆེས་ཐུབ་པ་ཞིག་མ་རེད། ལྷག་པར་ཡང་དེང་སང་སྤྲུལ་སྐུ་ངོས་འཛིན་ལམ་ལུགས་འདི་མི་མང་པོ་ཞིག་གི་མིག་ལམ་ལ་དེ་ཙམ་མི་འཕྲོད་པར་འགྱུར་བཞིན་པ་གསལ་བོ་ཡིན་སྟབས་སྤྲུལ་སྐུ་ཟེར་བ་འདིའི་ཕྱོགས་ལ་རེ་བ་དེ་ཙམ་རྒྱག་ས་ཅང་མི་འདུག ང་ཚོས་མ་འདས་སྤྲུལ་སྐུ་ཞིག་བཙལ་རུང་པེ་ཅིང་གིས་སྤྲུལ་སྐུ་གཞན་ཞིག་བཙལ་ཡོང་བ་འགོག་ཐབས་མེད་པ་རེད། ཡིན་ན་ཡང་པེ་ཅིང་གིས་སྤྲུལ་སྐུ་ངོས་འཛིན་གྱིས་དེ་བས་ཀྱང་ནུས་པ་མི་ཐོན་པ་རྒྱལ་མཚན་ནོར་བུ་ལ་བལྟས་ན་གསལ་པོ་ཤེས་ཐུབ་པ་ཞིག་རེད། འདིར་རྩོམ་པ་པོས་རྒྱལ་བ་སྐུ་ཕྲེང་དྲུག་པ་དང་བདུན་པ་དཔེ་མཚོན་དུ་དྲངས་པ་དེ་ལ་ཡིད་རྟོན་ཆོག་པ་ཞིག་གང་ཡང་མ་རེད། རྒྱལ་བ་སྐུ་ཕྲེང་དྲུག་པ་དང་བདུན་པ་གཉིས་ནི་ཆབ་སྲིད་ཀྱི་རྙོགས་ཟིང་བསམ་གྱིས་མི་ཁྱབ་པ་ཞིག་གི་འོག་ཏུ་ཆབ་སྲིད་ཚོགས་ཁག་སོ་སོས་ཁ་ལོ་བསྒྱུར་བའི་འོག་ཏུ་ངོས་འཛིན་བྱུང་བའི་རྩོད་གཞི་ཅན་གྱི་མི་སྣ་རེ་རེ་ཡིན་སྟབས་མ་འདས་སྤྲུལ་སྐུ་ཡོད་པའི་ཁུངས་སྐྱེལ་ཐུབ་པའི་དཔང་རྟགས་ཤིག་གང་ཡང་མ་རེད།
རྩོམ་ཡག་པོ་བྲིས་འདུག༧ གོང་ས་མཆོག་གིས་མི་མང་རྣམས་ལ་གདམ་ཀ་ཁ་ཤས་གནང་ཡོད། དེའི་ནང་མ་འདས་སྤྲུལ་སྐུ་བཟོ་སྟངས་དེ་ཡང་འཁོད་ཡོད། ཡིན་ནའང་མ་འདས་སྤྲུལ་སྐུ་བཟོ་བའི་དབང་དུ་གཏང་ཚེ་རྒྱལ་བ་དོན་གྱི་བདག་པོས་མངའ་གསོ་མཛད་རྒྱུ་ལས་བླ་ཆེན་རྣམ་པས་དེའི་ཐད་སྒྲུབ་དགོས་པ་ཞིག་ལྷག་མེད། ཡིན་ནའང་ང་ཚོ་བློ་ཚབ་ཆེ་ཤོས་ཤིག་ལ། འདིར་མ་འདས་སྤྲུལ་སྐུ་བཟོ་ཕར་ཕྱོགས་དགྲ་བོས་སྲོལ་རྒྱུན་ཆོས་ལུགས་ཀྱི་བྱེད་སྟངས་ཆ་ཚང་རྒྱལ་མཚན་ནོར་བུས་བྱས་ནས་སྤྲུལ་སྐུ་ཞིག་ངོས་འཛིན་གནང་ནས་གང་སར་ཁྱབ་སྒྲགས་གནང་ཚེ། དེར་ཉིན་ཁ་ཏོག་ཙམ་ཡོད། གཞན་ཛ་དྲག་གནས་ཚུལ་ཅི་ཡང་མེད། གོང་དུ་དྲྭ་གྲོགས་ཁ་ཤས་ཀྱི་མ་འདས་སྤྲུལ་སྐུ་སྐུ་ཕྲེང་བཅོ་ལྔ་པ་ངོས་འཛིན་ཞུ་ཐབས་མེད་པའི་ཐལ་ཚིག་སྒྲགས་འདུག་ཀྱང་དེ་ནི་ཅུང་བློན་རྟགས་སྟོན་འདུག་སྙམ། དེ་ལྟར་ཡིན་ཚེ་སྐུ་ཕྲེང་དྲུག་པ་དང་བདུན་པ་གཉིས་ཀྱང་རྒྱལ་བའི་ཡང་སྲིད་མ་ཡིན་པའི་ཐལ་བའི་སྐྱོན་ཡོད།
གནམ་ལྕགས་ལགས་ཁྱེད་ཀྱི་དགོངས་ཚོད་དེ་ཏག་ཏག་འགྲིགས་མ་སོང་།
མ་འདས་བའི་སྤྲུལ་སྐུ་བཙལ་ཚར་ནས་བསྐྱར་དུ་ཁོང་གི་ཡང་སྲིད་འཚོལ་དགོས་ལབ་ན་ཧ་ཅང་ནོར་འཁྲུལ་ཆེན་པོ་རེད།
དེ་འདྲ་ཞིག་ལ་བསམ་གཞིགས་མ་གཏོང་རོགས།
ཨ་འཇམ་གྱི་དགོངས་ཚོད་ཏག་ཏག་ཅིག་ཨེ་ཡིན་བསམ་སོང་།
༸གོང་ས་མཆོག་གིས་ལན་མང་གསུངས་ཚར་རེད། ཁོང་ད་ལྟ་རྒས་ཡོལ་ཡིན་པས་རྒྱལ་བོ་གནས་སྐབས་བྱེད་ཀྱི་མིན་གསུངས་བ་གཏོགས་མ་འོངས་བ་ལ་མི་བྱེད་གསུངས་གཏན་ནས་ཡོད་པ་མ་རེད།
དེའི་ཕྱོགས་ལ་སེམས་ཁྲལ་བྱེད་མི་དགོས་བ་ཞིག་མ་རེད་དམ།
ཨ་འཇམ་ལགས་ ཁྱེད་ཀྱི་དམངས་གཙོ་བཅོས་བསྒྱུར་གྱི་བསམ་འཆར་བདག་གི་བློ་ལ་བབས་ཀྱང་མ་འདས་སྤྲུལ་སྐུ་ལ་རྒྱབ་སྐྱོར་གཏན་ནས་མེད་ གལ་སྲིད་མ་འདས་སྤྲུལ་སྐུ་ཞིག་བསྐོས་པའི་དབང་དུ་བཏང་ན་ཡང་ཁྱེད་ཀྱིས་དེ་རྒྱལ་བའི་ཡང་སྲིད་ཅིག་ཏུ་ངོས་འཛིན་བྱ་མི་ཐུབ་ གང་ཡིན་ཟེར་ན་ཡང་སྲིད་ཟེར་བའི་གོ་དོན་ནི་སྐྱེ་བ་སྔོན་མ་དེ་ཞིང་ལ་གཤེགས་ནས་སླར་ཡང་རྣམ་ཤེས་ཀྱི་རྒྱུན་སསྐྱེ་བ་ཕྱི་མ་ལ་མཚམས་སྦྱར་ནས་སྲིད་པར་བཟུང་བ་ལ་གོ་དགོས་པས་རྒྱུ་མཚན་འདི་མ་ཚང་བས་སོ་ མ་གཞི་ནས་མ་འདས་སྤྲུལ་སྐུ་ཞེས་པའི་ཐ་སྙད་གཅིག་ངོ་མ་བྱུང་ཨེ་ཡོད་སྙམ་
ཨ་འཇམ་ལགས། རྩོམ་ཡིག་བཀླགས་ཟིན། འོན་ཀྱང་། ཁྱོད་ཀྱི་བསམ་ཚུལ་ལ་རྒྱབ་སྐྱོར་བྱེད་མི་ཐུབ། རྒྱུ་མཚན་དག་གནམ་ལྕགས་ཀྱིས་བགྲང་བ་དེ་དག་གོ།། དོན་འདིར་སྔ་མོ་ནས་སྐུ་མདུན་གྱིས་ཀྱང་ཐུགས་སེམས་མང་བོ་བཞེས་ཡོད་ལ། བོད་མི་ཚོས་ཀྱང་བསམ་བློ་བཏང་ཡོད་པ་རེད། གནད་དོན་འདི་ནི་རེ་ཞིག་སྔར་སྲོལ་ལྟར་འགྲོ་རྒྱུ་ནི་བོད་མི་ཚོའི་མངོན་འདོད་རེད། ༧སྐུ་མདུན་ཁོང་གིས་ཀྱང་མངོན་འདོད་འདི་དང་ལེན་བྱེད་ངེས་རེད། ད་དུང་། ཁྱོད་ཀྱི་རྩོམ་ཡིག་ལྟར་དོན་འདི་ཁ་ཚ་དགོས་གཏུགས་ཤིག་གཏན་ནས་མིན།
གོང་གི་བརྗོད་བྱའི་ནང་དོན་ནི་གཏིང་ཟབ་ལ་རྒྱ་ཆེ་ཞིང་དོན་སྙིང་ལྡན་པའི་བསམ་ཚུལ་ཞིག་ཡིན་པས། བོད་བཙན་བྱོལ་གཞུང་གཙོ་བྱས་པའི་ཕྱི་ནང་གི་མི་དམངས་རྒན་གཞོན་མཐོ་དམའ་ཚང་མས་བསམ་གཞིགས་དང་གོ་བསྡུར་དང་ཐག་གཅོད་ཀྱི་ལམ་བུ་ཞིག་གསར་དུ་བཏོད་དེ། བོད་ཀྱི་མ་འོངས་པའི་ཆོས་སྲིད་གཉིས་ཀྱི་ལམ་ལུགས་དབང་བསྒྱུར་བྱེད་པའི་ཡང་དག་པའི་དམངས་གཙོའི་ལམ་ལུགས་ཀྱི་དབུ་ཁྲིད་ཅིག་འབྱུང་བ་ལ་མེད་དུ་མི་རུང་བའི་མ་འདས་སྤྲུལ་སྐུ་སྟེ་༸གོང་ས་མཆོག་གི་སྤྲུལ་སྐུ་གཉིས་པ་ཞིག་འཚོལ་ཐབས་བྱེད་པ་ལ་འབད་བརྩོན་གནང་དགོས།
གནད་དོན་འདིར་ཁོ་བོས་ཀྱང་བསམ་གཞིགས་མང་དུ་བྱས་མྱོང་ཡང་ད་བར་དུ་རི་མོའི་རྣམ་པར་ཕྱིར་མ་མངོན་པ་ཙམ་ཡིན། འདི་ནི་བསམ་གཞིགས་ཀྱི་ནུས་པའི་འགྲོ་སོང་གཏོང་རི་བའི་གནད་དོན་ཞིག་རེད། གང་ལྟར་ང་ཚོས་བསམ་གཞིགས་ཤིག་ངེས་པར་དུ་བྱེད་དགོས།
ཁ་ཚ་དགོས་གཏུགས་ཀྱིས་བསམ་ཚུལ་ཞིག་ཡིན་ནའང་། ཨ་འཇམ་ལགས་ཀྱིས་མ་འདས་སྤྲུལ་སྐུ་ལ་འདོད་པ་ཡོད་པའི་སྐོར་གསུང་བ་ཅུང་མ་ལེགས། རྒྱུ་མཚན་ནི་མ་འདས་སྤྲུལ་སྐུ་ཞིག་འཚོལ་བའི་དབང་དུ་བཏང་ན། བྱིས་པ་ཞིག་ཡིན་ལ། དེ་འཚར་ལོངས་བྱུང་རག་བར་དུ་ད་ཡོད་ཀྱི་བཅུ་བཞི་བ་དགོངས་པ་ཆོས་དབྱིངས་སུ་འཐིམ་དུས། ཡང་གཅིག་འཚོལ་དགོས་སམ་མ་འདས་སྤྲུལ་སྐུ་དེས་ཆོག་པར་བྱ་ངེས། དེ་གནད་དོན་གཅིག་ཡིན།
ཡང་ད་ལྟའི་དུས་ཚོད་འདི་ལ་༸གོང་ས་མཆོག་ཁོང་ལྟ་བུ་ཞིག་གིས་ཐག་བཅད་པར་བོད་མི་མང་གིས་ངོས་ལེན་བྱ་སྲིད་ཀྱང་། དེའི་རྗེས་མ་དེ་སུས་ཐག་གཅོད་བྱ་ངེས། ཡང་ན་བོད་མི་མང་གིས་འོས་ཤོག་གི་ལམ་ནས་ཐག་གཅོད་དགོས་པ་ཡིན་ནམ། དེ་དུས་ཀྱི་ཉོག་དྲ་དེ་ཕལ་ཆེར་ཚོད་དཔག་མི་ཐུབ་པ་མི་འདུག་སྟེ། དཔེར་ན་ངས་སྔོན་མ་ཞིག་ཡང་མ་འདས་སྤྲུལ་སྐུའི་སྐོར་ཞིག་བྲིས་ཡོད། དེ་ནི་བླ་མས་རང་གི་བུ་ངའི་མ་འདས་སྤྲུལ་སྐུ་ཡིན་པར་ཐག་བཅད་པའི་དངོས་ཡོད་གནས་ཚུལ་ཞིག་བོད་ནང་དུ་བྱུང་མྱོང་ཡོད། དེ་དང་དེའི་ཉོག་དྲ་ནི་ཧང་སངས་དགོས་པ་བྱུང་མྱོང་།
དེ་ལས་༸གོང་ས་མཆོག་གིས་གསུངས་པ་བཞིན་ཁོང་སྐུ་མ་བཞུགས་པའི་སྐབས་ལ། ཁོང་གི་སྐུ་ཚབ་མཚོན་པའི་སྲིད་བློན་དང་སྲིད་འཛིན་ཡག་པོ་ཞིག་འཚོལ་རྒྱུ་དེ་རེད། དེ་ལྟ་བུའི་ངང་ནས་སྐུ་ཕྲེང་བཅོ་ལྔ་བའི་སྤྲུལ་སྐུ་འཁྲུལ་མེད་དེར་སྒུག་རྒྱུ་ལས། ད་ཡོད་ཀྱི་ལམ་ལུགས་འདིའི་སྒང་ལ་མ་འདས་སྤྲུལ་སྐུ་ཐོལ་བ་ཞིག་བྱུང་ན། ཉོག་དྲ་ཐོལ་བ་ཞིག་འབྱུང་རྒྱུ་ལས་མེད་པར་མཐོང་།