གཉིས།
མི་དེ་ང་རང་ལ་ཧ་ཅང་འདྲིས་པོ་ཆགས་སོང་། ཁོ་རང་རྫོང་མཁར་ནས་ཡོང་ཐེངས་རེར། ང་ཡོད་སར་ཡོང་གི་རེད། ངས་ཀྱང་དེང་ཐོག་ཁོ་རང་ལ་ཞེ་དྲགས་ཡ་ལན་སྤྲད་མེད། རྗེས་སུ་ཁོ་རང་དངོས་ནས་བློ་གཅིག་སེམས་གཅིག་ལྟ་བུ་ཞིག་རེད་བསམ་ནས་ཁོ་རང་གི་རེ་བ་དང་ལེན་བྱས་པ་ཡིན། ངའི་ཕ་མ་གཉིས་ཀྱིས་ཀྱང་ཁོ་རང་དང་ངེད་གཉིས་ལ་འབྲེལ་བ་བྱུང་བ་ཤེས་ཀྱི་ཡོད། ཨོ་རེད། ཁོའི་མིང་ལ་ཚེ་རིང་དོན་འགྲུབ་ཟེར་བ་དང་། ང་ལས་ལོ་འགའི་ཆེ་བ་ཡོད། ཁོ་རང་ང་ཚོའི་སྡེ་བ་དང་ཁ་གྱེས་ནས་རྫོང་མཁར་ནས་ཚོར་གཉེར་བྱས་དེ་ལོ་འགའ་སོང་འདུག ནམ་ཞིག ཁོ་རང་གིས་ང་རང་དང་གཉེན་སྒྲིག་བྱེད་འདོད་ཡོད་པའི་སྐད་ཆ་ཁ་ཤས་ཤིག་ཀྱང་བཤད།
ངས་གོ་སྐབས་ཤིག་བཙལ་ནས་རང་གི་ཕ་མ་གཉིས་ལ་ཚེ་རིང་དོན་འགྲུབ་ཀྱིས་གཉེན་སློང་གི་ཡོད་པའི་སྐོར་བཤད་པ་ཡིན། ཕ་མ་གཉིས་ཀྱིས་མི་བཟང་གི་མི་ཟེར། རེད་དེ། ཁོ་རང་མག་པ་ཚུར་ཡོང་ན་མ་གཏོགས། ང་རང་ཕར་སོང་ན་ངའི་ཕ་མ་གཉིས་རྒན་རྒོན་ཆགས་དུས་ལྟ་མཁན་མེད་པའི་དཀའ་ངལ་རབ་དང་རིམ་པ་ཞིག་གསུངས་སོང་། ངས་ཀྱང་དེ་ལུགས་ཀྱི་རྒྱུ་མཚན་མཐའ་དག་གཅིག་གཅིག་གཉིས་གཉིས་བྱས་ཁོ་རང་རྫོང་མཁར་ནས་ང་རང་གི་སར་ཡོང་སྐབས་ཤིག་ལ་བཤད་པ་ཡིན། ཁོ་རང་གིས་གནས་སྐབས་རིང་ང་ལ་དེ་ཡི་ལན་སྤྲད་མ་སོང་ལ། ཁྱེད་ཕ་མ་གཉིས་ལ་འུ་གཉིས་ཀྱིས་བདག་སྐྱོང་བྱེད་ཆོག་གི་རེད། འོན་ཀྱང་། ང་རང་སྡེ་བའི་ནང་དུ་བསྡོད་འདོད་མི་འདུག་ལ། ཁྱེད་རང་ངེད་ཚང་ལ་བག་མར་ཤོག་ཡང་མི་ཟེར། དེ་ལས་འུ་གཉིས་རང་ཁ་རང་གསོ་བྱས་དེ་རྫོང་མཁར་ནས་བསྡད་ན་དངོས་ནས་འཚོ་བ་ཡང་སྐྱིད་པོ་ཡོད་པ་རེད་ལ། ཁྱེད་རང་གིས་ཕ་མ་གཉིས་ལ་ལྟ་སྐྱོང་བྱེད་རན་དུས་ཕྱིར་སྡེ་བའི་ནང་དུ་ལོག་ན་འགྲིག་གི་རེད། གནས་སྐབས་རིང་སྒོར་རྡོག་ཁ་ཤས་རེ་སྐུར་ནས་ཁོ་གཉིས་ལ་རོགས་བྱས་ན་ག་འདྲ་འདུག དེ་ཡི་ཕྱོགས་ལ་ཁྱེད་རང་གི་བསམ་བློ་ཞིབ་མོ་གཏོང་། ང་རང་རྫོང་མཁར་ནས་ཡུན་རིང་བསྡད་པ་རེད། དེ་ཡི་སྐོར་ལ་ཉམས་མྱོང་ཡང་གང་ཙམ་ཡོད། ཁྱེད་རང་ཡང་ད་ལྟ་ལོ་ཡང་ཆུང་གི འུ་གཉིས་ཀྱིས་བར་ན་ལོ་ཁ་ཤས་ཤིག་ཡོད་ཀི ང་རང་ཅུང་ཙམ་ཆེན་པོ་ཡིན་པ་དང་འཚོ་བའི་རྒྱུད་རིམ་སྐོར་ནས་ཉམས་མྱོང་གང་ཙམ་ཐོབ་ཡོད་པ་རེད་ཅེས། མཚན་མོ་དེར་ཁོ་རང་གིས་ཁོ་བོའི་ལག་པ་ངའི་སྙིང་ཁང་བཞག་ནས་སྐད་ཆ་ཆེས་མང་བོ་ཞིག་བཤད་སོང་།
ངས་ཀྱང་ཕྱིར་ཉིན་ནས་དེ་ཡི་ཕྱོགས་སུ་འདང་མི་ཉུང་བ་ཞིག་་བརྒྱབས་པ་ཡིན་ལ། སྡེ་བའི་ནང་གི་བུད་མེད་གྲོགས་མོ་ཚོ་ལ་རྫོང་མཁར་གྱི་སྐོར་ཆེས་མི་ཉུང་བ་ཞིག་དྲིས་པ་ཡིན། སུ་ལ་དྲིས་ན་རྫོང་མཁར་དུ་བསྡོད་ཐུབ་ན་དེ་ལས་སྐྱིད་ཅིག་གང་ན་ཡོད། བཙག་སེར་བུའི་ནང་ལ་དཀའ་ལས་རྒྱགས་མི་དགོས་པ་མ་ཟད། བཟའ་བཏུང་དང་འདུག་ས་ཡང་ཁང་བརྩེགས་མཐོན་པོ་དེ་འདྲའི་ཡོད་རབས་འདུག ངས་དྲིས་པའི་ལན་ནི་སྐད་ཆ་སྙན་མོ་རྐྱང་རྐྱང་རེད་ལ། ཚེ་རིང་དོན་འགྲུབ་ཀྱིས་ང་རང་ལ་བཤད་པའི་སྐད་ཆ་དེ་དག་ཡང་ཁོ་རང་ཚོས་བཤད་པའི་སྐད་ཆའི་ནང་དོན་འདྲ་བོ་རྐྱང་རྐྱང་རེད་འདུག དེ་ནས་བཟུང་སྡེ་བའི་ནང་གི་ཡར་འགྲོ་མར་འགྲོ་བྱེད་སྐབས། ཕ་མ་གཉིས་ཀྱིས་གམ་ནས་ལས་ཀ་བཟང་ངན་གཉིས་ཀ་བྱེད་དུས་སུ། བཙག་སེར་བུའི་ནང་དུ་རྫི་བོ་བྱེད་དུས་སོགས་ལ་མིག་ལམ་དུ་ཤར་བ་ནི་གྲོང་ཁྱེར་གྱི་ཁང་བརྩེགས་དང་སྤྲོ་སྐྱིད་ལྡན་པའི་ཁྱིམ་ཚང་དང་། རང་ལ་བརྩེ་བའི་ཚེ་རིང་དོན་འགྲུབ་ལྷན་དུ་ཡོད་པ་མིག་ལམ་དུ་ཤར་ནས་འོང་གི་འདུག
མུ་འགོད།
དྲ་གྲོགས་ཀློག་བཞིན་པ་ཡིན།
མུ་མཐུད་དུ་སྤེལ་རོགས།