མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་རིགས་སློབ་གསོ་གླེང་བ། དམ་ཆོས་དཔལ་བཟང།

བོད་ཀྱི་དུས་བབ།
༢༠༡༠/༡༡/༡༩
Share on FacebookShare on TwitterShare on EmailShare on Whatsapp

༼ ཕྱི་ལོ་ ༡༩༧༩ ནས་ ༡༩༩༣ བར་རྫོང་ཞིག་གི་མི་རིགས་སློབ་འབྲིང་གི་བོད་ཡིག་དགེ་རྒན་བྱས་པའི་མཐོང་ཐོས་ཟུར་ཙམ་གླེང་བ།༽

འགུ་ལོག་དམ་ཆོས་དཔལ་བཟང༌།

 

ཕྱི་ལོ་ ༡༩༥༨ ལོར་མདོ་སྟོད་སྨད་ས་ཁུལ་དུ་དུས་འགྱུར་བྱུང་བ་ནས་བཟུང༌། འདོད་པ་མེད་བཞིན་དུ་མི་མང་སྤྱི་ཁང་གསར་འཛུགས་བྱས་པ་དང༌། ཞིང་འབྲོག་ཚང་མས་ཐབ་ཆེན་ནང་མཉམ་ཟ་མཉམ་འཐུང་བྱེད་དགོས་བྱུང༌། ས་གནས་ཁག་ལ་སློབ་ཆུང་གི་སྒོ་བྱང་ཡོད་པ་ནས་དགེ་རྒན་དང་སློབ་དེབ་མེད་པའི་གནས་སྟངས་འོག ༡༩༦༢ ལོའི་བར་སློབ་ཆུང་སློབ་གྲྭ་མིང་ཙམ་ལས་མེད་པ་ནི་ཞིང་ཆེན་ནང་ཁུལ་གྱི་ཡིག་ཆ་ཁག་ལ་གསལ་བོ་ཡིན། ༡༩༦༤ ལོར་ཡང་བསྐྱར་དམངས་སྒྲུབ་སྦྲ་གུར་སློབ་ཆུང་བཙུགས་ན་ཡང་། ཞིང་འབྲོག་གི་ས་ཁུལ་ལ་མུ་གེའི་འཇིགས་པ་ཆེན་པོ་བྱུང་སྟེ། སློབ་ལོ་རན་པའི་སློབ་མ་བརྒྱ་ཆ་ ༢༥ ཡང་ཟིན་མེད་པ་དང༌། ཡོད་པ་ཚོས་ཀྱང་ཀ་ཁ་ཀློག་ཤེས་པ་ཙམ་ཡིན།

 

༡༩༦༦ ལོའི་ཟླ་ ༥ ཙམ་ནས་རྒྱལ་ཁབ་ཀྱི་ཀྲུའུ་ཞི་མའོ་ཙེ་ཏུང་གིས་མགོ་ཁྲིད་དེ་རིག་གནས་གསར་བརྗེའི་ཆེན་པོའི་རླུང་འཚུབ་དེ་ལྡིང་བ་རེད། རྒྱ་ནག་རྒྱལ་ཡོངས་ཀྱི་སློབ་གསོའི་ཁ་ཕྱོགས་ལ་འགྱུར་བ་ཕྱིན་ཞིང་། ཏང་ནང་གི་མ་རྩ་རིང་ལུགས་ཀྱི་དབང་འཛིན་པ་རྩ་གཏོར་བྱ་རྒྱུ་དམིགས་ཡུལ་ཏུ་བཟུང་སྟེ། ཏང་སྲིད་དང༌། བཟོ་ཞིང་དམག་གསུམ།  སློབ་གྲྭ་ཆེ་འབྲིང་བཅས་ཀྱི་ཁ་ཕྱོགས་རིག་གནས་གསར་བརྗེ་ཆེན་པོས་རྙིང་བཞི་རྩ་གཏོར་བྱེད་བའི་ལས་འགུལ་ལ་བསྒྱུར། དེ་མ་ཐག་མི་རིགས་སློབ་གསོ་མུན་ནག་གི་གཟེབ་ཏུ་ལྷ་འདྲེ་གདོན་བགེགས་ཀྱི་གྲས་སུ་དགག་པ་རྒྱག་ཡུལ་ལྟེ་བར་གྱུར། སྐབས་དེའི་སློབ་གྲྭ་ཆེན་མོའི་མིང་ཡོད་ཀྱང་སློབ་གསོའི་ལས་དོན་གྲལ་རིམ་འཐབ་རྩོད་རེད། མཐར་ཕྱིན་སློབ་མའི་ལག་འཁྱེར་ཡང་རིག་གནས་གསར་བརྗེའི་སློབ་ཆེན་ལག་འཁྱེར་ཡིན། སྐབས་དེར་རྒྱལ་ཡོངས་ཀྱིས་གྲལ་རིམ་འཐབ་རྩོད་རུས་རྐང་དང༌། ཐོན་སྐྱེད་དང་མི་རིགས་སློབ་གསོ་ཡན་ལག་ཏུ་བཟུང་བ་རེད། ༡༩༦༦ ལོ་ནས་ ༡༩༧༦ བར་ལོ་བཅུའི་རིང་གི་རིག་གནས་གསར་བརྗེ་ཆེན་པའི་སྐབས། སློབ་གྲྭ་བ་རྣམས་ཀྱིས་མའོ་ཙེ་ཏུང་གི་གསུང་བཏུས་རྐྱང་རྐྱང་བློ་འཛིན་བྱེད་རྒྱུ་དང༌། གྲལ་རིམ་འཐབ་རྩོད་རྩ་གནད་དུ་བཟུང་ནས། དཔལ་ཡོན་ལྡན་པའི་མི་རིགས་སློབ་གསོའི་ལྟེ་གནས། རྡུང་བཅོམ་འཕྲོག་གསུམ་གྱི་གཡུལ་ས་ཞིག་ཏུ་གྱུར་བ་རེད། 

 

ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཚོགས་པ་དང༌། ༡༩༨༠ ལོ་ནས་མཚོ་སྔོན་ཞིང་ཆེན་གྱི་ཁུལ་སོ་སོའི་རྫོང་ཁག་རྣམས་ལ་བཅའ་སྡོད་མི་རིགས་སློབ་འབྲིང་གསར་འཛུགས་བྱེད་པའི་མགོ་ཚུགས། དེ་ནས་བཟུང་ལོ་ལྔའི་ནང་ཧ་ལམ་ཆ་ཚང་ལག་ལེན་ཐོབ་པ་བྱས། ཞིང་ལྗོངས་ལྔའི་མཉམ་སྒྲིག་བྱས་པའི་སློབ་ཚན་བོད་ཡིག་ཐོག་སློབ་ཁྲིད་བྱེད་མགོ་བཙུགས་ཏེ། བོད་ཡིག་དང་རྒྱ་ཡིག་རྨང་གཞི་བྱས་ཤིང་། གཞན་རྩིས་རིག དངོས་ཁམས། རྫས་འགྱུར། ས་རྒྱུས། ལོ་རྒྱུས། ཆབ་སྲིད་རྒྱུན་ཤེས་སོགས་བོད་ཡིག་སློབ་དེབ་ཐོག་སློབ་ཁྲིད་བྱས་ཡོད། དེ་དང་ཆབས་ཅིག་ཁུལ་སོ་སོར་ཆེད་ལས་མི་རིགས་དང་དགེ་འོས་མཐོ་འབྲིང་སློབ་གྲྭ་དང་འཕྲོད་བསྟེན་མཐོ་འབྲིང་སློབ་གྲྭ་བཙུགས། ༡༩༨༠ ལོ་ནས་ ༢༠༡༠ ལོའི་བར་མཚོ་སྔོན་ཞིང་ཆེན་གྱི་མི་རིགས་སློབ་གསོ་ལ་རྩ་བའི་འགྱུར་བ་ཆེན་པོ་བཏང་མེད་པར་མ་ཟད། བོད་རྒྱ་སྐད་གཉིས་ཐོག་མཁས་དབང་དང་ཤེས་ལྡན་མི་སྣ་མང་པོ་ཞིག་སྐྱེད་སྲིང་བྱས་ཡོད།

དཔྱད་གཞིའི་ཡིག་ཆ་མགོ་ལོག་ཁུལ་གྱི་མི་རིགས་སློབ་གསོའི་སྐོར་ཡིན་ཡང་། ལག་ལེན་ཐོག་མཚོ་སྔོན་ཞིང་ཆེན་གྱི་བོད་རྒྱ་སྐད་གཉིས་མཉམ་སྤྱོད་བྱེད་པའི་ས་ཁུལ་ཚང་མར་ཧ་ལམ་གཅིག་མཚུངས་སུ་ཁྱབ་ཡོད་པ་ཞིག་ལ་ངོས་འཛིན་བྱས་ཆོག

 

མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་ ༢༠༡༠ ལོའི་ཟླ་ ༩ ཚེས་ ༡༢ ཉིན། ཕྱི་ལོ་ ༢༠༡༠ ནས་ ༢༠༢༠ བར་གྱི་མཚོ་སྔོན་ཞིང་ཆེན་དུས་ཡུན་འབྲིང་རིང་གི་སློབ་གསོའི་བཅོས་བསྒྱུར་དང་འཕེལ་རྒྱས་འཆར་འགོད་རྩ་གནད་ཟེར་བའི་ཡིག་ཆ་ཞིག་འགྲེམས་སྤེལ་བྱས་པའི་ནང༌། ཐོད་རྒལ་བཞི་དང༌། རྨང་གཞི་དྲུག མཐོར་འདེགས་གཉིས་མངོན་འགྱུར་བྱེད་པ་བརྗོད་བྱ་གཙོ་བོར་བཟུང་ཡོད། དེའི་ནང་དོན་མདོར་བསྡུས་ན། སློབ་གྲྭ་ཆུང་འབྲིང་གི་སློབ་གསོའི་སྒྲིག་གཞི་སྙོམས་སྒྲིག་ལ་སྐུལ་འདེད་བྱེད་པ་ཇེ་མགྱོགས་སུ་གཏོང་རྒྱུ་ཐོད་རྒལ། སྐད་གཉིས་སློབ་གསོར་བཅོས་བསྒྱུར་དང་ཤུགས་སྣོན་ཐོད་རྒལ། སྟོབས་ཤུགས་ཞན་སར་ཤུགས་སྣོན་བྱེད་རྒྱུ་ཐོད་རྒལ། དགེ་རྒན་གྱི་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་ཐོད་རྒལ་བྱ་དགོས་པ་བཅས། དེ་ཡང་ ༢༠༡༢ ལོའི་བར་སློབ་གྲྭ་ཆུང་འབྲིང་གི་སྒྲིག་གཞི་སྙོམས་སྒྲིག་རྨང་གཞིའི་སྟེང་ཡོངས་འགྲུབ་བྱ་རྒྱུ། རྨང་གཞིའི་སློབ་མའི་ཉལ་ཁང་གི་བདེ་འཇགས་དང་རྐྱེན་ངན་མེད་པར་བཟོ་རྒྱུ་མ་ཟད། རྨང་གཞིའི་སྟེང་རྫོང་ནང་ཁུལ་གྱི་འོས་འགན་སློབ་གསོ་ཐོག་མའི་དོ་མཉམ་མངོན་གྱུར་བྱ་རྒྱུ། ༢༠༡༥ ལོའི་བར་དུ་རོང་འབྲོག་དགེ་རྒན་འཁོར་རྒྱུག་གི་གནད་དོན་ཕལ་ཆེ་བ་ཐག་གཅོད་པ་དང༌། ལོ་གཅིག་རྨང་གཞིའི་སློབ་གསོ་དང༌། མཐོ་འབྲིང་དུས་རིམ་གྱི་སློབ་གསོའི་རྨང་གཞིའི་དུས་རིམ་སྟེང་ཁྱབ་བརྡལ་གཏོང་རྒྱུ། མཐོ་རིམ་སློབ་གསོ་མང་ཚོགས་ཅན་གྱི་ཆུ་ཚད་གོམ་གང་མདུན་སྤོས་ཀྱིས་མཐོར་འདེགས་དང༌། ལོ་བཅོ་ལྔའི་ཡན་གྱི་མི་རྣམས་སློབ་གསོ་མྱོང་ཚད་ལོ་ལྟར་མཐོར་འདེགས་གཏོང་རྒྱུ། ཞིང་ཆེན་ཡོངས་ཀྱི་སློབ་གསོའི་འཕེལ་རྒྱས་སྤྱི་ཡོངས་ནས་ནུབ་རྒྱུད་ཀྱི་ཆུ་ཚད་ལ་སླེབས་སུ་འཇུག་རྒྱུ། ༢༠༢༠ ལོར་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དུ་སླེབས་པར་བརྩོན་ལེན་བྱས་ཏེ། སློབ་གསོ་དེང་རབས་ཅན་དང༌། སློབ་སྦྱོང་ཅན་གྱི་སྤྱི་ཚོགས་འགྲུབ་པའི་ཐོག་མའི་ཆ་རྐྱེན་མངོན་འགྱུར་བྱ་རྒྱུ་བཅས་རེད།  

 

སློབ་གསོའི་བཅོས་བསྒྱུར་འཕེལ་རྒྱས་ཀྱི་དམིགས་ཡུལ་གཙོ་བོ་ནི། རྒྱལ་ཁབ་ཀྱིས་གཅིག་གྱུར་བཀོལ་སྤྱོད་བྱེད་བཞིན་པའི་སྐད་དང་ཡི་གེ་སློབ་ཁྲིད་རྒྱུན་འཁྱོངས་དང༌། དེ་དང་མཉམ་དུ་མི་རིགས་ཀྱི་སྐད་དང་ཡི་གེར་སློབ་སྦྱོང་བྱ་རྒྱུ་དང༌། གྲངས་ཉུང་མི་རིགས་ཀྱི་སློབ་མའི་རྩ་བའི་སྟེང༌། རྒྱལ་ཁབ་གཅིག་གྱུར་གྱིས་བཀོལ་སྤྱོད་བྱེད་བཞིན་པའི་སྐད་དང་ཡི་གེ་དང༌། རང་མི་རིགས་ཀྱི་སྐད་དང་ཡི་གེ་བྱང་ཆུབ་ཅིང་ཁོང་དུ་ཆུད་པ་བྱ་རྒྱུ་དེ་ཡིན་ཟེར།  དཔེར་ལྟ་ས་ནི། འཛམ་གླིང་གི་མི་རིགས་མང་བའི་རྒྱལ་ཁབ་ཚང་མས་ཁྲིམས་ཐོག་ནས་གཞུང་ཕྱོགས་སྐད་ཡིག་དེ་རྒྱལ་ཁབ་ཀྱི་སྤྱི་སྐད་སྟེང་གཏན་འབེབས་བྱས་ཡོད་ལ། སློབ་གྲྭའི་སློབ་ཁྲིད་སྐད་ཡིག་དང་པོ་ཡིན་པ་དང༌། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཟུར་ཁྲིད་སྐད་ཡིག་ཡིན་པར་བཤད། དེར་བརྟེན་མཚོ་སྔོན་ས་ཁུལ་གྱི་སློབ་གསོ་བཅོས་བསྒྱུར་བྱས་པ་རྩ་ཁྲིམས་དང་བཅའ་ཁྲིམས་ཡོངས་སུ་མཐུན་ཡོད་པ་དང༌། མི་རིགས་སོ་སོའི་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་དང༌། གྲངས་ཉུང་མི་རིགས་ཀྱི་མི་རབས་རྗེས་མ་འཚར་ལོངས་དང་གོང་འཕེལ་འབྱུང་བའི་དགོས་མཁོ་དང་ཡང་མཐུན། དེར་བརྟེན་རྒྱལ་ཁབ་གཅིག་གྱུར་དུ་བཀོལ་བའི་སྐད་ཡིག་སློབ་གསོའི་སྐད་ཡིག་ཏུ་གཏན་འཁེལ་བྱས་ཏེ། གྲངས་ཉུང་མི་རིགས་ཀྱི་སློབ་མས་རྒྱལ་ཁབ་ཀྱི་གཅིག་གྱུར་སྐད་ཡིག་དང༌། མི་རིགས་རང་གི་སྐད་ཡིག་ཅུང་སློབ་ཞོར་ལྟ་བུར་བྱང་ཆུབ་པ་བྱུང་ན། གྲངས་ཉུང་མི་རིགས་ཀྱི་སློབ་མ་དེང་རབས་སྤྱི་ཚོགས་ཀྱི་འཚོ་བར་ཞུགས་ཐུབ་པ་དང༌། སྤྱི་ཚོགས་རིང་ལུགས་ཁྲོམ་རའི་དཔལ་འབྱོར་གྱི་ཆ་རྐྱེན་འོག་གི་འགྲན་རྩོད་ནུས་པ་ཇེ་མཐོ་དང་གསོ་སྐྱོང་ལ་ཕན་པ། གྲངས་ཉུང་མི་རིགས་བྱིས་པའི་ལས་བགོས་ལ་ཕན་ཐོགས་ཆེ་བར་བཤད།

 

བསམ་ཡུལ་ལས་འདས་པ་ཞིག་ནི། ༢༠༡༠ ལོར་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱིས་བོད་རྒྱའི་སྐད་ཡིག་ལ་གཙོ་ཕལ་དབྱེ་འབྱེད་ཀྱི་སློབ་དེབ་རྩོམ་སྒྲིག་དང་སློབ་ཁྲིད་བྱེད་རྒྱུའི་སྐོར་གྲོས་འཆམ་བྱུང་བ་ལ་རྨ་ལྷོ་ཁུལ་དང་མཚོ་ལྷོ་ཁུལ། མགོ་ལོག་ཁུལ་སོགས་ཀྱི་སློབ་གྲྭ་ཆེ་འབྲིང་གི་དགེ་སློབ་མང་དག་ཞིག་གིས་དེར་མོས་མཐུན་བྱས་མེད་པར་མ་ཟད། ཁུལ་གསུམ་གྱི་སློབ་གྲྭ་ཁག་དང་མཚོ་སྔོན་འཕྲོད་བསྟེན་སློབ་གྲྭ་ཆེན་མོ། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་སོགས་ཀྱིས་ཁྲོམ་སྐོར་སྐད་འབོད་བྱས་པའི་གནས་ཚུལ་རྒྱལ་སྤྱིའི་གསར་ལམ་ཁག་ལ་ཐོན་ཡོད། གཞིས་བྱེས་བོད་མི་ཡོངས་རྫོགས་བོད་མི་རིགས་ཀྱི་གྲུབ་ཆ་ཡིན་པ་དང༌། བོད་ཀྱི་སྐད་ཡིག་ལ་དུང་ཞེན་དང་དོ་སྣང་ཡོད་མཁན་ཡིན་པས་ན། བོད་ནང་གི་གནས་ཚུལ་ཐབས་སྐྱོ་བོ་དེ་ཐོས་མ་ཐག་ཧ་ཅང་བློ་ཕམ་སྐྱེས། མི་རིགས་སློབ་གསོ་ནི་རྒྱལ་ཁབ་ཀྱི་ཆབ་དཔལ་རིག་གསུམ་ལ་འབྲེལ་ཡོད་པ་དང༌། མེས་རྒྱལ་འཆམ་མཐུན་ལ་དེ་བས་ཀྱང་ནུས་པ་ཆེན་པོ་ཡོད། ཡིན་ནའང་ད་ལོའི་ཕྱི་ཟླ་ ༡༠ ཚེས་ ༢༠ ཉིན་གསར་ལམ་ཁག་ལ་ཐོན་གསལ་ལྟར་ན། བོད་ཡིག་ཕལ་བ་དང་རྒྱ་ཡིག་གཙོར་འཛིན་བྱེད་པའི་ལས་འཆར་ལ་དགེ་སློབ་མང་པོ་ཞིག་མོས་མཐུན་མ་བྱུང་ཁར། ཟླ་ ༡༠ ཚེས་ ༡༩ ནས་ ༢༢ བར་རྨ་ལྷོ་ཁུལ་གྱི་སློབ་གྲྭ་ནས་མགོ་བརྩམས་ཏེ། མཚོ་ལྷོ་ཁུལ་དང༌། མགོ་ལོག་ཁུལ་སོགས་ཀྱི་སློབ་མ་སྟོང་ཕྲག་འགས་མགྲིན་དབྱངས་གཅིག་འགྱུར་གྱིས་ “མི་རིགས་འདྲ་མཉམ།  སྐད་རིགས་རང་དབང” ཞེས། སྐད་འབོད་ཁྲོམ་སྐོར་ཤུགས་ཆེན་བྱས་ཡོད། འདི་ལ་སློབ་མའི་ཁྱིམ་བདག་དང་དགེ་རྒན་ཚོས་ཀྱང་རྒྱབ་སྐྱོར་བྱས་ཡོད་ལ། དེ་འབྲེལ་སློབ་གསོའི་བྱ་བ་བྱེད་མཁན་མི་ཉུང་བ་ཞིག་གིས་གོང་རིམ་ལ་སྙན་ཞུ་ཕུལ་ཡོད། སློབ་གྲྭ་ཆེ་འབྲིང་གིས་སྐད་འབོད་ཁྲོམ་སྐོར་བྱེད་པ་ནི། སྤྱིར་བཏང་ཞིག་མིན་པར་རྒྱལ་ཁབ་དང་གྲངས་ཉུང་མི་རིགས་ཀྱི་སློབ་གསོ་ལ་ཤ་ཚ་བ་ཞིག་དང༌། གྲངས་ཉུང་མི་རིགས་ཀྱི་རིག་གནས་སྲུང་སྐྱོབ་ཆེད་རེད། སློབ་མ་རྣམས་ཀྱི་དམིགས་ཡུལ་ནི། མི་རིགས་ལ་འདྲ་མཉམ་ཡོང་རྒྱུ་དང་། སྐད་རིགས་ལ་རང་དབང་དགོས་པ་དེ་ཡིན། འདི་ནི་དངོས་ཡོད་གནས་ཚུལ་ཡིན་ལ། དེ་ལ་སྲིད་གཞུང་གིས་ཀྱང་ངོས་ལེན་བྱ་དགོས། བོད་མི་རིགས་འདི་ཀྲུང་གོའི་རྒྱལ་ཁབ་ནས་ཁ་བྲལ་ཏུ་འཇུག་འདོད་མེད་ན། རྩ་ཁྲིམས་དོན་ཚན་བཅུ་བའི་ནང་བཀོད་པ་བཞིན་མི་རིགས་སོ་སོའི་སྐད་ཡིག་ལ་བརྩི་བཀུར་དང་འདྲ་མཉམ་གྱི་ལྟ་ཚུལ་འཛིན་དགོས། སྐད་ཡིག་གཙོ་ཕལ་གྱི་སྲིད་ཇུས་ལག་ལེན་མཚམས་འཇོག་དང་ཕྱིར་འཐེན་མ་བྱས་ཚེ། མེས་རྒྱལ་གོང་བུ་གཅིག་གྱུར་ཡོང་བའི་ཚབ་ལ་རྒྱལ་ཁབ་དང་མི་རིགས་ཁ་བྲལ་རྒྱུ་ཉག་གཅིག་ཡིན་ལ། དེ་དང་བསྟུན་ཏེ་ཏང་དང་རྒྱལ་ཁབ་ལ་ཡིད་ཆེས་བརླག་འགྲོ་བ་ཆོས་ཉིད་དོ།

 

ཏང་དང་སྲིད་གཞུང་ལ་ཡིད་ཆེས་མ་བརླག་པ་ཞིག་དགོས་ན། མི་མང་གི་བསམ་འཆར་ལ་ཉན་དགོས། མི་མང་གི་བསམ་བློ་དང་བསྟུན་དགོས། མི་མང་གི་སྟོབས་ཤུགས་མེད་ན། ད་ལྟའི་རླབས་ཆེན་གྱི་ཏང་དང་རྒྱལ་ཁབ་མེད་ཅེས། མའོ་ཙེ་ཏུང་གིས་གསུངས་ཡོད། བོད་རྒྱའི་སྐད་ཡིག་གི་སློབ་ཚན་དང་སློབ་ཁྲིད། བཀོལ་སྤྱོད་བྱེད་པའི་ཁ་ཕྱོགས་ལ་གཙོ་ཕལ་བྱེད་པ་ནི། མའོ་ཙེ་ཏུང་གི་གསུང་དང་འགལ་བ། ཏང་གི་སྲིད་ཇུས་དང་འགལ་བ། རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་རིགས་རང་སྐྱོང་གི་བཅའ་ཁྲིམས་དང་འགལ་བ། གྲངས་ཉུང་མི་རིགས་ཀྱི་མངོན་འདོད་དང་འགལ་བ་ཡིན།  རྒྱ་སྐད་གཅིག་པུས་བོད་སྐད་ཚབ་ནམ་ཡང་ཡོང་ཐབས་མེད་པས་ན། སྐད་གཉིས་ཟུང་འབྲེལ་དང་འདྲ་མཉམ་ནི་མི་རིགས་ཀྱི་རྩ་བའི་ཐོབ་ཐང་ཡིན། རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་གྲངས་ཉུང་མི་རིགས་རང་སྐྱོང་གི་བཅའ་ཁྲིམས་ནང་མི་རིགས་རང་གི་སྐད་ཡིག་རྩ་འཛིན་དང་སྲུང་སྐྱོབ་བྱེད་པའི་འོས་འགན་ཡོད། རྒྱལ་ཁབ་གཅིག་གྱུར་དང་མི་རིགས་འཆམ་མཐུན་བྱེད་པ་ལ། མི་རིགས་གང་གི་སྐད་ཡིག་མི་རིགས་དེས་བེད་སྤྱོད་ཆ་ཚང་ཆོག་པ་འཛམ་གླིང་སྤྱི་མཚུངས་རེད། མི་རིགས་རང་གི་སྐད་ཡིག་དང་རྒྱལ་ཁབ་ཀྱི་རྩ་འཛིན་སྐད་ཡིག་གཉིས་ཀྱི་ཆུ་ཚད་འདྲ་མཉམ་གོང་མཐོར་སོང་ན། རྒྱལ་ཁབ་དེའི་གཟི་བརྗིད་དང་སྔོན་ཐོན་ཡིན་པའི་མཚོན་རྟགས་ལས། སྔོན་ཐོན་རྒྱལ་ཁབ་ཀྱི་རྗེས་མི་ཟིན་པ་ནམ་ཡང་ཡིན་མི་སྲིད།

 

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དོན་ཚན་བཞི་བའི་ནང༌། མི་རིགས་ཚང་མར་རང་ཉིད་ཀྱི་སྐད་དང་ཡི་གེ་སྤྱོད་པ་དང་གོང་དུ་སྤེལ་རྒྱུའི་རང་དབང་དང་འགན་སྲུང་ཡོད། ཅེས་དང༌། མི་རིགས་ས་གནས་རང་སྐྱོང་བཅའ་ཁྲིམས་ཀྱི་དོན་ཚན་བཅུ་བའི་ནང༌། ས་གནས་དེ་གའི་མི་རིགས་ཁག་ཚང་མར་རང་ཉིད་ཀྱི་སྐད་ཡིག་བེད་སྤྱོད་དང་དར་རྒྱས་སུ་གཏོང་བའི་རང་དབང་དང་འགན་སྲུང་བྱ་རྒྱུ། ཞེས་གསལ་བ་ལྟར་གཞུང་སྒེར་ཚང་མས་བརྩི་བཀུར་དང་ལག་ལེན་བྱེད་དགོས། ཆེ་བས་ཆུང་བཙུར་མི་བྱེད་པར་རྒྱལ་བཀུར་དམངས་གཅེས་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་བཟང་ཡིན་ཟེར་བཞིན་དུ། རྩ་ཁྲིམས་ལ་ལོག་འགྲེལ་རྒྱག་ན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འཛམ་གླིང་གི་སྟོབས་ལྡན་རྒྱལ་ཁབ་ཡིན་ཟེར་བ་དོན་གྱིས་སྟོང་ཡོད། འདི་ནི་ཁྲིམས་ཀྱིས་རྒྱལ་ཁབ་དབང་བསྒྱུར་མ་ཡིན་པར་གང་ཟག་གིས་གྲངས་ཉུང་མི་རིགས་དབང་བསྒྱུར་བྱས་པ་ཡིན།  

 

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༢༠ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 2

  1. ཀུན་དགའ། says:
    ལོ་ 16 སྔོན།

    ངས་ཁ་སང་འདིར་མཆན་ཞིག་བྲིས་པ་ཡིན་མོད། ད་དུང་སླེབས་མི་འདུག   ག་རེ་ཡིན་ནམ།   བླ་རྒན་འདིའི་ཀློས་གཏམ་ལ་རྒྱབ་སྐྱོར་མ་བྱས་པས་ཡིན་ནམ།   དེ་ཡིན་ན་དུས་བབ་ཚང་གིས་བོད་ཀྱི་དུས་བབ་ནི་ཁྱེད་ཀྱི་དུས་བབ་ཡིན་ཟེར་བ་དང་འགལ་ལ།   ཡག་བཤད་རྐྱང་མ་གཏོགས་ཁ་གཏད་གཅོག་མི་ཆོག་པའི་བགྲོ་གླེང་བྱེད་ས་ཞིག་མང་གཙོའི་སྤྱི་ཚོགས་ཁྲོད་མི་མཛེས་པས།    དྲ་ཞུགས་པ་རྣམས་ཀྱིས་དོར་བར་བྱོས་ཤིག   
    རྩོམ་ཡིག་ག་རེ་ཡིན་ན་ཡག་ན་ཡག་གི་དང་།   བཙོག་ན་བཙོག་གི་ཟེར་བ་འདི་མིའི་མི་ཚེའི་གྲུབ་ཆ་ཞིག་ཡིན་པ་མ་ཟད།   མང་གཙོའི་ཁེ་དབང་གལ་ཆེན་ཡིན།   ཡིན་ན་ཡང་ཨུ་ཚང་གི་དུས་བབ་ཚང་ལ་འདི་མི་འགྲོ་བ་འདྲ།   གལ་ཏེ་མཆན་འདི་ཡང་བཀག་རྒྱུ་ཡིན་ན།   ཅི་དགར་བྱོས།   དེའི་དབང་ཆ་ཁྱོད་ཚོར་ཡོད་པ་རེད།   

    Reply
  2. བསྟན་འཛིན་ཚེ་དཔག says:
    ལོ་ 16 སྔོན།

    འགུ་ལོག་དམ་ཆོས་དཔལ་བཟང་ལགས་ཀྱིས་རང་ཉིད་ཀྱི་མྱོང་རྒྱུས་གཞི་ལ་བཞག་ནས་འཕེལ་རིམ་ཞིག་གླེང་བ་འདི་བཀླགས་པས། བོད་ཀྱི་ཤེས་ཡོན་རིག་གནས་སློབ་གཉེར་གྱི་འཕེལ་རིམ་ལ་བལྟ་བར་དཔྱད་གཞི་འགངས་ཆེན་ཞིག་བཞེངས་སྐྲུན་གནང་འདུག་པའི་ཚོར་ཤུགས་སྤྲད།

    ཁོང་ལ་འབོད་སྐུལ་ཞུ་རྒྱུ་གཅིག་ཡོད། ཁྱེད་ཅག་རྒན་རབས་པ་དག་གིས་རང་སོ་སོའི་མྱོང་རྒྱུས་འདི་སྐོར་གཙོ་གནད་དུ་བཟུང་བའི་ཡིག་འཇོག་རེ་གནང་རྒྱུ་གལ་ཆེན་པོར་མཐོང་གི་ཡོད། ལྷག་ཏུ་ཁྱེད་རྣམ་པ་སྤྱི་ཚོགས་གསར་རྙིང་གཉིས་ཀ་དང་། བོད་ཕྱི་ནང་གཉིས་ཀར་མྱོང་རྒྱུས་ལྡན་པའི་ཆ་ནས། ངེས་པར་དུའང་གནད་འགག་མང་པོ་ཞིག་མཁྱེན་རྟོགས་ཡོད་པ་དེ་བས་ན། ཡིག་འཇོག་གི་ཐད་ལ་དགོངས་པ་རྒྱ་ཆེན་པོ་རེ་བཞེས་གནང་རོགས་ཞེས་སྙིང་ཁོང་རུས་པའི་གཏིང་ནས་ཞུ་བ་འབུལ་བ་ལགས།

    ཁྱེད་ཅག་རྒན་རབས་པ་དག་གིས་ང་ཚོ་གཞོན་རབས་པར་ལམ་སྟོན་དང་ཆབས་ཅིག དྲ་ངོས་ཀྱི་མི་ཚོགས་ཁྲོད་འདིར་ཡང་སེ་ཡང་སེར་ཕེབས་ནས། ང་ཚོར་གོ་བསྐོན་རེ་ཐུགས་ལ་འདོགས་རོགས།

    རྒན་རབས་པ་ཁྱེད་ཅག་འདི་ལྟར་ཕེབས་གནང་བ་ལ། ཀློག་མཁན་བདག་དང་བདག་འདྲ་བ་དག་གི་ཚབ་ཞུས་ཏེ། གུས་བརྩི་དང་རྗེས་སུ་ཡི་རང་། ཡང་ཡང་ཕེབས་གནང་ཡོང་བའི་འབོད་སྐུལ་བཅས་སྟབས་གཅིག་ཏུ་ཞུ་བ་ལགས་སོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese