ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། ཕྱི་ལོ་ ༢༠༡༠ ལོའི་ཟླ་ ༥ པའི་ནང་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས། བོད་ཀྱི་ཁམས་སྡེ་དགེ་དཔལ་ཡུལ་རྫོང་གི་བོད་རིགས་གཞོན་ནུ་བསོད་ནམས་ཚེ་རིང་ལགས་སུ་ལོ་གཉིས་ཕྱིར་འགྱངས་ཀྱིས་སྲོག་ཁྲིམས་གཅོད་རྒྱུའི་ཐག་བཅོད་བྱས་ཡོད་པར་མ་ཟད། དེ་ནི་ཕྱི་ལོ་ ༢༠༠༨ ལོའི་ཟླ་ ༣ ཚེས་ ༡༤ ཉིན་གྱི་ལྷ་སའི་དོན་རྐྱེན་སྐབས་ཁོང་གིས་མང་ཚོགས་ཀྱི་སྣེ་ཁྲིད་པར་ཉེས་འཛུགས་བྱས་པ་ཞིག་ཡིན་འདུག སྐབས་དེར་རྒྱ་གཞུང་གིས་ཁོང་དང་གསང་བའི་འབྲེལ་བ་ཡོད་པའི་བོད་རིགས་ཁག་ཅིག་ལའང་དུས་བཀག་འདྲ་མིན་གྱི་ཁྲིམས་ཐག་བཅད་ཡོད་ཅིང་། དེ་དག་ལས་བསོད་ནམས་ཚེ་རིིང་གི་ཕ་མ་གཅིག་པའི་སྤུན་མཆེད་ཚེ་དབང་འགྱུར་མེད་ལ་ལོ་ ༥ ཡི་ཁྲིམས་ཆད་དང་། དཔལ་ཡུལ་རྫོང་གི་བཀྲ་ཤིས་ཆོས་སྒྲོན་ལ་ལོ་ ༧ ། སྨར་ཁམས་གྱི་སྒྲོལ་དབྱངས་ལ་ལོ་ ༤། ཀོང་པོ་ཡི་སྐལ་དབྱངས་ལ་ལོ་ ༧། ལྷ་སའི་བཙུན་མ་ཡེ་ཤེས་མཚོ་མོར་ལོ་ ༥། ལྷ་སའི་བཀྲ་དབྱངས་ལ་ལོ་ ༥། ལྷ་སའི་སྒོ་རའི་རུ་དཔོན་པ་སངས་ཚེ་རིང་ལ་ལོ་ ༡ བཅས་ཀྱི་ཁྲིམས་ཐག་བཅད་ཡོད།
སྐུ་ཞབས་པ་སངས་ཚེ་རིང་གིས་དུས་རྒྱུན་ལྷ་སའི་སྒོ་རའི་རུ་དཔོན་གྱི་འགན་འཁུར་བཞིན་ཡོད་ནའང་། ཁོང་གིས་བོད་རིགས་ཞི་རྒོལ་བ་དེ་དག་རྒྱ་གཞུང་ལ་རྩིས་སྤྲོད་མ་བྱས་པའི་ཉེས་མིང་འོག་ཁྲིམས་ཐག་བཅད་པ་ཞིག་རེད། ཁོང་གི་རོགས་པ་རྣམས་འཛིན་བཟུང་བྱེད་དོན་ནི་ད་བར་ཁོང་ཚོས་རང་གི་ཉེས་པ་ཁས་མ་བླངས་པར་གསང་ཡིབ་བྱས་པའི་ཉེས་མིང་འོག་བཙོན་འཇུག་ཁྲིམས་ཐག་བཅད་པ་ཞིག་རེད། ཕྱི་ལོ་ ༢༠༠༨ ལོའི་ཟླ་ ༣ པའི་ཞི་རྒོལ་གྱི་རྗེས་སུ་ལྷ་ས་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས། བསོད་ནམས་ཚེ་རིང་རྩིས་སྤྲོད་བྱེད་མཁན་ལ་སྒོར་མོའི་བྱ་དགའ་འབོར་ཆེན་སྤྲོད་རྒྱུའི་ཁྱབ་བསྒྲགས་བྱས་ཡོད་ཀྱང་། ན་ནིང་ཕྱི་ཟླ་ ༡༠ པའི་བར། བོད་མིར་ལར་ཞེན་ཡོད་མཁན་ཚོའི་རོགས་རམ་འོག་ཁོང་འཛིན་བཟུང་བྱེད་ཐུབ་མེད་ཀྱང་། ལོ་དེའི་ཕྱི་ཟླ་ ༡༠ པའི་ནང་ལྷ་སའི་ཉེན་རྟོག་པས་ཁོང་གློ་བུར་དུ་འཛིན་བཟུང་བྱས་ཏེ་ལོ་གཉིས་ཕྱིར་འགྱངས་ཀྱིས་སྲོག་ཁྲིམས་བཅད་འདུག ད་ཆར་བསོད་ནམས་ཚེ་རིང་ལགས་གང་དུ་བཙོན་འཇུག་བྱས་ཡོད་མེད་དང་གཟུགས་པོའི་གནས་སྟངས་ཇི་འདྲ་ཡིན་མིན་སུས་ཀྱང་ཤེས་རྟོགས་ཐུབ་ཀྱི་མི་འདུག
བོད་ནང་དུ་བཞུགས་ཡོད་པའི་རང་རིགས་སྤུན་ཟླ་རྣམས་ཀྱི་ལས་དབང་དེ་ངོ་མ་ཡ་ང་བ་ཞིག
དགྱ་དམར་གདོན་འདྲེ་གང་གྲགས
བཙན་བྱོལ་དུ་ཡོད་པའི་ཚོགས་པ་ཁག་གིས་ནུས་ལྡན་གྱི་ལས་འགུལ་ཞིག་སྤེལ་པ་རོགས་གནང་ཞུ་རྒྱུ་ཡིན།