མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཁྲི་དང་སྤྱི་འཐུས་ཀྱི་ལོ་ལེཊ། ཚེ་དབང་བསོད་ནམས།

བོད་ཀྱི་དུས་བབ།
༢༠༡༠/༡༡/༢༤
Share on FacebookShare on TwitterShare on EmailShare on Whatsapp

 

བཙན་བྱོལ་སྤྱི་ཚོགས་ནང་བཀའ་ཁྲི་དང་། སྤྱི་འཐུས་ལོ་ལེགས་འདུག

ཀོ་ལེ་གྷ་གཞིས་ཆཊ། གཞུང་པ་ཚེ་དབང་བསོད་ནམས།

༄༅། རང་རེ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཆུང་ཆུང་འདིའི་མང་གཙོའི་ལམ་ལགས་སུ་ཁ་ཕྱོགས་ནས་མི་ལོ་ ༥༠ འགྲོ་བཞིན་པ་དང་། ཁྲིམས་ཡིག་གི་ལམ་སྟོན་འོག་གོམ་གང་མདུན་སྤོས་བྱས་ནས་མི་ལོ་ ༡༩ ཙམ་འགྲོ་བཞིན་པ། བཀའ་ཁྲི་མི་མང་ནས་ཐད་ཀར་འོས་འདེམས་གནང་ནས་མི་ལོ་ ༩ ལས་ཕྱིན་མེད་ནའང་འདི་ལོ་བཀའ་ཁྲི་དང་སྤྱི་འཐུས་ལོ་ལེགས་ནས་ཚང་ཁ་ཤིག་ཤིག་བྱེད་བཞིན་པའི་ལམ་ལུགས་འདིས་མ་འོངས་བོད་ཀྱི་མང་གཙོའི་འཕེལ་རིམ་ནང་བཟང་སྤྱོད་ཀྱི་ལེགས་སྐྱེས་འཇོག་ཐུབ་པའི་ཡག་རྟགས་ཤིག་ཡིན་ན་དགའ་བསུ་ཞུ་འོས་པ་དང་། སྔོན་འགྲོའི་འོས་གཞི་མ་བསྡུའི་གོང་ལ་འོས་དམིགས་ལས་འོས་གཞི་ཡོང་རྒྱུ་མེད་པར་སོང་། ཚོགས་སྐྱིད་ཁག་ནས་བཀའ་སྤྱིའི་འོས་གཞི་གསལ་བསྒྲགས་བྱེད་བཞིན་པའི་ལམ་ལུགས་འདི་དག སྒྲིག་མཐུན་ཅི་ཆགས་སྐོར་ལ་འོས་བསྡུ་ལས་ཁང་ལ་དོགས་གཅོད་ཀྱི་སྙན་ཞུ་ ༢༠༡༠ ཟླ་ ༥ ཚེས་ ༢༨ དང་ ༢༠༡༠ ཟླ་ ༧ ཚེས་ ༢ བཅས་སོ་སོར་ཕུལ་བའི་ངོ་བཤུས་འབྲེལ་ཡོད་ཀྱི་སྤྱི་འཐུས་རྒྱུན་ལས་དང་བཀའ་ཤག  ཆེས་མཐོའི་ཁྲིམས་ཞིབ་ཁང་བཅས་ལ་ཕུལ་བར་ད་བར་བཀའ་ལན་ལྟ་ཅི། འབྱོར་ལན་ཙམ་ཡང་མེད་པའི་གནས་བབ་ལ་བསམས་ཚེ་སྒྲིག་འགལ་དང་ཁྲིམས་འགལ་ལ་རྒྱབ་སྐྱོར་གནང་མཁན་གྱི་གྲངས་ཚད་དེ་མང་དུ་འགྲོ་བཞིན་པ་འདིས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ནང་ཡག་རྟགས་ཤིག་གང་ནས་ཡིན།

 

དེ་སྔོན་གྱི་སྤྱི་འཐུས་སྐབས་བཅུ་བཞི་པ་འདི་ལ་ཚོགས་གཙོ་གཉིས་ནས་རེ་མོས་བྱ་རྒྱུའི་ལམ་ངན་གསར་གཏོད་གནང་བ་དེ་དག་བཅའ་ཁྲིམས་དང་ལྷག་དོན་དུ་བཟང་སྤྱོད་ཀྱི་འགན་འཁུར་དང་ཡོངས་སུ་འགལ་བར་ངོས་འཛིན་བྱས་ན་མ་འགྲིག་པའི་ཉེས་པ་གང་ན་ཡོད་ལ། འོས་བསྡུ་ལས་ཁང་དང་འབྲེལ་ཡོད་ལྷན་ཁང་ཁག་ནས་འོས་གཞི་དང་། འོས་དམིགས་གཉིས་དོན་གཅིག་མིང་གི་རྣམ་གྲངས་ལ་ངོས་འཛིན་གནང་གི་ཡོད་ན་ལས། དེ་མིན་འོས་བསྡུ་ལས་ཁང་ནས་དངོས་ཞིའི་འོས་གཞི་གསལ་བསྒྲགས་མ་གནང་གོང་ལ་འོས་གཞི་ཡོང་རྒྱུ་མེད་པར་སོང་ཚོགས་སྐྱིད་ཁག་གི་བྱེད་བབ་འདི་དག་སྒྲིག་འགལ་ནས་ཁྲིམས་འགལ་དུ་ཁ་ཕྱོགས་ནས་གཞི་རིམ་མང་གཙོའི་སྤྱི་ཚོགས་ཀྱི་བསམ་བློའི་རང་དབང་དང་། རྣམ་དཔྱོད་ཀྱི་འགན་འཁུར་ལ་ཆེད་དུ་འགོག་རྐྱེན་བཟོས་པར་ངོས་འཛིན་དང་བཅས། བཀའ་ཁྲིའི་འོས་གཞིའི་ནང་ཡོད་པའི་མི་འགྲོ་འགའ་ཤས་ནས་རྟེན་འབྲེལ་མཚོན་བྱེད་ཀྱི་ངོ་བོར་བཀའ་ཁྲི་ལ་ལངས་པའང་ཡོད་སྲིད་ལ། འགའ་ཤས་ནི་ཕྱོགས་གཏོགས་ཆབ་སྲིད་དང་། ལུང་ཚན་ཤོག་སྒྲིལ་གྱི་གནོས་ཤུགས་འོག་ཏུ་ཚུད་ནས་བཀའ་ཁྲི་ལ་ལངས་པའང་ཡོད་སྲིད། ཁག་གཅིག་ནི་མིང་དང་དོན་ལ་རྔམ་ནས་བཀའ་ཁྲི་ལ་ལངས་པ་ཡོད་སྲིད་ལ། རྒྱ་འབྲེལ་ཆབ་སྲིད་ལ་འགན་འཁུར་ནས་ལྷག་བསམ་དང་། ཆོད་སེམས། གདེང་སྤོབས་ཅན་འགའ་ཤས་ཀྱང་ཡོད་སྲིད།

 

དོན་དངོས་ཐོག་བཀའ་ཁྲི་དེ་ཆོལ་ཁ་དང་ལུང་ཚན་ལ་བགོ་བཤའ་རྒྱག་རྒྱུའི་ནུབ་ཕྱོགས་འབྱོར་ལྡན་རྒྱལ་ཁབ་ཀྱི་དངོས་པོའི་རོགས་རམ་ལྟ་བུ་ཞིག་གང་ནས་ཡིན་ལ་ཕྱོགས་གཏོཊ་ཆབ་སྲིད་དང་། ལུང་ཚན་ཤོག་སྒྲིལ་ལ་འགན་འཁུར་ནས་བཀའ་ཁྲི་འོས་བསྡུ་བྱ་རྒྱུ་དེ་བས་ཀྱང་གང་ནས་ཡིན་ན། བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་ཆབ་སྲིད་འཕེལ་རིམ་ལ་འགན་འཁུར་ངང་བཀའ་ཁྲི་འདེམས་དགོས་པར་སོང་། འདས་པའི་བཙན་བྱོལ་བོད་མིའི་ཆབ་སྲིད་འཕེལ་རིམ་གྱི་ལོ་རྒྱུས་ལ་ཕྱི་མིག་ལྟ་སྐབས་དེ་སྔོན་བཀའ་ཁྲི་མི་མང་ནས་འོས་བསྡུ་བྱ་རྒྱུའི་ལམ་ལུགས་མ་དར་གོང་། སྐྱ་བོ་ལྔ་ནས་བཀའ་ཁྲི་གནང་བ་དང་། མི་མང་ནས་བཀའ་ཁྲི་ཐད་ཀར་འོས་འདེམས་གནང་ནས་སེར་མོ་བའི་བཀའ་ཁྲི་སྐབས་གཉིས་བསྟུད་མར་གནང་བ་དང་། དེང་སྐབས་ཤར་ནུབ་ལུང་པ་མང་པོའི་ནང་ཕོ་མོ་འདྲ་མཉམ་གྱི་ཐོབ་ཐང་དང་། འགན་འཁུར་གྱི་སྲིད་བྱུས་གལ་ཆེར་བརྩི་བཞིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡོངས་ཁྱབ་གསལ་སྒྲགས་གནང་བའི་འགྲོ་བ་མིའི་ཐོབ་ཐང་གི་ཡིག་ཆའི་ནང་དུའང་བུད་མེད་ཀྱི་ཐོབ་ཐང་དང་འགན་འཁུར་གྱི་ནུས་པ་རྩལ་དུ་བཏོན་ཡོད་པ་དང་། ང་ཚོའི་དགྲ་བོ་རྒྱ་ནག་གི་ངོས་ནས་ཀྱང་བོད་པའི་སྤྱི་ཚོགས་ནང་ཕོ་མོ་འདྲ་མཉམ་མེད་པའི་རྗེས་ལུས་ཀྱི་སྤྱི་ཚོགས་ཤིག་ཡིན་པའི་འགྲེལ་བརྗོད་འཛམ་གླིང་གང་སར་སྤེལ་བཞིན་པ་སོགས་ལ་ཞིབ་ཏུ་དཔྱད་སྐབས། ང་ཚོའི་སྤྱི་ཚོགས་ནང་ཕོ་མོ་འདྲ་མཉམ་གྱི་ཐོབ་ཐང་དང་འགན་འཁུར་གྱི་སྲིད་ཇུས་ལ་ཆེ་མཐོང་དང་བརྩི་བཀུར་ཞུ་མཁན་ཡོད།

 

ཡོང་རྒྱུའི་བཀའ་ཁྲི་དང་སྤྱི་འཐུས་ཀྱི་ཚོགས་གཙོ་ལ་བུད་མེད་ངེས་པར་འདེམས་དགོས་པ་ལས་སླར་ཡང་སྐྱ་སེར་གང་རུང་ཞིག་ཕྱོགས་གཏོགས་ཆབ་སྲིད་དང་ལུང་ཚན་ཤོག་སྒྲིལ་ལ་འགན་འཁུར་ནས་འཚང་ཁ་རྒྱག་ཏུ་བཅུག་ནས། བཀའ་ཁྲི་དང་སྤྱི་འཐུས་ཀྱི་ཚོགས་གཙོ་ལ་ཕེབས་དགོས་པའི་རྒྱལ་སྲུང་ཆབ་སྲིད་ཀྱི་གནད་དོན་དང་། སྤྱི་ཚོགས་འཚོ་བའི་དགོས་མཁོ། གྲལ་རིམ་གྱི་རྒྱུ་མཚན་སོགས་གང་ཡང་མཐོང་གི་མེད་ན་གནས་ཡུལ་རྒྱལ་ཁབ་ཀྱི་སྲིད་འཛིན་དང་། གྲོས་ཚོགས་ཀྱི་ཚོགས་གཙོ་ལ་བུད་མེད་བསྐོ་བཞག་གནང་བ་འདིའང་རྒྱལ་འབྲེལ་ཆབ་སྲིད་ལ་འགན་འཁུར་ནས་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་གནང་བའི་འགྲོ་བ་མིའི་ཐོབ་ཐང་གི་ཡིག་ཆ་ལ་བརྩི་བཀུར་དང་། ཆེ་མཐོང་ཞུས་ཏེ་བུད་མེད་ཀྱི་ཐོབ་ཐང་དང་འགན་འཁུར་གྱི་ནུས་པ་རྩལ་དུ་བཏོན་པར་ངོས་འཛིན་དང་བཅས་བདེན་པ་དང་འཚེ་བ་མེད་པ། འདྲ་མཉམ། ཡང་དག་པའི་མང་གཙོའི་ལམ་ལུགས་ནང་གོམ་གང་མདུན་སྤོས་ཐུབ་པའི་ནུས་པ་དང་བློ་ཁོག ཆོད་སེམས་བཅས་བོད་མི་མང་ལ་ཡོད་ན། ཕོ་མོ་འདྲ་མཉམ་གྱི་ཐོབ་ཐང་བརྒྱུད་ནས་འགན་འཁུར་གྱི་ནུས་པ་ཆ་ཚང་ཡོད་པའི་སྔོན་བརྡ་དེ་འཛམ་གླིང་རྒྱལ་དམངས་ལ་སྟོན་དགོས་པ་དང་། རྒྱ་ནག་གི་འཁྱོག་བཤད་ལ་ཆབ་སྲིད་ཀྱི་བརྡ་ལན་ཞིག་ཀྱང་རྒྱལ་སྤྱིའི་མདུན་སར་སྤྲོད་ཐུབ་པའི་ཆེད་དུ་བོད་རྒྱལ་ཁབ་དང་། བོད་མི་རིགས་ཀྱི་ཆབ་སྲིད་འཕེལ་རིམ་གྱི་ལོ་རྒྱུས་ལ་འགན་འཁུར་ནས་ཡོང་རྒྱུའི་བཀའ་ཁྲི་དང་། སྤྱི་འཐུས་ཀྱི་ཚོགས་གཙོ་ལ་བུད་མེད་བསླེབ་ཐུབ་པའི་འགན་འཁུར་ཆེ་ཙམ་བཞེས་དགོས་པའི་འབོད་སྐུལ་འདི་བཞིན་ཕྱོགས་གཏོགས་ཆབ་སྲིད་དང་། ལུང་ཚན་ཤོག་སྒྲིལ་གྱི་རྗེས་སུ་ཁ་མ་ཕྱོགས་པར་ཆོལ་གསུམ་བོད་མིའི་ཆིག་སྒྲིལ་གྱི་གོང་བུ་གལ་ཆེར་བརྩིས་ནས་བདེན་པ་དང་། འཚེ་བ་མེད་པ། ཡང་དག་པའི་མང་གཙོིའི་ལྟ་གྲུབ་ལ་ཡིད་ཆེས་དང་། བརྩི་བཀུར་ཉམས་ལེན་དང་རྒྱལ་སྲུང་ཆབ་སྲིད་ལ་འགན་འཁུར་ནས་གང་ཟག་སྒེར་གྱི་བསམ་འཆར་ཞུ་བཞིན་ཡོད་ན། རྒྱལ་གཅེས་ལྷག་བསམ་ཅན་གྱི་བློ་ལྡན་རྒྱ་ཆེ་མང་ཚོགས་ཀྱི་དགོངས་པའི་དཔྱད་གཞི་རུ་མངའ་བ་མཁྱེན།     

                                    

འབྲེལ་ཡོད་གསར་འགྱུར།

TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

སྐར་མ ༥༤ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

ཆུ་ཚོད་ ༢༡ སྔོན་ལ།
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

ཆུ་ཚོད་ ༢༢ སྔོན་ལ།
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧

མཆན། 5

  1. བཙན་བྱོལ་བ་ says:
    ལོ་ 16 སྔོན།

    ཚེ་དབང་བསོད་ནམས་ལགས་ཀྱིས་རཟོམ་ཡིག་འདི་ལྟར་སྤེལབ་ལ་དགའ་བསུ་ཡོད་ ཐུགས་རྗེ་ཆེ་

    Reply
  2. གངས་ཆབ། says:
    ལོ་ 16 སྔོན།

    བོད་པའི་རྩ་དོན་དང་རང་དབང་སླར་གསོའི་ལས་འགུལ་ཡང་དག་ཅིག་ལ་ཐུགས་བསམ་བཞེས་དགོས་པའི་དུས་སྐབས་ཤིག་ཡིན་པ་མ་ཚད་ང་ཚོ་བཙན་བྱོལ་དུ་གྱལ་དགོས་དོན་ཡང་རང་དབང་སླར་གསོ་ཆེད་དུ་ཡིན་པ་ལས་ཕོ་མོ་འདྲ་མཉམ་རྩོད་ཆེད་དུ་བཙན་བྱོལ་དུ་ཡོང་བ་ཞིག་གཏན་ནས་མ་ཡིན།བསོད་ནམས་ལགས་ཀྱིས་གསུང་སྟངས་ལ་བལྟས་པ་ཡིན་ན།སོ་སོ་ལ་རང་དབང་རང་བཙན་ཡོན་མཁན་གྱི་ནུབ་ཕྱོགས་པའི་རྒྱལ་ཁབ་དང་འདྲ་བའི་ཕོ་མོ་འདྲ་མཉམ་དང་བྱིས་པའི་ཐོབ་ཐང་རྩོད་རྒྱུའི་དུས་ཚོད་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ན།ཤེས་འཇོན་ལ་མ་ལྟ་བ་ཞེས་བཙན་བྱོལ་བོད་གཞུང་གི་བཀའ་ཁྲི་དེར་བུད་མེད་ཅིག་དང་སྤྱི་འཐུས་ཚོགས་གཙོ་དེར་བྱིས་པ་ལོ་ན་མ་སོན་པ་ཞིག་བཀོ་གཞག་བྱེད་པ་ཡིན་ན་འཛམ་གླིང་མི་མང་ཚང་མས་ང་ཚོ་བཙན་བྱོལ་བོད་གཞུང་ལ་མཚན་སྙན་ཡག་པོ་ཞིག་ཐོབ་མདོག་ཁ་པོ་ཞིག་རེད་མ་གཏོགས་གཞན་འགྲུབ་འབྲས་གང་ཡང་ཐོབ་མདོག་ཁ་པོ་མ་རེད།ཧ་གོ་སོང་ངམ།

    Reply
  3. Dawai Shonu says:
    ལོ་ 16 སྔོན།

    སྐུ་ཞབས་ཚེ་དབང་བསོད་ནམས་ལགས།
    སྐུ་ཉིད་ནས་དེ་འདྲའི་བསམ་ཚུལ་བཏོན་པ་ལེགས། འོན་ཀྱང་རྩི་རྩི་མེད་པར་བཟོ་བའི་ཆེད་དུ་ཁང་པ་མེར་བསྲེགས་ན་ལྐུག་པ་མིན་ན་གང་རེད། ངའི་དོན་ནི། རྒྱ་གཞུང་དང་མཉམ་སྦྲེལ་རྒྱལ་ཚོགས་ལ་ལན་འདེབས་པའི་ཆེད་དུ་ང་ཚོས་ཆ་རྐྱེན་ལ་བསམ་བློ་སྣེ་གཅིག་ཀྱང་མ་བཏང་བར་བཀའབློན་ཁྲི་པ་ཡིན་ཅིག་མིན་ཅིག་བེུད་འདེམས་དགོས་བྱུང་ན་དཔེ་བསག་གི་མ་རེདཔས། བེུད་སུ་ལའང་འཇོན་ཐང་ཡོད་ན་མི་དམངས་ཀྱི་ངོས་འཛིན་བྱེད་ཀྱང་ལས་བཀག་འགོག་ནམ་ཡང་བྱེད་མི་སྲིད། ད་བར་དུ་བེུད་ནང་ནས་རྒྱ་རི་སྒྲོལ་མ་རེད། འོན་ཀྱང་ཁོང་མོ་བཀའ་ཁྲིར་ལངས་པར་ངེས་པར་དུ་དགོས་པའི་ཆ་རྐྱེན་ཁ་ཤས་ཚང་མིན་འདུག

    Reply
  4. མངའ་རིས་ཕོ་ཉ། says:
    ལོ་ 16 སྔོན།

    བོད་ཀྱི་བདེན་མཐའ་སེལ་རྒྱུ་ནི་སྐབས་གསུམ་པའི་བཀའ་ཁྲི་དང་སྐབས་བཅོ་ལྔའི་སྤྱི་མཐུས་ཚོགས་གཙོ་བུད་མེད་སླེབས་ན་བོད་ལ་རང་བཙན་ཐོབ་པར་མི་ཁྱབ།
    བཙན་བྱོལ་སྤྱི་ཚོགས་ནང་ཕོ་མོའི་འདྲ་མཉམ་གྱི་ཐོབ་ཐང་དང་འགན་འཁུར་གྱི་སྲིད་ཇུས་ལ་ཆེ་མཐོང་དང་བརྩེ་བཀུར་ཞུ་བཞིན་ཡོད།
    ༢༠༠༨ཟླ་༡༠ཚེས་༡༤ཉིན་བཀའ་ཤག་གིས་བུད་མེད་ནུས་ཤུགས་གོང་འཕེལ་ཆེད་སྲིད་ཇུས་གཏན་འབེབས་དོན་ཚན་བརྒྱད་བཞག་ཡོད།
    དོན་ཚན་གསུམ་པ། གཞིས་ཆགས་ཁག་ཏུ་ས་གནས་འགན་འཛིན་བུད་མེད་གང་མང་གཏོང་ཐབས་བྱ་རྒྱུ།
    ཉེ་བའི་འཆར་དཔལ་འབྱོར་ལས་ཁུངས་གོ་སྒྲིག་འོག་གཞུང་ཞབས་བུད་མེད་དྲུང་ལས་ཡན་ལ་མ་འོངས་པའི་འགོ་ཁྲིད་ཟབ་སྦྱོང་ཉིན་གསུམ་རིང་གངས་སྐྱིད་ཚོགས་ཁང་སྟེང་དུ་སྤྲད་ཡོད།
    བུད་མེད་བཀའ་ཁྲི་དང་སྤྱི་མཐུས་ཚོགས་གཙོ་འོས་དང་མི་འོས་སོ་སོའི་ཤེས་ཡོན་དང་འཇོན་ཐང་རྣམ་སྤྱོད་སོགས་བལྟས་ནས་འདེམས་དགོས་པ་ལས།
    གང་བྱུང་གདམ་པ་ཡིན་ན་ལྐུག་པ་ཡིན་པར་སྨོས་མི་དགོས།
    ཁྱི་ལ་སེང་གེའི་མིང་བཏགས་ནས་རྫིག་པོ་མ་ཏོག་དོན་དངོས་ཁྱི་རྒན་རང་རེད།

    Reply
  5. རི་བོང། says:
    ལོ་ 16 སྔོན།

    དྲ་གྲོགས་ལགས།

    མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་ལ་བརྩི་འཇོག་དང་། རྒྱ་ནག་གི་འཁྱོགས་བརྗོད་ཀྱི་རྫུན་གཏམ་ལ་ལན་འདེབས་ཙམ་གྱི་ཆེད་དུ་བཀའ་ཁྲི་དང་སྤྱི་འཐུས་ཚོགས་གཙོ་ལ་བུད་མེད་འདེམས་དགོས་ལབ་ན། རྒྱུ་མཚན་མེད་པའི་རི་བོང་ཅལ་འདྲོག་རང་རེད། དེ་ལྟར་བུད་མེད་ཅིག་འདེམས་ནའང་ཁྱེད་ཀྱི་དགོས་དོན་དེ་གཉིས་འགྲུབ་པའི་ངེས་པའང་གཏན་ནས་མེད།

    བཙན་བྱོལ་སྤྱི་ཚོགས་ཀྱི་ལས་གནས་མཐོ་ཤོས་དང་འགན་དབང་ཆེ་ཤོས་བཀའ་ཁྲི་དང་སྤྱི་འཐུས་ཚོགས་གཙོ་དེ་སུ་ལ་འོས་ཆོས་ཚང་མིན་དང་སུ་ལ་འཇོན་ཐང་ཡོད་མེད་ལ་བལྟས་ནས་འདེམས་དགོས་པ་ལས། འཇོན་ཐང་ཅན་གྱི་ཕོ་སར་ཚོ་ཟུར་དུ་བཞག་ནས་བུད་མེད་ཅིག་ཨེ་རེག་མི་རེག་བལྟས་ན་དེ་ལྐུགས་པའི་ལས་ཀ་མ་རེད་དམ།

    བཙན་བྱོལ་སྤྱི་ཚོགས་འདིར་བཀའ་ཁྲི་དང་སྤྱི་འཐུས་ཚོགས་གཙོ་ལྟ་ཅི་བཀའ་བློན་ཙམ་གྱི་འོས་ཚང་བའི་བུད་མེད་ཀྱང་མེད་པ་གསལ་ཐང་ཐང་ཡིན་བཞིན་དུ་ད་དུང་བཀའ་ཁྲི་དང་སྤྱི་འཐུས་ཚོགས་གཙོ་ལ་ངེས་པར་དུ་བུད་དགོས་ཞེས་ཨུ་ཚུགས་བྱས་ན་དེ་ནི་ལྐུགས་པའི་ཨུ་ཚུགས་མིན་ན་ཅི་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese