མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མདོ་སྨད་སྤྱི་འཐུས་དང་འབྲེལ་བའི་བསམ་ཚུལ། སྐལ་བཟང་རྡོ་རྗེ།

བོད་ཀྱི་དུས་བབ།
༢༠༡༠/༡༡/༢༥
Share on FacebookShare on TwitterShare on EmailShare on Whatsapp

ནོར་གླིང་། སྨན་སྐོར་སྐལ་བཟང་རྡོ་རྗེ།

ད་ནི་བོད་མི་མང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་ཁྱབ་བསྒྲགས་བྱས་ནས་ཉིན་བཅུ་ལྷག་ལས་འགོར་མེད་ལ།   སྐབས་འདིར་ས་གནས་གང་ས་ན་སོ་སོའི་ཆོལ་ཁའི་ཁུངས་ཀྱི་སྤྱི་འཐུས་ལ་སུ་འོས་ཀྱི་གླེང་སློང་བྱེད་བཞིན་པའི་སྒང་རེད།   ཡིན་ན་ཡང།  གླེང་སློང་དེ་དག་ནི་ཕག་ལ་འོག་གི་གཏམ་ཞིག་ཡིན་པ་ལས་སྤྱི་ཚོགས་ཀྱིས་གོ་ཐུབ་པ་དང་སྤྱི་ཡོངས་ལ་ཕན་ཐོགས་པ་ཞིག་མ་རེད།  ངས་ནི་དེ་ལས་ལྡོག་སྟེ་རང་སེམས་ཀྱི་སྐད་ཆ་དག་མངོན་བསྒྲགས་བྱེད་འདོད།  འདི་ནི་ངས་སྤྱི་དོན་གྱི་ཆེད་དུ་རང་ཕྱོགས་ཀྱི་ཉེས་སྐྱོན་ལ་མཛུབ་མོ་བཙུགས་ཏེ་དོན་གནས་གླེང་རྒྱུ་ལས་མི་སྒེར་གྱི་བསམ་ཚུལ་གླེང་རྒྱུ་མིན།

 

སྣེ་ཁྲིད་དུ་སུ་འོས་སམ།

སྤྱི་ཚོགས་ཀྱི་དཀའ་རྙོག་ཁྲོད་དུ་དཀའ་ངལ་གདོང་གཏོད་མཁན་ཚོ་ནི་མི་རིགས་ཀྱི་སྣེ་ཁྲིད་པ་བྱེད་འོས།  དང་བོ།  སྤེན་པ་ཚེ་རིང་། བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་དུ་ལོ་མང་བཞུགས་ཏེ།  ས་གནས་ཁག་ལ་གྲོས་ཚོགས་ཀྱི་འགྲོ་ལུགས་དང་དམངས་གཙོའི་འཕེལ་རིམ་སོགས་ཀྱི་ཟབ་སྦྱོང་སྤྲད་པ་སོགས་ཕྱག་ལས་མང་བོ་གནང་ཡོད་ལ།  སྤྱི་འཐུས་སུ་བསྡད་པའི་རིང་ལ་ཡང་གང་འཇོན་གྱིས་ཕྱག་ལས་མང་བོ་ཞིག་གནང་ཡོད།  ༢༠༠༨ ལོའི་འོས་ལངས་ཀྱི་སྐབས་ལ་མཚོན་ཏེ་བཤད་ནའང།  མདོ་སྨད་སྤྱི་འཐུས་ཀྱི་ཁྲོད་དུ་ཁོ་ལས་ལྷག་ཅིག་སུས་ཀྱང་འཇོན་མེད།  ཁོ་ད་དུང་ཡང་སྤྱི་འཐུས་སུ་འདུག་ངེས་ཡིན་ལ།  མི་མང་གིས་ཀྱང་ཁོ་སྤྱི་འཐུས་སུ་ལྡུག་ངེས་རེད།  དེ་ལྟ་ན་ཡང་སྤྱི་འཐུས་ལ་བཞུགས་རྒྱུ་དེ་ཙམ་གྱིས་འོས་འཚམས་མིན།   ཁོའི་སློབ་སྦྱོང་གི་བརྒྱུད་རིམ་ལ་གཞིགས་ན་དཔལ་འབྱོར་བཀའ་བློན་ལྟ་བུར་བཞུགས་ན་ཧ་ཅང་འོས་ཤིང་འཚམས། 

གཉིས་པ།  གསེར་རྟ་ཚུལ་ཁྲིམས་འོད་ཟེར།  ཁོང་སྤྱི་འཐུས་སུ་སླེབས་པ་དགོས་དབང་ཞིག་ཡིན་ལ།  དོན་དངོས་སྟེང་གླེངས་ནའང་ཁོང་ནི་ལྷག་བསམ་གྱིས་ཕྱུག་ཅིང་སྤྱི་དོན་ལ་འབད་བརྩོན་གནང་མཁན་ཞིག་རེེད།  ཁོང་གིས་སློབ་གྲྭ་ཁག་གི་གནས་སྟངས་དང།   ས་གནས་མི་མང་གི་གནས་སྟངས།  ད་དུང་ས་གནས་རྒན་གསོ་ཁང་གི་གནས་སྟངས་བཅས་ལ་ཞིབ་འཇུག་བྱས་ཏེ།  ས་གནས་ཀྱི་ལྐོག་ཟ་རུལ་སུངས་ཀྱི་ཚང་གཏོར་ཡོད།  སྐབས་དེར་ས་གནས་སུ་ཁོའི་རྒྱབ་རྩ་ན་རྒན་གསོ་ཁང་གི་རྒས་འཁོགས་འགའ་མ་གཏོགས་སུ་ཡང་མེད་ལ།  ད་དུང་ཅུང་མིན་ན་ཁོ་མོན་གྷོ་ཌི་ནས་རྒྱང་ཕུད་ཀྱང་བཏང་བྱུང།  ཁོང་ནི་དཀའ་ངལ་ལ་མ་འཛེམ་པར་སྤྱི་དོན་སྒྲུབ་མཁན་ཞིག་ཡིན་ཡང།  སྔོན་འགྲོའི་འོས་བསྡུའི་ཁྲོད་འོས་མི་བཅུའི་ནང་དུ་ཚུད་ཙམ་ལས་ཡང་རྩེ་རུ་མ་བསླེབས་པ་ནི་ཅི་འདྲའི་ཡིད་སྐྱོ་བ་ཞིག་རེད་ཨང།   འདི་ནི་ཕལ་ཆེར་ཁ་ལ་ཚོད་འཛིན་མེད་པར་གྲྭ་བ་ཚོ་སྤྱི་འཐུས་ལ་མི་དགོས་ཞེས་སྟོང་སྐད་རྒྱག་མཁན་ཚོའི་ངན་ཤུགས་ཡིན་ངེས།  དྲང་མོར་བཤད་ན་དེ་ལྟར་འཆད་མཁན་དེ་ཚོའང་གྲྭ་བའི་ཁོར་ཡུག་ནས་ཟོས་འཐུངས་ཏེ་འཚར་ལོངས་བྱུང་བ་རྐྱང་རྐྱང་རེད།   ད་སྐབས་ཀྱི་དུས་ཚོད་འདི་ལྟ་བུའི་ནང་གྲྭ་བ་དང་གྲོང་བ་བཅས་ལ་དབྱེ་འབྱེད་མེད་པར་མཉམ་རུབ་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ་བར་མངོན། 

གསུམ་པ།  ཚེ་རིང་གཡུ་སྒྲོན།  ཁོ་མོ་ནི་ད་རེབས་བརྩིས་ན་སྤྱི་འཐུས་སྐབས་གཉིས་ཆགས་ཡོད་ལ།  སྐབས་བཅོ་ལྔ་བའི་སྤྱི་འཐུས་སུ་འཐོབ་འོས་པ་ཞིག་ཀྱང་རེད།  དེར་མ་ཟད་མོ་ས་གནས་མི་མང་གི་བདེ་སྡུག་ཞུ་མཁན་ཞིག་དང།  སྤྱི་ཚོགས་ལ་དང་བླངས་ཀྱིས་ཞབས་ཕྱི་སྒྲུབ་མཁན་ཞིག་ཀྱང་ཡིན།  མོའི་ལོ་རྒྱུས་ཁྲོད་མི་རིགས་ལ་ཕན་པའི་ལས་འགན་གང་མང་ཁུར་ཡོད།  དཔེར་ན།  ས་གནས་བུད་མེད་ཚོགས་པའི་ཚོགས་གཙོ་དང་།  ས་གནས་མཉམ་འབྲེལ་ཚོགས་གཙོ་བཅས་ཀྱི་ལས་འགན་ཁུར་ཏེ།  མི་ཚེའི་ཕྱེད་ཀ་མི་རིགས་ཀྱི་ཆེད་དུ་ཕུལ་ཡོད། 

བཞི་བ།  སྒྲོལ་མ་མཚོ་མོ།  ཁོ་མོ་ལ་སྤྱི་ཚོགས་ཁྲོད་གླེང་ཕྱོགས་འདྲ་མིན་ཞིག་ཡོང་གི་ཡོད།  དུས་རྒྱུན་ཁ་མིི་གྲག་ཅིང་གྲགས་ན་རྙོག་སློང་གི་གཞི་མ་རེད་ཅེས་ཟེར།  དེ་ནི་རྣལ་དུ་ཐིངས་པ་ཞིག་རེད་མི་འདུག།  དོན་དངོས་ཐོག་ཁོ་མོ་ནི་རང་ནུས་གང་ཡོད་འདོན་མཁན་ཞིག་རེད།   བལ་ཡུལ་དུའང་མོས་སྒེར་བཙུགས་སློབ་གྲྭ་ཞིག་ལ་འཛིན་སྐྱོང་བྱས་ཏེ།  རིག་གཞུང་དང་མི་རིགས་གཉིས་ལ་ཞབས་ཕྱི་མཉམ་སྒྲུབ་བྱེད་ཀྱིན་ཡོད་ལ།  མོ་ད་དུང་བལ་ཡུལ་བོད་མིའི་ཚབ་མཚོན་ཡང་བྱེད་ཐུབ་ཀྱི་ཡོད་པས།   ང་ཚོའི་འོས་མིའི་ཁྲོད་དུ་མོ་ལས་ལྷག་པའི་འཇོན་ཐང་ཆེ་བའི་བུད་མེད་གསར་བ་འདྲ་མ་བསླེབས་ཚེ།   ད་ལྟའི་སྔོན་འགྲོའི་ནང་གི་བུད་མེད་ཚོའི་གྲས་ནས་མོ་ནི་སྤྱི་འཐུས་ལ་བདམས་ཆོག་ཆོག་ཏུ་འདུག་གོ།

 

འགན་མི་འཁུར་བའི་འཐུས་མི་འགའ།

མི་སུ་ཡིན་ཡང་རང་གི་ལས་གནས་ལ་དཔག་པའི་འཇོན་ཐང་དང་ལྷག་བསམ་མེད་ན།  མིང་ནི་ཇི་ཙམ་ཆེ་ཡང་དོན་ནི་སྟོང་བ་ཉིད་ཡིན། 

  དང་བོ། བསྟན་འཛིན་མགོན་པོ།  ཁོ་ལ་སེལ་མི་ཐུབ་པའི་དོགས་པ་མང་པོ་ཞིག་དང་། སངས་མི་ཐུབ་པའི་ན་ཟུག་རྙིང་པ་ཞིག་ཡོད་ལ། དེ་ནི་མི་རིགས་ཀྱི་གནད་དོན་ལས་མི་སྒེར་གྱི་གནད་དོན་ཤས་ཆེ། དེའི་ཆེད་ད་བར་དུ་གྲོས་ཚོགས་སོགས་སུ་རྙོག་དྲ་ཅི་བསླངས་པ་ནི་ཚང་མས་སེམས་སུ་གསལ་བོ་ཡིན།  ད་ནི་ཁོས་ངལ་གསོས་ན་འོས་པ་མ་གཏོགས་གྲོས་ཚོགས་སུ་ཉོག་གཏམ་གླེང་བར་མ་བསླེབས་ན་འོས་སོ།།

གཉིས་པ།  བསྟན་འཛིན་མཁས་གྲུབ།  སྤྱི་འཐུས་ཀྱི་ལས་འགན་ཁུར་ནས་མི་ལོ་ཉི་ཤུ་འགྲོ་བཞིན་ཡོད། དེ་ལྟ་ནའང་། ཁོང་ནི་འཐུས་མིའི་ཁོངས་སུ་ཡོད་ཀྱང་། ཚོགས་འདུའི་ནང་དུ་མེད་མཁན་གཙོ་གྲས་ཤིག་ཡིན། ལོ་ངོ་འདི་དག་གི་རིང་ལ་བོད་མི་ཚོས་ཁོ་ཐེ་ཝན་གྱི་སྤྱི་འཐུས་སུ་བླུགས་པ་ལྟར།  ཁོ་ཐེ་ཝན་དང་སྒང་ཏོག་བར་ན་བྲེལ་ཟིང་ཆེ་བ་ལས་གངས་སྐྱིད་ཀྱི་གྲོས་ཚོགས་མེ་ལ་ཤོར་ཡང་ཕལ་ཆེར་གོ་ཚོད་མ་རེད།  སྟབས་ལེགས་པ་ཞིག་ལ་ད་ལོ་ནི་མི་མང་གིས་ཁོ་ལ་ཕམ་ཁ་ཆེན་པོ་ཞིག་བྱིན་ཡོད།  གསུམ་པ།  རྒྱལ་རུང་ཟླ་བ་ཚེ་རིང།  ཁོ་ཡང་ལོ་ངོ་གང་མང་འགོར་ཡོད།  ཁོ་ལ་ད་ལྟའི་བར་དུ་གྲོས་འཆར་འདི་བཏོན་ནས་གྲོས་ཆོད་འདི་བཞག་ཟེར་བའི་ལག་རྗེས་འདྲ་མེད་ལ།  དཀྲུག་ཤིང་འདི་འཕངས་ནས་རྙོག་དྲ་འདི་བྱུང་ཟེར་བའི་ནག་ཉེས་འདྲ་ཡང་མེད།  ཡིན་ན་ཡང།   ལོ་ངོ་འདི་ཚོར་ཁོས་ཁ་རོག་གེར་རྐུབ་སྟེགས་བསྲུངས་ནས་བསྡད་ཅིང།  མི་མང་གིས་ཀྱང་ཁ་རོག་གེར་ཁོ་ལ་རྐུབ་སྟེགས་སྲུང་དུ་བཅུག་པ་ནི་ཅི་འདྲའི་ཡ་མཚར་ཞིག་རེད་ཨང།   

བཞི་བ།  ཡེ་ཤེས་སྒྲོལ་མ།  མོ་ནི་སྤྱི་འཐུས་ལ་བསྡད་ནས་སྐབས་གཅིག་མ་གཏོགས་འགོར་མེད།  དེའི་རིང་འགན་དམིགས་བསལ་བ་ཅི་ཡང་ཁུར་མེད་ལ།  མ་འོངས་པར་ནུས་པ་ཐོན་པའི་རེ་བའང་ཅི་ཡང་མངོན་མེད།  མོ་ཚོང་ལས་ལ་མ་གཏོགས་ཆབ་སྲིད་ལ་དེ་ཙམ་གྱིས་འཚམས་པོ་རང་མི་འདུག  ད་དུང་མོོ་གྲོས་ཚོགས་སུ་སླེབས་ན་ཡང་ཁ་གྲགས་ཀྱི་མེད་སྟབས།  ལ་ལས་ཡེ་ཤེས་སྒྲོལ་མ་ནི་གྲོས་ཚོགས་སུ་བཤམ་རྒྱུའི་སྒྲོལ་མ་རེད་ཅེས་ཀུ་རེ་རྩེད་ཀྱིན་ཡོད་ལ།  དོན་དངོས་ལ་ཉེ་བ་ཞིག་ཀྱང་རེད་འདུག། 

ལྔ་བ།  སྒྲོལ་དཀར་ལྷ་མོ། ཁོ་མོ་ནི་སྤྱི་འཐུས་རྒན་གྲས་ཤིག་ཡིན།  ཡང་བསྐྱར་སྐབས་བཅོ་ལྔ་བའི་སྤྱི་འཐུས་ལ་བསྡད་ཚེ་མི་ལོ་ཉེར་ལྔ་འགོར་ཡོད།  ཡིན་ན་ཡང།  མོ་ལ་འདི་ཡིན་གྱི་ལག་རྗེས་གང་ཡང་གླེང་རྒྱུ་མེད།  ད་ནི་རང་འགུལ་གྱིས་སེམས་རྒྱ་ཆེ་རུ་བསྐྱེད་ནས་བུད་མེད་གཞོན་སྐྱེས་ཚོར་ལམ་ཁ་ཞིག་ཕྱེ་རྒྱུ་ནི་མོའི་ལས་འགན་གཙོ་བོ་དེ་ཆགས་ཡོད།  

 

འོག་ནས་གྱེན་ལ་བརྩིས་པ།

ཐེངས་འདིའི་སྔོན་འགྲོའི་འོས་བསྡུ་ལ་བསམ་བློ་ཅུང་ཙམ་ཞིག་བཏང་ན།  ཆེས་ཡ་མཚར་བ་འདི་འདྲ་ཞིག་འདུག། སྤེལ་པ་ཚེ་རིང་དང་ཐུབ་བསྟན་ལུང་རིགས་སོགས་མགོ་ནས་ཐུར་དུ་བརྩིས་པའི་ཨང་དང་བོ་དང་གསུམ་པར་བསླེབས་པ་ནི་ལུགས་མཐུན་ཞིག་ཡིན།  འོན་ཀྱང།  ཨ་མཆོག་རིན་པོ་ཆེ་ནི་སྔོན་ཆད་ཤར་རྩེའི་མཁན་པོར་བཞུགས་པ་སོགས་ཀྱིས་མཚོན་ཆོས་ཕྱོགས་ཀྱི་ཕྱག་ལས་གང་འཚམ་གནང་ཡོད་ལ།  ད་ལྟ་ཁོང་གིས་དོན་འགུབ་གླིང་དུ་བླ་བྲང་བཞེངས་ནས་ཁུ་སུམ་དུ་བཞུགས་འཆར་ཡོད་མོད། ད་ཐེངས་འོག་ནས་གྱེན་དུ་བརྩིས་པའི་ཨང་གཉིས་པར་བསླེབས་ཡོད།  རྡོ་རྗེ་དབང་ཕྱུག་ནི་ཤེས་འཇོན་གང་གི་ཆ་ནས་ཀྱང་ཀུན་ལ་གསལ་བཤད་མི་དགོས་པ་ཞིག་ཡིན།  ཁོང་གིས་ལོ་མང་རིང་ནོར་གླིང་ཉམས་ཞིབ་ཁང་གིས་འགན་འཛིན་གནང་སྟེ་བོད་མི་ཡོོངས་ལ་ཅི་ཙམ་གྱིས་ཞབས་ཕྱི་གནང་བ་བདག་གིས་སྨྲ་ག་ལ་དགོས།  སྤྱིར་ཁོང་ལ་རླབས་ཆེ་བའི་བྱ་བཞག་འདི་མུ་མཐུད་གནང་འཇུག་རྒྱུའམ།  ཡང་ན་གོང་ནས་ཐུར་ལ་བརྩིས་པའི་ཨང་རིམ་མཐོ་གྲས་ཤིག་ཡིན་དགོས་མོད།  ད་ཐེངས་འོག་ནས་གྱེན་ལ་བརྩིས་པའི་ཨང་བཞི་བར་བསླེབས་འདུག།  ཨ་ལགས་འཇིགས་མེད་ནི་སྔོན་ཆད་བདེ་སྲུང་བཀའ་བློན་དུ་བཞུགས་ཏེ་སྲིད་ཕྱོགས་ཀྱི་ཕྱག་ལས་གང་མང་གནང་ཡོད་པ་ནི་ཀུན་གྱིས་མཁྱེན་གསལ་ལྟར་རེད། ད་ལྟ་བགྲེས་སོང་ཆགས་ཡོད་པས་འུ་ཚོས་དམ་པ་ཁོང་གི་སྐུའི་ཚེ་མཇུག་ལ་སྐུ་ངལ་ཞིག་གསོ་རུ་བཅུག་ན་བཟང་མོད།  ད་ཐེངས་འོག་ནས་གྱེན་ལ་བརྩིས་པའི་ཨང་དགུ་བར་བསླེབས་ཡོད།  

རྔ་བ་ཚེ་རྒྱམ་ནི་སྔོན་ཆད་ཐེ་ཝན་གྱི་སྐུ་ཚབ་དོན་གཅོད་དུ་བཞུགས་ནས་ཕྱག་ལས་གང་མང་གནང་ཡོད་པ་དང།   ད་ལྟ་ཁོང་སྐུ་སྒེར་གྱི་རྒྱ་ཡིག་དྲུང་ཆེ་ཡི་འགན་གནང་སྟེ་མུ་མཐུད་དུ་རྒྱ་ཆེ་བའི་ཕྱག་ལས་གནང་བཞིན་ཡོད་ལ།  ཁོང་ནི་བཀའ་ཁྲི་ལའང་འོས་པའི་ཤེས་འཇོན་གཉིས་ལྡན་ཞིག་ཡིན།  ཁོང་ནི་བཀའ་ཁྲིའི་འོས་བསྡུའི་ཁྲོད་མགོ་ནས་ཐུར་དུ་བརྩིས་པའི་ཨང་རིམ་ག་གེ་མོ་ཞིག་ཡིན་དགོས་མོད།  ད་ཐེངས་ཁོང་སྤྱི་འཐུས་ཀྱི་འོས་མིའི་འོག་ནས་གྱེན་ལ་བརྩིས་པའི་ཨང་བཅུ་བཞི་བར་བསླེབས་ཡོད།  

སྤྱིར་འོས་མི་ཁྱབ་བསྒྲགས་ཀྱི་སྐབས་སུ་བདག་མེད་ཀྱི་ཡིག་འཁྱམ་ཡང་གང་མང་ཞིག་ཡོང་གི་ཡོད་ལ།  ད་ཐེངས་ཀྱི་འོས་བསྡུའི་ཁྲོད་མི་སྣ་གལ་ཆེན་མང་བོ་ཞིག་འོག་ནས་གྱེན་དུ་བརྩི་དགོས་པའང་བདག་མེད་ཀྱི་ཡིག་འཁྱམ་ཞིག་ལ་གཞི་བཅོལ་བ་གདོན་མི་ཟའོ།།

                                  

ཕྱི་ལོ་ ༢༠༡༠ ཟླ་ ༡༡ ཚེས་ ༢༢ ཉིན་ལ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༡༥ སྔོན་ལ།
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧
Close view of Chinese PLA combat helicopter in Tibet_January 05 2021
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཟིགས་ཞིབ་དགོས་པའི་རེ་སྐུལ་ཞུས། 

༢༠༢༥/༠༦/༢༦
Mobile App

མི་འགྱངས་བར་སྟོབས་ཆེན་རྒྱལ་ཁབ་ལྔ་ཡིས་ཚོགས་ཆེན་འཚོག་རྒྱུ་ཡིན་འདུག 

༢༠༢༥/༠༦/༢༦

མཆན། 32

  1. གནས་ཚང་། says:
    ལོ་ 15 སྔོན།

    དྲ་མཁན་རི་བོང་ལགས། ངས་མི་ལ་སྐད་ཆ་དྲིས་པ་གཞིར་བཞག་ཡོད་པ་མ་གཏོགས་ངས་ཤེས་ཀྱི་ཡོད་ཅེས་བཤད་མེད་ཀྱང་དོན་དག་དེ་ཁྱོད་རང་ཚོ་ཨ་མདོ་ནང་ཁུལ་གྱི་དོན་དག་ཅིག་ཡིན་པས། རང་ཚོས་རྩོད་པ་བརྒྱོབ། ང་ཚོ་ཀློག་མཁན་དང་ཉན་མཁན་བྱེད་ཆོག སྤྱི་འཐུས་བཅུ་བོ་ཁམས་དང་དབུས་གཙང་ནས་གདམ་ག་བྱེད་ཀྱི་ཡིན་ཟེར་ནའང་བསམ་འཆར་མེད། མ་གཞི་མངོན་ལྐོག་མེད་མཁན་ཞིག་གཙོ་བོ་ཡིན་པ་ལས་ཁ་ཞེ་མི་མཐུན་པ་ཚོ་ནམ་ཡང་གྱོད་དང་ཁ་མཆུའི་སྣེ་འདྲེན་ཡིན་པ་མ་བརྗེད་རོགས།

    Reply
  2. རི་བོང། says:
    ལོ་ 15 སྔོན།

    དྲ་གྲོགས་གནས་ཚང་མིང་ཅན་ལགས།

    ཁྱེད་ཀྱིས་མི་ཤེས་ཤེས་ཁུལ་བྱས་ནས་དྲ་ལམ་དུ་རྫུན་གཏམ་འཆད་ཀྱིན་འདུག ཅིའི་ཕྱིར་ཞེ་ན། དགའ་ལྡན་དུ་ཀླུ་མཁར་བྱམས་ཀྱི་ཞང་བོ་རྒན་ཉི་མ་ཟེར་བ་ཞིག་གཏན་ནས་ཡོད་པ་མ་རེད་ཁྱོད་ལ་དགའ་ལྡན་དགོན་པའི་དགེ་བཤེས་རྒན་པ་སུས་དེ་འདྲ་ལབ་སོང་། ཀླུ་མཁར་བྱམས་ཀྱི་ཞང་བོ་ནི་རྒན་བློ་བཟང་རེད། ཁོང་ནི་ཉམས་རྟོགས་མཐོན་པོར་སླེབས་པའི་རྒན་བསམ་གྱིས་མི་ཁྱབ་པ་ཞིག་རེད། དགའ་ལྡན་དགོན་པའི་དགེ་བཤེས་རྒན་པ་ཞིག་ཡིན་ན་ཁོང་མི་ཤེས་མཁན་ཡོད་པ་མ་རེད། ཡོངས་གྲགས་སུ་ཁོང་གི་མཚན་ལ་ཀླུ་འབུམ་རྒན་བློ་བཟང་ཞུ་བ་རེད། དྲ་ལམ་དུ་རྫུན་གཏམ་རིགས་བཀོད་ན་ཡག་པོ་མི་འདུག ཁོང་རྒན་བསམ་གྱིས་མི་ཁྱབ་པ་ཡིན་པས། ཀླུ་མཁར་བྱམས་ཡག་པོ་ཡོད་པ་ཇི་ལྟར་བསྒྲུབ་རྔ་མོང་མཐོ་ན་རིལ་མ་མཐོ་དགོས་པའི་རྒྱུ་མཚན་ཅི་ཡོད།

    བོད་ནང་གི་འོད་ཟེར་ལགས་དང་ཀླུ་མཁར་བྱམས་ཀྱི་གནས་སྟངས་གཅིག་མཚུངས་སུ་འཇོག་ཐབས་གཏན་ནས་མེད་འོད་ཟེར་ལགས་ཀྱིས་གདུག་རྩུབ་ཆེ་བའི་རྒྱ་དམར་གྱི་ཁ་གཏད་དུ་ལང་ཏེ་རང་སྲོག་དམར་མོ་འབེན་ལ་བཙུགས་ཡོད་པ་རེད། ཀླུ་མཁར་བྱམས་ཀྱིས་བྱམས་བརྩེ་དང་ཞི་བདེས་སེམས་རྒྱུད་བརླན་པའི་དགེ་སློང་སྲིན་འབུ་མི་གསོད་མཁན། ཕར་ལ་གཤེ་ཡང་ཚུར་མི་གཤེ་མཁན་ཞིག་ལ་དཔའ་སྐད་འཐེན་གྱིན་ཡོད་པ་རེད། དེ་ལྟར་བྱེད་པ་ལ་ངོ་མ་ཚ་ན་ཞེད་སྣང་བྱེད་དགོས་པ་ཅི་ཡང་ཡོད་པ་མ་རེད།

    མདོ་སྨད་སྤྱི་འཐུས་ལ་ལང་ན་ཆོས་ཁས་ལེན་དགོས་པ་ཅི་ཡང་ཡོད་པ་མ་རེད་དེ་བདེན་པ་རེད། ཡིན་ནའང་བཀའ་དྲིན་གཞལ་བར་དཀའ་བའི་༸སྤྱི་ནོར་གོང་ས་མཆོག་ལ་མཚན་སྨད་ཞུ་བཞིན་པ་ནི་ཡག་རྟགས་ཅི་ཡང་མ་རེད་དེ་འདྲའི་དྲིན་ལན་ལོག་འཇལ་བྱེད་མཁན་ཞིག་བོད་མི་དམངས་ཀྱི་སྤྱི་འཐུས་ལ་དུས་ནམ་ཡང་མི་འོས་པ་རེད།
    ཀླུ་མཁར་བྱམས་ནི་སྨྲ་བརྗོད་རང་དབང་གི་སླད་དུ་ཕོར་བ་བློས་གཏོང་ཕོད་མཁན་རེད་ཟེར་བ་ནི་ཁྱོད་རང་ནོར་འདུག བཙན་བྱོལ་བོད་གཞུང་གི་རང་ཁ་སོས་མི་སོས་ཙམ་གྱི་གསོལ་ཕོག་དེ་བཙན་བྱོལ་བ་ཞིག་གི་ཁ
    ཐབས་ལ་ལྟོས་པའི་ཡག་པོ་ཡོད་པ་བདེན་ཡང་། དེ་ཙམ་གྱིས་བློས་གཏོང་མི་ཐུབ་རྒྱུ་ཅི་ཡང་ཡོད་པ་མ་རེད། དེ་བློས་གཏོང་ཕོད་ནའང་སྤྱི་བའི་ཆེད་དུ་བློས་མ་བཏང་བར་བསྡད་ཡོད་མཁན་ཡང་མང་བོ་ཞིག་ཡོད་པ་རེད། ཀླུ་མཁར་བྱམས་ལ་སྨྲ་ལྕེ་བདེ་མོ་ཞིག་ཡོད་པ་བདེན་པས་བོད་ནང་གི་ཉན་མཁན་ཚོས་ཁོས་བཤད་པར་གོ་རྒྱུ་འདུག་ཟེར་བ་བདེན་ལས་ཆེ་ཡང་དེ་ཙམ་ཞིག་སྤྱི་འཐུས་ལ་འོས་པའི་འོས་ཆོས་ཅང་མ་རེད།

    Reply
  3. lobsang says:
    ལོ་ 15 སྔོན།

    རྒྱ་རྙི་ལགས། ཁྱེད་རང་གིས་མདོ་སྨད་ཡིན་ཁུལ་གྱིས་ང་ཚོ་མདོ་སྨད་མི་མང་གི་སྤྱི་འཐུས་ཁ་ཤས་ལ་སྐྱོན་བརྗོད་བྱས་འདུག་སྟེ། སྒྲོལ་དཀར་ལྷ་མོ་དང་། རྒྱལ་རོང་ཟླ་བ་ཚེ་རིང་གཉིས་སྐབས་སྔོན་མ་དག་གི་མདོ་སྨད་ཚོགས་གཙོ་དང་སྤྱི་འཐུས་ལ་མཚོན་ན་བྱས་རྗེས་ཅན་ལ་བརྩིས་ན་མ་འགྲིག་པ་མེད་སྙམ། སྒྲོལ་དཀར་ལྷ་མོ་ལ་བྱས་རྗེས་དང་འབྱོན་ཐང་ཤེས་ཡོན་ཡོད་་ནས་མདོ་སྨད་མི་མང་གི་སྤྱི་འཐུས་དང་བུད་མེད་ཚོགས་པའི་ཚོགས་གཙོར་བཞག་པ་མིན་ནམ། གལ་སྲིད་ཁྱེད་རང་མདོ་སྨད་པ་ཞིག་ཡིན་ན་སྐབས་སྔོན་མ་དག་གིས་མདོ་སྨད་ཚོགས་གཙོ་དག་གིས་བྱས་རྗེས་ག་རེ་བཞག་ཡོད། ཞབས་འདྲེན་ག་རེ་ཞུས་ཡོད། ཧ་ཨེ་གོ་མ་གོ་ན་ཁ་བཙུམ་ནས་བསྡད་ན་ཡག་གི་རེད་ལོ།

    Reply
  4. རྒྱ་རྙི། says:
    ལོ་ 15 སྔོན།

    བསང་ཆུ་འབྲུག་བྷེ་བཤད་པ་བདེན། ཁ་དཔེར་ཡང་། ནག་མོ་མང་སར་ཇ་མི་ཁོལ་ཟེར་བ་སྲོལ་ཡོད། འོན་ཀྱང་། མདོ་སྨད་ཚང་ན་མོ་ངོ་འཚོལ་བའི་གྲྭ་འཁྱམས་དང་། ཕོ་འཁྱམས་མང་པས་དོན་དངོས་ལ་དབྱེ་ཞིབ་བྱེད་ཤེས་ཀྱིན་མེད་པ་རེད།
    སྒྲོལ་དཀར་ལྷ་མོའི་ལོ་ངོ་ཉི་ཤུའི་རིང་བྱས་རྗེས་ག་རེ་བཞག་ཡོད་པ་རེད། བོད་སྤྱི་ལ་ག་རེ་ཡོད་རེད། མདོ་སྨད་ལ་ག་རེ་ཡོད་རེད། ངོ་མ་མི་མང་འདི་ཞ་ར་ལྟ་བུ་ཞིག་རེད།
    ཁོ་མོ་དང་ཟླ་བ་རྒྱལ་རོང་སོགས་གཅིག་པ་རེད། ཁ་ནས་བོད་དོན་བཤད་ངེས་རེད། མི་རིགས་གླེང་ངེས་རེད། གཞོན་སྐྱེས་གླེང་ངེས་རེད། དོན་དངོས་རང་གི་ཁེ་ཕན་ཁོ་ནར་ལྟ་ངེས་རེད།
    སྐབས་འཚོལ་བ་དག་ང་ཚོས་ཅི་ལྟར་འཕུད་རྒྱག་གཏོང་དགོས་མིན་ཐད་ཚང་མས་བསམ་གཞིགས་ཡག་པོ་གནང་རོགས།

    Reply
  5. གནས་ཚང་། says:
    ལོ་ 15 སྔོན།

    རང་ཚོས་དེར་རྩོད་པ་མ་རྒྱག ཡེ་ཤེས་སྒྲོལ་མ་དང་། འཕེལ་རྒྱས་སྒྲོལ་མ་གཉིས་ལ་ཡག་མོ་སྒོ་དང་འཇོན་ཐང་ག་ཚད་ཡོད་ཀྱང་ཁམས་པའི་མནའ་མ་ཡིན་ཙང་ཁམས་རེད་མ་གཏོགས་མདོ་སྨད་ཀྱི་མི་མ་རེད། ཡིན་ནའི། མདོ་སྨད་ཀྱིས་ཁམས་ལ་མནའ་མ་འདི་འདྲ་གཉིས་གནང་བའི་ཁར་ད་དུང་སྤྱི་འཐུས་ཀྱང་གདམ་པ་ཡིན་ན། ཁམས་མི་མང་གིས་ཨ་མདོར་ཐུགས་རྗེ་ཆེ་ཞུ་རྒྱུ་ལས་ལྷག་ཡོག་མ་རེད་ཡ།

    Reply
  6. lobsang says:
    ལོ་ 15 སྔོན།

    ཨ་རོགས་བསང་ཆུ་འབྲུག་བྷེ་ལགས། ཁྱེད་རང་གིས་མདོ་སྨད་ཀྱི་བུད་མེད་སྤྱི་འཐུས་ཁ་ཤས་ཕྱིར་འཐེན་བྱེད་དགོས་ཟེར་གྱི་འདུག་སྟེ། ཡེ་ཤེས་སྒྲོལ་མ་དང་། འཕེལ་རྒྱས་སྒྲོལ་མ་གཉིས་ཕྱིར་འཐེན་བྱེད་མི་ཆོག་ད། ཁོ་མོ་གཉིས་ལ་དེང་དུས་ཀྱི་ཤེས་ཡོན་དང་འཇོན་ཐང་ལྷག་བསམ་བཅས་ཡོད། དེར་མ་ཟད་ཁོ་མོ་གཉིས་ལ་ཡག་མོ་སྒོ་ཡང་ཡོད་པས་ང་ཚོ་མདོ་སྨད་པའི་རྒྱན་ཞིག་ཡིན་ཡ། ཁྱེད་རང་གིས་ཁོ་མོ་གཉིས་ལས་ལྷག་པའི་ཤེས་འཇོན་དང་ལྷག་བསམ་ཡག་མོ་སྒོ་ཚང་བའི་མདོ་སྨད་པའི་བུད་མེད་སྤྱི་འཐུས་གཉིས་ཀྱི་འོས་གཞི་ཞིག་ཐོན་དང་། དེ་ནས་ཁྱེད་རང་གི་བསམ་ཚུལ་ལ་ང་ཚོས་བསམ་བློ་བཏང་ཆོག

    Reply
  7. བསང་ཆུ་འབྲུག་བྷེ། says:
    ལོ་ 15 སྔོན།

    མདོ་སྨད་སྤྱི་འཐུས་དེ་ད་ལྟའི་ཆར་སྐབས་འཚོལ་བ་ཁ་ཤས་མ་གཏོགས་སླེབས་ཐུབ་ཀྱི་མེད་པ་དེ་མདོ་སྨད་ལ་འགན་འཁུར་ཅན་གྱི་མི་་རུས་པ་ཅན་མ་ཐོན་པའི་རེད།ད་རེས་སྐལ་མིང་ཅན་པས་དངོས་ཡོད་གནས་ཚུལ་འགའ་སྨྱུག་རྩེར་བླངས་ཏེ་བརྗོད་ཡོད་པར་བསྔགས་འོས་སུ་མཐོང་། ལྷག་པར་མདོ་སྨད་ཀྱི་བུད་མེད་སྤྱི་འཐུས་ཁ་ཤས་ཡོད་པ་དེ་ཚོ་ཕྱིར་འཐེན་བྱ་དགོས་པར་འདོད།

    Reply
  8. རྒྱ་རྙི། says:
    ལོ་ 15 སྔོན།

    ཚུལ་ཁྲིམས་འོད་ཟེར་དང་། གསེར་རྟ་ཚུལ་ཁྲིམས་གཉིས་ཀྱི་སྐོར་ལ་སྤྱི་ཚོགས་ནང་ཡོངས་གྲགས་རྙོག་དྲ་ཆགས་ཚར་བ་ཡོད། དགའ་སྡུག་གི་ཕྱོགས་གཉིས་ཡོད་པ་ཆོས་ཉིད་རེད། ཆོལ་ཁའི་ཞེན་ཁོག་ཡིན་མདོག་གིས་ཁོ་གཉིས་ལ་ཁ་བརྡུང་མང་པོ་བཏང་སོང་། ཁོ་གཉིས་སུ་ཡིན་ཀྱང་དཀའ་ལས་རྒྱག་མཁན་ཞིག་རེད། མི་རིགས་ཀྱི་རིག་གནས་པ་ཞིག་རེད། ལོ་རྒྱུས་ཀྱི་འགན་འཁྲི་དེ་ཁོ་གཉིས་ལ་ཡོད་པ་རེད། དེའི་ཕྱིར། ཁམས་པ་རྫུན་མ་དང་ཨ་མདོ་རྫུན་མ་ཞེས་པའི་ཚིག་ཉོག་དང་རྩོད་དག་མཚམས་བཞག་ན་འགྲིག
    རྩོད་རྙོག་ནི་རྙོག་དྲ་རང་ཡིན་པ་ལས་རྩ་དོན་དང་། མི་རིགས་གང་ལའང་མི་ཕན་པས་དེང་ནས་གསེར་རྟའི་རྙོག་གླེང་དེ་མི་གཉིས་ལ་ཕར་རྩིས་སྤྲད་དེ་ང་ཚོའི་ངོས་ཀྱི་ཕྱོགས་འཐེན་དེ་སྤངས་ཐུབ་ན་དགེ་བ་ཆེན་པོ་རེད་བསམ་གྱིན་འདུག
    ཀླུ་མཁར་བྱམས་ནི་མི་དྲང་ཚུགས་ལྡན་པ་ཞིག་རེད། ལྷག་བསམ་རྣམ་དག་རེད། ཁོ་རང་གི་ལྟ་བ་དང་ལངས་ཕྱོགས་དེ་ལྡོག་ཕྱོགས་སུ་ཡོད་པ་དེའང་དངོས་འབྲེལ་རེད།
    ཡིན་ཡང་། ལྟ་བ་ཐམས་ཅད་གཅིག་པ་མ་རེད། ང་ཚོ་ཐུན་མོང་ལ་གཅིག་མཚུངས་ཀྱི་ལྟ་བ་ཞིག་ཡོད་པ་ནི་བོད་མི་རིགས་འདིའི་བདེ་སྡུག་དང་འགན་འཁུར་དེ་རེད།
    འགན་འཁུར་དེ་གལ་ཆེན་པོ་རེད་མ་གཏོགས་ཆོས་ཁས་ལེན་དང་མི་ལེན་དང་། དཀོན་མཆོག་ཡོད་མེད་ནི་མི་སྒེར་གྱི་གནས་བབ་དང་འབྲེལ་བ་ཡོད་པ་ཞིག་ལས་ཡ་མཚར་བ་གང་ཡང་མ་རེད།
    སངས་རྒྱས་མཁན་ཡོད་ན་རྗེས་སུ་ཡི་རང་ཡིན་ལ། དམྱལ་བར་འགྲོ་མཁན་ཡིན་ནའང་རང་དབང་རེད།
    དེ་ལས་ཚབས་ཆེ་བ་དང་དོ་སྣང་བྱེད་རན་ཡོད་པ་ཞིག་ནི། དངོས་ཤུགས་བརྒྱུད་གསུམ་ནས་གྲྭ་བའི་ཆོས་སྲིད་གཉིས་ཀྱི་ཁེ་དབང་དང་ཐོབ་ཐང་ལ་དམའ་འབེབས་དང་། མཐོང་ཆུང་། ཁྱད་གསོད་ཀྱིས་བོད་དང་གྲྭ་བའི་བར་དུ་འགལ་རྐྱེན་བཟོ་བཞིན་པ་ཁག་ཅིག་ཡོད་པས་འདི་ང་ཚོས་དོགས་ཟོན་བྱེད་ཡུལ་དང་། བརྟག་དཔྱད་དུ་འཇོག་ཡུལ་རེད།
    རྩོམ་སྒྲིག་པ་ལགས། སྤྱི་ཚོགས་ཀྱི་དགེ་སྐྱོན་གླེང་བའི་མཆན་རང་ཡིན་པས་རྩོམ་སྒྲིག་པའི་ལྟ་གྲུབ་དུ་བབ་མིན་ལ་མ་ལྟོས་པར་འགོད་རོགས་ཞུ་རྒྱུ་ཡིན།

    Reply
  9. རང་དབང་ཕོ་ཉ། says:
    ལོ་ 15 སྔོན།

    ཀླུ་མཁར་སྐོར་མང་པོ་འགྲེལ་བཤད་དགོས་མི་འདུག གལ་སྲིད་དྷ་ས་གནས་སྡོད་བྱེད་མཁན་ཞིག་ཡིན་ན་ཁོའི་རྒྱུས་མངའ་ཡོད་ཤས་རེད། ཁོས་བཤད་བཞིན་པ་དེ་སྨྲ་བརྗོད་རང་དབང་ཟེར་གྱི་ཡོད་པ་རེད། དེ་ལ་སྨྱོན་པས་སྨྱོ་ལམ་རྒྱབ་པ་ཟེར་ཧ་གོ་སོང་ངམ། ཧམ་བཤད་བྱེད་མཁན་དེ་ང་ཚོའི་བོད་པའི་གོམས་གཤིས་ཡག་བ་གང་ཡང་མ་རེད། དངོས་མདོ་སྨད་པ་རྣམས་ཀྱིས་ཁོང་ལ་རྒྱབ་སྐྱོར་བྱས་ན་ཡག་པོ་མ་རེད།

    Reply
  10. lobsang says:
    ལོ་ 15 སྔོན།

    སྐལ་བཟང་རྡོ་རྗེ་ལགས། ཁྱེད་རང་གི་བཤད་པ་ལྟར་ན་གྲོས་ཚོགས་ནང་རྙོག་དྲ་བཟོ་མཁན་ཞིག་ཡིན་ན་དེ་སྤྱི་འཐུས་ལ་འོས་པ་ཡིན་ནམ། གྲོས་ཚོགས་ནང་ཁ་གྲགས་པ་ཙམ་གྱིས་སྤྱི་འཐུས་འོས་པ་ཡིན་ན། གྲོས་ཚོགས་ནང་༸གོང་ས་མཆོག་དང་བོད་གཞུང་ལ་སྐྱོན་བརྗོད་དང་ཟུར་ཟ་བྱེད་མཁན་ཡོད་དེ་ཚོ་སྤྱི་འཐུས་ལ་འོས་པ་ཡིན་ནམ།་

    Reply
  11. བཀྲ་ཤིས། says:
    ལོ་ 15 སྔོན།

    ང་ཚོ་མདོ་སྨད་མི་མང་འདི་བཞིན་ཆོལ་ཁའི་ཕྱོགས་རིས་འཐེན་ཁྱེར་ལ་དགའ་བོ་མེད་ཙང་གསེར་རྟ་ཚུལ་ཁྲིམས་འོད་ཟེར་བ་མི་ངན་སྐབས་ཚོལ་བ་ཁོ་དུས་ནམ་ཡང་མདོ་སྨད་སྤྱི་འཐུས་ལ་འདེམས་མི་རུང་། གལ་ཏེ་ཁོ་་བདམས་པ་ཡིན་ན་བསམ་བཟུང་ཚད་བཙུགས་ཏེ་ཆོལ་ཁའི་དཀྲུགས་ཤིང་བྱེད་མཁན་ལ་རྒྱབ་སྐྱོར་བྱས་པ་ཡིན་པར་མི་མང་ཚོས་ཤེས་པར་གྱིས།

    Reply
  12. གནས་ཚང་། says:
    ལོ་ 15 སྔོན།

    མི་སྒེར་བའི་སྒང་སྐད་ཆ་བཤད་ཡ་ལས་སླ་བོ་ཞིག་མིན་ནའང་། སྐུ་ཞབས་ཀླུ་མཁར་བྱམས་འདི་གླེང་རིན་ཡོད་པའི་མི་ཞིག་རེད་ལ། དྲང་ལྡོག་གཉིས་ནས་གླེང་ཡང་ཆོག་སྲིད། གང་ལྟར་གུས་པས་བསྟན་འཇམ་ལགས་ཀྱི་ཟིན་བྲིས་ཤིག་ཀློག་པ་བརྒྱུད་ནས་ཤེས་རྟོགས་བྱེད་འདུན་སྔ་ན་མེད་པ་ཞིག་བྱུང་བ་དང་། བོད་ཕྱི་ནང་གཉིས་ཀྱི་མི་ཁ་ཤས་སྐད་ཆའང་དྲིས་པ་ཡིན།

    ༡ བོད་ནང་དུ་ཀླུ་མཁར་བྱམས་ཀྱི་རླུང་འཕྲིན་དཔྱད་བརྗོད་ལ་གོ་རྒྱུ་འདུག་ལ། གཞན་མང་ཆེ་བས་ཅི་ཞིག་བཤད་འདོད་ཀྱི་ཡོད་པར་ཧ་གོ་གི་མི་འདུག་ལབ་སོང་།

    ༢ བཙན་བྱོལ་ནང་ཀླུ་མཁར་བྱམས་ནི་སྨྲ་བརྗོད་རང་དབང་སླད་ཕོར་བ་བློས་གཏོང་ཕོད་མཁན་ཐོག་མ་དེ་ཆགས་ཡོད་པ་དང་། བོད་ནང་གི་རྩོམ་པོ་འོད་ཟེར་ལགས་ཀྱི་གནས་སྟངས་དང་གཅིག་མཚུངས་སུ་བཤད་མཁན་ཡང་འདུག

    ༣ བོད་ནང་དུ་བཤད་ན། ཀླུ་མཁར་བྱམས་ཀྱིས་མི་ལོ ༡༧ བཙོན་ཆད་འོག་སྨན་བཅོས་གནང་སྐབས་བྲོས་བྱོལ་བྱེད་མཁན་ཞིག་ཡིན་པས། ཕྱིར་ལོག་ཚེ་བཙོན་ཆད་དེ་ལྡབ་གཉིས་འགྱུར་གྱིས་མགོར་ལྷུང་ངེས་པར་བཤད། འདི་ནི་བཙན་བྱོལ་ཁྲོད་ཀྱི་མི་སུས་ཀྱང་འགྲན་དུ་མེད་པ་ཞིག་རེད།

    ༤ གཞིས་བྱེས་གཉིས་ཀྱི་མི་རྒན་སྐོར་ཞིག་གིས་ཀླུ་མཁར་བྱམས་ལ་ཆོས་དད་མེད་པས། ཆོས་ལྡན་བོད་མིའི་སྤྱི་ཚོགས་ནང་རན་གྱི་མེད་ཚུལ་ཡང་གསུངས་སོང་།

    ༥ དགའ་ལྡན་དགོན་པའི་དགེ་བཤེས་རྒན་པ་འགས་གསུངས་རྒྱུར། ཀླུ་མཁར་བྱམས་ཀྱི་ཞང་བོ་ཉི་མ(རྒན་ཉི་མ་ཞེས་འབོད་ཀྱི་འདུག་ལ། སྐུ་གཤེགས་ཟིན་པ་དང་། སྐབས་ལ་ལར་གོང་ས་མཆོག་གིས་ཡང་དུ་བསྐྱར་དུ་གླེང་བཞིན་པ་ཞིག་རེད་ཟེར)བཙན་བྱོལ་ཆོས་པའི་ཁྲོད་ཀྱི་དང་རྩེ་དང་ཉམས་ལེན་པའི་ནང་གི་མིག་དཔེ་ཆགས་ཡོད་པས། མི་རྒྱུད་འདི་ལས་ཀ་གང་ལ་འཇུས་ཉིན་དེ་ལ་ཨུ་ཚུགས་མཐར་སྐྱེལ་བྱེད་མཁན་ཞིག་ཡིན་ཚོད་རེད་གསུངས་སོང་།

    ༦ བོད་ཀྱི་མཐོ་རིམ་སློབ་གྲྭ་བ་གཙོས་པའི་ན་གཞོན་ཁྲོད་ཀླུ་མཁར་བྱམས་ལགས་ནི་དྲང་བཤད་ཕོད་མཁན་དང་། མངོན་ལྐོག་མེད་མཁན་ཞིག་ཡིན་པར་མ་ཟད། གཞན་དག་གོང་ནས་བཤད་ཟིན་པ་ལྟར་དུ་མཐོང་གི་འདུག

    མཐའ་བསྡོམས། ཀླུ་མཁར་བྱམས་ལགས་ལ་མཚོན་ན། གཅིག་བྱས་ན་མ་འོངས་པར་བོད་གཞུང་དེ་སྲ་བརྟན་དུ་གཏོང་མཁན་གཅིག་པུའང་ཡིན་སྲིད་པ་ཞིག་རེད། ཕྱོགས་གཞན་ཞིག་ནས་བཤད་ན། གུས་པའི་སྔར་བཤད་མྱོང་། ཨ་མདོར་མི་དྲག་མེད་པ་མིན་ཡང་མི་དྲག་མེད་པར་གཏོང་མཁན་ཨ་མདོ་རང་ཡིན་པས། དཀར་མཛེས་གསེར་རྟ་ཚུལ་ཁྲིམས་འོད་ཟེར་ལགས་དང་ཁམས་ཀྱི་མནའ་མ་གཉིས་ལའང་མདོ་སྨད་ཀྱིས་འོས་ལྡུག་ཞོར་དབུས་གཙང་དང་ཁམས་ལ་ལེ་བདའ་བྱེད་ས་ལྷག་ཡོད་པ་མ་རེད།

    Reply
  13. རྒྱ་རྙི། says:
    ལོ་ 15 སྔོན།

    ཨ་རིག་དགེ་མཐོང་ཟེར་བའི་བླ་རྒན་འདིས་ག་རེ་ཡིན་ཀྱང་ཤེས་མདོག་དང་འཚང་ཁ་བྱེད་རྒྱུར་དགའ་གིན་འདུག དང་པོ་ཞིག་ཀྱང་ཡིན་མདོག་བྱེད། དོན་ངོ་མ་བླུན་པ་ལུག་ལྟ་བུ་ཞིག་རེད། མིའི་སྐད་ཆ་མགོ་མ་ཚོས་གོང་འུར་ཁོ་ན་རྒྱག་མཁན་ཞིག་རེད།
    སྤྲེལ་ལབ་འཁྲབ་ཚོད་ལ་བལྟས་དང་། རྒྱལ་རོང་ཟླ་བ་ཚེ་རིང་ཆོལ་ཁ་གསུམ་ནང་མེད་ཚུལ་གླེང་། གྲོས་ཚོགས་ཀྱིས་འབྱོན་གྱིན་མི་འདུག འཐུས་ཀྱི་མི་འདུག་ཟེར་བའི་གཞི་རྩ་ཡང་ཁོ་ལྟ་བུ་མང་དྲགས་པས་རེད། རྩིས་ལ་ཡག་རབ་བཤད། སྤྱི་འཐུས་གྲོས་ཚོགས་རྩིས་ཞིབ་ལྷན་ཁང་མ་རེད། མདོ་སྨད་ཚོགས་གཙོའི་སྐབས་བྱས་རྗེས་ཆེ་བར་གླེང་། གནས་ལུགས་ལྡན་པའི་སྐད་ཆ་སྣ་གཅིག་གླེང་རྒྱུ་ཡོད་ན་ཁྱེད་ལ་ངོ་སོ་བསྟོད།
    གང་ཡང་མེད། ཅི་ཡང་འབྱོན་མེད། སྐལ་བཟང་གིས་བཤད་པ་དངོས་འབྲེལ་རེད་འདུག མདོ་སྨད་སྤྱི་འཐུས་ཀྱི་འོས་གཞི་མི་ཉིས་བརྒྱ་ལྷག་ཅིག་མི་མང་གིས་འདོད་པར་བབ་འདུག སྤྱི་རྫས་སུ་གྱུར་བའི་རྐུབ་སྟེགས་འདི་ཚོ་གྲགས་མེད་ཚོར་མེད་ཀྱི་མི་ཚོས་ལྟོ་གོས་བརྒྱངས་ས་བྱས་ན་ག་ལ་འགྲིག
    ཡེ་ཤེས་སྒྲོན་མའི་གདོང་གི་མཛེས་ཉམས་ཙམ་ལས་ཨ་རིག་དགེ་མཐོང་ལ་ཁོ་མོའི་ཁྱད་ཆོས་གང་ཡང་བགྲང་དུ་མེད། ཤོད་དང་། ཁོ་མོའི་ཤེས་ཚད། འབྱོན་ཐང་། ལྷག་བསམ། ཕྱིས་རྗེས། དམིགས་ཡུལ། འབྲེལ་ལམ། གྲོས་ཚོགས་སུ་དགོས་མཁོ་ཅི་ཡོད་སོགས་ལ་གསལ་བཤད་གནང་དང་། གནས་ལུགས་དང་རྒྱུ་མཚན་མ་མཐོང་བར་འོལ་སྤྱི་ཙམ་གྱིས་ཀུ་ཅོ་མ་འདོན། བླ་རྒན་ཞིག་ཡིན་པ་བརྗེད་དུ་མ་འཇུག འཛུལ་དགོས་ས་མི་དགོས་ས་ཚང་མར་འཛུལ། བཤད་དགོས་ས་མི་དགོས་ས་ཚང་མ་བཤད། བཅོམ་ལྡན་འདས་ཀྱི་འདུལ་བ་གང་ཞིག་ན་ཁྱེད་ཚོར་འདི་ལྟར་ཐོབ་ཐང་སྤྲད་ཡོད།

    Reply
  14. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    གང་ལྟར་དྲང་གཏམ་རེ་བཤད་དུས་མི་སེམས་འགའ་རེ་སྲེག་རྒྱུ་ཡིན་པ་ཆོས་ཉིད་རེད།
    དེ་ལས་འདིར་བཤད་འདོད་པ་ནི་གསེར་རྟ་ཚུལ་ཁྲིམས་འོད་ཟེར་ཡིན
    དེང་ཐོགས་ཁོང་སྤྱི་མཐུས་ལ་འོས་འདེམས་སྐབས་འདོད་པ་རྩ་བ་ནས་མེད་མཁན་ཞིག་ཡིན། རྒྱུ་མཚན་ནི་ཚང་མའི་མཁྱེན་གསལ་རེད།
    ད་ལྟ་ངའི་སེམས་ཀྱང་ཅུང་འགྱུར་ནས་བསྡད་ཡོད
    རྒྱུ་མཚན་་་་་༢༠༠༨་ལོའི་ལོ་གསར་ཚེས་གསུམ་ཉིན་སེར་སྨད་གྲྭ་ཚང་དུ་དོལ་རྒྱལ་སྐོར་བཀའ་སློབ་ཞིག་གནང་འདུག
    དེ་གར་ཤར་བ་ཆོས་རྗེ་སྐུ་དངོས་མ་ཕེབས་པར་སྐུ་འཚབས་ཅིག་བཏང་འདུག
    ཡིད་མ་ཆེས་ན་དེའི་སྐོར་ཀྱི་འོད་སྡེར་ལ་གཟིགས་དང་ད་བཟོད་གསེར་རྟ་ཁོང་ཅི་འདྲ་ཞིག་ཡིན་པ་མཁྱེན་ངེས།

    Reply
  15. གནས་ཚང་། says:
    ལོ་ 15 སྔོན།

    ད་ཡིན་ན་འཐོམ་ཡ་རང་རེད། ངའི་སར་པ་ལེ་ཉོ་མཁན་དང་ཁ་བརྡ་ཐ་ཐོར་བྱེད་མཁན་གྱི་མཐོ་རིམ་སློབ་གྲྭ་བ་མང་བོས་བཤད་ན། ཨ་མདོ་ཀླུ་མཁར་བྱམས་ནི་སྤྱི་སེམས་ཆེ་བ་དང་ལུང་ཚན་གྱི་འཐེན་འཁྱེར་མེད་པ། སྤྱི་ལ་ཤ་ཚ་ཡོད་མཁན་ཞིག་ཡིན་པར་མ་ཟད། ལེགས་སྦྱར་གནང་བར་ནང་བྱན་ཆུབ་པ་ཞིག་ཀྱང་ཡིན་པས། མ་འོངས་སྐབས་བཅུ་དྲུག་པའི་བཀའ་བློན་ཁྲི་བར་ཁོང་ལས་ལྷག་ཅིག་མེད་ཚོད་རེད་ཅེས་བཤད་ཀྱི་འདུག ཡིན་ནའི། འདིར་ཨ་མདོ་ནང་ཁུལ་དུ་ཁ་ཤས་ཤིག་གིས་དགའ་བོ་བྱེད་ཀྱི་མེད་ཅེས་བཀོད་འདུག ཕྲག་དོག་ཡིན་ནམ་འཆར་གཞི་ལྡན་པའི་དྲིལ་བསྒྲགས་ཀྱིས་མི་མང་རྨོངས་འཐོམ་དུ་བསྒྱུར་བ་ཡིན་མིན་ཆ་མ་འཚལ་བས། ཨ་མདོ་ཚོས་འདིར་བགྲོ་གླེང་ཡག་པོ་གནང་རན་འདུག་སྙམ།

    Reply
  16. ཀུན་རྟོགས་རི་མོ། says:
    ལོ་ 15 སྔོན།

    བོད་མི་རིགས་ཀྱི་མདུན་ལམ་ལ་བསམ་བློ་མི་གཏོང་བར།ཆོལ་ཁའི་འཐེན་འཁྱེར་ལ་གོམས་པའི་སྐད་ཆ་འདི་འུག་པའི་ཐན་སྐད་དང་མཚུངས།ཁྱོད་ཀྱི་སྐད་ཆ་འདི་བསམ་བློ་མ་བཏང་བའི་ཆོལ་ཆུང་གི་སྐད་ཆ་རང་རེད།མདོ་སྨད་ལ་མི་ཤེས་འཇོན་ཅན་མང་པོ་ཡོད་པ་དངོས་གནས་རེད་ལ་ཆོས་ཉིད་ཀྱང་རེད།འོན་ཀྱང་དཀར་མཛེས་རྡ་ཐ་མའི་ཚུལ་ཁྲིམས་འོད་ཟེར་མི་ག་འདྲ་ཞིག་ཡིན་པ་བསམ་པ་རྣལ་ཏུ་གནས་པའི་མི་ཚང་མས་ཤེས་གསལ་རེད།དེའི་ཕྱིར།ཝྭ་མོའི་དཔང་པོར་བྱང་གུ་ལངས་པ་ནི་ངན་པའི་རང་རྟགས་སྟོན་བྱེད་རང་ཡིན་པ་གོ་དགོས།སྐལ་བཟང་རྡོ་རྗེ་ངོ་མི་ཤེས་མོད།སྐད་ཆ་འདི་དག་ལ་བལྟས་ལ་ཆོལ་ཆུང་ཀླད་མེད་ཅིག་ཡིན་པར་གོར་མ་ཆག།

    Reply
  17. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 15 སྔོན།

    དྲ་གྲོགས་སྐལ་བཟང་ལགས་ཀྱིས་སྤེལ་བ་འདི་འོས་ཤིང་མཚམས་པ་ཞིག་རེད།
    ངའི་ཞེན་ཁོག་སྐད་ཆ་དཀོན་མཆོག་མིན། སྔོན་ནས་ད་བར་དུ་མདོ་སྨད་ཀྱི་སྤྱི་མཐུས་ཚོ་ཕལ་ཆེར་ཁ་ཞེ་གཉིས་མེད་ཀྱིས་༸གོང་ས་མཆོག་དང་བོད་གཞུང་གི་སྲིད་ཞིའི་ལངས་ཕྱོགས་ལ་ཤར་བསྐྱོད་བྱེད་ཐུབ་ཡོད། འདི་ནི་ཧ་ཅང་གཟི་བརྗིད་ཆེན་པོ་རེད། མ་འོངས་བ་ཡིན་ན་ཡང་སྤྱི་མཐུས་ཕྱོགས་ལ་རང་ལ་བློ་འཚུབ་མེད།

    Reply
  18. ཨུ་ཚུགས་ཅན། says:
    ལོ་ 15 སྔོན།

    ས་ཐག་རིང་ས་ཞིག་ནས་སྐྲགས་ས་འཇིགས་ས་མེད་དུས་ད་ཀི་བཏབ་ནས་ལབ་རྒྱག་ཤེས་ཀ རྗེས་ནས་ལོག་ཡོང་ཁར་མིག་ཤེལ་གཉིས་ཀ་བདག་པོ་རྒྱོབས་མ་གཏོགས་ཅིག་གི་ལག་ཏུ་ཤོར་ཡོང་། ཧཧཧཧ རྩེད་མོ་ཡིན་ཡག་པོ་བྲིས་འདུག ཡིན་ན་ཡང་། རང་དབང་ཕོ་ཉ་ཟེར་བ་དེས་་དོན་དངོས་ཅི་ཡིན་མ་ཤེས་བར་བྲིས་འདུག་འདུག་པས་ཅུངབདེ་མ་སོང་། ཁོམས་དུས་ཡོང་གི་ཡིན་གོ

    Reply
  19. བཀྲ་ཤིས། says:
    ལོ་ 15 སྔོན།

    མདོ་སྨད་མི་མང་ལ་ཕྱོགས་རིས་མེད་ན་ཚུལ་ཁྲིམས་འོད་ཟེར་བདག་པོ་མ་བྱེད། གལ་ཏེ་ཚུལ་ཁྲིམས་འོད་ཟེར་ལ་བདག་པོ་རྒྱག་མཁན་ཚོས་ངོས་ནས་ག་དུས་ཡིན་ན་ཡང་ཆོལ་ཁའི་ཕྱོགས་བྱས་ན་མི་འགྲིག་པའི་སྐད་ཆ་མ་བཤད། རང་གི་ཐོག་ལ་བབ་དུས་ཕྱོགས་རིས་རྐྱང་རྐྱང་བྱས། མི་གཞན་ལ་ཕྱོགས་རིས་མ་བྱེད་ཟེར་གི་མ་འདུག

    Reply
  20. རྩེ། ཆུ་མིག says:
    ལོ་ 15 སྔོན།

    མཆན་དང་རྩོམ་ཡིག་ཚང་མ་བཀླགས་ཚར་ཡིན། འདི་ཚོའི་ནང་ཨ་རིག་དགེ་མཐོང་གིས་རྩོམ་ཡིག་འདིའི་ནང་དོན་གོ་མེད་པ་འདྲ། སྐལ་བཟང་རྡོ་རྗེ་ལ་འོག་གི་རྒན་པ་དེ་ཚོ་སྤྱི་མཐུས་སུ་བསླེབ་རྒྱུའི་བསམ་བློ་མི་འདུག ཁོས་མདོ་སྨད་མི་མང་གིས་ང་ཚོའི་ཤེས་འཇོན་གཉིས་ལྡན་གྱི་རྒན་པ་དེ་ཚོར་ངལ་གསོ་རུ་མ་བཅུག་པར་འཁང་ར་བྱས་པ་གསལ་བོར་བྲིས་མི་འདུག་གམ།

    Reply
  21. ཡར་འཕེལ། says:
    ལོ་ 15 སྔོན།

    ཨོ་རེད་མོན་གྷོའི་རྒན་གསོ་ཁང་གི་རྒན་ཁོག་ཚོའི་ཆེད་ཚུལ་ཁྲིམས་འོད་ཟེར་གྱིས་དཀའ་ལས་གང་འཚམ་རྒྱབ་ཡོད་པ་ས་གནས་དེའི་མི་མང་པོས་བཤད་ཀྱི་འདུག།
    དེ་འདྲའི་ཉམ་ཆུང་ཚོའི་ཆེད་དུ་གདོང་ལེན་ཤུགས་ཆེར་བྱས་པས་སྐུ་ཤོག་ཁོ་རང་ཁེ་བཟང་ག་ཚོད་འདུག། ཅིག་བྱས་ནས་གྱོང་རག་ཉེན་ཆེ། འོན་ཀྱང་རང་ཉིད་བློས་བཏང་ནས་ཉམ་ཆུང་གི་ཆེད་དུ་དཀའ་ལས་རྒྱབ་པ་ལ་སྙིང་ནས་དགའ་བསུ་ཡོད།
    དེང་སེང་དེ་འདྲ་དཀོན་པོ་རེད།

    Reply
  22. རི་བོང། says:
    ལོ་ 15 སྔོན།

    སྐལ་བཟང་རྡོ་རྗེ་ལགས་ཀྱིས་བཤད་པར་རྒྱུ་མཚན་འདུག གསེར་རྟ་ཚུལ་ཁྲིམས་འོད་ཟེར་ལ་མཚོན་ན་བླ་རྒན་ལ་ཤེས་ཡོན་གྱིས་འདང་ན་ལྷག་བསམ་དང་སེམས་ཤུགས་ལ་ཞན་ཆ་ཅི་ཡང་མེད་པས་རང་དབང་ཕོ་ཉས་བཤད་པ་ནི་རང་དབང་གི་སྒྲོགས་གཏམ་ཙམ་རེད། མི་མཁོ་ངོ་མ་དེ་བསྟན་འཛིན་མགོན་པོ་ཟེར་བའི་སྤོ་རྒན་དེ་རེད། མང་པོ་བཤད་ཀྱི་ཡོད་ཀྱང་དུས་ཚོད་མི་འདུག དེ་རིང་དེ་ཙམ་ཡིན། བཀྲ་ཤིས་བདེ་ལེགས།

    Reply
  23. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    མ་གཞི་གྲོགས་པོ་འདིས་བདེན་པ་ཁ་ཤས་བཤད་འདུག་ཀྱང་། རང་གི་དམིགས་ཡུལ་དེའི་ཆེད་དུ་བཤད་སྟངས་ནོར་ཡོད་ས་མང་གི འོན་ཀྱང་མདོ་སྨད་ཚང་གི་ནང་ན་རྒྱལ་རོང་ཟླ་བ་ཚེ་རིང་ལས་ལྷག་དཀོན་ཚོད་ཡིན། ཁོས་རྙོག་དྲ་བཟོ་མ་ཐུབ་པ་ནི་གནད་དོན་མིན་ལ། འུར་མ་བརྒྱབས་པ་ནི་དེ་བས་ཀྱང་གནདདོན་ཞིག་མིན་པར་ཆ རྐྱེན་ལེགས་ཤོས་ཤིག་ཏུ་བགྲང་ཆོག ཁོང་ནི་མདོ་སྨད་ཙམ་མ་ཟད་བོད་ཀྱི་སྤྱི་འཐུས་ནང་དུ་མ་སླེབས་ན་ཅུང་ཡོད། རྒྱུ་མཚན་ནི། གྲོས་ཚོགས་ནང་གི་ཆོལ་གསུམ་གྱི་མི་རྒན་པ་ཚོ་དྲིས་དང་ཧ་གོ་ཡོང་། གཙོ་བོ་རྩིས་རིག་ཕྱོགས་དང་ལངས་ཕྱོགས་ཐད་ནས་ཧ་ཅང་བཟང་ངོ་། མདོ་སྨད་ཆོལ་ཁའི་ཚོགས་གཙོ་གནང་སྐབས་ཕྱི་རྗེས་ཧ་ལས་བ་བཞག་ཡོད། མི་ཤེས་ན་ཡར་མར་ལ་དྲིས། ཡེ་ཤེས་སྒྲོལ་མ་བུད་མེད་ཅིག་དགོས་ན་འདེམས་ན་འོས་ཤིང་འཚམས་པ་ཡིན། གནས་སྐབས་དེ་ཙམ་བྱོས། རྒན་པ་འགའ་རེ་ལ་རྐུབ་སྟེགས་མ་སྲུང་རོགས་ཞེས་མགོ་ནས་བྲིས་པ་དང་། མཇུག་ཏུ་རྒན་པ་ཁག་ཅིག་ཨུ་ཚུགས་ཀྱིས་ཡར་བཅུག་ཨེ་ཐུབ་ཏུ་འབད་པ་ནང་འགལ་དུ་མཐོང་ངོ་།།

    Reply
  24. དམར་ཁ་ཚ། says:
    ལོ་ 15 སྔོན།

    རང་དབང་གི་ཕོ་ཉས་བཤད་པ་ཙམ་ལས་བདེན་པ་བཤད་མི་འདུག
    རྩོམ་པ་པོ་དང་། ཟིན་བྲིས་པ་ཚོ་ཀྱོག་ཀྱོག་ཆགས་ན་ངེས་པར་མི་མང་འཐོམ་དུ་འཇུག་ངེས་ཤིག་རེད།
    དགའ་ལྡན་གྱི་གྲྭ་ཚུལ་ཁྲིམས་འོད་ཟེར་ལ་ཚོགས་སྡེ་ཚང་མས་མཚན་རྟགས་བརྒྱབ་པ་བདེན་པ་རེད། ཡིན་ཡང་། དེ་ནི་ཕྱོགས་འཐེན་དང་། ངོ་སྲུང་། གཅིག་རྒྱབ་གཅིག་ལངས་ཤིག་ཡིན་པ་ལས་ཚུལ་ཁྲིམས་འོད་ཟེར་ལ་ནག་ཉེས་ཡོད་པ་ཞིག་མ་རེད།
    བེ་རུ་དགེ་བཤེས་འཇིགས་མེད་དབང་རྒྱལ་དང་། རྙིང་མའི་སྤྱི་འཐུས་བསོད་ནམས་བསྟན་འཕེལ་གཉིས་གཞུང་འབྲེལ་གྱི་ཐོག་ནས་གནད་དོན་དེའི་ཐད་ཉམས་ཞིབ་ཕྱིན་པ་རེད། ཚུལ་ཁྲིམས་འོད་ཟེར་དཀར་པོ་ཆགས་པ་མ་ཟད། ས་མཚན་ཚང་མ་ཕྱིར་འཐེན་བརྒྱབ་པ་རེད།
    འདི་ནི་ས་གནས་མོན་གྷོའི་དབང་འཛིན་ཚོགས་ཁག་དེས་རང་ཉིད་ཀྱི་སྐྱུག་བྲོ་བའི་བྱ་སྤྱོད་ངོས་འཛིན་ཐུབ་པ་རེད་མ་གཏོགས། རྒན་བེ་རུ་དང་སྐུ་ངོ་བསོད་ནམས་བསྟན་འཕེལ་གཉིས་ཀྱི་ལག་ཏུ་མཚོན་ཆ་དང་། རྒྱབ་ཏུ་དམག་རོགས་གང་ཡང་མེད་པ་རེད། འདིའི་ཐད་ལ་སྤྱི་འཐུས་རྣམ་པ་གཉིས་ཀྱིས་དྲང་ཚུགས་ལྡན་པའི་ཕྱིས་རྗེས་ཆེན་པོ་ཆགས་པ་རེད།
    ཕྱིས་སུ་རྒན་བེ་རུ་ལགས་ནས་དེའི་སྐོར་ལ་གསལ་བཤད་བྱས་པ་བོད་ཀྱི་ཚགས་ཤོག་ཞིག་ཏུའང་མཐོང་སོང་།
    རྒན་ཚུལ་ཁྲིམས་འོད་ཟེར་ལགས་ཀྱིས་བཀའ་དྲིན་ལ་དེང་སང་མོན་གྷོའི་རྒན་གསོ་ཁང་ཡག་ཐག་ཆོད་འདུག་ཟེར། ཚོགས་ཁང་དེ་ཡང་ཉམས་གསོ་ཡག་པོ་བཏང་འདུག་ཟེར།
    འདི་ཚང་མ་རྒན་ཁོང་གི་ཕྱིས་རྗེས་དང་བཀའ་དྲིན་རེད་བསམ་གྱིན་འདུག
    ཡིན་ནའང་། རྒན་ཚུལ་ཁྲིམས་འོད་ཟེར་གྱི་གཏམ་བཤད་ལ་མི་ཚང་མས་སུན་སྣང་བྱེད་པ་རེད། དེ་ནི་ཁོང་གིས་གཏམ་བཤད་ཉོག་རིང་མ་བྱེད་ངེས་རེད།
    འདི་ཁོང་གི་སྐྱོན་ཆ་ཟེར་ཆོག་ལ། ཚང་མས་ཉོབ་སྣང་བྱེད་ས་དེ་རེད།

    Reply
  25. བློ་ཡར། says:
    ལོ་ 15 སྔོན།

    ཀླུ་མཁར་བྱམས་ལ་འདོད་པ་མེད་མདོ་སྨད་ལ་ལྷག་བསམ་རྣམ་དག་ཅན་ཞིག་ལས་གཞུང་དང་གོང་ས་མཆོག་ལ་ཟུར་བྱེད་མཁན་ཞིག་དགོས་དོན་མེད།

    Reply
  26. ཡར་འཕེལ། says:
    ལོ་ 15 སྔོན།

    བདེན་པ་རེད་ད་དུང་མང་པོ་ཞིག་ལྷག་འདུག་དེ་ཚོ་ནང་དུ་མ་ཚུད་པ་གང་ཡིན་ནམ།

    Reply
  27. རང་དབང་ཕོ་ཉ། says:
    ལོ་ 15 སྔོན།

    བསམ་ཚུལ་ཡག་པོ་འདུག ཡིན་ཡང་གསེར་རྟ་ཚུལ་ཁྲིམས་མི་ལྷག་བསམ་ཅན་དང་ཡག་པོ་རེད་ཟེར་ན་ཅུང་ཐལ་དྲགས་འདུག གང་ཡིན་ཟེར་ན་ཁོ་རིང་རྙོག་དྲ་མང་པོ་བཟོ་མཁན་ཞིག་དང་དེ་དག་ལ་ཐད་ཀར་འབྲེལ་བ་ཡོད་མཁན་ཆགས་ཡོད། དཔེར་ན་ལོ་སྔོན་མ་ལྷོ་ཕྱོགས་མོན་གྷོ་ས་ཁུལ་ལ་ཛ་དྲག་ཆེ་བའི་རྙོག་དྲ་མང་པོ་བཟོས་ཏེ་མཐར་གྲྭ་ཚང་དྲུག་དང༌། ས་གནས་གཞིས་འགོ། རང་བཙན་ཚོགས་ཆུང༌། ས་གནས་གཞོན་ནུ་དང་བུད་མེད་སོགས་ཚོགས་སྐྱིད་གཞན་བཅས་ཀྱིས་མཉམ་འབྲེལ་གྱིས་སྤྱི་འཐུས་ནས་ཕྱིར་ཕུད་གཏོང་དགོས་པའི་ཡིག་གེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་བཏང་ཡོད་ཅིང༌། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ས་གནས་ཆེད་ཕེབས་ཀྱིས་དཀའ་རྙོག་དེ་སེལ་ཐབས་བྱས་ཡོད། དེ་རྗེས་ནས་ཅུང་ཞི་འཇམ་སོང་བ་ཡིན། དེ་ལྟའུ་གནད་དོན་ནི་བཙན་བྱོལ་གཞུང་གི་གྲོས་ཚོགས་འཐུས་མི་ཞིག་ལ་འཕྲད་པའི་དཀའ་རྙོག་ཐོགས་མ་དེ་ཆགས་ཡོད་པ་རེད། དེ་ལྟར་ཡིན་བཞིན་དུ་མདོ་སྨད་མི་མང་གིས་ཡང་བསྐྱར་ཁོང་ལ་རྒྱབ་སྐྱོར་བྱས་ན་འོས་པོ་རང་མི་འདུག ཁོ་ལས་ལྷག་པའི་མདོ་སྨད་ལ་ཤེས་འཇོན་གཉིས་ཀྱི་མི་སྣ་གང་མང་ཡོད་པ་རེད།

    Reply
  28. ངར་ལྕགས། says:
    ལོ་ 15 སྔོན།

    སྐལ་བཟང་རྡོ་རྗེའི་བཤད་པར་དགའ་བསུ་སྙིང་ནས་ཡོད། དངོས་གནས་མདོ་སྨད་པ་ཚོས་བསམ་བློ་གཏོང་རན། ཀིརྟི་སྒྲོལ་དཀར་ལྷ་མོ་ནི་ནམ་རྒྱུན་གྲོས་ཚོགས་ནང་ཤི་མ་གསོན་གྱི་སྐད་ཆ་རྐྱང་བ་ལབ་ནས་དུས་ཚོད་བསྐྱལ་ཡོད་པ་དེ་རེད།ཡེ་ཤེས་སྒྲོལ་མ་ནི་བཤམས་རྒྱུ་ཞིག་ཡིན་འགྲིགས་པ་ལས། དེ་མིན་མི་དམངས་ཀྱི་བདེ་སྡུག་འདོན་མཁན་ཞིན་མིན་པ་གསལ་བོར་ཡིན།སྒྲོལ་མ་མཚོ་མོ་ནི་ན་ཟུག་ཞིག་ཆེས་ཡོད། ལོ་སྔོན་མ་ལུག་རྫི་སྤེན་པའི་ལག་ཆ་ཞིག་ལས་ཅི་ཉན། དེ་ལས་ཀླུ་མཁར་བྱམས་དང་རྡོ་རྗེ་དབང་ཕྱུག་སོགས་རུས་པ་ཅན་འགའ་བདམས་ཐོན་བྱུང་ན་མདོ་སྨད་ཀྱི་གཟི་བརྗིད་ཡིན་ནོ།

    Reply
  29. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    ཨོ་ཨོ། བཤད་རྒྱུ་ཞིག་མི་འདུག
    ད་དུང་འགའ་ཞིག་ལྷག་བསྡད་འདུག་ན་དེ་ཚོ་ཡང་དབྱེ་འབྱེད་ཞིག་གནང་རོགས

    Reply
  30. བསྟན་འཇམ says:
    ལོ་ 15 སྔོན།

    ད་རུང་གསལ་ག་ཕྱེས་མེད་པའི་སྤྱི་འཐུས་འོས་མི་འགའ་ཤས་འདུག་དེ་ཚོ་ཡང་དགེ་སྐྱོན་གྱི་གསལ་བཤད་རེ་བྱས་ན་ཕན་པ་ཆེ་ཙམ་ཡོད །

    Reply
  31. ཨ་རིག་འགྱུར་མེད། says:
    ལོ་ 15 སྔོན།

    དངོས་གནས་མ་རེད་ཟེར་རྒྱུ་མི་འདུག རྩོམ་ཡིག་འདི་འདྲ་བྲིས་ན་ཀློག་སྤྲོ་གི

    Reply
  32. དམར་ཁ་ཚ། says:
    ལོ་ 15 སྔོན།

    ཁྱེད་ཀྱི་དབྱེ་ཞིབ་ལས་འགའ་ཞིག་ལག་འཐེན་དང་། ཁ་ཤས་མར་གཡུག་གི་རྣམ་པ་ལྟ་བུར་མངོན་མོད་ཞིབ་ཚགས་མོ་ཞིག་བལྟས་རྗེས་དཀར་ནག་གི་དབྱེ་བ་ངོས་འཛིན་དྲང་མོ་ཞིག་བྱེད་རྒྱུ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese