མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བགྲེས་ཡོལ་ནས་སྡེ་སྲིད་ཁྲི་པའི་བར། འཇིཊ་བྲལ་བསྟན་འཛིན།

བོད་ཀྱི་དུས་བབ།
༢༠༡༠/༡༢/༠༢
Share on FacebookShare on TwitterShare on EmailShare on Whatsapp

 

ཉེ་དུས་ནས་༸གོང་ས་མཆོག་གིས་བོད་ཀྱི་ཆབ་སྲིད་དབུ་ཁྲིད་ནས་བགྲེས་ཡོལ་ཆ་ཚང་དུ་ཕེབས་རྒྱུའི་བཀའ་ཕེབས་བཞིན་པ་ནི་གཞིས་བྱེས་གཉིས་ཀྱི་བོད་མི་ཚོའི་སེམས་ནས་ཧ་ཅང་བཟོད་པར་དཀའ་བའི་གནད་དོན་ཞིག་རེད་ལ།  ད་ཆ་གཞིས་བྱེས་བོད་པ་མི་མང་གིས་༸གོང་ས་མཆོག་ལ་སྐུ་ཚེ་ཡུན་བརྟན་ངང་བོད་ཀྱི་ཆབ་སྲིད་དབུ་ཁྲིད་ནས་བགྲེས་ཡོལ་ཆ་ཚང་མི་གནང་བའི་དགོངས་བཞེས་ཡོད་པ་ཞེས་གསོལ་བ་ཕུར་ཚུགས་སུ་འདེབས་བཞིན་ཡོད་པ་དང་།   ཕྱོགས་མཚུངས་གནས་ཚུལ་འདིའི་ཐད་མང་ཚོགས་ཀྱི་སེམས་པ་མི་བདེ་བ་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་པ་དང་།  ༸གོང་ས་མཆོག་བགྲེས་ཡོལ་དུ་ཕེབས་དོན་གང་ཡིན་ཐད་བོད་མི་ཚང་མས་བགྲོ་གླེང་སྣ་ཚོགས་ཤིག་བྱེད་བཞིན་འདུག   འོ་ན་༸གོང་ས་མཆོག་བགྲེས་ཡོལ་ཆ་ཚང་དུ་ཕེབས་དགོས་དོན་གང་ལ་ཐུག་འདུག་ཟེར་ན།  ད་ལྟའི་བཀའ་བློན་ཁྲི་པའི་མཛད་ཕྱོགས་ནས་འོངས་རྒྱུའི་སྡེ་སྲིད་ཁྲི་པའི་བར་འབྲེལ་བ་ཡོད་པ་ཞིག་ཏུ་མཐོང་བའི་གུས་པའི་བསམ་ཚུལ་གྱི་ངོས་གཅིག་གླེང་འདོད་བྱུང་།

 

དེ་ཡང་གཅིག་ནས།   ༸གོང་ས་མཆོག་གིས་འཕྲལ་ཕུག་རྒྱང་གསུམ་གཟིགས་པའི་སྒོ་ནས་དུས་ནས་དུས་སུ་བོད་དོན་བདེན་མཐའ་སེལ་ཐབས་སུ་ཡེ་ཤེས་དབྱིངས་དཔྱད་ཀྱི་རླབས་ཆེན་དགོངས་བཞེད་ཀྱི་ལམ་སྟོན་འོག་ཤར་བསྐྱོད་བྱེད་དགོས་པ་ནི་གཞིས་བྱེས་བོད་མི་བརྒྱ་ཆ་དགུ་བཅུ་གོ་དགུ་ལ་ཉེ་བའི་མངོན་འདོད་ཡིན་མིན་ལ་དོགས་པ་དང་ཐེ་ཚོམ་རྩ་བ་ནས་བྱེད་མི་དགོས་པ་ཞིག་རེད།  ཡིན་ནའང་བོད་མི་ཚང་མའི་བསམ་ཚུལ་གཅིག་མཚུངས་ཤིག་རྩ་བ་ནས་ཡོང་མི་སྲིད་ལ།  བསམ་ཚུལ་གཅིག་མཚུངས་བྱུང་ན་དེ་ནི་དོན་དངོས་སུ་བསམ་བློའི་རང་དབང་ལ་ཉེན་ཁ་ཆེན་པོ་ཞིག་ཡོད་པའི་རྟགས་མཚན་ཞེད་སྣང་ཚ་པོ་ཞིག་རེད།  དེ་ལྟར་ཡིན་པ་བཞིན་བོད་དོན་ཆབ་སྲིད་ལ་དོ་སྣང་དང་འགན་ཁུར་གྱི་བསམ་བློ་ལྡན་པའི་བོད་མི་སྐོར་ཅིག་ནས་བརྒྱུད་ལམ་འདྲ་མིན་ཐོག་གཞུང་གི་ལངས་ཕྱོགས་དང་ལས་དོན་བྱེད་ཕྱོགས་སྐོར་ཅིག་གི་ཐད་གཞུང་དང་མི་མཐུན་པའི་བསམ་ཚུལ་སྤེལ་བསྡད་ཀྱི་ཡོད་པ་དང་།  བསམ་ཚུལ་སྤེལ་སྡོད་མཁན་དེ་དག་ཀྱང་བོད་མི་ཉུང་ཤས་ཤིག་ཡིན་པ་ཚང་མའི་ཧ་གོ་དོན་གསལ་རེད།  མང་ཉུང་གི་ཐོག་ནས་བཤད་ནའང་བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་མང་གཙོ་ཡིན་པའི་འགན་ལེན་བྱེད་པའི་ཆེད་དུ་བསམ་ཚུལ་དེ་དག་མུ་མཐུད་འོང་འཇུག་དགོས་པ་ཞིག་དང་།  དེ་དག་མང་ཚོགས་ཀྱི་བསམ་བློ་གོ་རྟོགས་ཁྱོན་ཡོངས་ཀྱི་ཐོག་ནས་ཡར་རྒྱས་ཡོང་བར་ཡང་ཕན་པ་ཞིག་རེད་བསམ་གྱི་ཡོད།  ཡིན་ནའང་མི་རེ་ཟུང་གི་བསམ་ཚུལ་དེ་དག་གཞུང་འབྲེལ་གྱིས་གནད་འགག་ཅིག་ཏུ་འཛིན་དགོས་པ་དེ་འདྲའི་གལ་ཆེན་པོ་དང་འགན་བརྗིད་པོ་ཡིན་པ་གང་ཡང་མཐོང་གི་མེད། རེད་དེ་བཀའ་ཤག་གི་བཀའ་བློན་ཁྲི་པས་བསམ་ཚུལ་དེ་དག་ལ་གཞུང་འབྲེལ་གྱི་ཐོག་ནས་བདག་པོ་བརྒྱབ་སྟབས། བོད་མི་མང་པོ་ཞིག་གིས་༸གོང་ས་མཆོག་ལ་ཡེ་ཤེས་དབྱིངས་དཔྱད་ཀྱི་སྐུ་དབང་ཕུལ་ཡོད་པ་ལ་མི་འདོད་པ་བྱེད་ཀྱི་ཡོད་པའི་ཟོལ་འདྲ་པོ་དེ་འདྲ་ཆགས་སོང་བསམ་པའི་མཐོང་ཚུལ་བྱུང་། 

 

དོན་དངོས་སུ་བསམ་ཚུལ་བརྗོད་མཁན་ཕལ་ཆེ་བས་གཞུང་གིས་གནང་བཞིན་པའི་ལས་དོན་བྱེད་ཕྱོགས་དེ་དག་༸གོང་ས་མཆོག་གི་ཡེ་ཤེས་དབྱིངས་དཔྱད་ཀྱི་དགོངས་པ་ཡིན་མིན་ལ་བཀའ་ཤག་གི་ཕྱག་ལས་གནང་ཕྱོགས་ཀྱི་ཐོག་ནས་དོགས་པ་གནང་བ་ཞིག་ལས།  ༸གོང་ས་མཆོག་ལ་ཡེ་ཤེས་དབྱིངས་དཔྱད་ཀྱི་སྐུ་དབང་ཕུལ་ཡོད་པ་ལ་མི་འདོད་པའི་རྣམ་འགྱུར་བསྟན་པ་ཞིག་རེད་མི་འདུག་སེམས་པ་མ་ཟད།  གཞིས་བྱེས་བོད་མི་བརྒྱ་ཆ་དགུ་བཅུ་གོ་དགུ་སུ་ཞིག་ཀྱང་༸གོང་ས་མཆོག་གི་ཡེ་ཤེས་དབྱིངས་དཔྱད་ཀྱི་སྐུ་དབང་ལ་མི་འདོད་པ་བྱེད་ཀྱི་མི་འདུག་སྙམ།   ཡིན་ནའང་བཀའ་བློན་ཁྲི་པས་བསམ་ཚུལ་དེ་ཚོ་༸གོང་ས་མཆོག་གི་སྐུ་དབང་དང་འབྲེལ་བར་གསུངས་ཏེ་གནད་འགག་ཆེན་པོར་བརྩིས་བསྡད་སྟབས།  ༸གོང་ས་མཆོག་གིས་བོད་མི་མང་གིས་ཐད་ཀར་འོས་འདེམས་ཞུས་པའི་བཀའ་བློན་ཁྲི་པའི་གནང་ཕྱོགས་ལ་གཞི་བཞག་སྟེ།  བོད་མི་མང་པོ་ཞིག་ཁོང་གི་ཡེ་ཤེས་དབྱིངས་དཔྱད་ཀྱི་སྐུ་དབང་ལ་མི་འདོད་པ་བྱེད་ཀྱི་ཡོད་པ་འདྲ་དགོངས་ནས། འདི་ལོ་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོའི་མཇུག་བསྡོམས་མཛད་སྒོའི་སྟེང་༸གོང་ས་མཆོག་གིས་ཡེ་ཤེས་དབྱིངས་དཔྱད་མི་དགོས་པའི་བཀའ་ནན་དེ་ཕེབས་སོང་བསམ་པའི་མཐོང་ཚུལ་བྱུང་།  བྱུང་རབས་འདི་ནི་༸གོང་ས་མཆོག་གིས་བོད་དོན་ཡེ་ཤེས་དབྱིངས་དཔྱད་ཀྱིས་ཐག་གཅོད་གནང་དགོས་པའི་གཞིས་བྱེས་བོད་མི་བརྒྱ་ཆ་དགུ་བཅུ་གོ་དགུའི་མངོན་འདོད་རེ་བ་འབྲས་མེད་དུ་གྱུར་པའི་གྱོང་གུན་བསབ་མི་ཐུབ་པ་དང་།  བོད་ཀྱི་ལོ་རྒྱུས་ཀྱི་སྐྱོ་གནས་ཧ་ཅང་ཆེན་པོ་ཞིག་རེད་བསམ་གྱི་འདུག 

 

གཉིས་ནས།   བཙན་བྱོལ་བོད་ཀྱི་མང་གཙོ་མུ་མཐུད་ཡར་རྒྱས་གོང་འཕེལ་ཡོང་བར་༸གོང་ས་མཆོག་གིས་མང་བཀུར་བོད་ཀྱི་དབུ་ཁྲིད་གནང་དགོས་རྒྱུ་ཉག་ཅིག་ཡིན་པ་གཞིས་བྱེས་བོད་མི་བརྒྱ་ཆ་དགུ་བཅུ་གོ་དགུའི་མངོན་འདོད་བསམ་བློའི་རེ་བ་ཡིན་པ་ལས།  བོད་རྒྱ་ཆེའི་མི་མང་གིས་༸གོང་ས་མཆོག་གི་དབུ་ཁྲིད་ལ་ལྟོས་མི་དགོས་པའི་བོད་མིའི་མང་གཙོའི་ལམ་སྲོལ་ཞིག་དགོས་པ་ལྟ་བུའམ།  ༸གོང་ས་མཆོག་བོད་ཀྱི་མང་གཙོའི་ལམ་སྲོལ་གྱི་བཀག་རྡོ་ཡིན་པའི་ལྟ་ཚུལ་ཡོད་པ་ཕར་ཟད།  ཐ་ན་རྨི་ལམ་དུ་ཡང་འཁོར་གྱི་མེད་པར་བརྗོད་ན་དོན་ལ་གནས་པ་ཞིག་རེད།  ཡིན་ནའང་རྭ་ཡོད་བརྒྱ་ཡོད་ས་ན།  རྭ་མེད་གཅིག་ཡོད་ཆོག་པ་ལྟར་བོད་མི་གཅིག་གཉིས་ཤིག་ལ་བསམ་ཚུལ་དེ་འདྲ་ཡོད་པ་ཡང་དོན་དངོས་རེད།   བསམ་ཚུལ་ཡོད་མཁན་རེ་གཉིས་ཡོད་པ་འདི་ཆེས་ཤིན་ཏུ་ནས་ཉུང་ཉུང་དང་།  ལྷག་པར་དོན་དངོས་དང་མི་མཐུན་པའི་བསམ་ཚུལ་ནུས་མེད་ཅིག་ཡིན་པས་གནད་འགག་ཆེན་པོ་གང་ཡང་མ་རེད་བསམ་གྱི་འདུག ཡིན་ནའང་བར་ལམ་ནས་བཀའ་བློན་ཁྲི་པའི་གསུང་འཕྲིན་ཁག་ཏུ།  ྋགོང་ས་མཆོག་གི་དབུ་ཁྲིད་ལ་ལྟོས་མི་དགོས་པའི་བོད་མིའི་མང་གཙོའི་ལམ་སྲོལ་ཞིག་དགོས་པ་ལས་ད་ལྟའི་ལམ་སྲོལ་འདི་མང་གཙོ་མིན་པ་དང༌།  མང་གཙོ་ངང་སྒུག་བྱེད་ཀྱི་ཡོད་ཚུལ་སོགས་བརྗོད་མཁན་བོད་མི་རེ་གཉིས་ཀྱི་བསམ་ཚུལ་དོན་དངོས་དང་མི་མཐུན་པ་དེ་དག་སླེབས་པ་དང་།  བཀའ་བློན་ཁྲི་པས་བོད་མི་རེ་གཉིས་ཀྱི་དོན་དངོས་དང་མི་མཐུན་པའི་བསམ་ཚུལ་དེ་ལ་བཙན་བྱོལ་བོད་ཀྱི་མང་གཙོ་འདི་ཡང་དག་པའི་མང་གཙོ་མིན་པའི་སྒྲུབ་བྱེད་དུ་རྒྱ་མིའི་ལུང་འདྲེན་བྱེད་པར་རིན་ཐང་ཡོད་པའི་ངོས་འཛིན་ཞིག་བསམ་ཚུལ་དེ་དག་དགག་པའི་ཞོར་ལ་གནང་སྡོད་ཀྱི་ཡོད་པ་འདྲ་པོ་ཆགས་སོང་སྙམ་གྱི་འདུག་ལ།   ཆོལ་གསུམ་བོད་པ་མི་མང་གིས་ཚད་མཐོའི་མང་མོས་ཀྱི་ལམ་ནས་འོས་འདེམས་ཞུས་པའི་བཀའ་བློན་ཁྲི་པ་མཆོག་གིས་མི་རེ་གཉིས་ཀྱི་བསམ་ཚུལ་ཐད་ངོས་འཛིན་གནང་ཕྱོགས་འདི་ལ་དགོངས་ཏེ།  ༸གོང་ས་མཆོག་གིས་སྔར་ནས་བགྲེས་ཡོལ་ཆ་ཚང་དུ་ཕེབས་རྒྱུའི་དགོངས་པ་ཡོད་པ་དེ་ད་ཆ་མི་མང་གི་བསམ་བློ་སྨིན་བཞིན་ཡོད་པའི་ངོས་འཛིན་གནང་སྟེ་བགྲེས་ཡོལ་ཆ་ཚང་དུ་ཕེབས་རྒྱུའི་བཀའ་སློབ་དེ་ཕེབས་སོང་བསམས།   བྱུང་རིམ་འདི་དག་ནས་བལྟས་ཡོང་དུས་ཉེ་སྔོན་སྦེལ་ཀོབ་ཏུ་བཀའ་བློན་ཁྲི་པ་མཆོག་གིས་ྋགོང་ས་མཆོག་གི་དབུ་ཁྲིད་ལ་ལྟོས་མི་དགོས་པའི་བོད་མིའི་མང་གཙོའི་ལམ་སྲོལ་ཞིག་དགོས་པ་ལས་ད་ལྟའི་ལམ་སྲོལ་འདི་མང་གཙོ་མིན་ཚུལ་ལ་སོགས་པའི་བསམ་ཚུལ་གྱི་རྐྱེན་ལ་བརྟེན་ནས་༸གོང་ས་མཆོག་གིས་བགྲེས་ཡོལ་ཞུ་གནང་རྒྱུའི་ཉེན་ཁ་ཡོད་སྐོར་གསུངས་པ་འདི་སུ་ལ་དམའ་འབེབབ་དང་།  སུ་ལ་བསྟོད་ཀྱི་ཡོད་ཕྱོགས་གཉིས་ཀྱི་ཐོག་ནས་ལྟ་དགོས་ཀྱི་མེད་དམ་སྙམ། 

 

གང་ལྟར་ད་ལྟའི་དུས་སུ་༸གོང་ས་མཆོག་གིས་བོད་མིས་བཟོད་པར་དཀའ་བའི་བཀའ་འདི་ལྟར་ཕེབས་ཡོང་དུས།  བོད་མི་ཚོས་༸གོང་ས་མཆོག་ལ་ཡེ་ཤེས་དབྱིངས་དཔྱད་ཀྱི་རླབས་ཆེན་དགོངས་བཞེད་ཀྱི་ལམ་ནས་བོད་ཀྱི་ཆབ་སྲིད་ཀྱི་དབུ་འཛིན་མུ་མཐུད་ངེས་པར་གནང་དགོས་པ་ལས་བགྲེས་ཡོལ་དུ་ཕེབས་རྒྱུའི་དགོངས་བཞེས་མི་གནང་བའི་གསོལ་འདེབས་ལྷ་སྡེ་མི་སྡེ་གཉིས་ཀྱིས་རྩེ་གཅིག་ཏུ་ཞུ་དགོས་པ་ཤིན་ཏུ་ནས་གལ་ཆེན་དོན་ཆེན་ཡིན། ཡིན་ནའང་གལ་སྲིད་༸གོང་ས་མཆོག་གིས་བོད་ཀྱི་ཆབ་སྲིད་ཀྱི་དབུ་ཁྲིད་ནས་བགྲེས་ཡོལ་ཆ་ཚང་བཞེས་གནང་རྒྱུའི་དགོངས་པའི་ཐོག་བསྐྱོད་གཏན་འཁེལ་བར་མཐའ་གཅིག་ཏུ་གསུངས་ན།  ༸གོང་ས་མཆོག་གིས་གྲ་སྒྲིག་སྡུག་ས་ནས་བྱེད་དགོས་པར་གདམས་པའི་ལམ་སྟོན་བཞིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཆ་རྐྱེན་ལྟར་སྡེ་སྲིད་ཁྲི་པ་ཕེབས་རྒྱུར་ངེས་པས།   གྲོས་ཚོགས་ཀྱིས་སྡེ་སྲིད་ཁྲི་པ་དང་།  བཀའ་བློན་ཁྲི་པའི་དབར་གྱི་སྐུ་དབང་གི་གནས་བབ་བསྐྱར་ཞིབ་ཀྱིས་གཏན་འབེབས་གནང་དགོས་པ་ཧ་ཅང་གལ་གནད་ཆེན་པོ་ཆགས་ཡོད།  དེ་མིན་ལས་དོན་གནང་ཕྱོགས་ཐད་སྡེ་སྲིད་ཁྲི་པ་དང་།  བཀའ་བློན་ཁྲི་པ་ལྷན་རྒྱས་ལ་སྐུ་ངལ་ཡོང་གི་རེད་ལ།  ཡང་ན་སྡེ་སྲིད་ཁྲི་པ་དང་།  བཀའ་བློན་ཁྲི་པ་ངོ་བོ་གཅིག་ཆགས་ཀྱི་རེད།   དེ་གཉིས་གང་རུང་བྱུང་ན་གཞུང་གི་ལས་དོན་ལ་འཐུས་ཤོར་དང་།  གྲོས་ཚོགས་ལ་མཛད་དཀའ།  མི་མང་ལ་བརྡབ་གསིག་བཅས་ཡོང་གི་རེད་བསམ་གྱི་འདུག  མདོར་ན་༸གོང་ས་མཆོག་བགྲེས་ཡོལ་ཆ་ཚང་ཞུ་གནང་རྒྱུ་ཡིན་པའི་བཀའི་ཕེབས་སྒོ་དང་འོངས་རྒྱུའི་སྡེ་སྲིད་ཁྲི་པའི་བར་འབྲེལ་བ་མེད་པར་བརྗོད་ཐུབ་པ་མི་འདུག་སྙམ།

འབྲེལ་ཡོད་གསར་འགྱུར།

Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

ཆུ་ཚོད་ ༡༢ སྔོན་ལ།
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

ཆུ་ཚོད་ ༡༣ སྔོན་ལ།
གསར་འགྱུར།

རྒྱ་ནག་གིས་བོད་ནང་གཞུང་ལམ་འཛུགས་སྐྲུན་གྱིས་བོད་ཀྱི་རང་བྱུང་ཐོན་ཁུངས་སྔོག་འདྲེན་བྱེད་པར་དམིགས་ཡོད།

ཆུ་ཚོད་ ༡༤ སྔོན་ལ།
གསར་འགྱུར།

ཇོ་ནང་སྨོན་ལམ་ཆེན་མོ་སྐབས་བཅུ་དགུ་པ་འཚོག་གིན་འདུག

༢༠༢༦/༠༡/༠༦
From left to right: US President Donald Trump, Venezuela’s President Nicolas Maduro and Chinese President Xi Jinping. Graphic by Adekunle Owolabi
Mobile App

ཨ་རིས་ཝི་ནེ་རྫོ་ལར་དྲག་རྒོལ་བྱེད་དོན་ནི་སྣུམ་གྱི་ཐོན་ཁུངས་ཆེད་རེད་ཟེར།

༢༠༢༦/༠༡/༠༥
ཕྱི་ལོ་ ༢༠༢༥ ཟླ་ ༩ ཚེས་ ༡༤ ཉིན་ནས་བཟུང་དགེ་འདུན་པ་བློ་བཟང་ཚེ་རིང་ལགས་དང་དགེ་འདུན་པ་བློ་བཟང་དར་རྒྱས་ལགས་རྣམ་གཉིས་ཀྱིས་ནང་པའི་གནས་ཆེན་བརྒྱད་ལ་རྐྱང་ཕྱག་འཚལ་ནས་སྐོར་བཞིན་པ། པར་དོ་བདག་ནས་འདི་གར་མཁོ་སྤྲོད་གནང་།
Mobile App

དགེ་འདུན་པ་གཉིས་ཀྱིས་ནང་པའི་གནས་ཆེན་བརྒྱད་ལ་རྐྱང་ཕྱག་འཚལ་ནས་ཕེབས་ཀྱི་འདུག

༢༠༢༦/༠༡/༠༥

མཆན། 33

  1. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    ང་ཚོར་དགོས་པའི་བཀའ་ཁྲི་ནི་བོད་རྒྱ་ཆེ་མི་མང་ལ་དང་གཙང་ལྷད་མེད་ཀྱི་བརྩེ་བ་ཡོད་ཐོག མི་མང་གི་དོན་དུ་ཁ་ཡོད་ལག་ཡོད་ཀྱི་ལས་དོན་གྲུབ་ཐུབ་མཁན་ཞིག་ཡིན་པ་ལས་རང་གི་རིག་གཞུང་ཐོག་ནས་བོད་ལྗོངས་ཞིབ་འཇུག་ཙམ་ཡང་འབྲི་མི་ཐུབ་མཁན་གྱི་གཞོན་ནུ་ཀླད་སྟོང་བ་དེ་འདྲ་དགོས་དོན་མེད་སྙམ།

    Reply
  2. སྐར་མདའ། says:
    ལོ་ 15 སྔོན།

    ང་ཚོ་ལ་དགོས་པ་ནི།
    གསར་བྱུང་གི་རིག་པའི་གློག་ཞགས་དང་།
    དུས་རབས་ཀྱི་འགྲོས་དང་བསྟུན་ཐུབ་མཁན་གྱི་བསམ་བློ་གསར་བ་ཡིན་པ་ལས།
    གཡའ་ཆགས་པའི་རྙིང་ཞེན་གྱི་གདུག་རྩུབ་དང་།
    རང་ལས་གཞན་ལ་དོ་འཁུར་མེད་པའི་བླུན་པོ་ནོར་རྐྱལ་མིན།
    ད་དུང་། སྐུ་དྲག་གི་ཤུལ་འཛིན་པ་དེ་བས་ག་ལ་དགོས།
    སྐུ་དྲག་གི་རྒྱུད་པ་གཏིང་ནས་རྩར་གཏོར་བྱེད་ཀྱི་པའི་དུས་རབས་ཡིན།

    Reply
  3. འཇིགས་མེད་བཀྲ ་ཤིས། says:
    ལོ་ 15 སྔོན།

    འདིར་སྡེ་སྲིད་ཁྲི་པའི་སྐོར་གླེང་གི་འདུག འདིའི་སྐོར་ངས་ཉེ་ཆར་ཁ་བརྡ་དྲ་ཚིགས་ཐོག་རྩོམ་ཡིག་ཅིག་སྤེལ་བ་འདིར་འབྲེལ་བ་ཆེ་བས་དྲ་གྲོགས་ཚོའི་དཔྱད་གཞིར་དྲངས་པ་གཤམ་གསལ།

    ཟམ་གདོང་རིན་པོ་ཆེ་སྡེ་སྲིད་ཁྲི་པར་ཕེབས་ཀྱི་རེད།
    འཇིགས་མེད་བཀྲ་ཤིས་ཀྱིས།

    ༄༅།། ཟམ་གདོང་རིན་པོ་ཆེ་བཀའ་ཁྲི་ཟུར་ནས་གང་དུ་ཕེབས་རྒྱུ་ཡིན་མིན་སྐོར་གླེང་སློང་ཞིག་དེ་སྔོན་ནས་ཡོང་གི་ཡོད། ཁ་ཤས་ཀྱིས་སྤྱི་འཐུས་ནང་ལ་ཕེབས་ཀྱི་རེད་ཟེར། ཁ་ཤས་ཀྱིས་ཁྲིམས་ཞིབ་ཁང་ལ་ཕེབས་ཀྱི་རེད་ཟེར། ཁ་ཤས་ཀྱིས་རི་ཁྲོད། ཁ་ཤས་ཀྱིས་གདན་ས། ཁ་ཤས་ཀྱིས་སླར་ཡང་ཝཱར་ཎར་ཕེབས་ཀྱི་རེད་ཟེར། དེ་ཐམས་ཅད་ལ་ཡིན་སྲིད་པའི་ཆ་རེ་ཡོད་པས་མཐའ་གཅིག་ཏུ་མ་རེད་ལབ་མི་ཐུབ། འོན་ཀྱང་སྤོབས་པ་མཐའ་ཡས་ཟེར་བས་ཟམ་གདོང་རིན་པོ་ཆེ་དོལ་དགོན་གསར་པའི་ནང་དུ་འཛུལ་སྲིད་སྐོར་བཤད་སོང། དེ་ནི་གཏན་ནས་མི་སྲིད་པ་ཞིག་རེད། ཆུ་བོ་གངྒཱ་ཝཱ་རཱཎ་སཱི་ནས་དཀྱོགས་ཏེ་རྒྱ་ནག་གི་རྒྱལ་ས་པེ་ཅིན་ལ་བཞུར་གྱི་རེད་ཟེར་བ་དང་མཚུངས། འདི་འདྲའི་མི་སྲིད་པ་ཞིག་བཤད་དགོས་དོན་གང་ཡིན་ནམ། མི་སྲིད་པའི་རྟོག་བཟོ་འདི་རིགས་ལ་དཔྱད་ཀྱང་དགོས་པ་ཆུང་བས་བཞག
    ཟམ་གདོང་རིན་པོ་ཆེ་བཀའ་ཁྲི་ཟུར་ནས་གང་དུ་ཕེབས་མིན་གྱི་དོན་དངོས་ཐོག་བཤད་ན། སྤྱི་འཐུས་སོགས་ཀྱི་ནང་གནས་སྐབས་ཕེབས་སྲིད་ཀྱང་ཕེབས་གཏན་འཁེལ་བ་ཞིག་མ་རེད་སྙམ། ཕེབས་གཏན་འཁེལ་བ་ནི་རིང་མིན་སྡེ་སྲིད་ཁྲི་པར་ཕེབས་རྒྱུ་ཡིན་པ་དེ་རེད། འདི་ནི། གཅིག་ནས། ༸གོང་ས་མཆོག་གིས་བགྲེས་ཡོལ་ཆ་ཚང་གནང་རྒྱུའི་བཀའ་ཕེབས་བཞིན་པར་མ་ཟད། དགུང་ནའི་བབས་ཀྱིས་ཀྱང་དེ་ལྟར་གནང་རྒྱུ་བཟློག་ཐབས་མེད་པ་ཆགས་ཡོང་གི་ཡོད། བོད་མི་ཚོའི་ངོས་ནས་ཨུ་ཚུགས་ག་ཚད་ཞུས་ཀྱང་དེ་ལ་བཟློག་ཐབས་མེད།
    གཉིས་ནས། བཙན་བྱོལ་ནང་གི་ཤེས་འཇོན་གཉིས་ལྡན་གྱི་རྩེ་ཕུད་ཟམ་གདོང་རིན་པོ་ཆེ་བཀའ་ཁྲིའི་ལས་གནས་ནས་འཁྱུར་ལ་ཉེ་ཡོང་གི་ཡོད། ཁོང་དབུ་སྐྲ་དཀར་ནའང་ད་དུང་ཕྱག་ལས་གནང་མི་ཐུབ་པའི་ཚོད་མིན་པས། མུ་མཐུད་དུ་ཁོང་ལ་བོད་བསྟན་སྲིད་ཀྱི་མཛད་འགན་བསྐུར་དགོས་ལ། དེའང་མཛད་འགན་སྔར་ལས་ལྷག་པ་ཞིག་བསྐུར་དགོས།
    གསུམ་ནས། ༸གོང་ས་མཆོག་གིས་ནམ་རྒྱུན་༸རྒྱལ་བ་རིན་པོ་ཆེ་མེད་པ་ནང་བཞིན་ལས་ཀ་བྱེད་དགོས་པ་དང་འགན་འཁྱེར་དགོས་པ་རེད་ཅེས་བཀའ་གནང་བཞིན་པ་ལྟར། ད་ནི་ཁོང་སྐུ་འཚོ་བཞུགས་ཀྱི་རིང་འདིར། ཁོང་མེད་པ་ནང་བཞིན་ལས་ཀ་ཆ་ཚང་བ་ཞིག་བྱེད་སྟངས་སྦྱང་དགོས་པ་རེད། ལག་ལེན་དུ་བསྟར་དགོས་པ་རེད། རྗེས་མ་དུས་ཚོད་དེ་ལ་སླེབས་རག་བར་དུ་བསྒུགས་ནས་སྡོད་མི་རུང། དེ་བསྒུགས་པས་ཕན་ཐོགས་མེད། སྔོན་ཚུད་ནས་སྦྱོང་བརྡར་གནང་དགོས་པ་རེད། འདི་གལ་ཆེན་པོ་རེད། ༸གོང་ས་མཆོག་ནས་བགྲེས་ཡོལ་ཆ་ཚང་གནང་དགོས་གསུངས་པའི་རྒྱུ་མཚན་གྱི་གཙོ་བོའང་འདི་ཡིན་ངེས།
    དེས་ན་༸རྒྱལ་བ་རིན་པོ་ཆེས་བགྲེས་ཡོལ་ཆ་ཚང་གནང་སྟེ། བོད་གཞུང་གི་འགན་འཛིན་དབང་ཆ་མ་བཞེས་ཚེ་ཇི་ལྟར་བྱེད་དགོས་ཤེ་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གསལ་བ་ལྟར། སྡེ་སྲིད་ལྷན་ཚོགས་འཛུགས་དགོས་པ་དང་། སྡེ་སྲིད་ལྷན་ཚོགས་དེའི་ནང་སྡེ་སྲིད་ཁྲི་པ་ཞིག་དགོས། དེ་ལ་ཟམ་གདོང་རིན་པོ་ཆེ་ཏག་ཏག་ཡོད་པ་རེད། སྡེ་སྲིད་ཁྲི་པ་ནི་བཀའ་བློན་ཁྲི་པའི་ཡན་ཞིག་རེད། སྡེ་སྲིད་ལྷན་ཚོགས་འདི་༸གོང་ས་མཆོག་སྐུ་འཚོ་བཞུགས་མེད་པའི་སྐབས་འཛུགས་རྒྱུ་ཞིག་མིན་ནམ་བསམ་མཁན་རེ་ཟུང་ཡོད་སྲིད་ཀྱང་། དེ་འདྲ་མ་རེད། སྐུ་འཚོ་བཞུགས་སྐབས་ལ་བཙུགས་ཆོག་གི་ཡོད་པ་རེད། དེ་ནི་བཅའ་ཁྲིམས་དོན་ཚན་སོ་གཅིག་པའི་ནང་།
    ༼༡ ཀ ༸གོང་ས་༸སྐྱབས་མགོན་ཆེན་པོས་རྒྱལ་ཁབ་དང་གཞུང་གི་མཛད་ཁུར་མ་བཞེས་པའི་གནས་ཚུལ་བྱུང་སྐབས་དང།
    ཁ རྒྱལ་ཁབ་དང་། མི་མང་གི་ཁེ་ཕན་ཆེ་ཤོས་ཀྱི་དོན་དུ་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྩ་འབོར་གྱི་བཞི་ཆ་གསུམ་ཡན་གྱིས་མོས་མཐུན་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གོ་བསྡུར་དང་འབྲེལ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འགན་འཛིན་མཛད་ཁུར་རྣམས་སྡེ་སྲིད་ལྷན་ཚོགས་ཀྱིས་ལག་ལེན་མ་བསྟར་མཐུ་མེད་ཀྱི་ཐག་གཅོད་བྱུང་སྐབས་བཅས་སུ་གཞུང་གི་འགན་དབང་འཛིན་མཁན་སྡེ་སྲིད་ལྷན་ཚོགས་ཤིག་དགོས་པ་ཡིན།༽ ཞེས་གསལ་ཡོད། ནང་གསེས་༼ཀ༽པའི་ནང་དུ་༸གོང་ས་མཆོག་སྐུ་མ་འཚོ་བའི་སྐབས་དེ་ཚུད་ཡོད་ཀྱང་དེ་ཁོ་ན་མིན། བགྲེས་ཡོལ་གནང་སྟེ་མཛད་ཁུར་མ་བཞེས་པའི་སྐབས་སུའང་དེ་ཇི་བཞིན་རེད།
    གཞན་ཡང། ༸རྒྱལ་བ་རིན་པོ་ཆེས་བགྲེས་ཡོལ་ཆ་ཚང་གནང་སྟེ། བོད་གཞུང་གི་འགན་འཛིན་དབང་ཆ་དང་རྒྱལ་ཁབ་དབུ་ཁྲིད་ཀྱི་མཚན་གནས་བཞེས་ཀྱི་མིན་གསུངས་པ་འདིས། ༸རྒྱལ་བ་རིན་པོ་ཆེས་བོད་མི་མང་གི་འདི་ཕྱིའི་༸སྐྱབས་མགོན་གནང་གི་མིན་གསུངས་པ་མ་རེད། དེ་ནི་བོད་མིའི་དད་པ་དམ་ཚིག་ལ་འགྱུར་བ་མ་སོང་བར་དུ་གནང་རྒྱུ་ཡིན་ཡིན་པ་རེད། འོ་ན་ག་རེ་གསུང་གི་ཡོད་པ་རེད་ཅེ་ན། ཞེ་ས་མ་ཞུས་ན་༸རྒྱལ་བ་རིན་པོ་ཆེས་བོད་གཞུང་གི་ལས་བྱེད་གནང་གི་མིན་གསུང་གི་ཡོད་པ་རེད། ད་ཆ་༸རྒྱལ་བ་རིན་པོ་ཆེ་བོད་གཞུང་གི་ལས་བྱེད་ནང་གི་ལས་བྱེད་མཐོ་ཤོས་དེ་རེད། ད་ལས་བྱེད་འདི་ནས་བགྲེས་ཡོལ་གནང་གི་ཡིན་གསུང་གི་ཡོད་པ་རེད། ཁོང་དང་སྐུ་ན་མཉམ་པའི་ལས་བྱེད་གཞན་པ་རྣམས་སྔ་མོ་ནས་བགྲེས་ཡོལ་ཞུས་ཚར་བ་རེད། ཞེ་ས་མ་ཞུས་པར་གསལ་པོ་བྱས་ནས་བཤད་ན་དེ་འདྲ་ཞིག་རེད། ཁ་ཤས་ཀྱིས་བགྲེས་ཡོལ་གནང་རྒྱུའི་གསུང་འདི་ལ་གོ་ནོར་ཐེབས་ཀྱི་ཡོད་ཚོད་འདུག དེས་ན། མི་རིང་བར་བགྲེས་ཡོལ་ཆ་ཚང་གནང་བའི་སྐབས་སུ་སྡེ་སྲིད་ལྷན་ཚོགས་འཛུགས་རྒྱུ་དང། ཟམ་གདོང་རིན་པོ་ཆེ་སྡེ་སྲིད་ཁྲི་པར་ཕེབས་རྒྱུ་འདི་འདྲ་ཞིག་ ཕྱོགས་དུ་མ་ནས་དུས་ལ་བབ་ཡོང་གི་ཡོད་པས། སྤོབས་པ་མཐའ་ཡས་ཟེར་བ་སོགས་ཀྱིས་མི་དགོས་པའི་འཇིགས་སྣང་དང་གཟུགས་མེད་ཀྱི་གྲིབ་བཟོ་བྱེད་མི་དགོས་སོ།།

    Reply
  4. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 15 སྔོན།

    འཇིགས་བྲལ་ལགས་དང་ཀློག་པ་པོ་རྣམ་པ། འདིའི་སྐོར་ལ་ངས་རང་གི་བསམ་ཚུལ་ཞིག་ང་རང་གི་ཟིན་བྲིས་ལ་བྲིས་ཡོད། དུས་ཚོད་བྱུང་ན་དེར་གཟིགས་པར་ཞུ། དེའི་དྲ་འབྲེལ་ནི་འདི་ཡིན། https://tibettimes.net/wordpress/blogs.php?id=343&post_id=13021
    ཡང་ན http://njampel.blogspot.com/2010/12/blog-post.html

    Reply
  5. རས་པ། says:
    ལོ་ 15 སྔོན།

    དྲ་གྲོགས་འཇིགས་བྲལ་ལགས། མང་གཙོའི་སྤྱི་ཚོགས་ཀྱི་འགྲོ་ལུགས་ནང་དུ་མི་མང་གི་བཀའ་ལུང་ཉིད་དབང་ཚད་རེད། དེ་སྔའི་བཀའ་བློན་ཁྲི་བ་(དོན་དངོས་བཀའ་བློན་བགྲེས་པ་ཟེར་དགོས་)དང་། མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་བཀའ་ཁྲིའི་དབང་ཚད་ལ་མ་འདྲ་བའི་གནས་ལུགས་ཧ་ཅང་མང་སྟེ་སྲིད་གཞུང་བྱ་བའི་འཛིན་སྐྱོང་ལམ་ལུགས་ལ་ལེགས་པར་དཔྱད་ཚེ་འདི་ཉིད་ཚོར་ངེས་ཤིང་། གྲོས་ཚོགས་ཀྱིས་གཏན་འབེབས་མ་བྱས་པར་བཀའ་ཤག་གིས་སྲིད་བྱུས་བཏང་ཆོག་མིན་དང་། གྲོས་ཚོགས་ཀྱིས་ཁྲིམས་འཆར་ངོར་འཁྱེར་མ་འོང་བའི་གྲོས་ཆོད་ཁག་ངེས་པར་དེང་ལེན་བྱེད་དགོས་ཡོད་མེད་ཀྱི་རྩོད་གཞི་འབྱུང་བཞིན་པ་ནི་དེང་གི་བཀའ་ཤག་གི་དབང་ཚད་མཚོན་གྱི་ཡོད་པ་དང་། དེང་བཀའ་ཤག་ནི་བཀའ་ཁྲི་ལྟེ་བ་ཡིན་པའི་སྲིད་འཛིན་ལས་ཁུངས་མཐོ་ཤོས་ཤིག་ཡིན་པ་དེ་ཉིད་དོ།

    Reply
  6. འོད་ཡུག་པའི་འཁྱམས་པོ། says:
    ལོ་ 15 སྔོན།

    ཨ་མའི་བུས་སྤེལ་བའི་དྲ་གྲོགས་མདུང་རྩེའི་བསམ་ཚུལ་དེས་བསམ་དྲན་མེད་པའི་ཆབ་སྲིད་སྨྲ་བ་དང་། ཤེས་ཡོན་མེད་པའི་མཁས་རློམ་པ། འཇོན་རྒྱུ་མེད་པའི་འཇོན་མདོག་མཁན། ཅི་བསམ་གང་ཐོས་གནས་ལུགས་དང་རྒྱུ་མཚན་མེད་པར་དྲ་ཐོག་ཏུ་སྤེལ་མཁན་དེ་ཚོར་བརྣག་ཐོག་ཏུ་ཁབ་བཙུགས་འདུག་པས་དགའ་བ་སྐྱེས། སྤྱི་ཚོགས་ནང་དེ་རིགས་མང་པོ་ཡོད་པས་དེ་ཚོའི་སྣ་ལ་ཡང་མཛུབ་མོ་བཙུགས་ཡོད་།
    བསམ་ཤེས་ན་དེ་འདྲ་རེད། བསམ་དྲན་མེད་ན་བུང་བུའི་རྣ་བར་སེར་བླུག་པ་ལས་གཉིས་མ་མཆིས་པས་བྱ་ཐབས་མེད། །

    Reply
  7. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    ཨ་མའི་བུ་ཟེར་བའི་དྲ་གྲོགས་དང་། བསྟན་འཛིན་སྟོབས་རྒྱལ་ཟེར་བའི་དྲ་གྲོགས་གཉིས་ནས་གུས་པར་སྐྱོན་བརྗོད་དང་དམའ་འབེབ་གང་ཤེས་བྱས་འདུག་ལ། མཐའ་ན་གུས་པར་དགག་པ་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག

    ཡིན་ནའང་། རྣམ་པ་ལྷན་རྒྱས་ལ། གུས་བརྩི་དང་བཅས་ཞུ་རྒྱུ་ལ། གུས་པས་སྤེལ་བའི་རྩོམ་ཡིག་འདིའི་ནང་བསྟན་པའི་བྱུང་རིམ་གྲུབ་དོན་དང་བཅས་པར་གང་ཡང་ལབ་ཐུབ་མི་འདུག རྗེས་ཕྱོགས་མི་ལ་དགག་པ་འབྲི་དུས་ཁ་ངན་ཚིག་ངན་གྱིས་སྡུག་རིགས་ངན་ཚད་ཤོད་པ་ལས། གང་དགག་བྱའི་དོན་དེ་ལ་རེ་རེ་བཞིན་དགག་ན་མི་ཚོས་ཁྱོད་རང་གཉིས་ཀྱི་གཏམ་བརྗོད་ལ་རྒྱུ་མཚན་མི་འདུག་རང་ཟེར་གྱི་མ་རེད། དེ་མིན་ཁོང་ཁྲོ་ཟོས་བཞག སུ་ཡིན་ནམ། ལྐུགས་པ་རང་རེད་ཟེར་གྱི་རེད། ད་ལན་དེ་ཙམ་ཡིན། ལན་འབྲི་འདོད་ན་སེམས་ལྷོད་ལ་བབ་ནས་བྲིས་ན་ཡག་པོ་ཡོད་རེད།

    Reply
  8. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    སྟག་རྩེ་དཔལ་ལྡན་ལགས། སྐུ་ཉིད་ཀྱིས་བསམ་གཞིག་གནང་དགོས་པར་གསུངས་འདུག ཤ་ཞེན་གྱི་བཀའ་མོལ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡིན། དེ་ནས་ཞུ་རྒྱུ་ལ། རྩོམ་ཡིག་འདི་མཐོང་ཚུལ་འདི་ཚོ་རྒྱབ་ལྗོངས་རྒྱུ་མཚན་བཤད་རྒྱུ་མེད་པར་བྲིས་པ་ཞིག་མིན།

    དྲ་གྲོགས་སུ་ཞིག་ནས་བསམ་ཚུལ་འདིའི་ཐོག་བཀའ་མོལ་གནང་འདོད་ཡོད་ན་དགའ་བསུ་ཡོད། ཡིན་ནའང་བསམ་ཚུལ་བརྗོད་པ་མ་ཡིན་པར་སྡིག་རྭ་སྐུལ་ནས་ཕན་པ་གང་ཡང་ཡོང་གི་མ་རེད།

    Reply
  9. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    དྲ་གྲོགས་རས་པ་ལགས་ཀྱིས་བསམ་ཚུལ་གསུང་པར་དགའ་ནས་ཡོད།

    བསམ་ཚུལ་ཤོད་ཆོག་པ་ཞིག་ཆགས་ཡོད་པ་རེད། སྡེ་སྲིད་མེད་པ་བཟོ་དགོས་མིན་དེ་སྤྱི་འཐུས་གྲོས་ཚོགས་ཀྱིས་ཐག་གཅོད་དགོས་པ་ཞིག་རེད།

    བཅའ་ཁྲིམས་ཐོག་མར་བཟོ་དུས་སུ་བཀའ་བློན་ཁྲི་པར་སྐུ་དབང་གང་ཡོད་པ་དེ་ལ་ད་ལྟ་འགྱུར་བ་གང་ཡང་ཕྱིན་ཡོད་མ་རེད། ཡིན་ནའང་བཀའ་ཁྲི་འོང་ལུགས་ལ་འགྱུར་བ་ཞེ་དྲག་ཕྱིན་ཟིན་པ་རེད། མདོར་ན་བཀའ་ཁྲི་མི་མང་ནས་ཐད་ཀར་འོས་འདེམས་བྱས་ཡོད་ཀྱང་དེ་རྩིས་ཀྱི་དབང་ཆ་དམིགས་བསལ་བ་གང་ཡོད་མ་རེད།

    Reply
  10. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    དྲ་གྲོགས་ཅོ་རི་ཉི་མ་ལགས་ཀྱིས་བསམ་ཚུལ་གསུངས་པར་དགའ་ནས་ཡོད།

    བཀའ་ཁྲི་མཆོག་གིས་ལྷོ་ཕྱོགས་སུ་གང་གསུངས་པའི་སྒྲ་ངའི་ཉར་བསྡད་ཡོད་ལ། སྒྲ་དེ་རྣ་ཡིས་ཐེངས་འགར་ཉན་པ་ཡིན་པས་གོ་ལོག་ཐེབས་མེད་བསམ་བཞིན་ཡོད། གང་གསུངས་པའི་ནང་དོན་དེ་འདྲ་ཞིག་ལས་འགྲོ་ས་ཞེ་དྲག་མི་འདུག

    གལ་སྲིད་སྐུ་ཉིད་ལ་དགོས་ན་ jigdalten@yahoo.com ཐོག་འབྲེལ་བ་བྱོས་དང་། རག་གི་རེད།
    སྐུ་ཉིད་ཕེབས་པ་ཙམ་གྱིས་དགའ་པོ་བྱུང་།

    Reply
  11. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 15 སྔོན།

    སྤུན་ཟླ་ཚོ། འབྲེལ་ཐག་འདི་ལ་ཞིབ་དུ་གཟིགས་ནས་དེ་ནས་བསམ་བློ་ཞིབ་མོ་ཞིག་གཏོང་།
    http://www.gyalwarinpoche.com/intentionDetail.php?id=1

    Reply
  12. བསྟན་འཛིན་སྟོབས་རྒྱལ། says:
    ལོ་ 15 སྔོན།

    དྲ་གྲོགས་ཚོ། ལྟོས་དང་འཇིགས་བྲལ་ཟེར་བ་སྔོན་ཧ་སམ་གདོང་རིན་པོ་ཆེ་ལ་བསྟོད་མཁན་ཞིག་རེད་ཟེར། བར་སྐབས་ཞིག་ལ་འཇུ་ཆེན་ཐུབ་བསྟན་ལས་བཀའ་སློབ་ཉན་རྗེས་འདི་ལྟར་ཆགས་སོང་བ་རེད་ཟེར། དགོད་སྤྲོ་བ་ཞིག་ལ་ཁོང་མི་ལ་སྐྱོན་བརྒྱག་མཁན་ལ་སྐྱེ་བ་བླང་བ་ཞིག་ཡིན་ཚོད་འདུག་ལྟོས་དང་སྐབས་འཚོལ་བ་འགའ་ཞིག་གིས་ཆེད་དུ་དཀྲོག་གཏམ་བཟོ་བཞིན་འདུག་པས་དེའི་ཐད་རང་རེའི་སྐྱེ་བོ་ཀུན་གྱི་དོ་སྣང་ངེས་པར་བྱེད་དགོས། དེ་དག་གིས་མིང་འདོགས་སྣ་ཚོགས་ཀྱིས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེར་མིང་ཆད་ངན་པ་བཟོ་བཞིན་ཡོད། དཔེར་ན། ཉེ་ཆར་འཇིོགས་བྲལ་ཟེར་བ་ཞིག་གིས་དུས་བབ་དྲ་ཐོག་ཏུ་བཀའ་ཁྲིས་ཆེད་དུ་གཉེར་ནས་༧གོང་ས་མཆོག་བགྲེས་ཡོལ་ཞུ་རུ་འཇུག་པ་དང་། གལ་ཏེ་༧གོང་ས་མཆོག་བགྲེས་ཡོལ་གནང་བ་ཡིན་ན་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་སྡེ་སྲིད་ཁྲི་པར་འགྲོ་སེམས་ཡོད་པའི་ཁུངས་མེད་ཀྱི་འཆལ་གཏམ་སྒྲོག་གིན་འདུག ལྷག་པར་འདི་ལོ་དང་སྔ་ལོར་བཙན་བྱོལ་ནང་རྩོམ་ཡིག་ལམ་ནས་བསམ་ཚུལ་འདྲ་མིན་བརྗོད་པ་དཔེར་ན། རྒྱལ་བ་རིན་པོ་ཆེ་དང་མང་གཙོ་སུ་གལ་ཆེ་ཞེས་དང་། བཙན་བྱོལ་ནང་མང་གཙོ་མཚན་ཉིད་ཚང་བ་མེད་རབས་དང་། མང་ཚོགས་ཀྱིས་མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་རྒྱུར་ངང་སྒུག་བྱས་ཡོད་ཚུལ་སོགས་སྤེལ་བ་དག་བཀའ་ཤག་གི་གསུངས་འཕྲིན་དུ་དེ་དག་ལ་ལན་འདེབས་གསལ་པོར་མཛད་པའི་རླབས་ཆེན་གྱི་མཛད་བཟང་རྣམས་ལ་ལེགས་གསོལ་མེད་པར་དྲིན་ལན་ལོག་འཇལ་གྱིས་དེའི་རྒྱབ་ལྗོངས་ངན་པ་ཡོད་ཚུལ་འཆལ་གཏམ་སྤེལ་བ་དག་དགག་པ་ཚ་ནན་བྱ་རྒྱུ་ཡིན་ལ། ལོ་རྒྱུས་ཉག་ཕྲ་བའི་སོ་མཚམས་སུ་བཙན་བྱོལ་སྤྱི་ཚོགས་ཁྲོད་༧གོང་ས་མཆོག་གི་མངའ་འོག་ཏུ་སྒལ་ཚིགས་དྲང་པོར་སྲོང་པའི་མི་བུ་གཅིག་ཉིད་མངའ་བ་དེ་ལ་སྐྱོན་འདོགས་སྣ་ཚོགས་བྱེད་པ་ནི་ང་ཚོས་ནམ་ཡང་བརྗེད་མི་སྲིད་ལ་བརྗེད་ཀྱང་ག་ལ་རུང་། ལོ་རྒྱུས་ཀྱི་རྡོ་རིང་ངོས་སུ་བྲིས་ཟིན་པའི་ཟམ་གདོང་བླ་མའི་མཛད་རྗེས་དག་སུས་ཀྱང་བསུབ་མི་ཐུབ་ལ། བསུབ་པར་སྦྱོར་བ་རྩོམ་མཁན་དག་ནི་མིའི་རང་དབང་གི་རྣམ་དཔྱོད་བེད་དུ་ཕྱིན་ནས་བསམ་བློ་གཞན་གྱི་བྲན་གཡོག་ཏུ་ཚུད་པ་འབའ་ཞིག་ཡིན་པ་ཟུར་བལྟས་ལེབ་མཐོང་རེད། མངོན་ལྐོག་བརྒྱུད་གསུམ་ནས་བཀའ་ཤག་དང་བཀའ་བློན་ལ་མདའ་རྩེ་གཏོད་ཀྱིན་པའི་མི་བུ་སྐོར་ཞིག་གིས་ཅི་ཡང་གླེང་སྲིད་ལ་གླེང་གིན་འདུག་མོད། གཅིག་ནས་ཁོ་ཚོས་ངག་ནས་བཙན་བྱོལ་གཞུང་དང་བཀའ་ཤག་ཅེས་སྨྲས་ནའང་ཞེ་འདོད་༧གོང་ས་མཆོག་ལ་ཟུར་ཟ་བྱེད་ཀྱིན་ཡོད་པ་བརྒྱ་ཁ་གཅིག་མཐུན་རེད། གཉིས་ནས་ཁོ་ཚོས་བཤད་པ་དག་ནི་གཡག་ཞར་གྱིས་རྩྭ་ཟ་བ་དང་གཉིས་སུ་མེད་པ་ཕྱོགས་དང་ཟུར་གཅིག་མ་གཏོགས་བལྟ་མི་ཤེས་པས་ཨུ་ཚུགས་ཀྱིས་མདུན་ཕྱོགས་ཀྱི་རྐང་ལམ་གཅིག་དང་། དེར་བགྲོད་ཀྱིན་པའི་ལྐོག་གཡོ་བ་དག་གིས་ཅི་ཟེར་ཉན་ནས་དྲ་ཐོག་འགོད་པ་དང་སྨྲ་བརྗོད་ཀྱི་ལམ་ནས་གཞན་ལ་བརྒྱུད་སྒྲོག་བྱེད་ཀྱིན་ཡོད། ། དེ་དག་གིས་གླེང་བཞིན་པའི་སྐད་ཆའི་མ་མ་ཁོ་ཚོ་མིན་པར་མི་མངོན་དབྱིངས་སུ་གབ་པའི་རྣམ་ཤེས་སྨྱོིན་པའི་དྲག་དམག་གི་བཀོད་འདུམ་ཡིན་པར་ངེས། ཆ་འཇོག་འཕེར་བའི་སྐད་ཆ་ཞིག་མིན་སྟབས་ཡལ་བར་དོར་ནས་བདེན་ལུགས་ཀྱི་ངོ་གདོང་ལ་ཐེངས་ཤིག་བལྟ་བར་འདོད། ཧཧཧཧཧཧཧཧ

    Reply
  13. ཨ་མའི་བུ། says:
    ལོ་ 15 སྔོན།

    ངོ་མ་བསམ་ཚུལ་དེ་ཡག་ག
    མདུང་རྩེའི་ཟིན་བྲིས་ནས་བཤུས།
    བགྲེལ་ཡོལ་དང་འབྲེལ་བའི་རྣམ་རྟོག་གི་ལམ་ནས་མྱུལ་བའི་སྡེ་སྲིད་ཁྲི་པ།

    བགྲེལ་ཡོལ་འབྲེལ་བའི་རྣམ་རྟོག་གི་ལམ་ནས་མྱུལ་བའི་སྡེ་སྲིད་ཁྲི་པ།
    ཉེ་ཆར་༧གོང་ས་མཆོག་གི་གསུང་བཤད་འགའ་ཞིག་དང་ལྷག་པར་རྒྱ་གར་གྱི་ ༼ cnn ༽གསར་འགོད་པས་འབྱུང་འགྱུར་༧གོང་ས་མཆོག་གི་ཡང་སྲིད་སྐོར་དང་། བོད་ཀྱི་དབུ་ཁྲིད་གནང་ཕྱོགས་སྐོར་ལ་བཀའ་འདྲི་ཞུས་པའི་ལན་དུ། ཡང་སྲིད་སྐོར་གྱི་གནད་དོན་ཐད་ལོ་ཉི་ཤུ་སུམ་ཅུའི་གནས་ཚུལ་ཡིན་པས་ད་ལྟ་བྲེལ་བ་མེད་པར་གསུངས་པ་དང་། བོད་ཀྱི་དབུ་ཁྲིད་གནང་ཕྱོགས་ཐད་ཟླ་བ་དྲུག་བདུན་མཚམས་ནས་ངོས་རང་བགྲེས་ཡོལ་ཆ་ཚང་ཞུ་གི་ཡིན་ཞེས་བཀའ་སློབ་ཕེབས་ཡོད་འདུག དེར་བརྟེན་བཙལ་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་གནས་ཚུལ་དེའི་ཐད་ད་ལྟ་གླེང་སློང་ཤུགས་ཆེར་བྱེད་ཀྱིན་ཡོད་ལ། བཀའ་ཤག་གིས་ཀྱང་འདིའི་ཐད་ཐུགས་ཚབ་ཆེན་པོ་གནང་གི་ཡོད་ཚོད་འདུག དེར་མ་ཟད་དེང་སང་ས་གནས་འགའ་ཞིག་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་ཁག་དང་སེ་ར་ཆོས་སྒར་གྱིས་མཚོན་པའི་དགོན་པ་གྲྭ་ཚང་རེ་ཟུང་གིས་༧གོང་ས་མཆོག་མུ་མཐུད་དེ་བོད་ཀྱི་དབུ་ཁྲིད་དུ་བཞུགས་སུ་གསོལ་བའི་སྙན་ཞུ་འབུལ་བཞིན་འདུག དེ་ནི་རྒྱ་ནག་གཞུང་གིས་བསམ་བཞིན་ཤེས་བཞིན་དུ་དྲང་བདེན་གྱི་ཁ་ཕྱོགས་གཞན་དུ་སྒྱུར་བཞིན་པའི་ཆབ་སྲིད་ཀྱི་ལོག་འགྲེལ་དང་། རང་གཞུང་གི་ངོ་ལྐོག་གཡོ་ཟོལ་མེད་པའི་ཆབ་སྲིད་ཀྱི་གནས་བབ་དང་འཛམ་གླིིང་མི་མང་སྤྱི་དང་ཁྱད་པར་ཆབ་སྲིད་ཀྱི་ཐོམ་ཞ་གཡོགས་པའི་རྒྱ་མི་རིགས་ཚོར་བདེན་དོན་ར་འཕྲོད་བྱེད་པའི་གོ་སྐབས་བཟང་པོ་ཞིག་ཏུ་འཁུམས།
    གནས་དོན་འདིའི་དཔྱད་ཞིབ་བྱེད་པ་ལ།
    དང་པོར་༧གོང་ས་མཆོག་བགྲེང་ཡོལ་ཆ་ཚང་གནང་རྒྱུའི་བཀའ་སློབ་དེའི་བྱུང་རྐྱེན་གང་ཡིན་དང་། མཐའ་གཅིག་ཏུ་མགོན་པོ་མཆོག་བགྲེས་ཡོལ་ཕེབས་པ་ཡིན་ན་བཙན་བྱོལ་བོད་གཞུང་གི་ཆབ་དཔལ་རིག་གསུམ་གྱི་གནས་བབ་ཇི་འདྲ་ཞིག་ཏུ་འགྱུར་མིན་ཐད་དཔྱད་ཞིབ་བྱེད་གལ་ཆེ།
    བྱུང་རྐྱེན་སྐོར་ལ་མི་མང་ནང་གླེང་ཚུལ་སྣ་མང་ཞིག་མཆིས་ཤིང་། ལ་ལས་དེ་ནི་དྲ་རྒྱ་ཁག་དང་གསར་ལམ་ཁག་ཏུ་བོད་མི་རེ་ཟུང་གིས་༧གོང་མཆོག་གལ་ཆེའམ། མང་གཙོ་གལ་ཆེ་ཞེས་དང་། བཙན་བྱོལ་ནང་ཚད་ལྡན་གྱི་མང་གཙོ་མེད་ཚུལ་དང་། མི་མང་ནས་ད་དུང་མང་གཙོ་ངང་སྒུག་བྱས་ཡོད་ཚུལ་སོགས་བསམ་ཚུལ་འདྲ་མིན་སྤེལ་བར་བརྟེན་༧གོང་ས་མཆོག་ནས་ད་ལྟའི་མང་གཙོ་འདིས་མི་མང་བྱིངས་ཀྱི་འདོད་ཐོག་འགྲོ་གི་མེད་པའི་ཐུགས་དྭོགས་གནང་སྟེ། བཀའ་སློབ་དེ་ལྟར་ཕེབས་པའི་ངོས་འཛིན་བྱེད་པ་དང་། བཀའ་ཤག་གིས་ཆེད་དུ་གཉེར་ནས་དེ་ལྟར་བཟོས་པར་ངོས་བཟུང་བ་སོགས་འགྲེལ་ཚུལ་སྣ་མང་མཆིས། ཕྲན་གྱིས་གནས་དོན་འདིའི་ཐད་བསམ་གཞིགས་མང་པོ་བྱས་པ་ཡིན། འདི་ནི་༧གོང་ས་མཆོག་གི་སྔ་ཕྱིའི་བཀའ་སློབ་གུང་བསྒྲིགས་ནས་ཐག་གཅོད་པ་མ་གཏོགས་རང་འགར་བྱུང་རྒྱལ་དུ་སྨྲས་པ་ཙམ་ལ་སྙིང་པོ་ཅི་ཡང་མེད་པར་འདོད། ཉེ་ཆར་སེ་ར་བླ་སྤྱིའི་འདུ་ཁང་ནང་དུ་མི་མང་ཚོགས་ཆེན་མཇུག་བསྡུའི་གསུངས་བཤད་སྐབས་བཙན་བྱོལ་དུ་འབྱོར་ནས་ཐོག་མར་མང་གཙོ་དབུ་བསྙེས་པའི་སྐོར་དང་། དེ་ནས་མང་གཙོའི་འཕེལ་རིམ་འགྲོ་ཕྱོགས་ཐད་དང་། རྒྱལ་བ་རིན་པོ་ཆེའི་སྐུ་དབང་སྐོར་བགྲོ་གླེང་རིམ་པས་བརྒྱུད་དེ་མང་མོས་སུམ་ཉིས་ཀྱིས་འོས་བསྡུའི་སྒོ་ནས་ཐག་གཅོད་དགོས་པའི་སྐོར་བཅའ་ཁྲིམས་གསལ་ཡོད་པར་གསུངས་ཡོད། ལྷག་པར་ ༢༠༠༡ ལོ་ནས་བཀའ་བློ་ཁྲི་པ་ཐད་ཀར་མི་མང་ནས་འོས་འདེམས་བྱས་ཏེ་ཁོང་ཉིད་ཕྱེད་བགྲེས་ཡོལ་དུ་བཞུགས་པ་དང་། སྐབས་དེར་བགྲོ་གླེང་རིམ་བརྒྱུད་ཀྱི་ལམ་ནས་གྲོས་ཚོགས་དང་མི་མང་སོགས་ལ་ཁྱེད་ཅག་གི་ལས་ཀ་བྱེད་སྐབས་རྒྱལ་བ་རིན་པོ་ཆེ་མེད་པ་ལྟར་བྱས་ན་ཡག་པོ་ཡོད་རེད་ཅེས་གསུངས་མྱོང་ཡོད་པར་བཀའ་ཕེབས་ཡོད།
    དེ་ནི་༧གོང་ས་མཆོག་གིས་མི་རབས་གསར་བར་ཚོད་བགམས་ཐེངས་ཤིག་གནང་གི་ཡོད་པ་དང་། ལྷག་པར་རྒྱ་ནག་གིས་མི་བདེན་རྫུན་སྒྲོག་བྱེད་ཀྱིན་པའི་ཆབ་སྲིད་ཀྱི་རྫུན་ཕུགས་ཐེངས་ཤིག་གཏིབ་ཀྱི་ཡོད་པར་མཐོང་། གནས་སྟངས་འདི་༧གོང་ས་མཆོག་གི་སྔ་ཕྱིའི་བཀའ་སློབ་དག་ལ་གསན་ཞིབ་ལེགས་པར་བྱས་ཏེ་དཔྱད་བརྗོད་སྤེལ་བ་ཡིན་ན་མང་ཚོགས་ཀྱི་གོ་རྟོགས་སད་ཐུབ་པ་དང་། རང་ཉིད་བོད་མི་ཞིག་གི་འགན་འཁྲི་དང་དུ་བླངས་པར་སེམས། ཚུལ་འདི་ནི་སེ་ར་བླ་སྤྱིའི་འདུ་ཁང་དུ་མཇུག་སྡོམ་གསུངས་བཤད་ལ་གཞིགས་ན་ལམ་ཙམ་ཚོད་དཔྱད་བྱེད་ཐུབ། ཁོང་བགྲེས་ཡོལ་ཕེབས་རྐྱེན་དེ་དབུ་མའི་ལམ་ལ་གྲུབ་འབྲས་མེད་པ་དང་སེམས་ཤུགས་ཆགས་པ་མ་ཡིན་ལ། ལས་འགན་འདི་ལས་གཡོལ་ཐབས་དེ་བས་ཀྱང་གནང་གི་མེད། ༧གོང་ས་མཆོག་ནི་བོད་མིའི་ལུགས་གཉིས་ཀྱི་དབུ་ཁྲིད་ཡིན་ལ། གཞིས་བྱེས་བོད་མིའི་སེམས་ཁོང་གི་རེ་བ་ཉག་ཡོད་པ་ནི་༧གོང་ས་མཆོག་ཡིན། བོད་ཆོས་ལྡན་ཞིང་འདི་༧འཕགས་མཆོག་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཡིན་པས་དམིགས་བསལ་གྱི་འབྲེལ་བ་དམ་ཟབ་ཡོད། དེར་བརྟེན་༧གོང་ས་མཆོག་ནི་སྤྱན་རས་གཟིགས་མི་ཡི་གར་དུ་རོལ་བ་ཡིན་སྟབས་ཁོང་གི་ཐུགས་རྗེ་སྐྱབས་འོག་ནས་བོད་འབངས་ནམ་ཡང་དོར་མི་སྲིད་ལ། མགོན་པོ་མཆོག་གི་བཀའ་སློབ་ཀྱང་དེ་དང་མཐུན་པར་ཕེབས་ཡོད། ༧གོང་མཆོག་གི་མཛད་འཕྲིན་དང་རླབས་ཆེན་གྱི་དགོངས་དག་ང་ཚོས་བློ་ཡུལ་དུ་ཆུབ་པར་དཀའ་བས་འོལ་ཚོད་ཀྱིས་དཔྱད་གཏམ་འདྲ་མིན་སྤེལ་བཞིན་པ་དག་འོས་འཚམས་སུ་མ་མཐོང་ངོ་།

    སྐབས་འཚོལ་བ་འགའ་ཞིག་གིས་ཆེད་དུ་དཀྲོག་གཏམ་བཟོ་བཞིན་འདུག་པས་དེའི་ཐད་རང་རེའི་སྐྱེ་བོ་ཀུན་གྱི་དོ་སྣང་ངེས་པར་བྱེད་དགོས། དེ་དག་གིས་མིང་འདོགས་སྣ་ཚོགས་ཀྱིས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེར་མིང་ཆད་ངན་པ་བཟོ་བཞིན་ཡོད། དཔེར་ན། ཉེ་ཆར་འཇིོགས་བྲལ་ཟེར་བ་ཞིག་གིས་དུས་བབ་དྲ་ཐོག་ཏུ་བཀའ་ཁྲིས་ཆེད་དུ་གཉེར་ནས་༧གོང་ས་མཆོག་བགྲེས་ཡོལ་ཞུ་རུ་འཇུག་པ་དང་། གལ་ཏེ་༧གོང་ས་མཆོག་བགྲེས་ཡོལ་གནང་བ་ཡིན་ན་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་སྡེ་སྲིད་ཁྲི་པར་འགྲོ་སེམས་ཡོད་པའི་ཁུངས་མེད་ཀྱི་འཆལ་གཏམ་སྒྲོག་གིན་འདུག ལྷག་པར་འདི་ལོ་དང་སྔ་ལོར་བཙན་བྱོལ་ནང་རྩོམ་ཡིག་ལམ་ནས་བསམ་ཚུལ་འདྲ་མིན་བརྗོད་པ་དཔེར་ན། རྒྱལ་བ་རིན་པོ་ཆེ་དང་མང་གཙོ་སུ་གལ་ཆེ་ཞེས་དང་། བཙན་བྱོལ་ནང་མང་གཙོ་མཚན་ཉིད་ཚང་བ་མེད་རབས་དང་། མང་ཚོགས་ཀྱིས་མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་རྒྱུར་ངང་སྒུག་བྱས་ཡོད་ཚུལ་སོགས་སྤེལ་བ་དག་བཀའ་ཤག་གི་གསུངས་འཕྲིན་དུ་དེ་དག་ལ་ལན་འདེབས་གསལ་པོར་མཛད་པའི་རླབས་ཆེན་གྱི་མཛད་བཟང་རྣམས་ལ་ལེགས་གསོལ་མེད་པར་དྲིན་ལན་ལོག་འཇལ་གྱིས་དེའི་རྒྱབ་ལྗོངས་ངན་པ་ཡོད་ཚུལ་འཆལ་གཏམ་སྤེལ་བ་དག་དགག་པ་ཚ་ནན་བྱ་རྒྱུ་ཡིན་ལ། ལོ་རྒྱུས་ཉག་ཕྲ་བའི་སོ་མཚམས་སུ་བཙན་བྱོལ་སྤྱི་ཚོགས་ཁྲོད་༧གོང་ས་མཆོག་གི་མངའ་འོག་ཏུ་སྒལ་ཚིགས་དྲང་པོར་སྲོང་པའི་མི་བུ་གཅིག་ཉིད་མངའ་བ་དེ་ལ་སྐྱོན་འདོགས་སྣ་ཚོགས་བྱེད་པ་ནི་ང་ཚོས་ནམ་ཡང་བརྗེད་མི་སྲིད་ལ་བརྗེད་ཀྱང་ག་ལ་རུང་། ལོ་རྒྱུས་ཀྱི་རྡོ་རིང་ངོས་སུ་བྲིས་ཟིན་པའི་ཟམ་གདོང་བླ་མའི་མཛད་རྗེས་དག་སུས་ཀྱང་བསུབ་མི་ཐུབ་ལ། བསུབ་པར་སྦྱོར་བ་རྩོམ་མཁན་དག་ནི་མིའི་རང་དབང་གི་རྣམ་དཔྱོད་བེད་དུ་ཕྱིན་ནས་བསམ་བློ་གཞན་གྱི་བྲན་གཡོག་ཏུ་ཚུད་པ་འབའ་ཞིག་ཡིན་པ་ཟུར་བལྟས་ལེབ་མཐོང་རེད། མངོན་ལྐོག་བརྒྱུད་གསུམ་ནས་བཀའ་ཤག་དང་བཀའ་བློན་ལ་མདའ་རྩེ་གཏོད་ཀྱིན་པའི་མི་བུ་སྐོར་ཞིག་གིས་ཅི་ཡང་གླེང་སྲིད་ལ་གླེང་གིན་འདུག་མོད། གཅིག་ནས་ཁོ་ཚོས་ངག་ནས་བཙན་བྱོལ་གཞུང་དང་བཀའ་ཤག་ཅེས་སྨྲས་ནའང་ཞེ་འདོད་༧གོང་ས་མཆོག་ལ་ཟུར་ཟ་བྱེད་ཀྱིན་ཡོད་པ་བརྒྱ་ཁ་གཅིག་མཐུན་རེད། གཉིས་ནས་ཁོ་ཚོས་བཤད་པ་དག་ནི་གཡག་ཞར་གྱིས་རྩྭ་ཟ་བ་དང་གཉིས་སུ་མེད་པ་ཕྱོགས་དང་ཟུར་གཅིག་མ་གཏོགས་བལྟ་མི་ཤེས་པས་ཨུ་ཚུགས་ཀྱིས་མདུན་ཕྱོགས་ཀྱི་རྐང་ལམ་གཅིག་དང་། དེར་བགྲོད་ཀྱིན་པའི་ལྐོག་གཡོ་བ་དག་གིས་ཅི་ཟེར་ཉན་ནས་དྲ་ཐོག་འགོད་པ་དང་སྨྲ་བརྗོད་ཀྱི་ལམ་ནས་གཞན་ལ་བརྒྱུད་སྒྲོག་བྱེད་ཀྱིན་ཡོད། ། དེ་དག་གིས་གླེང་བཞིན་པའི་སྐད་ཆའི་མ་མ་ཁོ་ཚོ་མིན་པར་མི་མངོན་དབྱིངས་སུ་གབ་པའི་རྣམ་ཤེས་སྨྱོིན་པའི་དྲག་དམག་གི་བཀོད་འདུམ་ཡིན་པར་ངེས། ཆ་འཇོག་འཕེར་བའི་སྐད་ཆ་ཞིག་མིན་སྟབས་ཡལ་བར་དོར་ནས་བདེན་ལུགས་ཀྱི་ངོ་གདོང་ལ་ཐེངས་ཤིག་བལྟ་བར་འདོད།

    Reply
  14. རས་པ། says:
    ལོ་ 15 སྔོན།

    འཇིགས་བྲལ་ལགས་ཀྱིས་ཡག་པོ་གསུང་བཞག་ཀྱང་། བཀའ་བློན་ཁྲི་བ་མི་མང་གིས་ཐད་ཀར་འོས་འདེམས་ཞུས་ཏེ་མི་མང་བརྒྱ་ཆ་༦༠ཡན་གྱི་དབང་ཚད་ཐད་ཀར་ཡོང་གི་ཡོད་པ་དང་། ༧གོང་ས་མཆོག་དང་བཀའ་ཤག་གི་གཏམ་བཤད་ཁག་གི་ནང་དུ་བཀའ་ཁྲི་ནི་བོད་ཀྱི་ཆབ་སྲིད་ཀྱི་དབུ་ཁྲིད་ཡིན་པར་བསྟན་གྱི་ཡོད་པས་བཅའ་ཁྲིམས་སུ་གསལ་བའི་སྡེ་སྲིད་ཀྱི་གོ་གནས་དེ་ལ་འགྱུར་བ་གཏོང་དགོས་མིན་འགྲོ། དེ་ལ་འགྱུར་བ་འགྲོ་མ་ཆོག་པ་ཨེ་ཡོད། གལ་སྲིད་དེ་ལ་འགྱུར་བ་མ་སོང་བར་༧གོང་ས་མཆོག་ལ་བོད་མི་མང་གིས་རྒས་ཡོལ་ཕུལ་བ་ཡིན་ན་དེ་ དུས་སྡེ་སྲིད་ལྷན་ཚོགས་དང་བཀའ་ཤག་གི་དབར་གྱི་ལས་བགོས་ཅི་ལྟར་བྱེད་དགོསཔ་རེད། ངས་ནི་སྡེ་སྲིད་ལྷན་ཚོགས་ཞེས་པ་འདི་དེ་སྔ་འཆར་འབུལ་ཕྱག་རྟགས་ཀྱི་ལམ་ནས་ཡོང་བའི་བཀའ་བློན་དང་བཀའ་ཁྲི་སྐབས་ཀྱི་སྲིད་བྱུས་གཞི་རྩ་བྱས་ནས་ཡོང་བའི་བཅའ་ཁྲིམས་ཀྱི་ལེའུ་ཞིག་རེད་བསམ་གྱི་འདུག་པས། དེང་བཅའ་ཁྲིམས་ལ་འགྱུར་བ་འགྲོ་དགོས་པར་མཐོང་གི་འདུག

    Reply
  15. སྟག་རྩེ་དཔལ་ལྡན says:
    ལོ་ 15 སྔོན།

    འཇིགས་བྲལ་ལགས། ཁྱེད་རང་གི་འདོད་མོས་དེར་བསམ་གཞིགས་བྱེད་དགོས་པ་ཞིག་རེད།

    Reply
  16. མདུང་རྩེ། says:
    ལོ་ 15 སྔོན།

    འཇིགས་བྲལ་ལགས། ཁྱེད་རང་རྩོམ་ཡིག་འདིའི་ལན་འདེབས་ཀྱི་ཚུལ་དུ་རྩོམ་ཐུང་ཞིག་མདུང་རྩེའི་ཟིན་བྲིས་བཀོད་ཡོད་པས་དུས་ཁོམ་བྱུང་ན་གཟིགས་རྒྱུ་མ་བརྗེད་།

    Reply
  17. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    དྲ་གྲོགས་ཚོ།
    ཁ་བྱང་འདིའི་ནང་ལ་༼འཛམ་གླིང་བོད་དོན་ཕྱོགས་བསྡུས་༽ཞེས་པའི་གསར་འགྱུར་ཡག་པོ་ཞིག་འདུག
    http://www.youtube.com/user/Danaktsang#p/u/42/Ct9USeMJJHo

    Reply
  18. གནས་ཚང་། says:
    ལོ་ 15 སྔོན།

    གལ་སྲིད༼སྦེལ་ཀོབ་ཏུ་བཀའ་བློན་ཁྲི་པ་མཆོག་གིས་ྋགོང་ས་མཆོག་གི་དབུ་ཁྲིད་ལ་ལྟོས་མི་དགོས་པའི་བོད་མིའི་མང་གཙོའི་ལམ་སྲོལ་ཞིག་དགོས་པ་ལས་ད་ལྟའི་ལམ་སྲོལ་འདི་མང་གཙོ་མིན་ཚུལ་ལ་སོགས་པའི་བསམ་ཚུལ་གྱི་རྐྱེན་ལ་བརྟེན་ནས་༸གོང་ས་མཆོག་གིས་བགྲེས་ཡོལ་ཞུ་གནང་རྒྱུའི་ཉེན་ཁ་ཡོད་སྐོར་གསུངས་པ༽བདེན་པ་ཡིན་ན། འདིའི་ནང་དུ་གོ་རྒྱུ་ཁ་ཤས་འདུག

    ༡ གོང་ས་མཆོག་ལའང་དགའ་སྐྱོ་ཆགས་སྡང་ཡོད་པ་བསྟོད་པའི་ཟོལ་གྱིས་གཞུང་འབྲེལ་གྱི་ལམ་ནས་ཕྱི་བསྒྲགས་གནང་བ་ཞིག་ཡིན་པས། ལོ་རྒྱུས་སྒང་སྐད་ཆ་འདི་རིམ་བརྒྱུད་བྱེད་ཀྱི་ཡིན་པར་མ་ཟད། འགྲེལ་བཤད་ཀྱང་སྣ་མ་སྣ་ཚོགས་ཤིག་འབྱུང་སྲིད་པ་གཏན་ལ་འཁེལ་ཚར་བ་རེད།
    ༢ མ་གཞི་བཀའ་ཤག་ལ་སྐྱོན་བརྗོད་བྱས་པ་ཙམ་གྱིས་གོང་ས་མཆོག་ལ་སྐྱོན་བརྗོད་བྱེད་ཀྱིན་པའི་ཁྱབ་ཀྱི་མེད་ནའང་། ཐབས་ལམ་ཡག་པོ་ཞིག་གི་ལམ་ནས་བཀའ་ཤག་གིས་མ་འཇོན་པའང་གོང་ས་མཆོག་ལ་ཕུལ་ཟིན་པས། འདིར་ཚང་མ་ལོས་དབྱེ་ཞིབ་ཏན་ཏིག་བྱེད་རན་མེད་དམ།
    ༣ གལ་སྲིད༼ཡེ་ཤེས་དབྱིངས་དཔྱད༽བོད་མིས་གོང་ས་མཆོག་ལ་ཕུལ་བའི་ཐོབ་ཐང་ཡིན་ན། བགྲེས་ཡོལ་གནང་རྒྱུའི་ཐུགས་འདུན་འདི་ཡེ་ཤེས་དབྱིངས་དཔྱད་མ་རེད་ཅེས་སུ་ཞིག་གིས་ལབ་ཐུབ་བམ། དེ་བས། ཡེ་ཤེས་དབྱིངས་དཔྱད་ལ་བརྩི་བཀུར་མི་བྱེད་མཁན་ཞིག་ཡིན་ན་མ་གཏོགས་ཡེ་ཤེས་དབྱིངས་དཔྱད་ནི་བོད་དོན་གྱི་འགག་རྩར་ཐུག་ཡོད་པའི་ལུང་བསྟན་ཅིས་མ་ཡིན། ཚང་མ་ལོས་དགོངས་པ་གལེར་བཞེས་རོགས།

    Reply
  19. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལས།
    དོན་ཚན་སོ་གཅིག་པ། སྡེ་སྲིད་ལྷན་ཚོགས།

    《༡ ཀ ༧གོང་ས་༧སྐྱབས་མགོན་ཆེན་པོས་རྒྱལ་ཁབ་དང་གཞུང་གི་མཛད་ཁུར་མ་བཞེས་པའི་གནས་ཚུལ་བྱུང་སྐབས་དང་།

    ཁ རྒྱལ་ཁབ་དང་། མི་མང་གི་ཁེ་ཕན་ཆེ་ཤོས་ཀྱི་དོན་དུ་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྩ་འབོར་གྱི་བཞི་ཆ་གསུམ་ཡན་གྱིས་མོས་མཐུན་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གོ་བསྡུར་དང་འབྲེལ་༧གོང་ས་སྐྱབས་ཆེན་པོ་མཆོག་གི་འགན་འཛིན་མཛད་ཁུར་རྣམས་སྡེ་སྲིད་ལྷན་ཚོགས་ཀྱིས་ལག་ལེན་མ་བསྟར་མཐུ་མེད་ཀྱི་ཐག་གཅོད་བྱུང་སྐབས་བཅས་སུ་གཞུང་གི་འགན་དབང་འཛིན་མཁན་སྡེ་སྲིད་ལྷན་ཚོགས་ཤིག་དགོས་པ་ཡིན།》ཞེས་གསལ་འདུག

    དྲ་གྲོགས་འཇིགས་བྲལ་ལགས་ཀྱིས་གསུངས་པ་ལྟར་ཡིན་གཅིག་མིན་གཉིས་སྡེ་སྲིད་ལྷན་ཚོགས་ཤིག་དགོས་ཞེས་བཅའ་ཁྲིམས་སུ་ཁ་གསལ་མཐོང་རྒྱུ་མི་འདུག

    བཀའ་ཁྲི་ཡིས་ལྷོ་ཕྱོགས་སུ་གསུངས་པའི་བཀའ་སློབ་དེ་ལ་འཇིགས་བྲལ་གྱིས་འགྲེལ་བཤད་རྒྱབ་སྟངས་འདི་སྔོན་མ་་རྡི་ལི་མ་བྱུང་ཀྲི་ལ་གཞི་ཆགས་སུ་བརྒྱ་དཔོན་ཞིག་གིས་༧གོང་ས་མཆོག་གི་སྐུ་པར་ཁུར་ཡོང་ནས་མི་དམངས་ལ་གཏམ་བཤད་གནང་དོན་དུ། ཁྱོད་ཚོས་རྒྱལ་བ་རིན་པོ་ཆེན་གདམ་གྱི་ཡིན་ནམ་ལི་ཐང་ཨ་ཐར་གདམ་གྱི་ཡིན། ཞེས་པ་ལྟར་རེད་མི་འདུག་གམ།་་་་ཧ་ཧ་

    བཙན་བྱོལ་སྤྱི་ཚོགས་ནང་དུ་མི་ངན་དང་དཔོན་ངན་ཚོས་༧གོང་ས་མཆོག་ཁ་ལ་ཁུར་ནས་བོད་མི་ཚོད་ལྡན་དང་རྒྱལ་གཅེས་ལྷག་བསམ་ཅན་ཚོའི་ཐོག་ཏུ་ཉེས་མིང་བཀོད་པ་ཉུང་ཉུང་རྩ་བ་ནས་མིན་པ་དེ་ཡང་བོད་རྒྱ་ཆེ་མི་དམངས་ཀྱིས་མཁྱེན་དང་མཁྱེན་བཞིན་པ་རེད།

    ཐུགས་རྗེ་ཆེ། དགོས་པ་བྱུང་ན་རིམ་བཞིན་ཞུ་ཆོག་ཞུ་རྒྱུ་ཡིན།

    Reply
  20. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    དྲ་གྲོགས་རང་དབང་ཕོ་ཉ་ལགས་ཀྱིས་བསམ་ཚུལ་གསུངས་པར་དགའ་བསུ་ཞུ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་སྡེ་སྲིད་ལྷན་ཚོགས་བསྐོ་འཛུགས་དགོས་པ་གསལ་པ་ཙམ་དུ་མ་ཟད། སྡེ་སྲིད་ལྷན་ཚོགས་དེ་ལ་མི་གསུམ་བསྐོ་འཛུགས་དགོས་པ་དང་། དེའི་ནང་ནས་གཅིག་སྡེ་སྲིད་ཁྲི་པར་བཀའ་ཤག་དང་སྤྱི་འཐུས་མཐུན་མོང་གིས་འདེམས་དགོས་པ་རེད། ད་དུང་སྡེ་སྲིད་ཀྱི་སྐུ་དབང་དང་ལས་ཡུན། འཕོ་འགྱུར་འགྲོ་ཕྱོགས་སོགས་ཡོངས་རྫོགས་གསལ་འཁོད་ཡོད་པ་རེད།

    མདོར་ན་ད་ལྟ་ནས་དེའི་སྐོར་ལ་བསམ་བློ་གྲ་སྒྲིག་དགོས་རྒྱུ་ཧ་ཅང་གལ་ཆེན་རེད་སེམས་ཀྱི་འདུག

    Reply
  21. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    དྲ་གྲོགས་ཁག་ཅིག་ཕེབས་ནས་བསམ་ཚུལ་འགའ་གསུངས་འདུག་པར་དགའ་བསུ་ཞུ།
    དེ་ནས་༸གོང་ས་མཆོག་གིས་བགྲེས་ཡོལ་ཞུ་བ་ཞུ་ལུགས་ཤིག་ཡོད་པ་རེད། དུས་རྒྱུན་དུ་ནས་༸གོང་ས་མཆོག་གིས་བོད་མི་ཚོར་ང་མེད་པ་ནང་བཞིན་བྱོས་ཨ་ཞེས་གསུང་བཞིན་པ་དེ་དང་། དྲ་གྲོགས་ཁག་ཅིག་གིས་ཀྱང་ཕ་མའི་བུ་ཕྲུག་ལ་འགྲོ་ལུགས་སློབ་པ་དེ་བཞིན་ཡིན་སྐོར་བརྗོད་པ་དེ་གནད་འགག་དངོས་རེད།

    ཡིན་ནའང་ད་ལྟ་༸གོང་ས་མཆོག་གིས་བགྲེས་ཡོལ་ཞུ་བཞིན་པ་འདིའི་རྒྱབ་ལྗོངས་ལ་འགྲེལ་བཤད་མང་པོ་དང་འབྲེལ་ནས་བསམ་ཚུལ་མང་པོ་ཞིག་ཐོན་བཞིན་ཡོད་པ་རེད། འགྲེལ་བཤད་གནང་མཁན་གཅིག་བཀའ་བློན་ཁྲི་པ་མཆོག་རེད། ཁོང་ཕྱི་ལོ་ ༢༠༡༠ ཕྱི་ཟླ་ ༡༡ ཚེས་ ༡༤ ཉིན་སྦེལ་ཀོབ་མི་མང་ལ་བཀའ་སློབ་་གནང་སྐབས་ནང་དོན་འདི་འདྲ་ཞིག་གསུངས་གནང་ཡོད། དེ་ཡང་ྋགོང་ས་མཆོག་གི་དབུ་ཁྲིད་ལ་ལྟོས་མི་དགོས་པའི་བོད་མིའི་མང་གཙོའི་ལམ་སྲོལ་ཞིག་དགོས་པ་ལས་ད་ལྟའི་ལམ་སྲོལ་འདི་མང་གཙོ་མིན་ཚུལ་ལ་སོགས་པའི་བསམ་ཚུལ་གྱི་རྐྱེན་ལ་བརྟེན་ནས་༸གོང་ས་མཆོག་གིས་བགྲེས་ཡོལ་ཞུ་གནང་རྒྱུའི་ཉེན་ཁ་ཡོད་སྐོར་གསུངས་སོང་། གལ་ཏེ་དེ་འདྲ་ཡིན་ན་ང་ཚོས་༸གོང་ས་མཆོག་ལ་བགྲེས་ཡོལ་རྩ་བ་ནས་འབུལ་མི་ཐུབ་པ་ཞིག་རེད། གང་ཡིན་ཟེར་ན། བསམ་ཚུལ་འདྲ་མིན་བརྗོད་མཁན་དེ་ཚོ་དང་༸གོང་ས་མཆོག་གཉིས་ནས་བོད་མི་མང་ལ་སུ་དགོས་ཀྱི་གདམས་ཀར་གྱུར་བཞིན་ཡོད་པ་དེ་རེད།

    Reply
  22. རང་དབང་ཕོ་ཉ། says:
    ལོ་ 15 སྔོན།

    རྩོམ་ཡིག་འདི་ཐེངས་གཅིག་བཀླག་པ་ཡིན།་སྡེ་སྲིད་ཁྲི་པ་ཟེར་བའི་ཐ་སྙད་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་འཁོད་ཡོད་པ་ད་བར་གོ་ཐོས་མ་བྱུང།་་སྡེ་སྲིད་ལྷན་ཚོགས་ཟེར་འགོད་ཡོད་པ་རེད།་བཅའ་ཁྲིམས་དོན་ཚན་འདི་ལག་བསྟར་བྱེད་ཕྱོགས་ཡང་གསར་པོ་འཁོད་ཡོད།་ད་ལྟའི་ཆར་དུས་ཚོད་སླེབས་མེད།་དོན་མེད་སྤྱི་ཚོགས་ནང་འདྲོག་འགོ་མ་ལྷང་ན་ཡག་པོ་ཡོད་རེད།་་

    Reply
  23. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    དྲ་གྲོགས་ཁག་གཅིག་གིས་དངོས་པོའི་གནང་ཚུལ་ཁོ་ནར་བསམ་བློ་བཏང་བ་ལས་དངོས་པོའི་གནས་ཚུལ་ལ་བསམ་བློ་གཏོང་མི་ཐུབ་པའི་ཞན་ཆ་འགའ་འདུག་སྙམ། ༸གོང་ས་མཆོག་གིས་ད་ང་བགྲེས་ཡོལ་བྱ་རྒྱུ་ཡིན་ཞེས་དེ་སྔོན་ནས་གསུངས་མྱོང་པ་མ་ཟད་ལྷག་པར་དུ་ད་ལོ་ཡང་དམིགས་བསལ་གྱི་ཐེངས་མང་པོ་ཞིག་གསུངས་ཀྱི་ཡོད་པ་དངོས་ཡོད་རེད། དེ་ནི་༸གོང་ས་མཆོག་གི་བོད་མིའི་ལས་དོན་རྒྱབ་ཏུ་སྐྱུར་བ་ཞིག་ག་ལ་ཡིན་དེ་ལ་ཡང་དགག་བྱ་དགོས་པ་རྒྱུ་མཚན་དུ་མ་ཞིག་ཡོད་རེད་སྙམ།
    དཔེར་ན། དེ་སྔོན་༸གོང་ས་མཆོག་གིས་ཨ་རིའི་གྲོས་ཚོགས་ནང་གི་གསུང་བཤད་དང་བོད་རྒྱ་གཉིས་ཕན་དབུ་མའི་ལམ་གྱི་སྐོར་ལ་ཐོག་མར་གསུང་དུས་མི་མང་པོ་ཞིག་ཧ་ལས་ཧོན་ཐོར་བྱུང་ཡོད་ཀྱང་ད་ཆ་དངོས་ཡོད་གནས་ཚུལ་དེ་ལས་ལྷག་པའི་བོད་རྒྱའི་དཀའ་ངལ་སེལ་ཐབས་ཀྱི་ལམ་བུ་མེད་པས་སོ། ༸གོང་ས་མཆོག་གི་དགོངས་གཞི་ལ་སྐུ་ཉིད་མ་བཞུགས་པའི་ཉིན་དེ་ནས་བོད་ཀྱི་རྩ་དོན་ཡལ་མི་འགྲོ་བར་བོད་མི་ཚོས་རྕ་དོན་ལ་འཐུས་ཤོར་མེད་པར་ཕྱག་ལས་སྔར་བཞིན་གནང་ཐུབ་པ་བྱ་རྒྱུ་དེ་ཡིན། མདོར་ན་༸གོང་ས་མཆོག་མ་བཞུགས་པའི་ཉིན་དེ་ནས་བོད་ཀྱི་གནད་དོན་དེ་འཇུག་སྒྲིལ་བ་ཡིན་ན་ང་ཚོའི་དགྲ་བོས་གདེང་ཚོད་བྱས་པ་དེ་གནས་ལ་འཁེལ་བ་ཞིག་རེད་མི་འདུག་གམ།

    Reply
  24. ཟླ་བ་ཚེ་རིང་། says:
    ལོ་ 15 སྔོན།

    བརྒྱ་བཤད་ཚིག་གི་རྩ་བ་ནི་སྐུ་མདུན་གྱི་སྐུ་ཚེ་རིང་བོད་དོན་བདེན་མཐའ་སེལ་ཐུབ་བམ་མི་ཐུབ་ཅེས་པ་འདི་ལ་ཐུག་བསྡད་ཡོད་པ་རེད་བསམ། འདི་ལ་གདེང་ཚོད་ཅིག་ཡོད་ན་ད་གཟོད་བགྲེས་ཡོལ་ལ་ཕེབས་བཞེད་དེས་བོད་མི་ཚོར་སེམས་པ་ཧ་ཅང་བདེ་མི་བདེ་བཟོ་གི་ཡོད་མེད་དེ་བཤད་ཐུབ་ཀི་རེད། དེ་མ་གཏོགས་འོད་ཚོད་བྱས་ནས་གང་ཡང་ཡོང་རྒྱུ་ཡོད་པ་མ་རེད་འདོད། ད་ནི་ང་ཚོས་༼ ཏྰ་ལའི་བླ་མའི་ཕྱི་རབས་པ། ༽ཞེས་པ་འདི་ལ་བསམ་བློ་གཏོང་རན་རེད་འདོད།

    Reply
  25. བཙན་བྱོལ་བ་ says:
    ལོ་ 15 སྔོན།

    དེའི་སྐོར་ལ་ལན་ཇི་འདྲ་རྒྱག་དགོས་མི་ཤེས་ཐལ་ ངོ་མ་༧གོང་ས་མཆོག་ནི་སྐུ་ཚེ་ཇི་ཙམ་བཞུགས་བཤད་མི་ཤེས་ཐལ་ བྱས་ཙང་བོད་མི་མང་གཙོའི་གཞུང་དེ་རང་གི་རྐང་པའི་སྟེང་དུ་རང་ཚུགས་ཀྱི་སྒོ་ནས་ལངས་དགོས་པ་ཡིན་ ༧གོང་ས་མཆོག་ལ་ད་དུང་ལོ་ག་ཚོས་རིང་རྒྱབ་མཉེས་ནད་འདུག་རྒྱུ་ཡིན་
    ཡང་ཕྱོགས་གཞན་ནས་༧གོང་ས་མཆོག་གི་སྐུའི་གཙི་བརྗིད་ཀྱི་དབང་གིས་ང་ཚོ་བོད་མི་རིགས་ཀྱི་འཆམ་མཐུན་དང་ལྷིང་འཇགས་དང་ཞི་བདེ་སོགས་འོང་བཞིན་ཡོད་པས་མེད་དུ་མི་རུང་བ་ཆགས་ཡོད་ ཁོང་ལྟ་བུ་ལས་གཞན་སུ་སེར་སྐྱ་སུ་གང་གིས་ཀྱང་བོད་ཀྱི་གོང་བུ་རྡོག་རྩ་གཅིག་སྒྲིལ་ལ་ཕན་ཐོགས་བསྐུན་མི་ཐུབ་པ་ཡིན་
    བྱས་ཙང་ཕྱོགས་གཉིས་ཀ་རྒྱུ་མཚན་ལྡན་པ་རེད་འདུག་ བྱས་ཙང་ང་ནི་དེའི་སྐོར་ལ་འགྲེལ་བཤད་རྒྱག་ཤེས་ཀྱིན་མི་འདུག་ ༧གོང་ས་མཆོག་བགྲེས་ཡོལ་བྱེད་དགོས་རེད་ཟེར་མཁན་དེ་དག་གི་རང་དབང་ལ་ཡང་བརྩི་མཐོང་ངེས་པར་དུ་བྱེད་དགོས་པ་ཡིན་ དེ་མིན་ད་ལྟའི་ཟམ་གདོང་བླ་བའི་གཞུང་གིས་རང་བཙན་གཙང་མའི་ལངས་ཕྱོགས་འཛིན་མཁན་དག་ལ་ལྟ་ཚུལ་བཞིན་བལྟས་པ་ཡིན་ན་དྲང་པོ་མིན་སྙམ་ འདི་ངའི་བསམ་ཚུལ་ཡིན་

    Reply
  26. ཁ་བ་ནག་པོ། says:
    ལོ་ 15 སྔོན།

    ད་ལྟའི་ཆར་གོང་ས་མཆོག་གིས་བགྲེས་ཡོལ་ཕྱེད་ཀ་ཞིག་གནང་སྟེ་བཞུགས་ཡོད་པས། བགྲེས་ཡོལ་ཕྱེད་ཀ་དེའི་རིང་ལ་བོད་དོན་ཐད་གྱོང་ཅི་ཙམ་རག་འདུག་བསམས་དགོས། དེ་ནས་གྱོང་རག་མེད་པའི་ངེས་པ་ཞིག་རྙེད་ན་གཞི་ནས་བགྲེས་ཡོལ་ཆ་ཚང་དེ་ཡང་གོང་ས་མཆོག་ལ་འབུལ་དགོས་ཀྱི་རེད། ངས་ཡང་སྐྱར་སྔོན་ཆད་ཅིག་གིས་བྲིས་པའི་གོང་ས་མཆོག་གིས་སྐུ་ངལ་ཆད་ཆད་ཀྱིས་འདྲུད་བཞིན་པའི་ཤིང་རྟ་དེ་མིག་ལམ་ལ་འཁོར་ཡོང་། འུ་ཅག་ལ་མཚོན་ན་ད་དུང་ཤིང་རྟ་དེའི་ནང་དུ་གཉིད་ན་འདོད་ཀྱི་ཡོད་པ་རེད་དེ་ད་ནི་དུས་ཚོད་ཀྱི་གྲང་རླུང་ཕྱོགས་བཞི་ནས་ལྡངས་ཏེ་འུ་ཅག་ལ་གཉིད་སྐྱིད་པོ་ཞིག་ཁུག་ཏུ་འཇུག་རྩིས་མི་འདུག

    Reply
  27. གཟི་མིག་༣པ says:
    ལོ་ 15 སྔོན།

    གྲོགས་པོ་ལགས་དང་པོ་ཁྱེད་རང་གི་་སེམས་ལ་དག་ཤུར་བྱ་དགོས་་ངས་བྱས་ན་ཁྱེད་རང་གི་ལུས་སེམས་ཐ་དད་འདྲ་བ་འདུག་དཀར་ནག་

    Reply
  28. དར་ལྕེ་ཟད་པོ།། says:
    ལོ་ 15 སྔོན།

    གོང་ས་མཆོག་ལས་ལྷག་པའི་དབུ་འཁྲིད་ཅིག་ང་ཚོས་རགས་མི་སྲིད། དེར་བརྟེན་ཁོང་བཞུགས་རིང་ལ་ཆབ་སྲིད་འགན་ཡོངས་རྫོགས་ཁོང་གཅིག་པོ་འགེལ་ན། ཉིན་ཞིག་ལ་ཁཽང་མ་བཞུགས་པའི་ཉི་མ་འཆར་བ་ངེས་པའི་དེ་དུས་ཁོང་དང་འདྲ་བ་ཞིག་ག་ནས་རྙེད། རྙེད་མི་སྲིད་པས། ང་ཚོ་བོད་པ་མགྲོན་པོ་ཕྱོགས་སླད་པ་བཞིན་མི་འགྱུར་བའི་ངེས་པ་མེད། དང་པོ་ནས་གྲྭ་སྒྲིགས་བྱས་ནས་མི་བཟང་ངམ།།

    Reply
  29. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    དྲ་གྲོགས་མིང་ངོ་མ་མེད་མཁན་ཁག་ཅིག་ནས་༸གོང་ས་མཆོག་བགྲེས་ཡོལ་ཞུ་དགོས་རེད་ཟེར། མིང་ངོ་མ་མེད་སྟབས་ལན་འདེབས་བྱེད་རིན་རང་མི་འདུག་བསམ་གྱི་ཡོད།

    དེ་ནས་དྲི་བ་ཞུ་རྒྱུ་གཅིག་ལ། བཀའ་བློན་ཁྲི་པ་མཆོག་གིས་༸གོང་ས་མཆོག་གནས་སྟངས་གང་འདྲ་ཞིག་གི་འོག་ནས་བགྲེས་ཡོལ་ཞུ་གི་ཡོད་སྐོར་གྱི་འགྲེལ་བཤད་གནང་གི་ཡོད་པ་ཤེས་ཀྱི་ཡོད་དམ། དེ་གནད་འགག་ཅིག་ཏུ་ངོས་འཛིན་བྱེད་དགོས་རེད་བསམ་གྱི་འདུག མདོར་ན་རྩོམ་ལུས་འདིའི་ངོས་ནས་ཁྱེད་ལ་བཙན་བྱོལ་སྤྱི་ཚོགས་ཀྱི་ཆབ་སྲིད་འཕེལ་རིམ་གང་འདྲ་ཞིག་བརྗོད་ཀྱི་འདུག

    Reply
  30. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    དྲ་གྲོགས་རྣམ་གཉིས་ཕེབས་ནས་བསམ་ཚུལ་གསུངས་པར་དགའ་བསུ་ཞུ།

    དྲ་གྲོགས་གནས་ཚང་ལགས་ནས་ཕྲན་གྱི་བསམ་ཚུལ་དེ་བསྐྱར་དུ་ཚར་གཅིག་ཀློག་རོགས་ཞུ་འདོད་བྱུང་།

    Reply
  31. དྲང་བདེན་གི་གཏམ་ says:
    ལོ་ 15 སྔོན།

    ཕྱོགས་གཞན་ཞིག་ནས་བཤད་ན་གོང་ས་མཆོག་བགྲེས་ཡོལ་བཞུས་གནང་བ་ནི་ཡག་པོ་ཞིག་རེད། དཔེར་ན་ཁོང་ནི་སྐུ་ཚེ་ཡུན་གནས་ཞིག་མིན་པ་ང་ཚོ་ཚང་མས་མཁྱེན་གསལ་རེད། དེ་དོན་ད་ལྟ་ཁོང་སྐུ་འཚོ་བཞུགས་སྐབས་བཙན་བྱོལ་གྱི་བོད་མི་རྣམས་ལ་རང་མགོ་རང་ཐོན་གྱི་སྦྱོང་བསྡར་ཡག་པོ་ཞིག་རེད། དེ་མིན་མ་འོངས་པར་ཁོང་མེད་སྐབས་བཙན་བྱོལ་གཞུང་དེ་ལུག་ཕྲུག་ཨ་མ་བརླག་པ་བཞིན་ག་འགྲོ་དེ་འགྲོ་དང་ག་བྱེད་འདི་བྱེད་མེད་པ་ཆགས་ཡོང་།།།

    Reply
  32. རྫ་ཚེ་རིང་བཀྲ་ཤིས། says:
    ལོ་ 15 སྔོན།

    དྲང་མོ་བཤད་ན་ངས་ནི་༸གོང་ས་མཆོག་གིས་ཇི་ལྟར་བགྲེས་ཡོལ་གནང་རྒྱུ་ཡིན་པ་དེར་བསམ་བློ་མ་ཐོངས་པར་བསྡད་ཡོད། ཇི་སྲིད་བོད་མིའི་སེམས་ངོགས་ཀྱི་རྒྱལ་བ་རིན་པོ་ཆེར་འཛིན་པའི་འདུ་ཤེས་མ་འགྱུར་བར་དང་། ཇི་སྲིད་རྒྱལ་བ་རིན་པོ་ཆེས་བོད་འབངས་ལ་རྗེས་སུ་བརྩེ་བའི་དགོངས་པ་མ་དོར་བ་དེ་སྲིད་དུ་བོད་ཀྱི་དོན་གྱི་བདག་པོ་ལས་དགོངས་པ་ཞུ་མི་སྲིད་པ་ཞིག་རེད། དེས་ན་ང་ནི་སྐྲག་སྟངས་ཞེ་དྲག་ཅིག་དངོས་གནས་ཤེས་ཀྱི་མི་འདུག

    Reply
  33. གནས་ཚང་། says:
    ལོ་ 15 སྔོན།

    སྤྱིར་སྐད་ཆ་འདིའི་རིགས་མི་སྒེར་བ་ཞིག་གི་སྐད་ཆ་ཡིན་ཞེས་ལབ་ན་ལེམ་པོ་ཡོད་པ་ལས་གཞིས་བྱེས་གཉིས་ཞེས་ལབ་ཡོང་དུས་མི་འདིར་དམིགས་ཡུལ་ཞིག་ཡོད་པའམ། ཡང་ན་མིའི་བཀོད་བྱུས་འོག་ཤོར་ཟིན་པ་གསལ་བོ་རེད་མ་གཏོགས་འདི་འདྲའི་སྐད་ཆ་རྫིག་པོ་བཤད་མཁན་ཡོད་སྲི་ཀྱི་མ་རེད།

    གོང་ས་མཆོག་གིས་སྲིད་ཕྱོགས་ནས་དགོངས་པ་ཞུས་པ་ཙམ་གྱིས་བོད་ལ་རང་མགོ་རང་ཐོན་གྱི་སྦྱོང་བརྡར་རེག་གི་ཡོད་པའི་ཁར། དེང་གི་བར་ཡེ་ཤེས་དབྱངས་དཔྱད་ཅེས་པའི་ཁ་གཡར་ས་དེ་རྩ་མེད་བཟོ་གི་ཡོད་པ་རེད་ལ། དེ་ནི་གོང་ས་མཆོག་ལ་དད་པ་ཡོད་མཁན་ཞིག་ཡིན་ན་ངེས་པར་དུ་དང་ལེན་བྱེད་དགོས་་ཞིག་རེད། དེ་ལས་ལྡོག་ན། ཉུང་མཐར་མཇུག་འབྲས་འགའ་བྱུང་སྲིད་པ་གཤམ་གསལ།

    ༡ ལོ་རྒྱུས་ཀྱི་བྱུང་བ་ལས་འཕྲོས་པའི་ཆད་ལྷག་མཐའ་དག་གོང་ས་མཆོག་གིས་ཁུར་ཉེན་ཡོད་པ།
    ༢ གོང་ས་མཆོག་ལའང་ཚེ་ལོ་ཁྲི་ཐུབ་ཀྱི་ནུས་པ་མེད་ཙང་དེའི་ཡར་སྔོན་བོད་པ་འདི་ཚོ་རང་མགོ་རང་ཐོན་ཡོད་པ་གཟིགས་ཐུབ་པ་བྱུང་ན་སེམས་པ་སྤྲོ་ཐུབ་པས། སྐུ་ཚེ་ཇེ་རིང་དང་འགྲོ་དོན་རྒྱ་ཆེར་སྤེལ་ཐུབ།
    ༣ གོང་ས་མཆོག་གིས་སྲིད་འགན་ལས་དགོངས་པ་ཞུས་པ་བརྒྱུད་ནས་རྒྱ་གཞུང་གིས་བོད་ཀྱི་གནད་དོན་དེ་བཞིན་གོང་ས་མཆོག་གི་སྒེར་དོན་རེད་ཅེས་པར་ལན་ཡག་ཐག་ཆོད་ཅིག་རྒྱག་ཐུབ་ཡོད།
    ༤ གལ་སྲིད་གོང་ས་མཆོག་གི་གདམ་ག་འདར་ལམ་འགྲོ་མ་བྱུང་བ་ཡིན་ན། རྒྱ་གཞུང་གི་འདོད་ཐོག་ཏུ་སོང་ཡོད་པས། གོང་ས་མཆོག་སྐུ་གྲོངས་པ་དང་བོད་དོན་མཇུག་རྫོགས་པ་རེད་ཅེས་ལམ་འགྲོ་བྱུང་ཐུབ་ཡོད།
    ༥ གོང་ས་ནི་བོད་ཀྱི་གོང་ས་ཡིན་པས། སྲིད་འགནབཞེས་མ་བཞེས་གང་ལྟར་ནུས་པ་དེ་ག་རང་འདོན་ཐུབ་པས། བོད་ལ་སྐུ་ཚེ་བརྟན་ཅིང་ནུས་པ་ཕུན་སུམ་ཚོགས་པའི་གོང་ས་ཞིག་ལས་གཞན་དགོས་པ་མེད།

    མཐར་ཚང་མ་ལོས་སེམས་གནད་ལ་ཕབ་ནས་བགྲོ་གླེང་བྱེད་འོས་པ་ལས། སྐད་ཅིག་མས་བསྐྱེད་པའི་ཚོར་བའི་དབང་དུ་མི་འགྲོ་བར་པཱ་ལེ་བསྲེག་མཁན་ཞིག་ནས་སྤྱི་དོན་ཁུར་ལེན་གྱིས་ཞུ་བ་བྱེད་ཀྱི་ཡོད། ཡིན་ནའང་། ཁེ་བཟང་ཁོ་ནར་དམིགས་པའི་སྲིད་དོན་པ་ཚོ་ཐེངས་འདིེར་ཕྱི་ལ་རིམ་པས་འབུད་ངེས་པས། ཚང་མ་ལོར་ངོ་ཤེས་པར་བྱེད་པའི་གོ་སྐབས་ཐོན་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese