མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཡིག་ཆེད་སྦྱོང་སློབ་གྲྭ་ཉུང་དྲགས་པ་རེད།

བོད་ཀྱི་དུས་བབ།
༢༠༡༠/༡༢/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཝར་ཎ་མཐོ་སློབ་ཀྱི་སློབ་བུ་སྤེན་པ།

དྲི་བ། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུ་དབྱིན་ཡིག་དང་པོ་དང་བོད་ཡིག་ཕལ་བར་བཞག་ཏེ་སློབ་ཁྲིད་བྱེད་ཀྱིན་པའི་ཐད་ཁྱེད་རང་ལ་བསམ་འཆར་གང་འདྲ་ཡོད་དམ།

ལན། བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་ཐོག་མར་གཏན་འབེབས་བྱེད་སྐབས་རྒྱུ་མཚན་གང་མང་ཞིག་ལ་བལྟས་ཡོད་རྒྱུ་རེད། ད་ལྟའི་གནས་སྟངས་ལ་བལྟས་ན། ང་ཚོས་ངེས་པར་དུ་ཤེས་ཡོན་སྲིད་བྱུས་གསར་བ་གཏན་འབེབས་དང་ལག་བསྟར་བྱས་ཏེ། སོ་སོའི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་བྱ་རྒྱུ་དང་པོར་འཇོག་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ང་ཚོས་ད་དུང་སྔོན་མ་གཏན་འབེབས་བྱས་པའི་ཤེས་ཡོན་སྲིད་བྱུས་རྙིང་པ་དེ་ལག་བསྟར་བྱས་པ་ཡིན་ན། དུས་ཡུན་རིང་པོ་ཞིག་མ་འགོར་བར་བཙན་བྱོལ་ནང་བོད་པའི་སྐད་དང་ཡི་གེ་བརླག་པ་དང་ཉམས་ཆག་སུ་འགྲོ་བའི་ཉེན་ཁ་ཆེན་པོ་ཞིག་མཐོང་གི་འདུག 

 དྲི་བ། ཝར་ཎ་མཐོ་སློབ་ཀྱི་སློབ་མ་ཚོས་ནམ་རྒྱུན་གྱི་བྱེད་སྒོའི་ཁྲོད་མི་རིགས་དང་རིག་གཞུང་ལ་འགན་འཁྲི་གང་འདྲ་ཞིག་འཁྱེར་གྱི་ཡོད་དམ།  

ལན། ང་ཚོའི་མཐོ་སློབ་ལ་མཚོན་ན་བོད་པ་གཅིག་པུ་མིན་པར་རྒྱལ་བལ་འབྲུག་གསུམ་དང་ཧི་མ་ལ་ཡའི་རི་རྒྱུད། དེ་བཞིན་བོད་ཕྱི་ནང་གཉིས་ནས་འཚར་ལོངས་བྱུང་བའི་སློབ་མ་བཅས་མང་པོ་ཞིག་འདུ་འཛོམས་བྱུང་ཡོད་པ་རེད། ཕྱོགས་ཡོངས་ནས་བལྟས་ན་ང་ཚོ་བོད་རིགས་སློབ་མ་ཚོར་བོད་སྐད་དང་བོད་ཡིག་གི་ཐོག་ལ་དོ་སྣང་ཆེན་པོ་འདུག  ཧི་མ་ལ་ཡའི་རི་རྒྱུད་ཀྱི་སློབ་མ་ཚོར་མཚོན་ནའང་ཧིན་རྡུ་དང་ལེགས་སྦྱར་སྐད་ཡིག་སོགས་ཀྱི་ཐད་ལ་དོ་སྣང་བྱེད་ཀྱི་ཡོད་ཀྱང་། སེམས་པའི་གཏིང་རུམ་དུ་བོད་ཀྱི་སྐད་ཡིག་ལ་དགའ་ཞེན་ཆེན་པོ་རེད། སློབ་གྲྭའི་བྱེད་སྒོའི་ཐད་ནས་རིག་སློབ་རྩོམ་སྒྲིག་ཁང་གིས་ལོ་རེར་དུས་དེབ་ཐེངས་གཉིས་རེར་འགྲེམས་སྤེལ་བྱེད་ཀྱི་ཡོད་ལ། དེའི་སྟེང་སློབ་མ་མང་པོ་མཉམ་ཞུགས་གནང་གི་ཡོད་པ་རེད། དེ་དང་འབྲེལ་རྩོམ་རིག་དང་རིག་གནས་ཁོ་ནའི་སྟེང་ཟབ་སྦྱོང་སྤྲོད་ཀྱི་ཡོད་པ་རེད། ང་ཚོར་བདེ་དོན་ལྷན་ཚོགས་ཟེར་བ་ཞིག་ཡོད་པ་རེད། སློབ་མ་གསར་ཞུགས་གནང་མཁན་ཚོར་ཆོས་བརྒྱུད་ཆེན་པོ་བཞི་ངོ་སྤྲོད་དང་སློབ་མཐར་ཕྱིན་མཁན་རྣམས་ལ་དམིགས་ཏེ་ནང་ཆོས་ངོ་སྤྲོད་ཀྱི་ལས་རིམ་ཞིག་འགྲོ་བཞིན་ཡོད་པ་རེད། དེ་བཞིན་ཚོགས་པ་གཞན་པ་མང་པོ་ཞིག་གིས་ཀྱང་བོད་སྐད་ཡིག་རང་གི་ཐོག་ལ་ལས་འགུལ་འདྲ་མིན་སྤེལ་གྱི་འདུག

དྲི་བ། བོད་ནང་གི་སྐད་ཡིག་རིག་གཞུང་གི་ཛ་དྲག་གནས་བབ་ཐད། བཙན་བྱོལ་དུ་ཡོད་པའི་བོད་མི་ཚོས་ལས་འཆར་གང་འདྲ་ཞིག་བསྒྲིག་དགོས་པར་མཐོང་གི་འདུག་གམ། 

ལན། རྒྱ་གཞུང་གིས་ཉེ་ཆར་བཟོས་པའི་ཤེས་ཡོན་སྲིད་ཇུས་དེ་ལག་བསྟར་བྱས་པ་ཡིན་ན། བོད་སྐད་ཡིག་ཏན་ཏན་འཇིག་ཉེན་ཞིག་ལ་ཐུག་པ་རེད། བཙན་བྱོལ་བོད་གཞུང་དང་ཚོགས་པ་སྒྲིག་འཛུགས་ཁག དེ་བཞིན་སློབ་གྲྭ་སོ་སོའི་འཛིན་སྐྱོང་སྡེ་ཚན་བཅས་ཀྱིས་གཅིག་གྱུར་ཐོག ཤེས་ཡོན་སྲིད་བྱུས་གསར་བ་ལག་བསྟར་གྱི་ཐོག་ལ་གོམ་པ་བརྒྱབ་ཏེ། མ་འོངས་པར་བོད་ནང་ཉམས་ཆག་ཕྱིན་ཡང་། བཙན་བྱོལ་ནང་མི་ཉམས་པར་རྒྱུན་འཛིན་དར་སྤེལ་གཏོང་ཐུབ་པ་ཞིག་བྱ་དགོས་པ་རེད་དྲན་ཡོད། དེ་བཞིན་བཙན་བྱོལ་ནང་གི་སློབ་ཕྲུག་ཚོར་མཚོན་ན་ཡང་། མི་སྒེར་གྱི་ལྟོ་གོས་འཚོ་བ་ཙམ་དོན་དུ་མི་གཉེར་པར་རྒྱ་ཆེ་ས་ནས་མི་རིགས་ཤིག་གི་འབྱུང་འགྱུར་དང་། རྒྱལ་ཁབ་ཅིག་གི་ཆག་འཇིག་ལ་བསམ་བློ་བཏང་སྟེ། མི་རིགས་ཀྱི་བླ་སྲོག་ཏུ་གྱུར་བའི་སྐད་དང་ཡི་གེའི་ཐད་སྟོབས་ཤུགས་བསྒྲིལ་དགོས་པ་རེད་བསམ་གྱི་འདུག སོ་སོའི་སྒེར་དོན་དང་འཚོ་བའི་ཐད་འདས་པའི་ལོ་ངོ་ལྔ་བཅུ་ལྷག་རིང་བརྒྱུགས་ཀྱང་། ད་ལྟ་ད་དུང་བཙན་བྱོལ་སྤྱི་ཚོགས་ནང་རིགས་གཅིག་རྐང་འཛིན་པ་དང་འབུར་དུ་ཐོན་པའི་ཆེད་མཁས་པ་གཅིག་ཀྱང་སྟོན་རྒྱུ་མེད་པ་ཆགས་ཡོད། འདི་དག་ངོས་ཟིན་པའི་ཐོག་ནས་གཞུང་སྒེར་ཚང་མས་ངོས་ནས་བསམ་བློ་གཏོང་ཚད་རེད་དྲན་ཡོད།

 

ཝར་ཎ་མཐོ་སློབ་ཀྱི་སློབ་མ་བཀྲ་ཤིས་སྒྲོལ་མ།

དྲི་བ། ཝར་ཎ་མཐོ་སློབ་དུ་བོད་རིགས་སློབ་མ་ག་ཚོད་ཅིག་ཡོད་པ་དང་བོད་པའི་རིག་གཞུང་གི་ཁོར་ཡུག་དང་མཐུན་རྐྱེན་གང་འདྲ་ཡིན་ནམ།

ལན། ད་ལྟའི་ཆར་ཝར་ཎ་མཐོ་སློབ་དུ་ཁྱོན་བསྡོམས་སློབ་ཕྲུག་ ༥༠༠ མ་ཟིན་ཙམ་ཞིག་ཡོད་ལ། དེའི་ཁྲོད་བོད་པའི་སློབ་མ་ ༣༠༠ ལྷག་ཡོད། ང་ཚོས་ནང་ཆོས་ལྟ་གྲུབ་གཙོས་བོད་ཀྱི་བརྡ་སྤྲོད་དང་སྙན་ངག་སོགས་ཀྱི་ཐོག་ལ་སློབ་སྦྱོང་བྱས་ཏེ་བོད་ཡིག་གཙོ་བོ་བྱེད་ཀྱི་ཡོད་ལ། དེ་དང་མཉམ་དུ་དེང་དུས་ཤེས་ཡོན་ཐོག་ལ་སློབ་སྦྱོང་བྱེད་ཀྱི་ཡོད་པ་རེད། ཁོར་ཡུག་གི་ཐད་ནས་ང་ཚོ་བོད་པའི་སློབ་མ་གང་འཚམ་ཞིག་ཡོད་པའི་དབང་གིས་བོད་པའི་རིག་གཞུང་སློབ་སྦྱོང་གི་ཤུགས་ཆེ་བ་ཡོད་པ་རེད། ཡིན་ནའང་། ང་ཚོའི་སློབ་གྲྭའི་འཛིན་སྐྱོང་དེ་རྒྱ་གར་གཞུང་གིས་གནང་གི་ཡོད་སྟབས། ཕྱོགས་མང་པོ་ཞིག་ནས་རྒྱ་གར་གྱི་བྱེད་སྟངས་སྤྱོད་སྟངས་ཤུགས་ཆེན་པོ་རེད། དཔེར་ན། རྒྱ་གར་རང་གི་ལུགས་སྲོལ་དང་མཐུན་པའི་དུས་ཆེན་ཁག་སྲུང་བརྩི་བྱེད་ཀྱི་ཡོད། ཕྱིའི་འཛུགས་སྐྲུན་སྔོན་མ་ལས་ཡར་རྒྱས་ཆེན་པོ་འགྲོ་བཞིན་པའི་སྒང་རེད། སློབ་སྦྱོང་གི་ཕྱོགས་ནས། དབུ་མ་འོག་མ་ལོ་རིམ་དང་པོ་ནས་སློབ་དཔོན་ལོ་རིམ་གཉིས་པ། དེ་བཞིན་ཉམས་ཞིབ་དང་དགེ་རྒན་འོས་སྦྱོང་སོགས་ཀྱི་མཐུན་རྐྱེན་ཡོད་པར་མ་ཟད། དགེ་རྒན་མང་ཆེ་བ་བོད་པའི་དགེ་རྒན་ཡིན་ཞིང་། དགེ་སློབ་གཉིས་ཐད་ནས་བོད་ཡིག་རང་གི་ཐོག་ལ་ཧུར་བརྩོན་བྱེད་ཀྱིན་ཡོད་པ་རེད།

དྲི་བ། ད་ལྟའི་མཐོ་སློབ་ཀྱི་སློབ་སྦྱོང་གི་བརྒྱུད་རིམ་ཁྲོད་སློབ་མ་རྣམས་ལ་འཕྲད་ཀྱིན་པའི་དཀའ་ངལ་ཆེ་ཤོས་གང་དག་རེད་དམ། 

ལན། ང་རང་གི་ངོས་ནས་སློབ་སྦྱོང་གི་ཕྱོགས་ཀྱི་དཀའ་ངལ་ཆེ་ཤོས་དེ་ང་ཚོ་སློབ་གྲྭ་འདིར་ཡོང་བའི་ཐོག་མར་ལེགས་སྦྱར་གྱི་སྐད་སྦྱོང་དགོས་པའི་དབང་གིས་སློབ་མ་མང་པོ་ཞིག་ལ་དཀའ་ངལ་འཕྲད་ཀྱིན་པའི་རྣམ་པ་མཐོང་སོང་། དེ་བཞིན། དབྱིན་ཡིག་དང་ཧིན་རྡུ་སྐད་ཡིག་གཉིས་ལས་སྐད་ཡིག་གཅིག་གི་གདམ་ཀ་ལས་མེད་པའི་དབང་གིས། སྐད་རིགས་གཉིས་ཀ་སྦྱང་འདོད་ཡོད་རིགས་ལ་གོ་སྐབས་མེད་པ་དེ་དཀའ་ངལ་ཆེ་ཤོས་ཤིག་རེད། དེ་ལས་གཞན་པའི་དཀའ་ངལ་འདྲ་དམིགས་བསལ་མཐོང་མ་སོང་། དཔེ་མཛོད་དང་གློག་ཀླད། སྡོད་ཁང་། འཕྲོད་བསྟེན། ཟ་མ་སོགས་ཀྱི་མཐུན་རྐྱེན་ཡག་པོ་ཡོད་པ་རེད། 

དྲི་བ། ད་ལྟའི་ཆར་ཝར་ཎ་ནི་བཙན་བྱོལ་ནང་གི་ཆེས་མཐོའི་སློབ་གྲྭ་དེ་ཆགས་ཡོད་པ་ལྟར། དགེ་རྒན་གྱི་སྤུས་ཚད་དང་སློབ་ཁྲིད་ཀྱི་ཐབས་ལམ། སློབ་མའི་བསམ་བློའི་གནས་ཚད་སོགས་ཀྱི་ཐད་མིང་དོན་མཚུངས་བ་ཞིག་ཡོང་གི་འདུག་གམ།

ལན།  ང་ལ་མཚོན་ན་ཝར་ཎ་མཐོ་སློབ་ཀྱི་སྔོན་མའི་མཚན་སྙན་དང་སློབ་སྦྱོང་བྱེད་སྟངས་སོགས་དང་བསྡུར་བ་ཡིན་ན། ཕྱོགས་ཡོངས་ནས་བར་ཁྱད་དང་འགྱུར་བ་ཕྱིན་འདུག་བསམ་གྱི་ཡོད། སྔོན་མར་སློབ་གྲྭའི་ནང་མཁས་དབང་དང་དགེ་རྒན་དཔེ་ལེགས་ཅན་མང་པོ་ཞིག་བཞུགས་ཡོད་པ་རེད། ཕྱིས་སུ་མི་སྣ་དེ་དག་རང་ཉིད་ཀྱི་ཕྱག་ལས་ཀྱི་དབང་གིས་ཕྱིར་བུད་རྗེས་སློབ་གྲྭའི་ནང་བར་སྟོང་ཤོར་བ་ལྟ་བུའི་ཚོར་སྣང་འདུག  སློབ་མའི་ཕྱོགས་ནས་མང་ཆེ་བ་བོད་པ་རང་གི་རིག་གཞུང་ཐོག་ཤུགས་ཆེན་པོ་ཡོད་པ་རེད་ལ། གནས་ཚད་ཀྱང་གང་ལ་གང་འཚམ་ཡག་པོ་འདུག་བསམ་གྱི་ཡོད། ཡིན་ནའང་། མཐོ་སློབ་གཞན་དང་བསྡུར་ན་ང་ཚོར་སློབ་ཚན་མང་པོ་ཡོད་པ་དང་། སྐད་ཡིག་གཞན་པའི་ཐོག་ལ་དུས་ཚོད་མང་པོ་གཏོང་དགོས་སྟབས། འདོད་བློ་ཁེངས་པ་ཞིག་དང་མིང་དོན་མཚུངས་པ་ཞིག་ཡོང་ཁག་པའི་ཚོར་སྣང་འདུག་ལ། སློབ་མ་ཚོར་མཚོན་ནའང་སེམས་ཤུགས་ཆེན་པོ་ཡོད་པ་ལས། ལག་ལེན་དངོས་ཀྱི་ཐོག་དེ་འདྲའི་ནུས་པ་ཐོན་གྱི་མེད་པའི་ཚོར་སྣང་རྒྱུན་དུ་འབྱུང་གི་འདུག 

 

ས་རཱ་མཐོ་སློབ་ཀྱི་སློབ་བུ་ཚེ་རིང་འཕྲིན་ལས།

དྲི་བ། ཉེ་ཆར་བོད་ནང་གི་སློབ་ཕྲུག་ཚོས་བོད་སྐད་ཡིག་སྲུང་སྐྱོབ་ཆེད་རྒྱ་གཞུང་གི་ཤེས་ཡོན་སྲིད་བྱུས་གསར་པ་དེར་ངོ་རྒོལ་ཁྲོམ་སྐོར་བྱས་པའི་ཐད་ཁྱེད་རང་ལ་ཚོར་སྣང་གང་འདྲ་བྱུང་སོང་ངམ། 

ལན།  བོད་ནང་གི་སློབ་མ་ཚོས་བོད་སྐད་ཡིག་གི་བདག་དབང་ཐད་ངོ་རྒོལ་བྱས་པ་དེར་ཐོག་མར་ངས་ས་རཱ་མཐོ་སློབ་ཀྱི་སློབ་མ་ཚང་མའི་ཚབ་བྱས་ཏེ་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་ནང་གི་སློབ་མ་ཚོས་ད་ལྟའི་ཛ་དྲག་གི་དུས་འདིར་དམ་དྲག་དང་འཛིན་བཟུང་བྱེད་མིན་ལ་མ་ལྟོས་པར་བོད་སྐད་ཡིག་གི་ཕུགས་རྒྱང་རིང་བོའི་དགོས་མཁོར་དམིགས་ཏེ། གཞི་རྒྱ་ཆེ་བའི་ལས་འགུལ་དེ་འདྲ་ཞིག་སྤེལ་བ་དེ་བསྔགས་བརྗོད་དང་རྗེས་སུ་ཡི་རངས་ཞུ་འོས་པ་ཞིག་རེད། མ་འོངས་པར་ང་ཚོ་བཙན་བྱོལ་རང་དབང་ལུང་པར་ཡོད་པ་ཚོས་ཁོང་ཚོ་ལས་ལྷག་པའི་འགན་ཞིག་ཁུར་ཏེ། བོད་སྐད་བོད་ཡིག་དེ་རང་མི་རིགས་འདིའི་སྲོག་གི་རྒྱུན་ཐག་ལྟ་བུ་ཡིན་པ་ངོས་ཟིན་པའི་ཐོག་ནས་བདག་གཅེས་དང་རྒྱུན་འཛིན་བྱ་རྒྱུ་གལ་ཆེན་རེད།

དྲི་བ།  བཙན་བྱོལ་གྱི་སློབ་གྲྭ་ཁག་ཏུ་དབྱིན་ཡིག་གཙོ་བོ་བྱས་ཏེ། བོད་སྐད་ཡིག་ལ་དེ་ཙམ་དོ་སྣང་མེད་པའི་གནས་སྟངས་འདིའི་ཐད་དགོངས་ཚུལ་ག་འདྲ་ཡོད་དམ། 

ལན།  སྤྱིར་བཙན་བྱོལ་ནང་འཚར་ལོངས་བྱེད་བཞིན་པའི་སློབ་མ་ཚོ་དབྱིན་ཡིག་ལ་དོ་སྣང་ཆེ་བ་ལས་བོད་ཡིག་ལ་དོ་སྣང་བྱེད་ཀྱིན་མེད་པ་དེ་དངོས་ཡོད་རེད། དེ་ཡང་ཕྱོགས་གཅིག་ནས་ཁོར་ཡུག་གི་གནས་སྟངས་མ་འདྲ་བའི་དབང་གིས་བྱུང་བ་རེད་བསམ་གྱི་ཡོད་ལ། ཕྱོགས་གཞན་ཞིག་ནས་ང་ཚོར་བོད་ཡིག་ཆེད་སྦྱོང་བྱེད་སའི་སློབ་གྲྭ་ཉུང་དྲགས་པ་རེད། རྒྱལ་སྤྱི་དང་ཐ་ན་རྒྱ་གར་གཞུང་གིས་ངོས་འཛིན་ཡོད་པའི་མཐོ་སློབ་དང་། སློབ་མཐར་ཕྱིན་སྐབས་ལས་ཀ་བྱེད་ས་བཅས་བོད་ཡིག་གི་ཁྱབ་ཁོངས་ཆུང་ཆུང་རེད། བོད་ཡིག་ཆེད་སྦྱོང་གི་མཐོ་སློབ་ཉུང་དྲགས་པའི་དབང་གིས་འཛིན་རིམ་བཅུ་གཉིས་ཐོན་རྗེས་སློབ་མ་མང་ཆེ་བ་རྒྱ་གར་གྱི་མཐོ་སློབ་ཏུ་འགྲོ་དགོས་བྱུང་ཡོད། སྐབས་དེ་དག་ཏུ་ཕར་ཚུར་གྱི་འགྲུལ་བཞུད་དང་ཚོང་འབྲེལ་སོགས་གཞན་སྐད་བེད་སྤྱོད་མི་གཏོང་ཐབས་མེད་བྱུང་སྟེ། རང་བཞིན་གྱིས་དབྱིན་ཡིག་ལ་དོ་སྣང་མི་བྱེད་རང་བྱེད་ཀྱི་གནས་སྟངས་ཆགས་པའི་དབང་གིས་རེད་བསམ་གྱི་འདུག

དྲི་བ། ས་རཱ་མཐོ་སློབ་ཀྱི་སློབ་མ་ཚོས་ནམ་རྒྱུན་བོད་སྐད་ཡིག་ལ་དོ་སྣང་བྱེད་སྟངས་དང་གང་འདྲ་འདུག་གམ།  

ལན། ད་ལྟའི་ཆར་བོད་ཕྱི་ནང་གཉིས་སུ་བོད་ཀྱི་སྐད་ཡིག་རྒྱུན་འཛིན་དང་གོང་སྤེལ་བྱ་དགོས་པའི་སྐུལ་མ་བྱེད་ཀྱིན་ཡོད་པར་བརྟེན། ས་རཱ་མཐོ་སློབ་ཀྱི་ཁོར་ཡུག་འདིར་ཡང་སྐད་ཡིག་ལ་དོ་སྣང་དང་དོན་གཉེར་བྱེད་མཁན་མང་དུ་འགྲོ་བཞིན་འདུག འདས་པའི་དུས་ནས་བཟུང་དགེ་རྒན་རྣམ་པའི་བཀའ་དྲིན་ལ་བརྟེན་ནས་མཐོ་སློབ་འདིའི་སློབ་ཟུར་མང་པོ་ཞིག་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུ་བོད་ཡིག་དགེ་རྒན་གྱི་ཕྱག་ལས་གནང་གི་ཡོད་པར་མ་ཟད། ཚགས་པར་དང་དུས་དེབ་ཆེད་དེབ་མང་པོ་ཞིག་སྒེར་ངོས་ནས་འདོན་སྤེལ་བྱེད་ཀྱི་ཡོད་པ་རེད། དེ་མ་ཡིན་པའི་ཕྱོགས་འདྲ་མིན་ནས་བོད་སྐད་ཡིག་ཡར་རྒྱས་ཀྱི་ཐད་ལ་ཕྱག་ལས་གནང་གི་འདུག་ལ། ས་རཱ་མཐོ་སློབ་ལ་མཚོན་ནའང་ལོ་རེའི་གུང་གསེང་དང་སྟབས་བསྟུན་ཏེ། རྒྱ་གར་གྱི་མཐོ་སློབ་འགྲིམ་བཞིན་པའི་བོད་པའི་སློབ་མ་ཚོར་དམིགས་བསལ་བོད་ཡིག་སློབ་ཁྲིད་བྱེད་ཀྱི་ཡོད་པ་རེད།

 

ས་རཱ་མཐོ་སློབ་ཀྱི་སློབ་མ་རྡོ་རྗེ་སྐྱིད།

དྲི་བ། ད་ལྟའི་ས་རཱ་མཐོ་སློབ་ཀྱི་སློབ་སྦྱོང་གི་མཁའ་དབུགས་དང་སྐད་ཡིག་སློབ་ཁྲིད་ཀྱི་གནས་སྟངས་འདིས་ཁྱེད་རང་གི་འདོད་བློ་སྐོང་ཐུབ་ཀྱི་འདུག་གམ།

ལན། བཙན་བྱོལ་གྱི་མཐོ་སློབ་གཞན་དག་དང་བསྡུར་ན་ས་རཱ་མཐོ་སློབ་ཀྱི་བོད་སྐད་ཡིག་གི་སློབ་གཉེར་བྱེད་སྟངས་ཡག་པོ་འདུག་བསམ་གྱི་ཡོད། ཡིན་ནའང་། མཐོ་སློབ་རང་དུ་སློབ་སྦྱོང་བྱེད་མཁན་ཞིག་གི་ངོས་ནས་བཤད་ན། ད་དུང་ཞན་ཆ་མང་པོ་མཐོང་གི་འདུག་ལ། མཐོ་སློབ་གསར་འཛུགས་ཀྱི་ཐོག་མའི་དམིགས་ཡུལ་ལྟར་འགྲུབ་ཀྱི་ཡོད་དམ་སྙམ་པའི་ཚོར་སྣང་ཡང་འདུག གང་ཡིན་ཞེ་ན། སློབ་མ་བསྡུ་སྐབས་གནས་ཚད་ཡོད་མེད་ལ་མ་ལྟོས་པར་འཛིན་རིམ་བཅུ་གཉིས་ཐོན་པའི་སློབ་མར་དམིགས་བསལ་སྤྲོད་ཀྱི་འདུག བྱེད་སྟངས་འདིས་སློབ་གྲྭ་སྤྱི་ཡོངས་ཀྱི་ཤེས་ཡོན་གནས་ཚད་སྔོན་མ་ལས་ཉམ་ཆགས་ཆེན་པོ་གཏོང་གི་ཡོད་པ་རེད། ཕྱོགས་གཞན་ཞིག་ནས་སློབ་ཕྲུག་མང་པོ་ཞིག་ལ་བོད་མི་རིགས་ཀྱི་ལར་ཞེན་དང་། བོད་སྐད་ཡིག་ལ་དུངས་བ་མེད་པར་འཛམ་གླིང་འགྱུར་འགྲོས་ཀྱི་རྗེས་སུ་བརྒྱུགས་ཏེ་དབྱིན་ཡིག་ལ་འབད་བརྩོན་བྱེད་པ་དང་། འཚོ་བའི་དགོས་མཁོ་སོགས་ཀྱི་དབང་གིས་བོད་སྐད་ཡིག་ལ་དོ་སྣང་སྤྲོད་ཀྱི་མེད་སོགས་ཡོང་གི་འདུག་མོད། འདི་དག་སློབ་གྲྭ་ཙམ་མ་ཡིན་པར་སྤྱི་ཚོགས་ཁྱོན་ཡོངས་ཀྱི་གནོན་ཤུགས་ལ་འབྲེལ་བ་ཤུགས་ཆེན་པོ་འདུག་དྲན་གྱི་ཡོད། གང་ལྟར། མ་འོངས་གནས་སྟངས་འདི་བསྒྱུར་བཅོས་བྱ་དགོས་ཚེ་ཐོག་མར་སློབ་མ་བསྡུ་སྟངས་དང་། སློབ་གཉེར་བྱེད་སྟངས་ལ་གཙོ་ཕལ་གྱི་དབྱེ་བ་བཀར་ཏེ་སློབ་སྦྱོང་སྤྲོད་རྒྱུ་གལ་ཆེན་པོ་རེད་བསམ།

དྲི་བ། བཙན་བྱོལ་གྱི་མཐོ་སློབ་ཁག་ཏུ་ཆེད་ལས་རང་བཞིན་གྱི་མི་སྣ་དང་འབུར་ཐོན་མི་སྣ་ཐོན་ཐུབ་ཀྱི་མེད་པའི་དཀའ་ངལ་གཙོ་བོ་གང་ལ་ངོས་འཛིན་བྱེད་ཀྱི་ཡོད་དམ། 

ལན། གཙོ་བོ་ང་ཚོའི་གཞུང་གིས་ཆེད་དུ་ས་མིག་བསྐྲུན་ཐུབ་ཀྱི་མེད་པ་དང་། སློབ་མ་ཚོར་མཚོན་ནའང་གཞས་དང་རི་མོ་སོགས་ལ་དམིགས་བསལ་གྱི་ཆེད་སྦྱོང་བྱས་ཏེ། རང་ཉིད་ལ་ཁེ་ཕན་ཡོད་པ་ཞིག་དང་། རིག་གནས་རིན་ཐང་གི་ལྟ་བ་མེད་པ་སོགས་ཀྱི་དབང་གིས་རེད། དེ་བཞིན། སྤྱི་ཚོགས་ཁྲོད་དུའང་རྩོམ་པ་པོ་དང་མཁས་དབང་སོགས་ལ་གནས་རིམ་དང་ཚད་བཀག་མེད་པར། སྨྱུ་གུ་འཛིན་ཤེས་པ་ཙམ་གྱིས་རྩོམ་པ་པོ་དང་མཁས་དབང་སོགས་ཀྱི་ཆོ་ལོ་སྤྲོད་ཀྱི་ཡོད་པ་དེ་དག་གིས་སྤྱི་ཚོགས་ཁྱོན་ཡོངས་ཀྱི་རིག་གནས་འཚོ་བའི་ཚད་གཞི་དམའ་རུ་བཏང་ཞིང་། རིག་གནས་དངོས་ཀྱི་འཕེལ་རྒྱས་ལ་གཏོར་བརླག་བཏང་བ་རེད། གནད་དོན་འདིའི་དབང་གིས་སློབ་གཉེར་བ་ཞིག་ལ་མཚོན་ན་ཡང་། ཁ་ཕྱོགས་མེད་པ་དང་། སེམས་ཤུགས་མེད་པ། རིགས་གཅིག་ཆེད་སྦྱོང་གི་མྱོང་གོམས་མེད་པ་སོགས་ཡོང་གི་ཡོད།

དྲི་བ། མ་འོངས་པར་བོད་གཞུང་དང་སློབ་གྲྭའི་འཛིན་སྐྱོང་གི་ངོས་ནས་སློབ་ཕྲུག་ཚོར་བོད་སྐད་ཡིག་གོང་སྤེལ་ཆེད་ལས་དོན་གང་འདྲ་ཞིག་རྩོམ་དགོས་པར་མཐོང་གི་འདུག་གམ། 

ལན། ས་རཱ་མཐོ་སློབ་ལ་མཚོན་ན་ཉམས་ཞིབ་སྡེ་ཚན་གསར་འཛུགས་ཐད་ལ་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད། ང་ཚོའི་གཞུང་ཕྱོགས་ནས་ཀྱང་འདི་ལ་ལྟ་རྟོགས་དང་། ད་ལྟའི་སློབ་ཚན་དང་འབྲེལ་བའི་ཐོག་ཆེད་སྦྱོང་འཛིན་གྲྭ་འཛུགས་རྒྱུ་དང་དེ་དག་ལ་ཚད་ལྡན་གྱི་དགེ་རྒན་གོ་སྒྲིག་བྱ་རྒྱུ་གལ་ཆེན་པོ་རེད། འདི་དང་འདི་ལྟ་བུའི་ལས་གཞི་དག་ལ་གཞུང་ཕྱོགས་ནས་ཐུགས་འཁུར་དང་རྒྱབ་སྐྱོར་གནང་ཐུབ་པ་ཡིན་ན། མ་འོངས་པར་བོད་སྐད་ཡིག་ཡར་རྒྱས་དང་ཤེས་ཡོན་པ་སྐྱེད་སྲིང་ཐུབ་པར་ཕན་ཐོགས་ཆེན་པོ་འདུག་ལ། རྩོམ་རིག་དང་རྒྱལ་རབས་སོགས་ཀྱི་ཐད་ཆེད་སྦྱོང་བྱ་མཁན་རིགས་ལའང་ཕན་པ་ཆེ་པོ་འདུག  དེ་བཞིན། རྒྱ་ནག་གཞུང་གིས་འདི་ལོ་ནས་བོད་སྐད་ཡིག་གི་ཁྱབ་རྒྱ་ཆུང་དུ་གཏོང་ཆེད་ཕྱོགས་ཡོངས་ནས་ཐབས་ཤེས་ཡོད་རྒུ་འདོན་བཞིན་པ་རེད་ལ། མ་འོངས་པར་སྲིད་ཇུས་དེ་ལག་ལེན་བསྟར་ངེས་རེད།  ང་ཚོའི་གཞུང་དང་ཚོགས་སྡེ་ཁག དེ་བཞིན་སློབ་གྲྭ་སོ་སོ་བཅས་ནས་ཀྱང་། རྒྱ་ནག་གི་བྱེད་སྟངས་ལ་གཞིགས་ཏེ་བོད་རང་གི་སྐད་ཡིག་གི་ཁྱབ་རྒྱ་ཆེ་རུ་བཏང་སྟེ། ཕྱོགས་ཡོངས་ནས་ཐབས་ལམ་བསྐྲུན་པ་ཡིན་ན་མ་འོངས་པར་བོད་སྐད་ཡིག་ཡུན་གནས་དང་འཕེལ་རྒྱས་ལ་ནུས་པ་ཆེན་པོ་ཐོན་རྒྱུ་རེད་བསམ།

༼ བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༥༠༤ སྟེང་གི་དམིགས་བསལ་ལེ་ཚན ༽

 གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠
Mobile App

ཞི་ཅིན་ཕིན་ལ་བསུ་སྐྱེལ་བྱེད་མཁན་ཚོར་གླ་ཆ་སྤྲད་རྒྱུ་ཡིན་ཟེར།

༢༠༢༦/༠༩/༡༠

མཆན། 6

  1. ལུང་རྟོགས། says:
    ལོ་ 16 སྔོན།

    བོད་ཡིག་ལ་མཚོན་ན་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པར་མ་ཟད། ཡི་གེའི་རིན་ཐང་གི་ཆ་ནས་ཀྱང་ཚད་མཐོན་པོར་བསླེབ་པ་ནི། འཛམ་གླིང་སྟེང་ཚད་མཐོན་པོར་བརྩི་བའི་ལེགས་སྦྱར་ཡི་གེ་དང་དཔུང་པ་མཉམ་གཤིབ་ཀྱིས་འགྲོ་ཐུབ་པ་དང་། བརྟག་སོགས་ལ་མ་གཏོས་པར་ཡིག་འབྲུ་རང་གི་སྟེང་ནས་དོན་དག་མ་འདྲེས་པར་གསལ་བར་བསྟོན་ནུས་པ་སོགས་ཀྱིས་མཚོན་ནུས། དེས་ན་ནོར་བུ་རང་ལ་ཡོད་དུས་ནོར་བུའི་ནོར་ཉམ་ཆོད་པར་བྱས་ཏེ་ང་ཚོ་བོད་རིགས་ཚོས་རང་གི་སྐད་ཡིག་རྒྱུན་འཛིན་དང་དར་སྤེལ་གཏང་ཐུབ་ན། བོད་རྒྱུད་ནང་ཆོས་བཛམ་གླིང་སྟེང་དར་ཁྱབ་ཆེན་པོ་འགྲོ་བཞིན་པ་དང་བསྟུན་ནས་བོད་སྐད་བོད་ཡིག་འདི་ཡང་ད་ལྟའི་དབྱིན་འཇིའི་སྐད་ཡིག་བཞིན་དུ་མ་འོང་པར་འཛམ་གླིང་སྟེང་སྤྱོད་སྒོ་ཆེ་བའི་སྐད་ཡིག་ཞིག་ཏུ་འགྱུར་སྲིད། བོད་ཡིག་སྦྱང་ན་ཁ་ལག་མི་རག་པའི་བལྟ་ཚུལ་དེ་ནི་ཡང་དག་པའི་བལྟ་ཚུལ་ཞིག་མ་རེད། གང་ལག་ཞེ་ན། བོད་ནས་གསར་དུ་འབྱོར་བའི་དབྱིན་ཡིག་ཚིག་གཅིག་ཀྱང་མི་ཤེས་མཁན་དེ་ཚོ་ཡང་ཁ་ལག་མ་རག་པར་སུ་ཡང་རྟོག་གྲིར་ཤི་མི་འདུག་པར་མ་ཟད། བོད་ཡིག་གི་གནས་ཚད་ཡག་པོ་ཡོད་མཁན་དེ་ཚོ་གཞན་ལས་ལྷག་པའི་འཚོ་བ་སྐྱེལ་བཞིན་ཡོད་པ་མཐོང་ཆོས་རེད། གཞན་ཡང་ བརྩན་བྱོལ་བོད་མི་ཚོའི་དམིག་ཡུལ་གཙོ་བོ་གཅིག་ཕྱི་རྒྱལ་ལ་འགྲོ་རྒྱུ་དེ་རེད་ལ། ཕྱི་རྒྱལ་ལ་བསླེབ་སྐབས་འདིར་དབྱིན་ཡིག་ཇི་ལྟར་སྦྱང་ཀྱང་ལས་ཀ་ཡག་པོ་ཞིག་རག་མི་ཐུབ་པ་མ་ཟད། གསར་འབྱོར་ཚོས་པད་ཤག་མང་བ་བསག་ཐུབ་བཞིན་ཡོད་པ་ཡོང་གྲག་རེད། དེས་ན་བོད་ཡིག་སྦྱང་ན་ཁ་ལག་མི་རག་པ་དང་། དབྱིན་ཡིག་སྦྱང་ན་ཁ་ལག་རག་པའི་བཤད་ཚུལ་དེ་བདེན་པ་མ་ཡིན་པ་ཤེས་ཐུབ། བོད་ཡིག་སྦྱང་བ་ཙམ་གྱིས་དབྱིན་ཡིག་མི་ཤེས་པ་ཆག་འགྲོ་བའི་ངེས་པ་ཡང་མེད་པར་མ་ཟད། བོད་ཡིག་གི་རྨང་གཞི་ཡག་པོ་ཡོད་ན་དབྱིན་ཡིག་ཤེས་རྒྱུར་ཕན་ཐོག་ཡོད། དཔེར་ན་དགོན་སྡེ་ཁག་གི་གྲྭ་བཙུན་རྣམས་ནས་གཙོ་བོ་བོད་ཡིག་གི་སྟེང་ནས་སློབ་སྦྱོང་གནང་བཞིན་ཡོད་ཀྱང་། ཞོར་དུ་དབྱིན་ཡིག་ཟུར་སྦྱོང་བྱེད་པ་ལ་གཏེན་ནས། འཛིན་རིམ་བཅུ་གཉིས་ཐོན་པའི་སློབ་ཕྲུག་རྣམས་ལས་ལྷག་པ་མེད་ཀྱང་ཞན་པ་མེད་པ་མང་པོ་ཐོན་བཞིན་པའི་གནས་སྟང་འདིས། སློབ་གསོའི་ཆད་མཁས་པ་ཚོས་རང་གི་ཕ་མེས་སྐད་ཡིག་གི་གཞི་རྩ་ཡག་པོ་ཡོད་པའི་ཐོག་ནས་སྐད་ཡིག་གཞན་དག་སྦྱང་ན་སྦྱང་འབྲས་ཡག་པོ་ཡོང་ཞིང་། ཕ་མེས་ཀྱི་སྐད་ཡིག་མ་ཤེས་པར་སྐད་ཡིག་གཞན་དག་སྦྱང་ན་སྦྱང་འབྲས་ཡག་པོ་མི་ཡོང་བར་བཤད་པའི་བདེན་སྤང་དུ་གྱུར་ཡོད། བོད་ཡིག་མ་ཤེས་རུང་བོད་ལ་ཤ་ཞེན་ཡོད་མཁན་མང་པོ་ཡོད་པས་བོད་ཡིག་སྦྱང་མི་དགོས་པར་བཤད་པ་ཡང་ཡང་དག་མ་རེད། གང་ལགས་ཞེ་ན། བོད་ཡིག་སྦྱང་རྒྱུ་ནི་བོད་ཀྱི་ཆོས་དང་རིག་གཞུང་བསྲུང་བསྐྱོབ་ཆད་དུ་ཡིན་པ་ལས་བོད་ལ་ཤ་ཞེན་བསླེབ་རྒྱུའི་ཆེད་དུ་མིན། མཐའ་དོན། མི་རིགས་གི་ཚེ་སྲོག་ནི་རིག་གཞུང་ཡིན་ལ། རིག་གཞུང་གི་ཚེ་སྲོག་ནི་སྐད་ཡིག་ཡིན། དེས་ན་སྐད་ཡིག་མ་གནས་པར་རིག་གཞུང་གནས་ཐབས་མེད་ལ། རིག་གཞུང་མ་གནས་པར་མི་རིགས་གནས་ཐབས་མེད།

    Reply
  2. གངས་ལྷ་མེ་ཏོག says:
    ལོ་ 16 སྔོན།

    ངས་བཤད་འདོད་པའི་ཚིག་ནི་ཁྱོད་ཚོས་ཉན་འདོད་པ་དེ་མིན་པ་ཤེས་མོད་ཀྱང་། ནམ་རྒྱུན་བཤད་མི་ཐུབ་པའི་ན་ཚ་འདིའི་དབང་གིས་ང་ཚོའི་བྱ་བ་ཐ་དག་གི་འབྲས་བུ་འདི་ལྟར་ཁྱེད་ཀྱི་ཁ་དང་ངའི་ལག་ནས་ཤོར་འགྲོ་གི་ཡོད་པ་འདྲ། དཔེར་ན། སྐད་ཡིག་རྒྱུན་འཛིན་དར་སྤེལ་ཟེར་བ་དེ་ཁྱེད་ཀྱི་བསམ་ཚུལ་བཤད་པས་འགྲུབ་མི་ཡོང་ལ། ངས་སྡུག་གཏམ་བཤད་ནས་ཀྱང་འགྲུབ་འགྲོ་བ་ཞིག་གཏན་ནས་མིན། དེ་ལས་ཁྱེད་ཀྱིས་སྐད་ཡིག་ཆེད་དུ་ཅི་ཞིག་སྒྲུབ་ཐུབ་མིན་ལས་གཞན་གནས་ལུགས་དང་རྒྱུ་མཚན་གང་ཡང་མེད། བཤད་སྟངས་ལ་བཙན་བྱོལ་དུ་དུས་དེབ་དང་ཚགས་པར་ཉུང་དྲགས་པ་དང་སློབ་སྦྱོང་བྱེད་ས་མེད་པ་ལྟ་བུ་བཤད་མཁན་དྲ་ཐོག་ནས་ནམ་རྒྱུན་མཐོང་རྒྱུ་ཡོད། ཡིན་ན་ཡང་བོད་ཡིག་གི་དུས་དེབ་དང་ཚགས་པར་བཙོང་མཁན་རྣམས་ཀྱི་བཙན་བྱོལ་ལ་བོད་ཡིག་གི་ཚགས་པར་དང་དུས་དེབ་ཉོ་མཁན་ཅི་ཙམ་ཡོད་པ་གསལ་ཐག་ཆོད་ཤེས་ངེས། དེ་བས་ཡོད་ཡིག་ལ་དུང་པ་ཡོད་མཁན་ཚོས་ཁ་ནས་བཤད་མི་འདུག་པར་རང་གིས་ཅི་ཞིག་སྒྲུབ་ཐུབ་མིན་ལ་བསམ་བློ་བཏང་ན་ཡག་པོ་འདུག་སྙམ། དྲ་ཐོག་ནས་ཁ་རྒྱག་པ་རེ་བཤད་ནས་ཅི་ཡོང་།

    Reply
  3. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 16 སྔོན།

    བཙན་བྱོལ་ནང་གི་སློབ་ཕྲུག་རྣམས་ཀྱིས་བཙན་བྱོལ་གཞུང་དང་།
    རྒན་རབས་པ་མཁས་དབང་རྣམས་ལ་བོད་ཀྱི་སྐད་ཡིག་ཡར་རྒྱས་གཏོང་ཕྱོགས་སྐོར་ལ་ངོ་རྒོལ་བྱེད་དགོས་ལ།
    ལྷག་པར་དུ་བཙན་བྱོལ་ནང་འཚར་བའི་གཞོན་སྐྱེས་རྣམས་ཀྱིས་བོད་ཡིག་ཐོག་དོ་སྣང་གི་མི་འདུག་པ་འདི་ལའང་ངོ་རྒོལ་ཞུ་རན་ཡིན/

    Reply
  4. སྤྲོ་ཚིགས་དགེ་འདུན says:
    ལོ་ 16 སྔོན།

    བསམ་ཚུ་ཡག་པོ་གསུངས་འདུག དངོས་ཡོད་དང་ཡང་མཐུན་པ་འདུག
    གཙོ་བོ་དེ་ཤེས་རིག་ནས་བྱེད་དགོས་པ་དང་དགེ་རྒན་རྣམས་པའི་སློབ་བུ་ཚོར་བསམ་བློའི་སློབ་གསོ་བཏང་པས་མ་འདང་པ་གསལ་བོ་ཞེ་གྲགས་རེད

    Reply
  5. འདྲེ་རིག་ལྡན། says:
    ལོ་ 16 སྔོན།

    དགའ་འཁྱིལ་དྲག་རྩལ་སྦྱངས་ཚར་མ་ཐག་ཨ་ཞང་ལ་རྒྱུགས་དགོས་པ་རེད། རྩོམ་ཡིག་བྲིས་ནས་གང་ཡོང་། ཧ ཧཧ ཧ ཧ

    Reply
  6. འབྲོང་བུ་ཟླ་བ། says:
    ལོ་ 16 སྔོན།

    ང་ས་བསམ་ཚུལ་ཞིག་ཡོད། འདི་ནི་བོད་པའི་མཐོ་སློབ་ཁག་ལ་ཞིབ་འཇུག་རྩོམ་ཡིག་འབྲི་བའི་འགོ་ཞིག་འཛུགས་དགོས་ཀྱི་འདུག རྒྱ་གར་གྱི་མཐོ་སློབ་ཁག་ན་ཡང་ཞིབ་འཇུག་རྩོམ་ཡིག་འབྲི་བའི་ལུགས་སྲོལ་ཆེན་པོ་ཡོད་པ་མ་རེད། འོན་ཀྱང། ཨ་རིའི་མཐོ་སློབ་ཁག་ལ་མཚོན་ན་སློབ་ཚན་ཕལ་ཆེ་བར་ཆེ་ཆུང་ལ་མ་བལྟས་པའི་ཞིབ་འཇུག་རྩོམ་ཡིག་འབྲི་དགོས་པ་རེད། ཞིབ་འཇུག་རྩོམ་ཡིག་འབྲི་བ་འདིས་སློབ་ཚན་དེའི་གནད་འཇུ་བ་དང་གནད་ཤེས་པར་ཕན་ཐོགས་ཆེན་པོ་འདུག དཔེར་ན། ངས་ལུས་རྩལ་༼དགའ་འཁྱིལ་དྲག་རྩལ༽ གྱི་སློབ་ཚན་ཞིག་བླངས་བ་ཡིན། སློབ་འཇུག་ལ་སླེབས་དུས་སློབ་ཚན་འདིས་རང་ཉིད་ཀྱི་ལུས་སེམས་ལ་ཕན་ཅི་ཞིག་ཐོགས་ཡོད་པའི་སྐོར་ལ་རྩོམ་ཡིག་ཅིག་འབྲི་དགོས་བར་འདུག རྩོམ་ཡིག་འདི་ཡིག་རྒྱུགས་དང་གཅིག་པ་རེད། འདིའི་ཐད་ལ་བསམ་བློ་གཏོང་ངེས་པར་དུ་གཏོང་དགོས་པར་གདའ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese