མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྱེད་ཚོའི་ལག་ཏུ་བོད་རང་བཙན་གཙང་མ་བཞག་ཡོད།

བོད་ཀྱི་དུས་བབ།
༢༠༡༠/༡༢/༡༦
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་བླ་མ་ཏེ་ལོ་རིན་པོ་ཆེ་མཆོག་གི་སྣེ་ཁྲིད་འོག ཨུ་རུ་སུའི་མངའ་འོག་སོག་རིགས་དད་ལྡན་ཆོས་ཞུ་བ་ཆིག་སྟོང་ལྷག་གིས་༧གོང་ས་མཆོག་གི་མདུན་ནས་གསུང་ཆོས་ཞུས་པ་དང་བསྟུན། ཏེ་ལོ་རིན་པོ་ཆེ་ཁོང་སྒེར་གྱི་ལོ་རྒྱུས་དང་འབྲེལ་བོད་སོག་གི་འབྲེལ་བའི་སྐོར་ལ་བཅར་འདྲི་ཞུས་ཡོད།  

དྲི་བ། རིན་པོ་ཆེ་མཆོག་གིས་ཐོག་མར་སོ་སོའི་སྐྱེས་ཁུངས་དང་འབྲེལ་འཚར་ལོངས་དང་སློབ་སྦྱོང་གི་བརྒྱུད་རིམ་སྐོར་ངོ་སྤྲོད་ཅིག་གནང་རོགས། 

ལན། ང་རང་གི་མི་རྒྱུད་ད་ལྟའི་སོག་པའི་ཁལ་མུག་ཟེར་བའི་མི་རྒྱུད་རེད། ཁལ་མུག་ཟེར་བ་དེ་སྔོན་མའི་བོད་ཀྱི་ལོ་རྒྱུས་ལྟར་ན། སོག་པོ་ཨོ་རོད་ཟེར་བ་དེ་རེད། དེང་སྐབས་ཁལ་མུག་ཟེར་གྱི་འདུག ཁལ་མུག་ཟེར་བ་དེ་ཁ་ཆེའི་སྐད་ནང་ཏཱ་ཏར་སི་ཐན་ཟེར་བ་དེ་རེད། ང་རང་སྐྱེས་ས་དེ་ཨ་རི་ཡིན། འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ངའི་ཕ་མ་གཉིས་ཨ་རིར་སྐྱབས་བཅོལ་དུ་ཡོང་འདུག ང་རང་ཆུང་དུས་ནས་ཆོས་ལ་དགའ་བོ་ཡོད། སྐུ་འདྲ་དང་ཐང་ཀ་སོགས་ལྷ་རྟེན་ཆོས་གསུམ་དང་། བླ་མ་གྲྭ་བ། དགོན་པ་དང་ལྷ་ཁང་སོགས་ལ་མཇལ་སྐབས་སེམས་ལ་དགའ་སྣང་ཆེན་པོ་འདུག ཕ་མ་གཉིས་ལ་ང་རང་གྲྭ་བ་བྱ་རྒྱུ་ཡིན་ཟེར་ནས་རྙོག་དྲ་བཤད་ཡོད་ས་རེད། ༡༩༧༩ ལོར་༧གོང་ས་མཆོག་བྱང་ཨ་རི་ཁུལ་དུ་ཆིབས་སྒྱུར་བསྐྱངས་སྐབས། རྒྱལ་ས་ནེའུ་ཡོག་ཏུ་ངེད་ཚང་གི་ནང་མིར་མཇལ་ཁ་གནང་འདུག སྐབས་དེར་ངའི་ཕ་མ་གཉིས་ཀྱིས་༧གོང་ས་མཆོག་ལ་ཕྲུ་གུ་འདིར་གྲྭ་བ་བྱ་འདོད་འདུག་སྟབས། ག་འདྲ་བྱས་ན་ལེགས་ཚུལ་བཀའ་འདྲི་དགོངས་སྐོར་ཞུས་སྐབས། ༧གོང་ས་མཆོག་གིས་གྲྭ་བ་བྱ་མིན་གཙོ་བོ་ཁྱེད་རང་གཉིས་ཀྱིས་ལྟོས། གལ་སྲིད་གྲྭ་བ་བྱ་རྒྱུ་ཡིན་ན་ཨ་རི་ནས་ཡོང་གི་མ་རེད། དེ་བས་རྒྱ་གར་ནང་བསྐྱལ་ན་དགའ་རྒྱུ་རེད་ཅེས་ལམ་སྟོན་གནང་འདུག དེ་ནས་ ༡༩༨༠ ལོར་ང་རང་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་ལ་བསྐྱལ་ཏེ་གྲྭ་བ་བྱེད་དུ་བཅུག་ཀྱང་། ཟླ་བ་ལྔ་དྲུག་ཕྱིན་མ་ཐག་ཏེ་ལོ་པའི་ཡང་སྲིད་རེད་ཟེར་ནས་ངོས་འཛིན་གནང་བ་རེད།

 

དྲི་བ། སྐུ་ཉིད་ཏེ་ལོ་རིན་པོ་ཆེའི་ཡང་སྲིད་དུ་ངོས་འཛིན་གནང་ལུགས་གང་འདྲ་ཡིན་ནམ། 

ལན། དེའི་བརྒྱུད་རིམ་གང་འདྲ་རེད་ཟེར་ན། ང་ཆུང་དུས་ཨ་རིར་སྡོད་སྐབས་ནས་ཆོས་ལ་དད་པ་དང་། སྐུ་གསུང་ཐུགས་རྟེན་རིགས་མཐོང་སྐབས་དགའ་བོ་བྱེད་མཁན་ཞིག་ཡིན་རབས་འདུག རྗེས་སུ་འབྲས་སྤུངས་ཀྱི་ཆོས་སྒོར་ཞུགས་སྐབས། གྲྭ་ཚང་གི་བླ་མ་མཁན་པོ་དང་། དགེ་བཤེས་ཚོས་ང་ཕྲུ་གུ་གཞན་དང་ཅུང་མ་འདྲ་བ་ཞིག་ཏུ་མཐོང་སྟེ། ༡༩༨༠ ལོའི་དབྱར་ཁར་༧གོང་ས་མཆོག་ལྷོ་ཕྱོགས་མོན་གྷོ་ཊིར་ཕེབས་ཏེ་གྲུབ་མཐའ་ཆེན་མོའི་བཀའ་ཁྲིད་གནང་སྐབས། གྲྭ་ཚང་གི་མཁན་རིན་པོ་ཆེ་ཡིས་༧གོང་ས་མཆོག་ལ་གནས་ཚུལ་ཞུས་འདུག སྐབས་དེར་༧གོང་ས་མཆོག་གིས་འདས་པའི་ལོ་བཅོ་ལྔ་ཡས་མས་ནང་སོག་པོའི་བླ་མ་མཁན་པོ་དང་། མཁས་པ་དགོངས་པ་རྫོགས་ཟིན་པ་དག་གི་མཚན་གཞུང་ཞིག་འཁྱེར་ཤོག་གསུངས་ཏེ་མི་ ༡༥ ཡི་མཚན་ཐོ་ཞིག་ཕུལ་འདུག ༧གོང་ས་མཆོག་གིས་མཚན་ཐོ་དེ་དག་ལ་གཟིགས་པའི་རྗེས་སུ་ཏེ་ལོ་རིན་པོ་ཆེ་ཡི་ཡང་སྲིད་དུ་ངོས་འཛིན་བྱས་པ་རེད།

 

དྲི་བ། ཨུ་རུ་སུའི་འོག་གི་སོག་རིགས་ཁྲོད་རིན་པོ་ཆེ་མཆོག་ལ་མཚན་གནས་གང་འདྲ་ཞིག་ཡོད་པ་དང་། ད་ཆར་རིན་པོ་ཆེ་མཆོག་གིས་ཁལ་མུག་ནང་ཕྱག་ལས་གཙོ་བོ་ག་རེ་གནང་གི་ཡོད་དམ། 

ལན། ༡༩༩༣ ལོ་ཙམ་ནས་ང་རང་གིས་ཨུ་རུ་སུའི་མངའ་འོག་གི་ཁལ་མུག་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་པའི་དབུ་ཁྲིད་ཟེར་ན་འདྲ། ནང་པའི་ཆོས་ཀྱི་ཁྲི་པའི་མཚན་ཐོག་ནས་ལས་ཀ་བྱེད་ཀྱིན་ཡོད། ༡༩༩༡ ལོར་༧གོང་ས་མཆོག་ཐོག་མར་ཁལ་མུག་ལུང་པར་ཆིབས་བསྒྱུར་བསྐྱངས་སྐབས་ང་སྐུ་བཅར་དུ་ཁྲིད་བསྡད་ཡོད་པ་རེད། ༡༩༩༢ ལོར་ཐེངས་གཉིས་པ་ཕེབས་ཡོད། དུས་ཚོད་གང་འཚམ་རིང་དམར་པོའི་དབང་སྒྱུར་འོག་སོག་པོའི་ཆོས་ལུགས་ལ་ཉམས་ཆག་ཆེན་པོ་ཕྱིན་ཡོད་ཀྱང་། ༧གོང་ས་མཆོག་སྔ་ཕྱི་ཐེངས་གཉིས་ཕེབས་པ་ནས་བཟུང་ཁལ་མུག་ཏུ་ནང་ཆོས་ཉམས་པ་སླར་གསོ་བྱ་རྒྱུའི་གསོན་ཤུགས་རྒྱས་པ་རེད། སྐབས་དེར་ནང་ཆོས་སླར་གསོ་བྱེད་པར་མགོ་ཁྲིད་ཅིག་དགོས་པ་རེད་ཟེར་ནས་མང་མོས་ཐོག་ང་རང་བདམས་པ་རེད། དེ་ནི་ང་ལ་མཚོན་ན་ཧ་ཅང་གློ་བུར་བ་ཞིག་རེད། གང་ཡིན་ཟེར་ན། སྐབས་དེར་ངས་སློབ་སྦྱོང་བྱེད་བཞིན་པ་རེད། དགེ་བཤེས་གཏོང་རྒྱུ་ལྷག་བསྡད་ཡོད་ཀྱང་། བསམ་བློ་གཏོང་ལོང་ཙམ་ཡང་མ་བྱུང་བར་ལས་འགན་དེ་ཕྲག་ཏུ་བབས་སོང་། ད་ལྟའི་ཆར་ཁལ་མུག་ཡོངས་སུ་དགོན་པ་ཆེ་ཆུང་ ༢༨ ཙམ་གསར་བཞེངས་བྱས་ཡོད་ལ། སྔར་གྱི་ལོ་རྒྱུས་ཐོག་གི་དགོན་ཤུལ་དག་ལ་དྲན་རྟེན་གྱི་མཆོད་རྟེན་དང་མ་ཎི་ལྷ་ཁང་སོགས་བཞེངས་ཡོད། གཞན། རྒྱ་གར་ལ་ལོ་ལྟར་སློབ་ཕྲུག་མང་པོ་བཏང་སྟེ། གདན་ས་ཁག་གཙོས་པའི་ངྷ་རམ་ས་ལའི་སྨན་རྩིས་ཁང་དང་ཝ་རཱ་ན་སི། ནོར་གླིང་། ས་རཱ། ལྷ་བྲིས་སྡེ་ཚན་དང་དཔེ་མཛོད་སོགས་ཀྱི་བསྟི་གནས་མང་པོ་ཞིག་ཏུ་སློབ་གཉེར་གནང་གི་ཡོད། ཁོང་ཅག་བརྒྱུད་དེ་མ་འོངས་པར་བོད་པའི་ཆོས་དང་རིག་གཞུང་མང་པོ་ཞིག་ཡིག་བསྒྱུར་བྱ་རྒྱུར་འཆར་གཞི་འདིང་གི་ཡོད།

 

དྲི་བ། དེང་སྐབས་ཨུ་རུ་སུའི་འོག་སོག་རིགས་ག་ཚོད་ཡོད་པ་དང་། སྤྱི་ཡོངས་ནས་ནང་ཆོས་ཀྱི་ཁྱབ་ཤུགས་གང་འདྲ་ཡོད་དམ། 

ལན། སོག་རིགས་ཞེས་ལབ་པ་ཡིན་ན་རྒྱ་ཆེན་པོ་རེད། ད་ཆར་དབྱེ་བ་མང་པོ་ཞིག་ཆགས་ཡོད། སྤྱི་ཡོངས་ནས་སོག་པོ་ཟེར་ན་སོག་པོའི་རྒྱལ་ཁབ་ལ་གོ་དགོས་པ་རེད། དེ་ལ་སྐད་ལོགས་སུ་ཡོད་ཀྱང་། ཡི་གེ་ལ་འགྱུར་བ་ཐེབས་ཏེ། ཨུ་རུ་སུའི་ཡི་གེ་དང་གཅིག་པ་ཆགས་ཡོད། ཨུ་རུ་སུའི་འོག་ཡོད་པའི་སོག་རིགས་ནི་ཁལ་མུག་དང་བྷོ་རི་ཡ། ཐོ་བ་གསུམ་རེད། འདི་དག་གིས་སོ་སོའི་ཡི་གེ་བརླགས་ཟིན་པ་མ་ཟད་སྐད་ཀྱང་བརླགས་ཚར་བ་རེད། ཁལ་མུག་ལ་མཚོན་ན། ལོ་ན་བགྲེས་པོ་རེ་ཟུང་མ་གཏོགས་ཁལ་མུག་སྐད་ཤེས་མཁན་ཡོད་པ་མ་རེད། སྐད་ཡིག་ཇི་ལྟར་ཉམས་པ་རེད་ཟེར་ན། སྔར་ཨུ་རུ་སུ་དམར་པོའི་བཙན་གནོན་འོག་ཡུན་རིང་བསྡད་པ་དང་། རྒྱ་ནག་གི་འོག་ཏུ་ཡོད་པའི་སོག་པོ་དང་ཨུ་རུ་སུའི་འོག་ཏུ་ཡོད་པའི་སོག་པོ་གཉིས་ཕན་ཚུན་འབྲེལ་བ་ཆད་པ་བཅས་ལ་བརྟེན་ཏེ་ཉམས་སོང་བ་རེད། ཨུ་རུ་སུའི་མངའ་འོག་ཏུ་སོག་རིགས་ས་ཡ་གཅིག་མ་ཟིན་ཙམ་ཡོད། དེ་དག་ཁལ་མུག་ལ་མི་འབོར་འབུམ་གསུམ་ལྷག་ཡོད་ཀྱང་། དེའི་ཁྲོད་ཀྱི་བརྒྱ་ཆ་ ༦༥ ཙམ་ཁལ་མུག་མི་རིགས་གཙང་མ་ཡིན་ཡང་། བརྒྱ་ཆ་ ༣༠ ཙམ་ཨུ་རུ་སུའི་མི་རིགས་དང་། དེའི་འཕྲོས་མི་རིགས་ཁ་ཐོར་རེད། ཐོ་བ་ལ་ཡང་མི་འབོར་འབུམ་གསུམ་ཡས་མས་ཡོད་ལ། མི་འབོར་གྱི་བརྒྱ་ཆ་ ༧༠ ལྷག་ཙམ་ཁོ་རང་ཚོའི་མི་རིགས་གཙང་མ་རེད། བྷོ་རི་ཡ་ཆ་བཞག་ན་ཁོ་རང་ཚོའི་མི་རིགས་དེ་བརྒྱ་ཆ་ ༣༠ ལྷག་ལས་ཡོད་པ་མ་རེད། ཨུ་རུ་སུའི་མངའ་འོག་ཏུ་ཡོད་པའི་སོག་རིག་སྤྱི་མཐུན་རྒྱལ་ཁབ་གསུམ་ཆ་ནང་པའི་རྒྱལ་ཁབ་ཡིན་པར་ངོས་ལེན་བྱེད་ཀྱི་ཡོད་ཀྱང་། ཨུ་རུ་སུའི་རྩ་ཁྲིམས་ནང་ཆོས་ལུགས་ཆེན་པོ་བཞི་བཀོད་ཡོད། དེ་དག་ར་ཤུ་ཡའི་ཡེ་ཤུ་དང་ཁ་ཆེ། འཇིའུ། ནང་པ་བཅས་རེད།

 

དྲི་བ། རིན་པོ་ཆེ་མཆོག་གིས་ལོ་རྒྱུས་ཐོག་གི་བོད་སོག་གི་འབྲེལ་བ་དེ་གང་འདྲ་ཞིག་ལ་ངོས་འཛིན་གནང་གི་ཡོད་དམ།

ལན། བོད་སོག་གཉིས་བར་གྱི་འབྲེལ་ལམ་དེ་ཐོག་མ་ཆོས་ཕྱོགས་ཀྱི་འབྲེལ་བ་མ་རེད། སོག་པོའི་ཇུན་གར་རྒྱལ་པོས་སྣེ་ཁྲིད་དེ་ཁོ་རང་གི་བུ་དང་ཚ་བོ་སོགས་ཀྱིས་འཛམ་གླིང་ལ་དབང་སྒྱུར་བྱ་རྒྱུའི་དམིགས་ཡུལ་ཆེན་པོ་བཟུང་ཡོད། འཆར་གཞི་དེའི་ཐོག་ནས་བོད་དུ་བསླེབས་པ་རེད། སྐབས་དེར་བོད་ནང་ཆོས་ལུགས་ཤུགས་ཆེན་པོ་རེད། བོད་པ་ཚང་མ་ཆོས་ཕྱོགས་ལ་རྒྱུག་བསྡད་ཡོད་པ་རེད། རིམ་གྱིས་ས་པཎ་སོག་ཡུལ་དུ་ཕེབས་ཏེ་སོག་ཡུལ་དུ་ནང་པའི་བསྟན་པ་ངོ་སྤྲོད་གནང་ཞིང་། སོག་རིགས་མང་པོ་ནང་པར་བསྒྱུར་ཏེ་ཆོས་ཕྱོགས་ཀྱི་འབྲེལ་བ་བྱུང་ཞིང་། རིམ་གྱིས་བླ་སློབ་གྱི་འབྲེལ་བ་གཏིང་ཟབ་ཏུ་ཕྱིན་པ་རེད། སྐབས་དེར་བོད་ནང་ཁུལ་དུ་འཐབ་འཁྲུག་དང་རྙོག་འཛིང་མང་པོ་བྱུང་སྟེ། བོད་པའི་སྤྱི་ཚོགས་ནང་འཚར་ལོངས་བྱུང་བའི་སོག་རིགས་ལྷ་བཟང་ཁཱང་གིས་བོད་པ་རྡོག་རྩ་གཅིག་སྒྲིལ་དང་། བོད་རང་བཙན་བཙང་མའི་རྒྱལ་ཁབ་ཅིག་བཟོས་ཤིང་། དེའི་རྗེས་བོད་པར་གཞུང་གསར་པ་དགའ་ལྡན་ཕོ་བྲང་ཕྱོགས་ནས་རྣམ་རྒྱལ་བཙུགས་ཏེ། ༧གོང་ས་ལྔ་བ་ཆེན་པོར་ཕུལ་བ་རེད། ཐོག་མའི་དབང་སྒྱུར་གྱི་ཧམ་སེམས་ནས་ཆོས་ཕྱོགས་ཀྱི་འབྲེལ་བ་ཆགས་ཤིང་། མཐར་བོད་སོག་གི་འབྲེལ་ལམ་དེ་ཆབ་སྲིད་ཀྱི་ངོ་བོར་གྱུར་བ་རེད། བོད་སོག་གི་འབྲེལ་བ་དེ་རྒྱལ་ཁབ་དང་མི་རིགས་གཞན་པའི་ཁེ་ཕན་གྱི་འབྲེལ་བ་དང་བསྡུར་ཐུབ་ཡོད་པ་མ་རེད།

 

དྲི་བ། ཐེངས་འདིར་ཁྱེད་ཅག་སོག་རིགས་ཆིག་སྟོང་ལྷག་བཞུགས་སྒར་ངྷ་རམ་ས་ལར་བཅར་ཏེ། ༧གོང་ས་མཆོག་གི་མདུན་ནས་བཀའ་ཆོས་ཞུས་པའི་སྐོར་ངོ་སྤྲོད་ཅིག་གནང་རོགས། 

ལན། ང་ཚོའི་ལུང་པར་སངས་རྒྱས་བསྟན་པ་སླར་གསོ་དང་གོང་འཕེལ་ཏུ་གཏོང་བར་ཆོས་ཀྱི་ཤེས་ཡོན་དང་། ཆོས་ལུགས་འཛིན་སྐྱོང་གི་ཉམས་མྱོང་མང་པོ་ཞིག་དགོས་པ་རེད། དེར་བརྟེན། ༧གོང་ས་མཆོག་སྐུ་འཚོ་བཞུགས་རིང་ང་ཚོས་གང་ཐུབ་ཐུབ་ཀྱིས་དབང་ལུང་མན་ངག་གི་གདམས་པ་མང་པོ་ཞིག་ལེན་ཐུབ་རྒྱུའི་གོ་སྐབས་ལེན་དགོས་པ་རེད། འདས་པའི་ལོ་མང་རིང་༧གོང་ས་མཆོག་ཨུ་རུ་སུར་གདན་འདྲེན་ཞུ་རྒྱུར་ཐབས་ཤེས་མང་པོ་བྱས་ཀྱང་། ཆབ་སྲིད་ཀྱི་དཀའ་ངལ་འོག་ང་ཚོས་འདོད་དོན་འགྲུབ་ཀྱི་ཡོད་པ་མ་རེད། དེར་བརྟེན། ལོ་རེ་བཞིན་ང་ཚོའི་ཆོས་ཞུ་བ་མང་པོ་ཞིག་རྒྱ་གར་ནང་ཚུར་གདན་འདྲེན་ཞུས་ཏེ་གོ་སྐབས་ལེན་བཞིན་ཡོད། སྔར་ལོ་མི་ ༨༠༠ ཙམ་འདིར་ཡོང་བ་རེད། ད་ལོ་མི་ཆིག་སྟོང་ཉིན་བརྒྱ་ལྷག་ཡོང་ཡོད། དེ་དག་ཁལ་མུག་དང་བྷོ་རི་ཡ། ཐོ་བ་གཙོ་བྱས་ཏེ་སོག་རིགས་ཙམ་མ་ཡིན་པར། ཨུ་རུ་སུའི་ལུང་པ་མང་པོ་ནས་སླེབས་འདུག ལོ་རྗེས་མར་ཡང་༧གོང་ས་མཆོག་ལ་གསུང་ཆོས་ཞུས་པ་ལྟར་ཞལ་བཞེས་ཐོབ་སོང་། ཐེངས་འདིར་གསུང་ཆོས་ཙམ་དུ་མ་ཟད་ཟུར་དུ་དྲི་བ་དྲིས་ལན་གྱི་གོ་སྐབས་ཀྱང་གནང་སྟེ་ཆོས་ཞུ་བ་རྣམས་ཧ་ཅང་དགའ་བོ་བྱུང་འདུག 

 

དྲི་བ། སྐུ་ཉིད་ཀྱིས་བོད་པའི་རྩ་དོན་འཐབ་རྩོད་ཀྱི་ལངས་ཕྱོགས་ཐད། བོད་རང་བཙན་ཐོག་འབད་བརྩོན་གནང་དགོས་སྐོར་གསུང་གི་ཡོད་པའི་རྒྱུ་མཚན་གང་ཡིན་ནམ། 

ལན། ང་རང་གིས་བོད་རང་བཙན་ཐོག་བསྐྱོད་དགོས་ཀྱི་འདུག་ཟེར་དོན་གང་ཡིན་ཟེར་ན། ང་ཚོའི་ཁལ་མུག་གཙོས་པའི་སོག་པོའི་ལུང་པའི་ལོ་རྒྱུས་ལ་བལྟས་ཏེ་བཤད་ཀྱི་ཡོད། འདས་པའི་ཉམས་མྱོང་གཞི་ལ་བཞག་སྟེ་ཁ་སང་དེ་རིང་གི་གནས་སྟངས་དངོས་བཤད་ཀྱི་ཡོད། གནས་བབ་དེ་གཉིས་ལ་བལྟས་ཏེ་བོད་ཀྱི་མ་འོངས་པ་དེ་གང་འདྲ་ཞིག་ཆགས་ཡོང་ངམ་སྙམ་པའི་སེམས་འཚབ་ཅིག་གི་ཐོག་ནས་བཤད་ཀྱི་ཡོད། སྤྱིར་བཏང་༧གོང་ས་མཆོག་གི་དགོངས་པ་བཞེས་ཕྱོགས་དང་། དབུ་མའི་ལམ་གྱི་དགོངས་དོན་དེ་རྒྱ་ཆེན་པོ་ཞིག་དང་གཏིང་ཟབ་པོ་ཞིག་ཡིན་ཡང་། ལམ་ཁ་འདི་ལ་ཕྱིན་པ་ཡིན་ན་བོད་པའི་ཆོས་དང་རིག་གཞུང་། སྐད་ཡིག་གོམས་སྲོལ་སོགས་སྲུང་སྐྱོབ་བྱ་རྒྱུ་ཡིན་ཟེར་བ་དེ་ཕལ་ཆེར་ཁག་པོ་རེད། ད་ལྟ་ཁལ་མུག་ལུང་པ་ཡང་རང་སྲིད་རང་སྐྱོང་ཡིན་ཡང་། རྒྱལ་ཁབ་གཞན་ཞིག་གི་སྒྲོམ་གཞིའི་ནང་སྡོད་དགོས་དུས་སོ་སོའི་སྐད་ཡིག་རིག་གཞུང་ལ་འཛིན་སྐྱོང་གཙང་མ་ཞིག་ཡོང་རྒྱུ་དེ་རྨི་ལམ་ཙམ་རེད། རྒྱུ་མཚན་འདི་དག་ལ་གཞིགས་ཏེ་ངས་བོད་རང་བཙན་ཐོག་འབད་བརྩོན་གནང་རོགས་ཟེར་གྱི་ཡོད། ལོ་རྒྱུས་ཀྱི་ཐད་ནས་ཀྱང་ང་ཚོས་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་འོས་པ་ཞིག་ཆགས་ཡོད། གང་ཡིན་ཟེར་ན། སྔར་སོག་པོས་བོད་རང་བཙན་གཙང་མ་ཞིག་༧གོང་ས་ལྔ་བ་ཆེན་པོར་ཕུལ་བ་རེད། ང་ཚོས་མཉམ་རུབ་ཐོག་དེ་ལ་རྩོད་ལེན་བྱ་དགོས་པ་ཞིག་ཆགས་ཡོད།

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

ཆུ་ཚོད་ ༢ སྔོན་ལ།
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

ཆུ་ཚོད་ ༤ སྔོན་ལ།
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

ཆུ་ཚོད་ ༢༢ སྔོན་ལ།
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

ཆུ་ཚོད་ ༢༢ སྔོན་ལ།
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

ཆུ་ཚོད་ ༢༢ སྔོན་ལ།
Himachal Pradesh University (HPU), Shimla. File photo
Mobile App

རྒྱ་གར་གྱིས་འཕགས་བོད་ས་མཚམས་ཀྱི་འབྲེལ་ལམ་སྐོར་ལ་ཞིབ་འཇུག་བྱ་རྒྱུ་ཡིན་འདུག

༢༠༢༦/༠༤/༢༣

མཆན། 4

  1. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    སོག་རྒན་ཚོས་ཁ་ཤོབ་བཤད་པ་རེད། ཁོ་རང་ཚོས་རང་མགོ་མ་ཐོན་ནས་ལུང་ལུང་ག་འདྲ་མང་པོ་ཞིག་ལ་འཐོར་ནས་བསྡད་འདུག སྐད་ཡིག་ཉམས་ཆག་དང་རིག་གཞུང་གཏིང་བརྗེད་དུ་ག་ཚོད་སོང་འདུག སོག་པོས་གནའ་ནས་བཟུང་སྟེ་བོད་ལ་དཀྲུག་ཤིང་གཏོར་བཤིག་བྱས་བྱས་དེ་དྲན་པ་བྱེད་རོགས། དྲང་པོ་བཤད་ན་སོག་པོས་རྒྱ་མི་བོད་ནང་ལ་ཁྲིད་ཡོང་བའི་སྐབས་ཧ་ཅང་མང་པོ་ཡོད་པ་དེ་ཚོ་ཡང་དྲན་པ་བྱེད་རོགས།

    Reply
  2. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 15 སྔོན།

    “ད་ལྟ་ཁལ་མུག་ལུང་པ་ཡང་རང་སྲིད་རང་སྐྱོང་ཡིན་ཡང་། རྒྱལ་ཁབ་གཞན་ཞིག་གི་སྒྲོམ་གཞིའི་ནང་སྡོད་དགོས་དུས་སོ་སོའི་སྐད་ཡིག་རིག་གཞུང་ལ་འཛིན་སྐྱོང་གཙང་མ་ཞིག་ཡོང་རྒྱུ་དེ་རྨི་ལམ་ཙམ་རེད། རྒྱུ་མཚན་འདི་དག་ལ་གཞིགས་ཏེ་ངས་བོད་རང་བཙན་ཐོག་འབད་བརྩོན་གནང་རོགས་ཟེར་གྱི་ཡོད།”་ཉམས་མྱོང་གི་སྐད་ཆ་འདིར་ལན་མང་དུ་དགོངས་པ་བཞེས་རོགས་དབུ་མའི་ལམ་པ་བ་ཚོ། སྐབས་འཚོལ་བ་ཚོ་ལ་ཞུ་རྒྱུ་གང་ཡང་མེད།
    ཏེ་ལོ་རིན་པོ་ཆེས་ཇི་ལྟར་དགོངས་པ་དེ་འདྲ་ཞིག་ངའི་སེམས་ངོར་ཡང་འཆར་བཞིན་འདུག

    Reply
  3. གླང་དར་མ། says:
    ལོ་ 15 སྔོན།

    ཏེ་ལོ་རེན་པོ་ཆེ་ལགས་སྙིང་དབུས་ནས་ཐུགས་རྗེ་ཆེ་ལགས་། ཁྱེད་གི་གསུང་པ་ལྟར་རྒྱལ་ཁབ་གཞན་ཞིག་གི་སྒྲོམ་གཞིའི་འོག་ལ་བསྡད་ནས་རང་མི་རིགས་གི་སྐད་ཡིག་དང་རིག་གཞུང་འཛིན་སྐྱོང་གཙང་མ་ཞིག་ཡོང་གི་མེད་པ་དངོས་ཡོད་གི་གནས་ཚུལ་རེད་། ད་དེ་འདྲ་རེད་བོད་རེ་བས་ཕུངས་། རྒྱ་དོག་པས་ཕུངས་། བོད་མི་ཚོས་དེ་ཚོ་ཤེས་ལེ་མ་རེད། ཏེ་ལོ་རེན་པོ་ཆེས་ཉམ་མྱོང་གསུང་བར་ཐུགས་རྗེ་ཆེ། བོདརྒྱལ་ལོ།

    Reply
  4. མི་ says:
    ལོ་ 15 སྔོན།

    ཏེ་ལོ་རིན་ཆེ་ནོར་འདུག ཆེན་པོ་ནོར་འདུག
    བོད་པའི་སྤྱི་ཚོགས་ནང་འཚར་ལོངས་བྱུང་བའི་སོག་རིགས་ལྷ་བཟང་ཁཱང་གིས་བོད་པ་རྡོག་རྩ་གཅིག་སྒྲིལ་དང་། བོད་རང་བཙན་བཙང་མའི་རྒྱལ་ཁབ་ཅིག་བཟོས་ཤིང་། དེའི་རྗེས་བོད་པར་གཞུང་གསར་པ་དགའ་ལྡན་ཕོ་བྲང་ཕྱོགས་ནས་རྣམ་རྒྱལ་བཙུགས་ཏེ། ༧གོང་ས་ལྔ་བ་ཆེན་པོར་ཕུལ་བ་རེད། ཟེར།
    བོད་རྡོག་རྩ་གཅིག་སྒྲིལ་བྱེད་མཁན་ཀི་ཤི་རུ་བསྟན་འཛིན་ཆོས་རྒྱལ་རེད། ལྷ་བཟང་ཧན་དེའི་ཚ་བོ་རེད། ཁོ་བོད་གཏོར་མཁན་རེད་མ་གཏོགས་བོད་སྒྲིལ་མཁན་མ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese