སྙིང་ནས་བརྩེ་བའི་གྲོགས་ཤིག་ལ་སེམས་གསོའི་ཚུལ་དུ་ཐད་ཀར་དུ་བཏགས་པ།
གློ་བུར་གློ་བུར་གྱི་སྐད་ཆ།།
རྒྱང་རིང་རྒྱང་རིང་གི་ཡུལ་ནས།།
གཅེས་པའི་སེམས་གཏིང་གི་གྲོགས་པོས།།
མྱུར་བའི་གློག་འཕྲིན་དུ་སྐུར་འདུག།
མ་འབྱོར་ཡུན་རིང་གི་འཕྲིན་པ།།
མཐོང་བས་སེམས་པ་རང་དགའ་ནས།།
ཡིག་འབྲི་རེ་རེ་བཞིན་ཀློག་དུས།།
ཚིག་གི་ངར་ཤུགས་ཀྱིས་རྨས་སོང་།།
རེ་བ་སྟོང་ཕྲག་གི་སྣེ་ནས།།
དད་པའི་མི་འགྱུར་བའི་དཀོན་མཆོག།
རིན་ཆེན་རྣམ་གསུམ་གྱི་མདུན་ནས།།
གསོལ་བ་སྨོན་ལམ་ཞིག་བཏབ་ཡོད།།
སྐྱེ་འཆི་རང་དབང་དུ་མེད་པ།།
སྐྱེ་འགྲོའི་ལས་དབང་རང་ཡིན་ཡང་།།
གློ་བུར་མི་འདོད་ཀྱི་རྐྱེན་གྱིས།།
སུ་ཡང་མི་ཡུལ་ནས་མ་འཁྲིད།།
སྤྱིར་ན་བདེ་སྡུག་གི་ང་རོ།།
འོ་འབོད་སྟོང་ཕྲག་ལ་བརྒྱུས་ཀྱང་།།
དེ་ཉིད་གསན་མཁན་གྱི་ལྷ་ཞིག།
ད་ལྟ་དེ་ཉིད་ལ་འཁོ་སོང་།།
ང་ཡི་ལག་ཟུང་རང་འཁོ་ན།།
ནམ་ཡང་ཁྱེད་ཉིད་ལ་བསྲིངས་ཡོད།།
ང་ཡི་སྨོན་ལམ་ཞིག་དགོས་ན།།
དུས་ཀུན་ཁྱེད་ཉིད་ལ་དབང་ཆོག།
སྐྱིད་དང་སྡུག་གི་ལས་དབང་རང་ལག་དུ་མེད་ཀྱང་།།
འཚོ་བའི་གོ་རིམ་འགྲིག་པར་རང་ནུས་ཤིག་ཡོད་ན།།
ཉིད་ལ་ང་ཡི་ཐུབ་པའི་ལས་ཀ་ཞིག་མཆིས་ཚེ།།
དུས་དང་ནམ་ཀུན་ང་རང་ཁྱེད་ཕྱོགས་སུ་བླངས་ཡོད།
གྲོགས་པོ་ལགས། མི་རྟག་པའི་ཚོམས་ལས།
གང་དུ་གནས་ན་འཆི་བས་མི་ཚུགས་པའི།།
ས་ཕྱོགས་དེ་ནི་ཡོད་པ་མ་ཡིན་ཏེ།།
བར་སྣང་ལ་མེད་རྒྱ་མཚོའི་ནང་ལ་མིན།།
རི་བོ་རྣམས་ཀྱི་གསེབ་ཏུ་ཞུགས་ནའང་མིན།། ཞེས་གསུངས་ཡོད་ལ། ད་དུང་དེ་བས་ཀྱང་མང་བའི་མི་རྟག་པའི་བདམས་པ་མང་བོར་མཇལ་ནས་བསྡད་ཡོད།