བཀའ་ཟུར་བཀྲ་ཤིས་དབང་འདུས་མཆོག་གིས་ཕྱི་ཚེས་ ༡༧ ཉིན་སྦར་སིལ་བོད་གཞུང་སྐུ་ཚབ་དོན་གཅོད་ནས་རྩ་དགོངས་ཞུས་ཏེ། སྐབས་བཅུ་བཞི་བའི་བཀའ་བློན་ཁྲི་པའི་འོས་གཞིར་དངོས་སུ་ཞུགས་པའི་གསལ་བསྒྲགས་བྱས་མ་ཐག འདི་གའི་གསར་འགོད་པས་བཀའ་ཁྲིའི་ལས་རིགས་དང་འབྲེལ་བའི་གནད་དོན་ཁག་ཅིག་གི་ཐད་བཅར་འདྲི་ཞུས་ཡོད།
དྲི་བ། བཙན་བྱོལ་བོད་མིའི་འོས་བསྡུའི་ལས་རིམ་ཐོག་མར་མགོ་འཛུགས་སྐབས། སྐུ་ཉིད་ཀྱིས་བཀའ་བློན་ཁྲི་པའི་འོས་གཞིར་བཞེངས་རྒྱུ་མིན་སྐོར་གསལ་བསྒྲགས་གནང་ཡོད་ཀྱང་། བར་ལམ་ཞིག་ནས་བསྐྱར་དུ་འོས་ཁོངས་སུ་ཞུགས་འདོད་ཡོད་སྐོར་གསུངས་པའི་རྒྱུ་མཚན་གང་ཡིན་ནམ།
ལན། འདིའི་སྐོར་ལ་ང་རང་གིས་གསལ་བསྒྲགས་ཤིག་སྤེལ་ཡོད། རྒྱུ་མཚན་གཙོ་བོ་ངས་གཞུང་ལ་ཞབས་ཞུ་བསྒྲུབས་ཏེ་ལོ་ ༤༠ ལྷག་འགྲོ་བསྡད་ཡོད་པ་རེད། ད་ལྟ་སླར་ཡང་བཀའ་བློན་ཁྲི་པར་བསྡད་ཀྱང་ནུས་པ་གསར་པ་ཞིག་འཐོན་རྒྱུ་ཡོད་པ་མ་རེད། དེ་བས་སྤྱི་ཚོགས་ནང་རྩད་གཅོད་བྱས་ན་བཀའ་བློན་ཁྲི་པ་གནང་ཆོག་ཆོག་གི་མཁྱེན་ཡོན་ཅན་ཏན་ཏན་ཡོད་པ་རེད་ཟེར་ནས་ཞུས་པ་ཡིན། དེ་ནས་སྔོན་འགྲོའི་འོས་བསྡུའི་སྐབས་མང་ཚོགས་ཚོས་བསྐྱར་དུ་ང་ལ་ཁྱེད་རང་གིས་བཀའ་བློན་ཁྲི་པར་བཞེངས་རྒྱུ་མིན་ཞེས་ལབ་ཀྱང་། མང་ཚོགས་ཀྱིས་འོས་བླུག་པ་ཡིན་ན་ག་རེ་བྱ་རྩིས་ཡོད་ཟེར་ནས་རེ་བ་བྱེད་ཀྱི་འདུག སྐབས་དེར་ངས་ཁོང་ཚོར་སྤྱིར་ང་བཀའ་བློན་ཁྲི་པར་བཞེངས་འདོད་མེད་པ་མིན། ང་བཀའ་བློན་ཁྲི་པ་ཐོབ་ཀྱང་མང་ཚོགས་ལ་ཕན་ཐོགས་ཆེན་པོ་ཞིག་ཨེ་ཡོང་ན་བསམ་གྱི་འདུག གལ་སྲིད་མང་ཚོགས་ཚོས་ཡིད་ཆེས་ཆེན་པོས་འོས་བླུག་པ་ཡིན་ན། ངས་མི་མང་གི་མངོན་འདོད་ལ་གུས་བརྩི་ཞུ་རྒྱུ་ཡིན་ཞེས་ཞུས་ཡིན། གང་ཡིན་ཟེར་ན། ང་རང་གིས་སྔོན་མ་ནས་གཞིས་ཆགས་ཁག་གི་ས་གནས་འཐུས་ཚོགས་ཡིན་ན་འདྲ་ལ། ཕྱི་རྒྱལ་བོད་རིགས་ཚོགས་པ་ཁག་གི་མགོ་ཁྲིད་ཡིན་ནའང་འདྲ། མང་ཚོགས་ཀྱིས་རེ་བ་དང་ཡིད་ཆེས་ཆེན་པོས་བདམས་ཟིན་པའི་རྗེས་ལ་དགོངས་པ་མ་ཞུ་རོགས་ཟེར་ནས་འབོད་སྐུལ་ཞུས་བསྡད་ཡོད། ད་ལྟ་རང་ཐོག་ལ་བབ་ཡོང་སྐབས། སྔར་སོ་སོས་གཞན་ལ་བཤད་བསྡད་པ་དེ་སོ་སོས་ལག་ལེན་མ་བསྟར་བ་ཡིན་ན་འགྲིག་གི་མི་འདུག་བསམས་ཏེ་ངོས་ལེན་བྱས་པ་ཡིན། ཡང་ཁ་ཤས་ཀྱིས་གཞན་གྱི་བརྒྱུད་སྐུལ་དང་གནོན་ཤུགས་ཡོད་པ་རེད་དགོངས་མཁན་ཡོད་པ་འདྲ། དེ་འདྲ་རྩ་བ་ནས་མེད་སོ་སོ་རང་གིས་ཐག་གཅོད་བྱས་པ་ཡིན། སྔོན་འགྲོའི་འོས་བསྡུ་ཟིན་མཚམས་དབུས་འོས་བསྡུ་ལྷན་ཁང་གིས་བཀའ་འདྲི་གནང་བ་ལྟར། འོས་ཤོག་གི་གྲངས་འབོར་དེ་ཙམ་མང་པོ་མེད་ཀྱང་མང་ཚོགས་ཀྱི་རེ་འདུན་ལྟར་བཀའ་བློན་ཁྲི་པའི་འོས་གཞིར་འདུག་རྒྱུའི་ཐག་གཅོད་དེ་བྱས་པ་ཡིན།
དྲི་བ། སྐུ་ཉིད་འབྱུང་འགྱུར་གྱི་ཟླ་གསུམ་རིང་བོད་མི་འདུས་སྡོད་ཀྱི་ས་གནས་ཁག་ནང་གཏམ་བཤད་དུ་སྐོར་སྐྱོད་བྱ་འཆར་ཡོད་མེད་དང་། གལ་སྲིད་ཡོད་ན་དེ་ལ་འགྲོ་སོང་དང་མཐུན་འགྱུར་ཇི་ལྟར་གྲ་སྒྲིག་བྱས་ཡོད་དམ།
ལན། ང་རང་གིས་ཟླ་འདིའི་ཚེས་ ༡༧ ཉིན་སྦེལ་ཇམ་དོན་གཅོད་ནས་རྩ་དགོངས་ཞུས་པ་ཡིན། ད་ལྟ་ང་ལ་དམིགས་བསལ་འཆར་གཞི་གང་ཡང་མེད། ད་ལྟ་གསར་འགྱུར་བརྒྱུད་ལམ་ཁག་གི་བཅར་འདྲི་དང་ལེན་བྱེད་ཀྱི་ཡོད། དེ་ནས་ཨ་རིའི་ནང་ཚོགས་འདུ་ཞིག་ལ་བཅར་རྒྱུ་ཡིན། ཕྱི་ཟླ་ ༢ པའི་ཚེས་ཤར་ཙམ་ལ་རྒྱ་གར་དུ་བགྲོ་གླེང་ཞིག་ལ་བཅར་རྒྱུ་ཡིན། གཞིས་ཆགས་ཁག་ལ་ཕལ་ཆེར་བཅར་ཐུབ་ས་མ་རེད། གང་ཡིན་ཟེར་ན་དུས་ཚོད་ཀྱིས་ལྕོག་གི་མི་འདུག་ལ་འགྲོ་སོང་ཡང་ཆེན་པོ་རེད། ང་ལ་དེ་འདྲར་འགྲོ་སོང་གཏོང་རྒྱུའི་དངུལ་ཡང་མེད། གཞན། མི་མང་ལ་ཆེ་མཐོང་མ་བྱས་པ་དང་། འོས་བསྡུའི་ལས་རིམ་གལ་ཆེན་དུ་མ་རྩིས་པ་དེ་འདྲ་མིན། སྤྱིར་ང་རང་གིས་འདས་པའི་ལོ་མང་རིང་གཞུང་ལ་ལས་ཀ་བྱས་པའི་བརྒྱུད་རིམ་ཁྲོད་གཞིས་ཆགས་ཁག་ཏུ་སྐོར་སྐྱོད་མ་བྱས་ས་གཅིག་ཀྱང་ལྷག་ཡོད་རྒྱུ་མ་རེད། ལྷག་པར་དུ་བཀའ་བློན་རིམ་པ་བྱས་པའི་རིང་ལ། གཞིས་ཆགས་ཁག་གི་ཁྱིམ་ཚང་རེ་རེ་བཞིན་མ་སོང་ས་ཧ་ལམ་མེད། ཁྱིམ་ཚང་རེ་རེ་བཞིན་གནས་སྟངས་དང་དཀའ་ངལ། དགོས་འདུན་སོགས་ལ་ཉན་ཞིབ་བྱས་པ་རེད། དེར་བརྟེན། སོ་སོ་ངོ་སྤྲོད་བྱེད་དུ་བསྐྱོད་དགོས་པ་ཞིག་མཐོང་གི་མེད།
དྲི་བ། བཀའ་བློན་ཁྲི་པའི་སྔོན་འགྲོའི་འོས་མི་དྲུག་གསལ་བསྒྲགས་བསྐྱངས་པ་ལས། ད་ཆར་དངོས་གཞིར་འོས་མི་ ༣ ལས་ལྷག་ཡོད་པ་རེད། འོས་མི་མང་ཉུང་ཐད་གཟིགས་ཚུལ་གང་འདྲ་ཡོད་དམ།
ལན། འདིའི་ཐད་མི་མང་ལ་བསམ་ཚུལ་གཉིས་ཡོང་གི་འདུག ཕྱོགས་གཅིག་གིས་འོས་མི་མང་ན་འོས་ཤོག་འཐོར་འགྲོ་བ་དང་། དེ་ལ་བརྟེན་ཏེ་སྤྱི་ཚོགས་ནང་ཤོག་ཁག་ཆད་འགྲོ་རྒྱུའི་ཉེན་ཁ་ཡོད་ཚུལ་བཤད་ཀྱི་ཡོད་ལ། ཕྱོགས་གཞན་ཞིག་གིས་མི་མང་ལ་གདམ་ཀ་ཅི་ཙམ་མང་ན་དེ་ཙམ་ཡག་པོ་ཡོང་གི་རེད་ཟེར་གྱི་ཡོད། ང་རང་གི་ལྟ་ཚུལ་ཡིན་ན། འོས་མི་མང་རུང་སྐྱོན་ཡོད་པ་མ་རེད་བསམ་གྱི་འདུག མི་མང་གི་དགོངས་པ་བཞེས་ཕྱོགས་ཀྱི་ཐད་ནས་ཞེན་ཁོག་ཕྱོགས་ལྷུང་གི་དབང་དུ་མ་སོང་བ་དང་། མི་གཞན་གྱི་བཀོལ་བྱུས་དང་བསླུ་བྲིད་འོག་མ་ཚུད་པ། འོས་མི་རེ་རེ་བཞིན་རྒྱབ་ལྗོངས་ཀྱི་གནས་ཚུལ་ཡག་པོ་མགོ་འཚོས་པའི་ཐོག་ནས་འོས་བླུག་པ་ཡིན་ན། འོས་གཞི་མང་ཡང་སྐྱོན་ཆ་ལྷག་གི་མ་རེད་བསམ་ཡོད། ལྷག་པར་དུ་ད་ལྟའི་ཆར་འོས་མི་གསུམ་ལས་མེད་སྟབས་མང་ཉུང་ཏག་ཏག་རེད་བསམ་གྱི་ཡོད།
དྲི་བ། ད་ཆར་སྤྱི་ཚོགས་ནང་གླེང་སློང་ཡོང་སྟངས་ཤིག་ལ། ཁྱེད་རང་གི་ཁ་གཏད་གཉིས་ལས་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་རྒན་པ་ཉམས་མྱོང་ཅན་གྱི་མཚོན་དོན་དང་། བློ་བཟང་སེང་གེ་ལགས་གཞོན་པ་ཤེས་ཡོན་ཅན་གྱི་ཚབ་མཚོན་ལྟ་བུར་འཇོག་གི་འདུག སྐུ་ཉིད་གླེང་ཕྱོགས་འདི་གཉིས་ཐད་གཟིགས་ཚུལ་གང་འདྲ་ཡོད་དམ།
ལན། ང་རང་གི་རོགས་པ་གཞན་གཉིས་ཀྱི་སྟངས་ལ་བསམ་ཚུལ་ཞུ་རྒྱུ་གང་ཡང་མེད། བཀྲས་མཐོང་ལྟ་བུར་མཚོན་ན། འདས་པའི་ལོ་མང་རིང་གཞུང་གི་འཛིན་སྐྱོང་ནང་ཕྱག་ལས་གནང་བ་རེད་ལ། ཕྱི་ལོགས་ནས་ཀྱང་ལས་ཀ་མང་པོ་བྱས་པ་རེད། དེ་བཞིན། བློ་བཟང་སེང་གེ་ལ་མཚོན་ན་ཡང་། མཐོ་རིམ་སློབ་གྲྭའི་སྐབས་གཞོན་ནུའི་སྒྲིག་འཛུགས་ནང་ཕྱག་ལས་གནང་བའི་ཉམས་མྱོང་ཡོད་པ་རེད། ང་ཚོ་གསུམ་མི་གསར་པ་མ་རེད། མང་ཚོགས་ཀྱིས་ང་ཚོ་གསུམ་རེ་རེ་བཞིན་འདས་པའི་ལས་ཀ་བྱེད་སྟངས་དང་། བསམ་བློ་གཏོང་ཕྱོགས་སོགས་ལ་ཞིབ་འཇུག་ཡག་པོ་གནང་སྟེ། བཀའ་བློན་ཁྲི་པར་སུ་འོས་པ་དེ་བདམ་དགོས་པ་རེད་དྲན་ཡོད། སྤྱིར་རྒན་གཞོན་བར་གྱི་ལྟ་སྟངས་རིགས་གཉིས་ཡོང་གི་ཡོད་པ་འདི་ཆོས་ཉིད་ལྟ་བུ་རེད། རྒྱལ་ཁབ་ཚང་མའི་ནང་དེ་འདྲ་ཡོང་གི་ཡོད་པ་རེད། ཡང་ཁག་ཅིག་གིས་གཞུང་གི་སྲིད་བྱུས་དང་། འཛིན་སྐྱོང་གི་ལས་དོན་བྱེད་ཕྱོགས། སྤྱི་ཚོགས་བཅས་ཀྱི་ནང་གསར་བརྗེ་དང་འགྱུར་བ་ཆེན་པོ་ཞིག་གཏོང་དགོས་ཀྱི་འདུག་ཟེར་མཁན་ཡང་ཡོང་གི་འདུག བཙན་བྱོལ་སྤྱི་ཚོགས་ནང་བལྟས་པ་ཡིན་ན། མི་འབོར་གྱི་བརྒྱ་ཆ་ ༧༠ ཙམ་ལོ་གསུམ་ཅུ་ཡས་མས་ཀྱི་གཞོན་སྐྱེས་རེད། གཞོན་སྐྱེས་ཚོའི་སེམས་ཚོར་དང་རེ་འདུན་དེ་དག་གལ་ཆེན་པོ་རེད། འོན་ཀྱང་། སེམས་ལ་དྲན་ཚུལ་ཚང་མ་འཛིན་སྐྱོང་ནང་ལག་ལེན་བསྟར་ས་མེད་པ་དེ་ཡང་དངོས་ཡོད་གནས་ཚུལ་རེད། ང་ཡང་ན་གཞོན་གྱི་གོ་རིམ་བརྒྱུད་མྱོང་མཁན་ཞིག་རེད་ལ། སློབ་གྲྭའི་ཁོར་ཡུག་ཀྱང་འགྲིམ་མྱོང་མཁན་ཞིག་རེད། སྔོན་མ་ང་ལ་ཡང་དེ་འདྲའི་སེམས་ཚོར་དང་རེ་འདུན་མང་པོ་ཡོད་མྱོང་། ལྷག་པར་དུ་གཞུང་ཞབས་ཁོངས་གསར་དུ་ཞུགས་སྐབས། འདི་བྱ་དགོས་ཀྱི་འདུག དེ་བསྒྲུབ་དགོས་ཀྱི་འདུག་སྙམ་པའི་ཧམ་སེམས་མང་པོ་འཁོར་མྱོང་ཡོད་། འོན་ཀྱང་ལས་ཀའི་ནང་དངོས་སུ་ཞུགས་སྐབས་བྱེད་ཆོག་ཆོག་ཅིག་དང་། བསྒྲུབ་ཆོག་ཆོག་ཅིག་མེད་པ་དེ་དངོས་ཡོད་གནས་ཚུལ་རེད།
དྲི་བ། བཀའ་ཤག་གསར་རྙིང་གི་མཚམས་འདིར་༧གོང་ས་མཆོག་གིས་བགྲེས་ཆ་ཚང་གནང་འདུན་ཡོད་པའི་བཀའ་ཞིག་ཕེབས་ཀྱི་ཡོད་པ་རེད། སྐུ་ཉིད་ལ་༧གོང་ས་མཆོག་གི་དགོངས་གཞི་འདིའི་ཐད་བསམ་ཚུལ་ག་འདྲ་ཡོད་དམ།
ལན། སྤྱིར་བཏང་༧གོང་ས་མཆོག་གི་དགོངས་གཞི་དེ་གསར་པ་ཞིག་མ་རེད་ལ། སྔོན་མ་ནས་བང་བསྒྲིགས་ཏེ་གྲ་སྒྲིག་ཡོད་པ་ཞིག་རེད། འོན་ཀྱང་ཉིན་འདི་འགར་སྐུ་མདུན་གྱིས་ཤུགས་ཆེ་ཙམ་གསུང་གི་ཡོད་པ་འདི་ལ་ང་རང་གི་གོ་བ་ལེན་སྟངས་བྱས་ན། གཞུང་གི་འཛིན་སྐྱང་དང་འབྲེལ་བའི་ལས་ཀ་དང་ཡིག་ཆར་མཚན་རྟགས་སྐྱོན་པ། ༧གོང་ས་མཆོག་ལ་བཀའ་འདྲི་ཞུ་དགོས་པའི་ལས་ཁག་ཅིག་ཡོད་པ་དེ་དག་མཚམས་འཇོག་ཞུ་རྒྱུ་ཡིན་གསུང་གི་ཡོད་པ་རེད། དེ་མིན་བོད་མི་ས་ཡ་དྲུག་གི་བདེ་དོན་དང་རྩ་དོན་ལ་འབྲེལ་བ་ཡོད་པའི་རིགས་ལ་ཐུགས་འགན་བཞེས་རྒྱུ་མིན་གསུང་གི་ཡོད་པ་མ་རེད་དྲན་ཡོད། འདིའི་སྐོར་ཕྱི་ཟླ་ ༣ པའི་གྲོས་ཚོགས་ནང་བཀའ་གསལ་བོ་ཕེབས་ཡོང་གི་རེད་བསམ་ཡོད། སྐབས་དེར་གྲོས་ཚོགས་ནང་བཀའ་བསྡུར་ནང་སྟེ་འཛིན་སྐྱོང་དང་འབྲེལ་བའི་རིགས་ལ་ཐུགས་འགན་བཞེས་མ་དགོས་པ་ཞིག་དང་། བོད་པའི་རྩ་དོན་གྱིས་མཚོན་པའི་སྤྱི་ཡོངས་ལ་མུ་མཐུད་ཐུགས་འགན་བཞེས་རྒྱུ་ཞིག་གི་ཐོག་ནས་བཅའ་ཁྲིམས་ལ་འགྱུར་བ་གཏོང་དགོས་པ་དང་། ལས་ཀ་ཆ་བགོས་སོགས་ལ་བསམ་བློ་གཏོང་དགོས་པ་རེད་དྲན་ཡོད། འདིའི་ཐད་སེམས་འཚབ་ཆེན་པོ་བྱ་དགོས་དོན་ཡོད་པ་མ་རེད། ས་གནས་མང་ཚོགས་ཚོས་༧གོང་ས་མཆོག་ལ་སྐྱབས་འཇུག་ཞུ་བཞིན་ཡོད་པ་དེ་རང་བཞིན་རེད། ཁོང་གི་བཀའ་དགོངས་ལམ་སྟོན་འོག་འགྲོ་རྒྱུ་མིན། ༧གོང་ས་མཆོག་གིས་དབུ་ཁྲིད་མི་དགོས་ཟེར་མཁན་བརྒྱ་ཆ་གཅིག་ཀྱང་འདང་གི་མ་རེད། སྐུ་མདུན་གྱི་ཞལ་ནས་ “ བོད་མི་ས་ཡ་དྲུག་གི་རྩ་བའི་བདེ་སྡིག་བློས་གཏོང་ཐབས་ཡོད་པ་མ་རེད་ ” གསུངས་པ་དེ་གཞི་རྩར་འཛིན་དགོས་པ་རེད་དྲན་ཡོད།
དྲི་བ། སྐུ་ཉིད་ཀྱིས་འདས་པའི་མི་ལོ་ ༤༠ རིང་བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་ནང་ཕྱག་ལས་གནང་བ་རེད། ད་ཆར་བསྐྱར་དུ་བཀའ་བློན་ཁྲི་པར་བསླེབ་པ་ཡིན་ན། དམིགས་བསལ་གྱི་ནུས་པ་ག་རེ་འཐོན་གྱི་རེད་དགོངས་ཀྱི་ཡོད་དམ།
ལན། བཀའ་བློན་ཁྲི་པ་གཅིག་པུའི་ངོས་ནས་རྩ་དོན་དང་འབྲེལ་བའི་སྲིད་བྱུས་དང་། གཞུང་གི་ལས་དོན་ཆེ་ཁག་ལ་འགྱུར་བ་གཏོང་རྒྱུའི་ནུས་པ་དང་དབང་ཚད་གང་ཡང་ཡོད་པ་མ་རེད། གལ་སྲིད་ངས་དེ་འདྲའི་སྒང་ལ་སྐད་ཆ་ཞིག་བཤད་ཁུལ་བྱས་པ་ཡིན་ན། དེ་ཧམ་བཤད་ཆགས་འགྲོ་བ་རེད། འཛམ་གླིང་ནང་གྲོས་ཚོགས་རང་བཞིན་གྱི་དམངས་གཙོའི་གཞུང་དང་། སྲིད་བློན་རང་བཞིན་གྱི་དམངས་གཙོའི་གཞུང་། སྲིད་འཛིན་རང་བཞིན་གྱི་དམངས་གཙོའི་གཞུང་སོགས་ཡོད། ད་ལྟའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་སྒྲོམ་གཞི་དེ་གྲོས་ཚོགས་རང་བཞིན་གྱི་དམངས་གཙོའི་འཛིན་སྐྱོང་རེད། བཙན་བྱོལ་གཞུང་གི་སྲིད་བྱུས་ཆེ་ཕྲ་གང་ཞིག་ཡིན་རུང་གྲོས་ཚོགས་ཀྱི་གཏན་འབེབས་འོག་ནས་འགྲོ་དགོས། གྲོས་ཚོགས་ཀྱིས་གང་གཏན་འབེབས་གནང་བ་དེ་ལག་ལེན་བསྟར་མཁན་བཀའ་ཤག་རེད། བཀའ་ཤག་གི་མགོ་ནས་འདུག་མཁན་བཀའ་བློ་ཁྲི་པ་རེད། དེར་བརྟེན། བཀའ་བློན་ཁྲི་པའི་ལས་འགན་གཙོ་བོ་དེ་འཛིན་སྐྱོང་སྐོར་རེད། བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེས་གཞུང་གི་སྲིད་བྱུས་མང་པོ་ཞིག་ལ་འགྱུར་བ་བཏང་བ་དེ་ཡང་གྲོས་ཚོགས་བརྒྱུད་ནས་ཡོང་བ་ཞིག་ཆགས་ཡོད། གྲོས་ཚོགས་ཀྱི་བཀའ་འཁྲོལ་མེད་པར་འཛིན་སྐྱོང་གིས་ཕྱག་ལེན་བསྟར་བ་ཞིག་ཡོང་ཐབས་ཡོད་པ་མ་རེད། བཀའ་བློན་ཁྲི་པའི་ངོས་ནས་སྔར་ཡོད་སྲིད་བྱུས་སྐབས་དང་དུས་ལ་བསྟུན་ཏེ་ལེགས་བཅོས་དང་། ཚགས་ཚུད་དུ་གཏོང་རྒྱུའི་འགན་དབང་ཡོད་པ་རེད།
དྲི་བ། སྐུ་ཉིད་ཀྱིས་ད་ཡོད་གཞུང་གི་སྲིད་བྱུས་གང་དག་ལེགས་བཅོས་དང་། གང་དག་ཚགས་ཚུད་དུ་གཏོང་དགོས་པར་མཐོང་གི་འདུག་གམ།
ལན། ཚགས་ཚུད་དང་ལེགས་བཅོས་གཏོང་དགོས་ས་གཙོ་བོ་གཅིག་ཤེས་ཡོན་སྐོར་རེད་བསམ་ཡོད། དེ་ཡང་སློབ་གྲྭ་ཆུང་ཚགས་ནས་མགོ་བརྩམ་དགོས་པ་ཞིག་རེད། འདི་ལ་གཞུང་ཙམ་མ་ཡིན་པར་མང་ཚོགས་ཀྱི་མཉམ་རུབ་དང་ཕ་མའི་རྒྱབ་སྐྱོར་དགོས་པ་རེད། དེ་ནས་བོད་སྤྱི་བའི་སྒྲིག་འཛུགས་ཚགས་ཚུད་དུ་གཏོང་རྒྱུ་ཡོད་པ་རེད། སྤྱི་བའི་སྒྲིག་འཛུགས་ཟེར་བ་དེ་སྤྱི་ཚོགས་ཀྱི་སྒྲིག་འཛུགས་ཟེར་གྱི་ཡོད། གཞིས་ཆགས་ཁག་དང་ཁ་ཐོར་བོད་མི་རྣམས། ཕྱི་རྒྱལ་ཁག་གི་བོད་མིའི་སྒྲིག་འཛུགས་སོགས་ཚགས་ཇེ་ཚུད་དུ་བཏང་སྟེ། སྐྱོན་གནས་གང་དུ་ལྷག་ཡོད་ན་མང་ཚོགས་དང་གོ་བསྡུར་བརྒྱུད་བོད་གཞུང་གི་ངོས་ནས་མཐུན་འགྱུར་རོགས་རམ་གང་དགོས་དུས་ཐོག་ལ་འཁྱོལ་ཐུབ་པ་བྱ་དགོས་པ་རེད་དྲན་ཡོད། བོད་ནང་གི་གནས་ཚུལ་དུས་ཐོག་ལ་རྒྱལ་སྤྱིའི་སྡིངས་ཆར་བསྐྱལ་རྒྱུ་དང་། ཕྱི་རྒྱལ་རོགས་ཚོགས་དེ་འདྲ་ལ་འབོད་སྐུལ་ཞུས་ཏེ། དངུལ་དངོས་གང་ཞིག་ཡིན་རུང་བོད་ནང་གི་ཤེས་ཡོན་དང་འཕྲོད་བསྟེན། ཁོར་ཡུག་བཅས་ཀྱི་ཐོག་ལ་འཁྱོལ་ཐབས་ལ་འབད་བརྩོན་ཞུ་རྒྱུ་དེ་ཚོ་གལ་ཆེན་རེད་དྲན་ཡོད།
དྲི་བ། བོད་པ་ཕྱི་རྒྱལ་ཁག་ཏུ་གཏོང་བའི་ཐད་སྤྱི་ཚོགས་ནང་གླེང་སློང་སྣ་ཚོགས་ཤིག་ཡོད་པ་རེད། མི་འགྱངས་ཡང་བསྐྱར་བོད་པ་ཆིག་སྟོང་ཙམ་ཁེ་ན་ཌར་གཏོང་འཆར་ཡོད་སོགས་ཀྱི་ཐད་གཟིགས་ཕྱོགས་གང་འདྲ་ཡོད་དམ།
ལན། ཕྱི་རྒྱལ་ཁག་གི་བོད་རིགས་ཚོས་ཐོག་ལ་ཡང་ལྟ་སྟངས་རིགས་གཉིས་ཡོང་གི་ཡོད་ཀྱང་། ང་རང་གིས་བོད་པ་ཕྱི་རྒྱལ་དུ་འགྲོ་བར་སྐྱོན་ཆ་ཆེན་པོར་མཐོང་གི་མེད། ང་རང་ལོ་བརྒྱད་དགུའི་རིང་ཕྱི་རྒྱལ་དུ་བསྡད་པའི་ཉམས་མྱོང་ལ་གཞིགས་ན། བོད་པ་ཕྱི་རྒྱལ་དུ་འགྲོ་བ་དེ་འགོག་ཐུབ་པ་ཞིག་མ་རེད་ལ། འགོག་དགོས་པ་ཞིག་ཀྱང་མ་རེད། ཡུལ་དུས་ཀྱི་དགོས་མཁོ་དང་བསྟུན་ཏེ་ཕྱི་རྒྱལ་ཁག་ལ་དངུལ་འཚོལ་དུ་འགྲོ་བ་དང་སློབ་སྦྱོང་བྱེད་དུ་འགྲོ་བ་སོགས་འགྲིག་བསྡད་ཡོད་པ་རེད། གནད་དོན་གཙོ་བོ་གང་རེད་ཟེར། གཞུང་འབྲེལ་གྱིས་བཏང་བའི་རིགས་འཆར་གཞི་ཡག་པོ་དང་། ཕར་ནས་ཀྱང་སྒྲིག་འཛུགས་ཚགས་ཚུད་ཅིག་བཟོ་རྒྱུ་གལ་ཆེན་པོ་རེད་ལ། སྒེར་ངོས་ནས་ཕེབས་མཁན་ཚོ་ཡང་བོད་སྤྱི་བའི་སྒྲིག་འཛུགས་ཤིག་གི་འོག་ཚུད་ཐབས་བྱ་རྒྱུ་གལ་ཆེན་རེད། འོན་ཀྱང་སྒྲིག་འཛུགས་ཤིག་ཡོད་པ་ཙམ་མ་ཡིན་པར་བོད་གཞུང་དང་འབྲེལ་བ་ཡག་པོ་ཡོད་པ་དང་། སྒྲིག་འཛུགས་ཁག་ཕན་ཚུན་བར་འབྲེལ་ལམ་ཡག་པོ་ཡོད་པ་ཞིག་བྱུང་ན། འཛམ་རྒྱལ་ཁབ་ཁག་ནང་བོད་པ་ག་ཚོད་ཕྱིན་ཡང་སྒྲིག་འཛུགས་ག་ཚོད་མང་པོ་ཆགས་ཀྱང་། དེ་བོད་པའི་སྟོབས་ཤུགས་རེད་མ་གཏོགས་གནོད་སྐྱོན་དུ་འགྲོ་བ་མ་རེད་དྲན་ཡོད།
དྲི་བ། གལ་སྲིད་སྐུ་ཉིད་ལ་བཀའ་བློན་ཁྲི་པའི་རྒྱལ་ཁ་ཐོབ་པ་ཡིན་ན། བཀའ་ཤག་གི་སྒྲོམ་གཞིའི་ཐད་འཆར་གཞི་གསར་པ་ཡོད་མེད་དང་། ཕྱག་རོགས་བཀའ་བློན་རྣམས་ཇི་ལྟར་བསྐོ་བཞག་བྱ་འདུན་ཡོད་དམ།
ལན། ད་སྔ་སྒྲིག་འཛུགས་ཀྱི་སྒྲོམ་གཞི་ལ་འགྱུར་བ་གཏོང་དགོས་པ་དེ་འདྲ་མཐོང་གི་མི་འདུག ད་ལྟ་ཡོད་བཞིན་པའི་སྒྲིག་འཛུགས་ཁག་ཚགས་ཚུད་དུ་བཏང་སྟེ། གཞུང་དང་དམངས་ཀྱི་བར་ཐག་ཇེ་ཉེར་གཏོང་དགོས་ས་ཁ་ཤས་འདུག་དྲན་ཡོད། འདི་ལ་གཞུང་གི་སྲིད་བྱུས་ཁག་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པ་མང་ཚོགས་ཀྱིས་གསལ་བོར་ཧ་གོ་བ་ཞིག་བཟོ་དགོས་པ་རེད། བཀའ་བློན་བསྐོ་བཞག་བྱེད་ཕྱོགས་ཐད། ང་ཚོའི་སྤྱི་ཚོགས་ནང་འདས་པའི་ལོ་མང་པོའི་ཉམས་མྱོང་དང་མཁྱེན་ཡོན་ཡོད་མཁན་མང་པོ་ཡོད་པ་རེད། དེ་དག་གཞུང་གི་སྲི་ཞུ་བའི་ནང་ཡོད་པ་རེད་ལ། སྤྱི་བའི་སྒྲིག་འཛུགས་ཁག་དང་། སྤྱི་ཚོགས་ཀྱི་ལས་རིགས་སོ་སོ་ན་ཡང་ཡོད་པ་རེད། གལ་ཆེ་ཤོས་མ་འོངས་པའི་བཀའ་བློན་ཚོ་ལས་རིགས་སོ་སོའི་ཐོག་ཉམས་མྱོང་དང་མཁྱེན་ཡོན་ཏོག་ཙམ་ཡོད་མཁན་ཡིན་ན་ལས་དོན་ཚགས་ཚུད་ཡོང་གི་རེད་དྲན་ཡོད། བཀའ་ཤག་གི་ལས་དོན་གལ་ཆེ་ཤོས་ཤིག་གང་རེད་ཟེར་ན། རྒྱ་ནག་ལ་འབྲེལ་བ་བྱེད་ཕྱོགས་དེ་རེད། འདིའི་ཐད་ད་དུང་ཤུགས་ཆེ་རུ་གཏོང་དགོས་ས་ཡོད་པ་རེད་དྲན་ཡོད། ད་ལྟ་རྒྱ་ནག་ནང་འགྱུར་བ་ཧ་ལས་པ་འགྲོ་བཞིན་ཡོད། དེ་དག་ང་ཚོས་གསལ་བོ་ཧ་གོ་བའི་ཐོག་ནས་བབ་བསྟུན་གྱི་ལས་དོན་རྩོམ་ཕྱོགས་དང་འབྲེལ་ལམ་འཛུགས་ཕྱོགས་ལ་བློ་རིག་བསྒྲིམས་ཏེ། སྒྲིག་འཛུགས་གསར་པ་འཛུགས་རྒྱུ་དང་མི་སྣ་གསར་པ་བསྐོ་བཞག་བྱ་དགོས་ས་ཁ་ཤས་ཏན་ཏན་འདུག་དྲན་ཡོད།
དྲི་བ། བོད་རྒྱའི་གནད་དོན་ཐད་འདས་པའི་ལོ་མང་རིང་གི་ཉམས་མྱོང་ལ་ཞུགས་ཏེ། མ་འོངས་པར་ལངས་ཕྱོགས་དང་ལས་དོན་གསར་པ་གང་འདྲ་ཞིག་ལག་ལེན་བསྟར་དགོས་པར་དགོངས་ཀྱི་ཡོད་དམ།
ལན། ང་ཚོའི་རྩ་དོན་སྲིད་བྱུས་ལ་འགྱུར་བ་མང་པོ་ཞིག་ཕྱིན་ཏེ། ད་ཆར་དབུ་མའི་ལམ་ལ་འགྲོ་བསྡད་ཡོད་པ་རེད། འདི་ནི་རྒྱ་ནག་དང་རྒྱལ་སྤྱིའི་འཕྲལ་སེལ་གྱི་འགྱུར་འགྲོས་ཙམ་ལ་བལྟས་ཏེ་བཟོས་པ་ཞིག་མ་རེད། བོད་མི་ས་ཡ་དྲུག་གི་ཕུགས་རྒྱང་རིང་པོའི་བདེ་རྩ་ལ་དགོངས་པ་བཞེས་པ་ཞིག་རེད་ལ། ལྷག་པར་དུ་གཞིས་བཞུགས་རྒྱ་ཆེའི་མི་མང་གི་རེ་འདུན་དང་། བོད་མིའི་བདེ་སྡུག་ལ་རླབས་ཆེན་གྱི་བྱས་རྗེས་བཞག་མྱོང་བ་པཎ་ཆེན་སྐུ་གོང་མ་དང་། ད་ལྟ་བཞུགས་བཞིན་པའི་འབའ་པ་ཕུན་ཚོགས་དབང་རྒྱལ། གཞན་བོད་མི་རིགས་དང་རྩ་དོན་མ་བརྗེད་པའི་ཐོག་ནས་རྒྱ་ནག་གཞུང་ནང་ཕྱག་ལས་ཡུན་རིང་གནང་མྱོང་མཁན་མང་པོ་ཞིག་གི་དགོངས་གཞི་ཕྱོགས་བསྡོམས་བྱས་ཏེ། ད་ལྟའི་སྲིད་བྱུས་འདི་བདམས་པ་རེད། ང་ཚོས་སྲིད་བྱུས་འདི་རྒྱུན་འཁྱོངས་བྱ་རྒྱུའི་འགན་འཁྲི་ཆེན་པོ་ཡོད་པ་རེད། འདི་རྒྱུན་འཁྱོངས་བྱེད་པར་རྒྱ་ནག་དམར་པོའི་གཞུང་གི་དབུ་ཁྲིད་ཚོ་དང་བཀའ་མོད་རྒྱུ་དེ་བརྒྱུད་ལམ་གཅིག་རེད། བརྒྱུད་ལམ་གཉིས་པ་རྒྱ་ནག་མི་དམངས་ལ་བོད་རྒྱའི་གནད་དོན་ངོ་མ་གང་ཡིན་དང་། ང་ཚོའི་རེ་འདུན་མཐར་ཐུག་དེ་ངོ་སྤྲོད་བྱས་ཏེ། རྒྱ་ནག་མི་མང་དུང་ཕྱུར་བཅུ་གསུམ་གྱིས་ང་ཚོར་བརྒྱབ་སྐྱོར་ཡོང་ཐབས་བྱ་རྒྱུ་དེ་ཤིན་ཏུ་གལ་ཆེན་རེད། གཞུང་འབྲེལ་གྱི་བརྒྱུད་ལམ་ཐད། ལོ་བཅུ་གྲངས་ཀྱི་ཉམས་མྱོང་གཞི་ལ་བཞག་སྟེ་ད་ལྟའི་སྐུ་ཚབ་གཉིས་ཡག་པོར་མཐོང་གི་ཡོད། དེ་མིན་༧གོང་ས་མཆོག་ལ་ཡིད་ཆེས་དད་པ་ཡོད་མཁན་རྒྱལ་ཁབ་རིམ་པའི་སྲིད་འཛིན་དང་སྲིད་བློན། ཉམས་ཞིབ་པ་དང་མཁས་དབང་། རྒྱ་རིགས་རྩོམ་པ་པོ་སོགས་ཀྱང་ང་ཚོའི་བརྒྱུད་ལམ་གལ་ཆེན་ཞིག་ཆགས་ཡོད།
དྲི་བ། བཙན་བྱོལ་སྤྱི་ཚོགས་ཀྱི་གཞིས་ཆགས་ཁག་སྲ་བརྟན་ཡོང་ཐུབ་ཀྱི་མེད་པ་དང་། ན་གཞོན་མང་པོ་ཞིག་ལས་མེད་དུ་ལྷག་ཡོད་པའི་དཀའ་ངལ་འདི་རིགས་སེལ་རྒྱུར་ཐབས་ལམ་འདྲ་མཐོང་གི་འདུག་གམ།
ལན། འདིའི་ཐད་ང་ལ་སྔོན་མ་ནས་སེམས་འཚབ་ཆེན་པོ་ཞེ་དྲག་ཡོད། ཚིག་ཁ་ཤས་ནང་བཤད་ཐུབ་པ་ཞིག་མ་རེད། ང་ལྡི་ལི་དོན་གཅོད་ཡིན་སྐབས། ན་གཞོན་ལས་མེད་ཚོར་ལས་ཀ་འཚོལ་བའི་སྒྲིག་འཛུགས་བཙུགས་པ་དང་། ད་ཆར་ཚོགས་པ་དེ་ཡག་པོ་ཆགས་འདུག སྐབས་དེར་ལྡི་ལི་ཁུལ་གྱི་བོད་པའི་ཟ་ཁང་ཚོང་ཁང་ཚོར་ལས་ཀ་ཡོད་ན་བོད་པའི་གཞོན་སྐྱེས་ཚོར་སྤྲད་རོགས་ཟེར་ནས་འབོད་སྐུལ་ཞུས་པ་ཡིན། མཐོ་རིམ་སློབ་གྲྭ་ཐོན་ཡོང་སྐབས་ཤེས་ཡོན་ཡོད་པ་ཙམ་གྱིས་ཡོང་གི་མི་འདུག ལས་ཀ་འཚོལ་ཕྱོགས་སྐོར་གྱི་ཟབ་སྦྱོང་སྤྲོད་དང་ལམ་སྟོན་བྱ་རྒྱུ་གལ་ཆེན་པོ་རེད། ས་གནས་གཞན་དུའང་ན་གཞོན་ལས་མེད་ཀྱི་ཚོགས་པ་འཛུགས་རྒྱུ་གལ་ཆེན་པོ་རེད། མ་འོངས་པར་བོད་མི་ཚོར་ལས་འཚོལ་གྱི་ཤེས་བྱ་དེ་དམའ་རིམ་སློབ་གྲྭ་ནས་མགོ་འཛུགས་བྱས་ན་ཡག་པོ་ཡོང་ས་རེད་དྲན་ཡོད།
དྲི་བ། སྔོན་འགྲོའི་འོས་བསྡུའི་སྐབས་བློ་བཟང་སེང་གེ་ལ་ཨང་དང་པོ་དང་བཀྲས་མཐོང་ལ་ཨང་གཉིས་པ། རྒྱ་རི་སྒྲོལ་མར་ཨང་གསུམ་པ་བཅས་འོས་མི་དྲུག་གི་ཨང་རིམ་གྱི་ཐད་ནས་རྒྱ་ཆེའི་མང་ཚོགས་ཀྱི་གདམ་ཀ་དེར་མཐོང་ཚུལ་གང་འདྲ་བྱུང་སོང་ངམ།
ལན། དྲང་མོར་བཤད་ན་འདིའི་ཐད་ངས་བཤད་ཤེས་ཀྱི་མིད་འདུག དངོས་གཞིའི་སྐབས་སྔོན་འགྲོའི་འོས་ཤོག་གི་འགྲོ་སྟངས་ལྟར་ཕྱིན་ཡང་བསམ་འཆར་གང་ཡང་མེད། ཡག་པོ་རེད། ང་ཚོ་མི་གསུམ་གྱི་དོན་དག་མ་རེད། བོད་སྤྱི་བའི་དོན་དག་རེད་ཡག་ཉེས་ཀྱི་སྐད་ཆ་གང་ཡང་ལྷག་ཡོད་པ་མ་རེད། བརྩི་བཀུར་ཞུ་རྒྱུ་རེད། ང་ལ་མཚོན་ན། སྔར་བཀའ་ཤག་གཅུག་པུའི་ནང་ལོ་ ༡༧ ཙམ་ལ་ལས་ཀ་བྱས་པ་རེད། སྐབས་དེར་༧གོང་ས་མཆོག་གིས་ཐད་བསྐོའི་བཀའ་བློན་བསྐོ་བཞག་བྱས་པ་དང་། གྲོས་ཚོགས་ནས་འོས་འདེམས་བྱས་པ་སོགས་ང་ལ་ཞབས་ཞུ་བསྒྲུབ་རྒྱུའི་གོ་སྐབས་རག་རྒྱུ་ཡོད་ཚད་དེ་རག་ཚར་བ་རེད། ཐེངས་འདིར་ང་ལ་ངེས་པར་དུ་བཀའ་བློན་ཁྲི་པ་ཐོབ་དགོས་པའི་རེ་འདུན་ཆེན་པོ་མེད། མང་ཚོགས་ལ་ཐུགས་འདུན་ཡོད་ན་ངས་ཞབས་ཞུ་ཞུས་ཆོག་ཟེར་གྱི་ཡོད།
གསར་འགོད་པ། དོན་འགྲུབ་བཀྲ་ཤིས།
སྐུ་ངོ་མཆོག་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་ཆབ་གཅིག་ཚང་མས་བརྒྱབ་སྐྱོར་གནང་རོགས་གནང་།
བཀའ་ཟུར་བཀྲིས་དབང་འདུས་ལགས་ནི་་་ང་ཚོའི་མི་རིགས་དོན་དུ་ལས་ཀ་བྱེད་མཁན་བྱས་རྗེས་ཅན་གཅིག་ཡིན་པ་ཀུན་གྱིས་མཁྱེན་གསལ་རེད་་་་་དེས་ན་ཁོང་ལ་བསྟོད་བསྔགས་མེད་ནའང་དམན་ཚིག་ངན་པ་དེ་རྣམས་ཅུང་བཞག་རོགས་་་་མི་སོ་སོས་ཐོབ་ཐང་ལེན་པ་དེ་འཆུགས་ཡིན་ན་སྐྱོན་བརྗོད་མི་མཐུད་ནས་བྱོས་་་་་་དང་ཁྱོད་རང་ལ་ཡང་སྐྱོན་དེ་ཡོད་སྲིད་་་
གོ་ཅན་གྱི་ལན་ཞིག་གནང་འདུག རེ་བ་འོ་ཞིག་འདུག
གུས་པར་བཀུར་འོས་བཀའ་ཟུར་བཀྲིས་དབང་འདུས་ལགས་ནི་ཤེས་ཡོན་དང་། ཉམས་མྱོང་། ལྷག་བསམ་བཅས་ཕྱུག་པའི་མི་སྣ་ཞིག་ཡིན་སྟབས། དབུས་གཙང་མི་དམངས་ཀྱི་རེ་བ་ལྟར་དབུས་རྒྱུན་དང་། མང་གཙོ་ཚོགས་པ། བཀའ་ཁྲིའི་དྲ་རྒྱ་བཅས་ཀྱིས་ཐོག་དང་པོར་བཀའ་ཁྲིའི་འོས་གཞིར་བཞེངས་དགོས་པའི་རེ་བསྐུལ་ཞུས་ཡོད་ཀྱང་སྐབས་དེར་ཁོང་གིས་ང་རང་ལོ་ན་མཐོ་བ་དང་གཟུགས་པོ་ཐང་ཐང་མེད་སྟབས་ངོས་ལེན་མེད་ཅེས་ལན་བཏབ་ཡོད།
དེར་བརྟེན་བཀའ་ཟུར་བཀྲས་མཐོང་ལགས་ཀྱིས་ཁོང་བཀའ་ཁྲིའི་འོས་གཞིར་མ་བཞེངས་ན་ངས་དབུས་གཙང་མི་དམངས་ཀྱིས་མངོན་འདོད་ལྟར་འོས་གཞིར་ལངས་ཀྱི་ཡིན་ཞེས་ཞལ་བཞེས་དང་ལེན་གནང་ཡོད།
དེར་བརྟེན་བཀྲིས་དབང་འདུས་ལགས་ཀྱིས་འོས་གཞིར་མ་བཞུགས་པའི་དབང་གིས་ཁོང་ལ་དགའ་བའི་འོས་མི་མང་དག་གཅིག་གིས་ཐ་མ་དེར་བཀའ་ཟུར་བཀྲས་མཐོང་ལགས་དང་བློ་བཟང་སེང་གེ་ལགས་གཉིས་སུ་འོས་བླུགས་པའི་དབང་གིས་ཁོང་གཉིས་རྩེར་གཏོགས་སོན་ཐུབ་ཡོད།
སྔོན་འགྲོའི་འོས་གཞི་དེས་ད་ཆ་བཀའ་ཟུར་བཀྲིས་དབང་འདུས་མཆོག་ལ་འོས་ཐོབ་མི་ཐུབ་པའི་རྒྱུ་མཚན་ར་སྤྲོད་གསལ་པོ་བྱས་ཡོད། གང་ལ་ཞེ་ན་རྒྱ་རི་སྒྲོལ་མ་ལགས། བསོད་ནམས་སྟོབས་རྒྱལ་ལགས། བསྟན་འཛིན་སྦྱིན་པ་ལགས། སྤེན་པ་ཚེ་རིང་ལགས་བཅས་ཀྱིས་སོ་སོར་འོས་ཤོག་མི་ཐོབ་པའི་རྒྱུ་མཚན་གྱིས་ངོས་ལེན་ཐོག་དགོངས་ཞུ་གནང་ཡོད།
གང་ལ་ཟེར་ན་ད་ཆ་བཀྲས་མཐོང་དང་བློ་སེང་རྣམ་གཉིས་ལ་མང་མོས་འོས་ཤོག་བླུགས་ཐུབ་ན་འོས་གྲངས་ཁ་ཐོར་དུ་མི་འགྲོ་བ་དང་། བཀའ་ཁྲིའི་རྒྱལ་ཁ་ཐོབ་མཁན་གྱིས་མི་དེར་ཡང་མང་མོས་ཀྱིས་འོས་ཤོག་རྒྱ་ཆ་ཚད་ལོང་དང་། དགའ་སྤོབས་གཅིག་བསྟེར་ངེས་ཡིན།
ཐེངས་འདིར་བཀྲིས་དབང་འདུས་ལགས་ལ་བཀའ་ཁྲིའི་རྒྱལ་ཁ་ཐོབ་པའི་རེ་བ་མེད་ཀྱང་དེས་བློ་སེང་དང་བཀྲས་མཐོང་གཉིས་ཀྱི་འོས་ཤོག་ཅུང་ཟད་ཁ་གཏོར་གཏོང་རྒྱུ་ལས་གཞན་ཅི་ཡང་མི་ཕན།
བཀའ་ཁྲིར་ལངས་འདོད་ཡོད་ན་བློ་སེང་དང་བཀྲས་མཐོང་གཉིས་ལྟར་མི་དམངས་ཀྱི་མདུན་དུ་སོ་སོའི་འཆར་གཞིའི་དང་མི་དམངས་ཀྱི་མངོན་འདོད་ལྟར་མི་དམངས་ལ་བརྩིས་བཀུར་དང་རང་ཉིད་ལ་རྒྱལ་ཁ་ཐོབ་ཆེད་མི་དམངས་ཀྱིས་བློ་སེམས་དང་བསྟུན་ཏེ་བསྐོར་བསྐྱོད་དང་གཏམ་བཤད་བཅས་ངེས་པར་བྱེད་དགོས་པ་ལས་་་་་ང་ལ་དུས་ཚོད་མེད།་་་་་་ང་ལ་དངུལ་མེད།་་་་ཅེས་གསུངས་ན་འོ་ན་བློ་སེང་དང་བཀྲས་མཐོང་ལ་་་་་་་སུས་དུས་ཚོད་སྤྲོད་ཀྱི་ཡོད་དམ་་་་སུས་ཁོང་གཉིས་ལ་དངུལ་སྤྲོད་ཀྱི་ཡོད་དམ་་་
བཀྲིས་དབང་འདུས་ལགས་ཀྱིས་ད་དུང་ང་ལ་བཀའ་ཁྲིའི་འོས་ཤོག་མ་ཐོབ་ཀྱང་ཡིན་ཅི་ཐོབ་དགོས་པའི་རྒྱུ་མཚན་མེད་ངས་བཀའ་ཤག་ནང་ལོ་ངོ་༡༧ ཙམ་གྱི་རིང་ལས་ཀ་བྱས་སྟབས་ང་ལ་ཐོབ་དགོས་པ་ཚང་མ་ཐོབ་ཡོད་ཅེས་ད་དུང་བཀའ་མོལ་ཡ་མ་ཟུང་འདི་འདྲ་གནང་ནས་དོན་མེད་འོས་ཤོག་ཁ་གཏོར་དང་། འགན་ཁྲི་མི་འཁུར་བའི་གནས་བབ། ད་དུང་ཐོབ་དང་མ་ཐོབ་དབར་སེམས་འཚོར་ཅི་ཡང་མེད་པའི་བཀའ་མོལ་ཐབས་སྐྱོ་པོ་དེ་འདྲ་གནང་འདུག
གནད་དོན་དེ་ཚོར་དབྱེ་ཞིབ་ཡག་པོ་བྱས་ཏེ་ང་ཚོས་བཀྲས་མཐོང་དང་བློ་སེང་གཉིས་ལ་འོས་ཤོག་ངེས་པར་བླུགས་དགོས།
སྐུ་ངོ་བཀྲིས་དབང་འདུས་ལགས།སྐུ་ཉིད་སྐབས་གསུམ་པའི་བཀའ་བློན་ཁྲི་པའི་འོས་གཞིར་དངོས་སུ་་ཞུགས་པར་དགའ་བསུ་དང་འཚམས་འདྲི་བཀྲིས་བདེ་ལེགས་ཞུ་རྒྱུ་དང་།ངས་རེ་བ་ལ་སྐུ་ངོ་ཁྱེད་དང་བློ་བཟང་སེང་གེ་རྣམ་གཉིས་གང་རུང་ཞིག་ལ་སྐབས་གསུམ་པའི་བཀའ་ཁྲི་ཐོབ་པའི་རེ་བ་བྱེད་ཀྱིན་ཡོད།
ཨ་མའི་བུས་“ཉམས་མྱོང་རྒས་པོས་འཆུག་པ་”ཞེས་འགོ་བརྗོད་དུ་བཀོད་ཀྱང་གཤམ་དུ་ཕྱུག་པ་ཞེས་བཀོད་པས། ཞུ་འདོད་ཅི་ཡིན་ཆ་མ་རྟོགས་ཀྱང་། གལ་ཏེ་ཉམས་མྱོང་རྒས་པོས་འཆུག་པ་ཞེས་གསུང་གི་ཡོད་ན། ཉམས་མྱོང་མེད་མཁན་གྱིས་ཀྱང་དེ་བས་འཆུག་ངེས་ཡིན་པ་སྔོན་དཔག་བྱེད་ཐུབ་སྙམ།
ལར་ནས་ང་ཚོའི་འཐབ་རྩོད་ནི། ཁྲིམས་ཀྱི་འཐབ་རྩོད་གཙོ་བོ་མིན། བོད་ཀྱི་རྩ་དོན་དེ་ཁྲིམས་ཁང་དུ་སོང་ནས་ཐག་གཅོད་བྱེད་དགོས་པའི་རིགས་མ་རེད། ང་ཚོའི་འཐབ་རྩོད་ནི། ཆབ་སྲིད་ཀྱི་འཐབ་རྩོད་ཡིན། དེར་བརྟེན་ང་ཚོ་ལ་ཆབ་སྲིད་མཁས་པའི་མི་སྣ་དགོས། དེ་འབྲེལ་ཁྱད་ཆོས་ཚང་བ་ནི། བཀའ་ཁྲི་བཞེང་མཁན་གསུམ་ཁྲོད་ནས་བཀའ་ཟུར་བཀྲིས་དབང་འདུས་ལགས་གཅིག་པུར་མཆིས། དེ་ཡང་བཀའ་ཟུར་མཆོག་གིས་༡༩༦༨ ནས་ ༡༩༦༩ བར་དབྱིན་ལེནྜ་གྱི་ Abington མཐོ་ སློབ་ཏུ་སློབ་སྦྱོང་གནང༌བ་མ་ཟད། ༡༩༧༠ ནས་ ༡༩༧༣ བར་དབྱིན་ལེནྜ་གྱི་Durhamགཙུག་ལག་སློབ་ཁང་དུ་ཆབ་སྲིད་རིག་པ་དང་སྤྱི་ཚོགས་རིག་པའི་ཉེ་བའི་རབ་འབྱམས་པ་ཁྱད་པར་བའི་(BA Honours)ཕྱག་འཁྱེར་བཞེས་ཡོད། སོང་ཙང་ཁྱད་ཆོས་དེ་ལ་རིན་ཐང་འཇོག་དགོས་པར་མཐོང་།
གཟུར་གནས་བློ་ལྡན་རྣམས་ཀྱིས་དཔྱད་འཚལ་ལོ།
སྐུ་ངོ་ལགས་དངོས་སུ་བཀའ་ཁྲིའི་འོས་མི་ལངས་པ་དགའ་བསུ་ཞུ་
རྗེས་ཕྱོགས་ལས་དོན་གང་ཞིག་ཡིན་ཡང་འདྲ་མཉམ་གནང་རྒྱུ་གལ་ཆེན་པོ་འདུག
བཀའ་ཟུར་ལགས་། སྐུ་ཉིད་ལ་བཀའ་ཁྲིའི་འོས་ཐོབ་བྱུང་ན་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང། གལ་སྲིད་འོས་མ་ཐོབ་ཀྱང་བོད་སྤྱི་པའི་ལས་དོན་ལ་སྔར་ལྷག་གི་འབད་བརྩོན་དང་ཆབ་ཅིག་གསར་དུ་ཕེབས་པའི་བཀའ་ཁྲི་ལགས་སུ་རྒྱབ་སྐྱོར་བྱ་རྒྱུའི་རེ་བ་ནན་མོ་འདོན་རྒྱུ་ཡིན།
ཧཧ་ཨ་མའི་བུ་ཤ་ཚར་
ཁྱེད་ཀྱིས་ད་ལྟར་བར་དུ་མི་རབས་རྒན་པ་ཉམས་མྱོང་ཅན་དགོས་ཟེར་ནས་སྡུག་སྐད་རྒྱབ་།
ད་ཡང་ཉམས་མྱོང་རྒན་པོའི་ནོར་འདུག་ཟེར་བ་ཁྱེད་ར་གཟི་ཙམ་ལས་གཞན་མ་མཐོང་ལགས་།
མ་ཤེས་ན་ང་ལ་དྲི་
བཀྲ་ཤིས་དབང་འདུས་ལགས་མཚམས་འདྲི་ཞུ་།
བཀྲས་མཐོང་ཚང་གི་ཟ་འདྲེ་དགོངས་པ་ཞུ་ན་བཟང་། བཀྲ་ཤིས་དབང་འདུས་དང་བློ་བཟང་སེང་གེ་གཉིས་འགྲེན་རྩོད་བྱས་ནས་སུ་ལ་འོས་ཐོབ་ན་མ་འོང་བཀའ་ཁྲི་འོས་སོ་།
ད་ལྟ་ང་ཚོ་ལ་རླབས་ཆེ་བའི་མི་སྣ་ལྔ་ཡོད།
༡ སྐུ་ངོ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ།
༢ སྐུ་ངོ་བཀྲ་ཤིས་དབང་འདུས།
༣ སྐུ་ངོ་འབྲོང་ཆུང་དངོས་གྲུབ།
༤ སྐུ་ངོ་ཡོ་རོབ་སྐུ་ཚབ་འབའ་བ་སྐལ་བཟང་རྒྱལ་མཚན།
༥ ལྕམ་རྒྱལ་རི་སྒྲོལ་མ་བཅས་སོ།།
ཁོང་དག་ནི་རང་རེའི་བཙན་བྱོལ་སྤྱི་ཚོགས་ཀྱི་ནང་ཁུལ་ལ་ཚ་སོབ་སོབ་བཟོ་མཁན་གྱི་རླབས་ཆེན་མི་སྣ་དག་ཡིན་ལ། སྐབས་འདིའི་བཀའ་བློན་ཁྲི་བར་འོས་པའི་མི་སྣ་ཤ་སྟག་ཡིན། འདས་པའི་དུས་བབ་ཀྱིས་འོས་སྦྱོར་བྱས་པའི་ལོ་རྒྱུས་སོགས་ལས་ཀྱང་ཟུར་ཙམ་ཤེས་ནུས་སོ།།
༣ ༽ ཉམས་མྱོང་རྒས་པོས་འཆུག་པ།
བཀའ་ཁྲིའི་འོས་གཞིའི་ནང་ནས་ནོར་འཁྲུལ་ཆེ་ཤོས་བྱེད་མཁན་ནི། ཤེས་ཡོན་དང་ཉམས་མྱོང་གིས་ཕྱུག་པའི་བཀའ་ཟུར་བཀྲ་ཤིས་དབང་འདུད་ལགས་རེད། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་དང་དབུས་གཙང་ཆོལ་ཁའི་ཚོགས་པ་གཉིས་ཀས་བཀྲ་ཤིས་དབང་འདུད་ལ་བཀའ་ཁྲིའི་འོས་གཞིར་ལངས་རོགས་ཞུ་དུས། ཁོང་གིས་ཁས་ལེན་གནང་མེད། འོན་ཀྱང་འོས་ཤོག་དངོས་སུ་བསྡུ་ཁའི་ཉིན་ཤས་ཀྱི་སྔོན་དུ་ཁོང་གིས་བསམ་བཏང་དྲན་སྐྱེད་ལྟ་བུས་འོས་གཞིར་ལངས་པ་རེད། དེས་དེ་སྔོན་ཁོང་ལ་བློ་གཅིག་སེམས་གཅིག་གིས་རྒྱབ་སྐྱོར་བྱེད་མཁན་མི་མང་པོར་ཁོང་ཁྲོ་བསླངས་ཤིང་མཇུག་འབྲས་ནི་ད་ལྟ་ཀུན་གྱིས་མཐོང་ཐུབ་པ་དེ་རེད། གལ་སྲིད་ཁོང་གིས་ཐོག་མ་ནས་འོས་གཞིར་ལངས་ཡོད་ཚེ། འོས་གྲངས་མཐོ་ཤོས་ཀྱི་གྲས་སུ་སླེབས་རྒྱུར་ཐེ་ཚོམ་མེད། ད་ཆ་ཁོང་གི་མདུན་དུ་ཐོབ་རེ་མེད་པའི་བཀའ་ཁྲིའི་གོ་གནས་དེའི་ཆེད་དུ་སྐུ་ཚབ་དོན་གཅོད་ཀྱི་ཞབས་སྟེགས་དེ་འཇོག་དགོས་མིན་གྱི་དྲི་བ་སླེབས་ཡོད། ལན་ནི་ཧ་ཅང་གསལ་པོ་རེད། དོན་གཅོད་ཀྱི་ཞབས་སྟེགས་དེ་འཇོག་གི་མ་རེད། བཞག་ན་དངོས་གནས། གཞོན་པའི་ཤེད་ལས་རྒད་པོའི་ཇུས་ཆ་བཟང་།། ཞེས་པའི་ལེགས་བཤད་དེར་སྒྱུར་བཅོས་བྱེད་དགོས།
སྐུ་འོས་བཀའ་ཟུར་བཀྲ་ཤིས་དབང་འདུས་མཆོག་ལ་བཅོས་མིན་བསྔགས་བརྗོད་དང་སྐུ་ཉིད་བཀའ་ཁྲི་མ་གནང་ནའང་བཀའ་བློན་ཅིག་ངེས་པ་ཏུ་གནང་རོགས་
བཀྲིས་དབང་འདུ་གཞིས་ཆགས་འགྲོ་ཐུབ་ནི་མ་རེད།
ཁོང་གི་ཀླད་པ་སྐྱོན་ཤོར་ཡོད་རེད།
མི་མང་བོས་སྐུ་ངོ་བཀྲིས་དབང་འདུས་ལ་སྐབས་གསུམ་པའི་བཀའ་བློན་ཁྲི་བའི་རྒྱལ་ཁ་ཐོབ་པར་ཚོད་དཔག་བྱེད་ཀྱི་འདུག སྔོན་འགྲོའི་འོས་བསྡུ་དང་དངོས་གཞི་གཉིས་ལ་ཁྱད་པར་ཆེན་པོ་ཤོར་ངེས་དང་། བློ་སེང་ཐོབ་པའི་གདེང་ཚོད་ཡོངས་སུ་བཟུང་བ་ནོར་འཁྲུལ་རེད་ཟེར་མཁན་ཡང་འདུག སྔོན་འགྲོ་ནི་བློ་བདེ་བར་བྱེད་པའི་ཐབས་ལམ་ཞིག་དང་དངོས་གཞི་ནི་དངོས་སུ་ལག་བསྟར་ལ་ཕབ་དགོས་པ་ཡིན་སྟབས། དེ་དུས་དངོས་སུ་འབར་སྲིད་པའི་ཚོད་དཔག་བྱེད་མཁན་འདུག
ཡང་གཅིག་བཤད་ན། མེལ་དཔེ་བཞག་ནའང་འབར་ཤུགས་ཀྱི་མེ་ལྕེ་ལས་གཏིང་གི་རོ་ལ་ནུས་པ་ལྡན་པ་ལྟ་བུའོ།།
གཞོན་སྐྱེས་མང་ཆེ་བས་བློ་སེང་ལ་མོས་འདུན་ཆེ་ཡང་། ད་དུང་བསམ་བློ་གཏང་དགོས་པའི་དུས་ལ་འབབ་འདུག ཨ་རི་ལྟ་བུར་མཚོན་ན། ཨ་རིའི་སྲིད་འཛིན་ནི་ལོ་གཞོན་ཞིག་ཡིན་པ་བདེན་པར་སོང་བ་དང་ཆབས་ཅིག དེ་གའི་གྲོས་ཚོགས་སུ་ཕྱག་ལས་གནང་བའི་ཉམས་མྱོང་ཡོད་པ་མ་ཟད། ཐམས་ཅད་ཀྱིས་ཁྲིམས་ཀྱི་སློབ་སྦྱོང་ཡོད་ན། འགྲོ་སྟངས་ཐམས་ཅད་ཤེས་ཀྱི་ཡོད་ཤག་གི་བསམ་ཚུལ་གྱི་ཆ་རྐྱེན་དང་ལྡན་པའི་སྲིད་འཛིན་ཞིག་ཏན་ཏན་ཡིན། འོན་ཀྱང་རྒྱལ་ཁབ་ཀྱི་སྲིད་འཛིན་དེ་ལས་སླ་པོ་ཞིག་མེད་པའང་ངེས་དགོས། ཨོ་བྷའི་སྲིད་འཛིན་སྐབས་སུ་ལེགས་ཆ་ལས་ཞན་བྱུང་རབས་ཤོད་མཁན་མང་ཙམ་ཡིན་པ་དངོས་གནས་ཡིན། ཞབས་ཕྱི་ཞུ་འདོད་ཀྱི་ཀུན་སློང་ཡང་དག་པ་ཞིག་ཡོད་ན། གཞུང་གི་སྲི་ཞུའི་ཁྲོད་དུ་ཆེད་ལས་པའི་ལས་ཀའི་ཐོག་ནས་ཞབས་ཕྱི་ཞུ་ས་ཡོད། ད་བློ་སེང་ལགས་ཡིན་ན། དང་པོ་སྤྱི་འཐུས་སམ་བཀའ་བློན་ཞིག་ཏུ་ལངས་ཐབས་བྱེད་ས་རེད། དེ་ནས་བཀའ་ཁྲིར་ལངས་ན། སྔོན་གྱི་ཕྱག་ལས་ལ་ཚོད་དཔག་གིས་མི་མང་གིས་འོས་ཤོག་བརྒྱ་ཆ་ ༨༠ བརྒལ་ནས་བླུག་སྲིད། ཡང་དེའི་སྐབས་སུ་བྱབ་བསྐྱལ་ཡོད་ན། ད་ལྟའི་སྔོན་འགྲོའི་འོས་དེ་ཙམ་ཡང་ཐོབ་མི་སྲིད། ཕེབས་སྟངས་དེ་ཡ་ཡུད་ཙམ་རེད། རྗེས་མ་བཀའ་ཁྲིར་འཁོད་ན་ངུ་ཡང་མ་ཤོར་དགོད་ཀྱང་མ་ཤོར་བའི་གནས་ཚུལ་ཁྱད་མཚར་ཞིག་ཏུ་སླེབས་མི་སྲིད་པའང་མིན། བསམ་ཚུལ་ཡིན། ཚང་མས་གཞོན་པའི་ཡོན་ཏན་ལས་རྒན་པའི་བྱུས་ཟབ་ཅེས་པ་ལྟར། མནོ་བསམ་བཞེས་དགོས་སྙམ།
གཏམ་དྲང་མོའི་མདའ་འདྲ་བ་ཟེར་ན་འདི་འདྲ་ལ་ཟེར་བ་ཡིན་རྒྱུ་རེད།
མི་རྒན་པའི་ཁ་ལ་འོད་ཟེར་ཡོད་ཟེར་བ་རེད།་རྒན་རྒོན་ཁ་ལ་མ་ཉན་ན།་བྱེས་པ་རླུང་གི་འཁྱེར་གཉེན་ཡོད་ཞེས་པ་གོ་ཨེ་མྱོང་། ན་གཞོན་ཚོ། མི་ལོ་ལྔ་བཅུའི་རིང་བསྒྲུབ་མ་ཐུབ་པ་ཞིག་བྱེད་རྒྱུ་བསྒྲུབ་རྒྱུ་ཡིན་ཞེས་ཚིག་སྐམ་པོ་སྙན་མོ་དག་འུར་བསྒྲོགས་བྱེད་བཞིན་པས་རྗེས་སུ་འབྲང་བཞིན་པའི་ན་གཞོན་ཀླད་སྟོང་ཚོ། གལ་ཏེ་ཁྱེད་ཅག་གི་འདོད་དོན་བཞིན་བཀའ་ཁྲིར་སླེབ་ན།་ འདས་ཟིན་རྗེས་ཁོས་འདི་དང་དེ་དག་བྱེད་རྒྱུ་དང་བསྒྲུབ་རྒྱུ་གསུངས་སོང་་་་་་་འོན་ཀྱང་བྱས་མ་སོང་དང་བྱེད་གིན་མི་འདུག་ཞེས་མ་གསུངས་རོགས།་དེ་དུས་ཕྱེས་དྲག་པ་རེད་། ་
ངའི་ངོས་ནས་ཐོག་མར་ཁྱེད་ལ་བཀྲིས་བདེ་ལེགས་གྲངས་མེད་བཞུ་རྒྱུ་དང་ལྷན་་་་་་་་་་་་་་་་་་་་་་་་་་་་་་་ཁྱེད་ཉིད་ལྟ་བུའི་མི་རྒན་ཉམས་མྱོང་ཅན་ཞིག་ལ་བཀའ་འཁྲི་བྱ་རྒྱུའི་སེམས་ཤུགས་དེ་ད་དུང་ཡང་ཉམས་མེད་པར་ངོས་ནས་གུས་བརྩི་བཞུ་་་་་་་་་་་་་་་་་་་་་་་་་་་་ཡིན་ནའང་ད་ལྟའི་དུས་ཚོད་ཤིན་ཏུ་ནས་ཉག་ཕྲ་བའི་གནས་སྐབས་དེར་ངས་ལྟས་ཚེ་མཁས་པའི་དབང་པོ་བློ་ལ་བཀའ་ཁྲི་བྱ་རྒྱུའི་གོ་སྐབས་འཕུལ་ཐུབ་ན་ཡག་པོ་འདུག་སྙམ་མོ།
ཁྱེད་རང་བཞུགས་པས་བཀྲས་མཐོང་གི་འོས་ཤོག་ཉུང་དུ་འགྲོ་བ་ཐེ་ཚོམ་མེད་ལ། དེ་བས་ཀྱང་ཁྱོད་རང་མ་འོངས་པའི་བཀའ་བློན་ཁྲི་བ་མིན་པའི་བཀའ་བློན་གཞན་ཞིག་གི་གོ་གནས་ལ་ཡང་བསྐྱར་རེ་བ་འཛིན་གྱི་མེད་ན། བློ་སེང་ལ་དེ་འདྲའི་རྒྱབ་སྐྱོར་བྱེད་དོན་ཅི། འདི་ཡང་ཆབ་སྲིད་པའི་ལྷུ་ཚིགས་ཆུང་ཆུང་ཞིག་གི་འཁོར་སྟངས་སུ་བདག་གིས་བརྗོད་པར་འདོད་དོ།།
བཀུར་འོས་བཀའ་ཟུར་མཆོག་དྲ་ལམ་བརྒྱུད་མང་ཚོགས་ཀྱི་མདུན་དུ་ཕེབས་པར་འཚམས་འདྲིའི་བཀྲིས་བདེ་ལེགས་ཡོད། མང་ཚོགས་ནང་གཏམ་གླེང་ཟིན་པ་དང་འགྲོ་བཞིན་པ་ནི། བཀྲིས་དབང་འདུས་མཆོག་བཀའ་ཁྲིར་མི་མང་གིས་མངོན་འདོད་རེ་འདུན་བཞིན་དང་ཐོག་ནས་་བཞེངས་ཡོད་ན། ད་ལྟའི་འཆར་འོས་གྲངས་མང་ཤོས་ཀྱི་རྒྱལ་ཁ་དེ་ཁྱེད་པར་ཐོབ་ངེས་བཤད། ཁྱེད་ནི་དང་པོར་དྲང་པོ་དྲང་བདེན་ལས་ལྐོག་རུལ་སོགས་ཀྱི་དཀའ་རྙོག་རིགས་ཀྱི་ལོ་རྒྱུས་མེད་ཁར། དེའི་སྟེང་ཤེེས་འཇོན་མྱོང་ནུས་ལྡན་པ་སོགས་ཀྱི་དགེ་མཚན་མང་དག་ཅིག་གླེང་བཞིན་འདུག འོན་ཀྱང་སྐུ་ཉིད་བཀའ་ཁྲིའི་འོས་མིར་ཕྱིས་སུ་ཕེབས་པ་དེས། མང་ཚོགས་ནས་དེའི་རྒྱབ་ལྗོངས་ཀྱི་དགོས་པ་རྒྱུ་མཚན་སོགས་ཀྱི་ཚོད་དཔག་དཀའ་བས། ཆབ་སྲིད་ཀྱི་འགྲེལ་བཤད་མང་དག་ཅིག་འགྲོ་བཞིན་འདུག གང་ལྟར་མི་མང་གིས་ཐག་གཅོད་ཀྱི་རྣམ་དཔྱོད་ལ་བསྒུག་ནས་བསྡོད་རྒྱུ་ལས་གཞན་པའི་འགྲོ་ལམ་དམིགས་བསལ་བ་ཞིག་མེད་པར་མཐོང་། ཅིས་ཀྱང་ཁྱེད་ལ་རྒྱལ་ཁ་ཞིག་འཐོབ་དགོས་པར་འདོད། སྐུ་ཁམས་བཟང་། བོད་རྒྱལ་ལོ།།
བཀུར་འོས་བཀའ་ཟུར་བཀྲས་དབང་ལགས་སུ་གུས་བརྩི་ཞུ་བ་དང་སྦྲགས་རང་ཉིད་ཀྱི་བསམ་ཚུལ་ཚིག་འགའ་ཞུ་བར་འདོད།
ངའི་ངོས་ནས་བརྗོད་ན་གང་ཉིད་བཀའ་ཁྲིའི་འོས་མིར་བཞེངས་པ་དེ་ཅུང་ཕང་བ་ཞིག་རེད་འདོད།ད་བར་སྐུ་ཉིད་ཀྱི་བོད་གཞུང་གི་དཀྱིལ་འཁོར་དུ་ཕྱག་ལས་གནང་བའི་བརྒྱུད་རིམ་ནང་གྲུབ་འབྲས་ཆེན་པོ་མཐོན་ཡོད་པ་མ་ཟད་རྒྱ་ཆེའི་བོད་རིགས་སྤུན་ཟླ་རྣམས་ཀྱིས་ཀྱང་གང་ཉིད་ལ་བརྩི་མཐོང་ཆེན་པོ་བྱེད་ཀྱི་ཡོད་པ་དེ་དོན་དངོས་རེད།དེ་ཙམ་དུ་མ་ཟད་སྐྱབས་བརྗེ་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཀའ་བློན་མཛད་འཁུར་ཐོག་མར་བཞེས་སྐབས་དེ་སྔའི་བཀའ་བློན་བརྒྱད་ཀྱི་ནང་ནས་སྐུ་ཉིད་གཅིག་པོ་བརྩེ་རྟོགས་གནང་སྟེ་ལྡི་ལོ་དོན་གཅོད་ལ་བསྐོ་བཞག་མཛད་པ་རེད།རིམ་བཞིན་ཨ་རིར་ཕྱག་ལས་གནང་སྐབས་འབུར་མཐོན་གྱི་གྲུབ་འབྲས་བྱུང་བ་ཐོས་རྒྱུ་འདུག་ལ་མིག་སྔར་ཡོ་རོབ་ནང་རྒྱ་ནག་གི་ཤུགས་རྐྱེན་ཇེ་ཆེར་འགྲོ་བཞིན་ཡོད་མཁར་བོད་དོན་འཐབ་བརྩོད་ཀྱི་རྣམ་པ་དེ་ཡང་ཇེ་ཆུང་དུ་འགྲོ་གི་ཡོད་པའི་ཚོར་སྣང་ཞིག་ཡོང་གི་ཡོད་པ་རེད།དེར་བརྟེན་ཡོ་རོབ་ནང་བོད་དོན་མཐོར་འདེགས་ཆེད་སྐུ་ཉིད་ཨ་རི་ནས་མཆེད་འབོད་ཀྱིས་ཡོ་རོབ་དོན་གཅོད་ལ་བསྐོ་བཞག་གནང་ཡོད།དེར་བརྟེན་ཡོ་རོབ་ཁུལ་དུ་ཡོད་པའི་བོད་རིགས་མི་ཉུང་བ་ཞིག་གིས་སྐུ་ཉིད་ཡོ་རོབ་ནང་ཕེབས་རྗེས་བོད་དོན་ལ་སླར་ཡང་གསོན་ཤུགས་རྒྱས་པའི་ཕྱག་ལས་ཤིག་གནང་རྒྱུའི་རེ་བ་དང་ཡིད་ཆེས་བྱེད་ཀྱི་ཡོད། ངའི་ངོས་ནས་བརྗོད་ནས་སྐུ་ཉིད་ཀྱི་མཛད་འཕྲིན་རྒྱས་ས་དེ་རང་གཞུང་གི་གཞུང་ཚབ་་ཁག་རེད་འདོད་ཀྱི་ཡོད།
བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་ཀྱི་སྐུ་ཚེ་ཧྲིལ་པོ་བོད་མི་དམངས་གི་ཞབས་ཕྱི་ཞུས་འདུག་པས་སྙིང་ཁོང་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་བཞུ་རྒྱུ་ཡིན།།
བཀའ་ཟུར་བཀྲ་ཤིས་དབང་འདུས་མཆོག་ལ་བཀྲ་ཤིས་བདེ་ལེགས་ཞུ།
ཁྱོད་རང་གི་བསམ་དོན་འགྲུབ་པའི་རེ་བ་དང་སྨོན་ལམ་ཡོད་
ལོ་ངོ་བཞི་བཅུ་ལྷག་ཙམ་རིང་ལ་བོད་གཞུང་གི་ལས་ཀ་བྱེད་པ་དེ་ལ་ངེས་སེམས་
གཏིང་ནས་ཐུགས་རྗེ་ཆེ་ཞུ་གི་ཡོད།
ངོ་མ་མི་རྒན་པའི་སྐད་ཆར་ཉན་རྒྱུ་དང་། ཕྱུགས་རྒན་པའི་ཤ་ལ་བལྡད་རྒྱུད་ཡོད་གི་ཡཱ་་་་་་་་། ” སེམས་ལ་དྲན་ཚུལ་ཚང་མ་འཛིན་སྐྱོང་ནང་ལག་ལེན་བསྟར་ས་མེད་པ་དེ་ཡང་དངོས་ཡོད་གནས་ཚུལ་རེད། ང་ཡང་ན་གཞོན་གྱི་གོ་རིམ་བརྒྱུད་མྱོང་མཁན་ཞིག་རེད་ལ། སློབ་གྲྭའི་ཁོར་ཡུག་ཀྱང་འགྲིམ་མྱོང་མཁན་ཞིག་རེད། སྔོན་མ་ང་ལ་ཡང་དེ་འདྲའི་སེམས་ཚོར་དང་རེ་འདུན་མང་པོ་ཡོད་མྱོང་། ལྷག་པར་དུ་གཞུང་ཞབས་ཁོངས་གསར་དུ་ཞུགས་སྐབས། འདི་བྱ་དགོས་ཀྱི་འདུག དེ་བསྒྲུབ་དགོས་ཀྱི་འདུག་སྙམ་པའི་ཧམ་སེམས་མང་པོ་འཁོར་མྱོང་ཡོད་། འོན་ཀྱང་ལས་ཀའི་ནང་དངོས་སུ་ཞུགས་སྐབས་བྱེད་ཆོག་ཆོག་ཅིག་དང་། བསྒྲུབ་ཆོག་ཆོག་ཅིག་མེད་པ་དེ་དངོས་ཡོད་གནས་ཚུལ་རེད། ”
ད་དུང་ཁོང་གིས། ” བཀའ་བློན་ཁྲི་པ་གཅིག་པུའི་ངོས་ནས་རྩ་དོན་དང་འབྲེལ་བའི་སྲིད་བྱུས་དང་། གཞུང་གི་ལས་དོན་ཆེ་ཁག་ལ་འགྱུར་བ་གཏོང་རྒྱུའི་ནུས་པ་དང་དབང་ཚད་གང་ཡང་ཡོད་པ་མ་རེད། གལ་སྲིད་ངས་དེ་འདྲའི་སྒང་ལ་སྐད་ཆ་ཞིག་བཤད་ཁུལ་བྱས་པ་ཡིན་ན། དེ་ཧམ་བཤད་ཆགས་འགྲོ་བ་རེད། ” བཀའ་མོལ་འདི་རིགས་ཉམས་མྱོང་རྒན་པོའི་འབེན་གཏམ་རེད།
བཀའ་ཟུར་བཀྲ་ཤིས་དབང་འདུས་མཆོག་ལ་བཀྲ་ཤིས་བདེ་ལེགས་ཡོད།