(ལོ་གསར་པར་རྒྱ་ཆེའི་ཀློག་པ་པོ་དང་དྲ་གྲོགས་ཡོངས་ལ་བཅོས་མིན་གྱི་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིགའདས་དོན་ལ་ཕྱིར་དྲན་གྱིས་སེམས་ཚོར་རྗེན་པར་སྨྲ་བར་བྱའོ།།)
བདག་གི་དྲ་གྲོགས་ལྷན་རྒྱས་དང་། རྒྱ་ཆེའི་ཀློག་པ་པོ་ལྷན་རྒྱས་ལ་སྤྱི་ལོའི་ལོ་གསར་ལ་འཚམས་འདྲི་ཞུ་བ་དང་སྦྲགས། དེ་རིང་འདིར། ལོ་གསར་པའི་ནང་གོམ་པ་སྤོ་སྟངས་ཀྱི་གསལ་འདེབས་ཤིག་ཞུ་འདོད་བྱུང་ལ། དྲ་གྲོགས་ལྷན་རྒྱས་ནས་འདི་ཐད་གཞོགས་འདེགས་ཀྱི་ཡིད་ཆེས་དང་རེ་བ་མཉམ་བསྡེབས་ཀྱིས་ཞུ་བ་ལགས།
དེང་སྐབས་དྲ་བའི་བརྒྱུད་ལམ་ནས་བོད་ཀྱི་སྐད་ཡིག་གི་ཚེ་སྲོག་གི་ལང་ཚོ་དར་བཞིན་པའི་དུས་འདིར། བོད་ཕྱི་ནང་གཉིས་སུ་གཞུང་སྒེར་གྱི་བོད་ཡིག་དྲ་རྒྱ་ཇིི་སྙེད་ཡོད་ཅིང་། དེ་དག་གི་ཁྲོད་ཤེས་རིག་དང་། ཆབ་སྲིད། དཔལ་འབྱོར། ཁྲིམས་ལུགས། བརྡ་འཕྲིན། གསར་འགྱུར། པར་རིགས། གླུ་གཞས་ལ་སོགས་པའི་བརྗོད་གཞི་དང་། ཁྱབ་ཁོངས་མི་འདྲ་བ་ཇི་སྙེད་ཅིག་དང་། དེ་དག་གི་ཁྲོད་རྩོམ་པ་པོ་དང་། ཞིབ་འཇུག་པ། དཔྱད་བརྗོད་པ། སྙན་ངག་པ་སོགས་ཡིན་མིན་ལ་མ་བལྟོས་པར་རྩོམ་ཡིག་སྤེལ་མཁན་ནི་འཚང་ཁ་ཤིག་ཤིག་ཡིན་མིན་མི་ཤེས་ཀྱང་། རྩོམ་ཡིག་གི་ས་བཅད་ནི་སྟོང་པར་ལུས་པའི་དཀའ་ངལ་དེ་མེད་པར་སྣང་། ཡང་མང་པོ་ཞིག་ནི་རྒྱུན་གཏན་ནས་རྩོམ་ཡིག་རྒྱུན་མར་སྤེལ་བ་དང་། འགའ་ཞིག་གིས་གནད་འགག་གི་དུས་སུ་སྤྱི་ཚོགས་དཔྱད་བརྗོད་ཙམ་སྤེལ་བ། རེ་འགས་སྒྱུར་རྩོམ་རིགས་འདྲ་མིན་སྤེལ་བ། ལ་ལས་ ནི་ཉིན་ལྟར་རང་གི་ཚོར་འདུ་དང་འབྲེལ་བའི་རྩོམ་ལུས་མི་འདྲ་བའི་རྩོམ་ཡིག་གང་ མང་སྤེལ་བ་སོགས་གནངས་དང་གནང་མུས་ཚང་མས་བོད་ སྐད་ཡིག་གི་རྣམ་ཤེས་སྲོག་ཏུ་ཞུགས་པའི་རྩོམ་ལུས་ཀྱི་གར་སྟབས་སྣ་ཚོགས་སྒྱུར་བཞིན་ཡོད་པ་ནི་ཆེས་དགའ་འོས་པའི་ དོན་ཆེན་ཞིག་ཡིན། དེར་དུས་ནམ་ཡང་རྗེས་སུ་ཡི་རངས་དང་དགའ་གུས་ལྷན་དུ་ཞུ་ཡི་ཡོད།
ལྷག་པར་བརྡ་འཕྲིན་དུས་ རབས་ནང་། བོད་ཀྱི་སྐད་ཡིག་གི་ མདུན་ལམ་རྒྱ་ཇེ་ཆེ་དང་། བཀོལ་སྤྱོད་ཇེ་ཆེ། འཐུས་སྒོ་ཇེ་ཚང་དུ་བཏང་སྟེ། བོད་ཀྱི་སྐད་ཡིག་འདི་ ཉིད་འཛམ་གླིང་རང་བཞིན་གྱི་སྐད་ཡིག་ཏུ་མི་འགྱུར་ནའང་། བོད་མི་ཡོད་དོ་ཅོག་གིས་ ཐུགས་སྣང་དང་བཀོལ་སྤྱོད་གནང་རྒྱུ་ནི། བོད་མི་རིགས་སྤྱི་ལ་འཁྲི་བའི་ལས་འགན་ཞིག་དང་། ཡང་སྒོས་བོད་ཡིག་མཁྱེན་ མཁན་སྤྱི་དང་། བོད་ ཀྱི་སྐད་ཡིག་གི་ལམ་ནས་རྩོམ་ཡིག་འབྲི་མཁན་ཡོངས་ཀྱིས་འབད་པ་བརྒྱ་དང་བརྩོན་པ་ སྟོང་གི་ལམ་ནས་རང་ངོ་རང་ཤེས་གནང་སྟེ། རང་ཉིད་ཀྱི་ཚེ་སྲོག་ལྟར་གཅེས་སྐྱོང་གནང་དགོས་པ་ནི་གཡོལ་དུ་མེད་པའི་ལས་འགན་ཞིག་ཏུ་འཁུམས།
ཁོ་བོ་ནི་དྲ་ཐོག་ཏུ་ཡང་ཡང་མྱུལ་ཏེ་གསར་འགྱུར་དང་རྩོམ་རིགས་སོགས་གང་ཐུབ་ཀློག་ཁུལ་ བྱེད་མཁན་གྱི་ཀློག་པ་པོ་ལེ་ལོ་ཅན་ཞིག་ཡིན་ལ། མཚམས་རེ་རྩོམ་ཡིག་ཐར་ཐོར་རེ་བྲིས་ཏེ་རང་སེམས་རང་གིས་གསོ་ཁུལ་བྱེད་མཁན་ཞིག་ཀྱང་ཡིན། ཡང་ཀློག་ཞོར་འབྲི་ཞོར་དུ་བོད་ཀྱི་དུས་བབ་གཙོ་བོར་གྱུར་པའི་གསར་འགྱུར་བརྒྱུད་ལམ་ཁག་དང་། ཟིན་བྲིས་ཁག་གི་ནང་ཡིག་ནོར་ཆུང་ཚགས་རིགས་དང་། སྐབས་རེ་ཡིག་ནོར་ལ་བརྟེན་ནས་དོན་ཆེན་གོ་འཛོལ་ཡོང་ཉེན་གྱི་རིགས། ཐ་ན། རྩོམ་པ་པོའི་མིང་གི་དག་ཆ་ཚུན་ནོར་བའི་རིགས་ལ་ནོར་བཅོས་དང་། བསམ་འཆར་འབུལ་མཁན་གྱི་བསེ་རུ་ཟེར་བ་དེ་ཡིན། འདས་པའི་ལོ་ཟླའི་ནང་བློ་གཟུ་བོར་གནས་པའི་ཐོག་ནས་སྙིང་གཏམ་གསུང་མཁན་ཇི་སྙེད་ཅིག་ བྱུང་ལ། འགའ་ཞིག་གིས་ཚིག་གི་མཚོན་ཆ་འཕངས་ཏེ་རང་སེམས་དུམ་བུར་གཏོང་འདོད་བྱེད་མཁན་ཡང་བྱུང་། འོན་ཀྱང་། ཁོ་བོ་ནི་སྤྱི་ཚོགས་ཤིག་གི་ནང་དུ་འཚར་ལོངས་བྱེད་བཞིན་པ་དང་། སྤྱི་ཚོགས་ཀྱི་རང་བཞིན་ཇི་འདྲ་ཞིག་ཡིན་མིན་བློ་ ངོར་གསལ་ལེར་འཆར་ཐུབ་མཁན་ཞིག་ཡིན་སྟབས། དེ་ཙམ་གྱིས་ན་ཟུག་དང་མྱ་ངན་གྱི་ངལ་བ་མི་འདུག སྙིང་ཉེ་བའི་དྲ་གྲོགས་བསྟན་འཛིན་ཚེ་དཔག་ཞུ་བ་ཞིག་གིས་ཀྱང་གཞན་གྱིས་བརྒྱ་བཤད་སྟོང་བཤད་ལ་མ་འཛེམས་པར་རང་ནུས་ཡོད་རྒུས་དྲ་ཐོག་ཏུ་ཡིག་ནོར་གྱི་རིགས་བཅོས་ཏེ་ནུས་པ་གང་འཚམ་འདོན་མྱོང་བས་གོ་སྐབས་འདི་བརྒྱུད་ཁོང་ལ་ད་དུང་དུས་ཁོམ་ནམ་ཡོད་ལ་དྲ་ཐོག་གི་དང་ བླང་ཞུ་དག་པ་གནང་བར་ཕེབས་རོགས་ཞེས་ཀྱང་ཞུ་བར་ཐལ་ལོ། །
ཁོ་བོས་དེ་ ལྟར་གཞན་ལ་རེ་བ་བཅོལ་བ་དང་རང་ཉིད་ཀྱིས་དབུགས་ལྷེམ་ལྷེམ་ངང་རྒྱུགས་ཁུལ་བྱེད་ དགོས་པའི་དམིགས་ཡུལ་ནི། ཚང་མས་ ཟུར་བལྟས་ལེབ་མཐོང་ཡིན་སྟབས་འདིར་དམིགས་སུ་བསལ་ནས་ཞུ་སྤྲོས་ཀྱི་ངལ་བ་བརྟེན་མི་དགོས་སྙམ། ད་དུང་ནན་ ཏན་ངང་ཞུ་རྒྱུར། ཁོ་བོ་ནི་ལེ་ལོའི་མལ་དུ་གཏི་མུག་གཉིད་དང་གྲོགས་སུ་འགྱུར་མཁན་གྱི་མི་ཞིག་ཡིན་ནའང་། ཅི་ སྟེ་དྲ་གྲོགས་ཚོའི་ཁྲོད་ན་དག་ཆའི་དཀའ་ངལ་ཤུགས་ཆེར་འཕྲད་མུས་ཀྱི་རིགས་ཡོད་ ཚེ། རྩོམ་ཡིག་དྲ་ཐོག་ཏུ་མ་ བསྐུར་བའི་སྔ་རོལ་ཏུ་ཁོ་བོར་མ་དཔེ་ཞིག་གློག་འཕྲིན་བརྒྱུད་དེ་བསྐུར་གནོངས་དང་། ཁོ་བོས་གང་ལྕོགས་གང་ནུས་ ཞུས་ཏེ། མིག་གིས་གང་མཐོང་བའི་ ཡིག་ནོར་རྣམས་དག་བཅོས་ཀྱིས་ཁྱེད་ལ་ཕུལ་ཆོག འདི་ནི་སྤྱི་ལོ་ཉིས་སྟོང་བཅུ་གཅིག་ལོའི་ནང་དྲ་ གྲོགས་ཚོར་འབུལ་རྒྱུའི་ལེགས་སྐྱེས་ཆུང་ཆུང་ཞིག་སྟེ། ལན་དང་རེ་བ་མེད་པའི་སེམས་པ་དམར་མོ་དེ་ཡིན་ལ། ལོ་གསར་པའི་ནང་། དང་བླང་ཞབས་ཞུ་བསྒྲུབ་རྒྱུའི་ལས་འཆར་ཕྲན་ཚེགས་ཤིག་ཀྱང་ཡིན། དེ་ནི་བོད་ཀྱི་སྐད་ཡིག་ལ་བཅངས་པའི་གདུང་སེམས་རྣལ་མ་དེ་ཡང་ཡིན།
ཕྱིར་དྲན་ཞིག་བྱས་ན། ད་བར་ཁོ་བོས་ལོ་ཤས་རིང་དྲ་ཐོག་ནས་ཡིག་ནོར་གྱི་ནད་ཡམས་ལ་དཔྱོད་སྐབས། མང་པོ་ཞིག་འབྲི་བར་དགའ་ལ་བོད་ཡིག་གི་རྨང་གཞི་དེ་ཙམ་མེད་པའི་རིགས་གཅིག་དང་། ཁག་ཅིག་ནི་བོད་ཡིག་གི་གནས་ཚད་གང་འཚམ་ཡོད་ཀྱང་ནན་ཏན་གྱི་སྒོ་ནས་ཞུ་དག་མ་བཏང་བ་དང་གཏགས་ནོར་ཤོར་བ། ལ་ལ་ནི་ཡིག་ནོར་ནི་དེ་ ཙམ་གལ་མི་ཆེ་བར་བརྩི་བཞིན་དོན་གོ་ན་འགྲིག་པའི་ལྟ་ཚུལ་འཛིན་མཁན་གྱི་རིགས་ཤིག ཡང་འགའ་ཞིག་ནི་རང་གི་སྣང་བ་དག་སྟེ་མ་དག་པ་དག་པར་བརྩིས་ཏེ་རང་ལྟ་མཆོག་འཛིན་བྱེད་མཁན་གྱི་རིགས་ཤིག འགའ་ཞིག་ནི་བྱིས་པ་དག་ཡིག་ཁ་ནས་སྐྱོར། མ་དག་ཡི་གེ་ལག་ནས་འབྲི་མཁན་ཡང་འདུག
ཡང་དྲ་རྒྱའི་དོ་དམ་པ་དང་། རྩོམ་སྒྲིག་པ། གསར་འགོད་པ་སོགས་ལ་རང་རང་གི་དྲ་ཚིགས་སྟེང་གི་རྩོམ་ཡིག་དང་མཆན་གྱི་རིགས་ལ་དབྱེ་གསེས་དང་ཡོངས་ཁྱབ་འགོད་འགྲེམས་ཀྱི་དབང་ཚད་དང་ལས་འགན་གཉིས་ཀ་ཡོད་བཞིན་དུ་ཞུ་དག་གི་ཐད་ཐུགས་སྣང་ཆུང་སྐྱོན་ལྟ་བུའི་གནང་སྟངས་རིགས་གཅིག་གིས་དྲ་ཚིགས་ཀྱི་སྤུས་ཀའི་ཐད་དང་། ཡང་ན། སྤྱི་ཡོངས་ཀྱི་འགན་ལེན་གནང་སྟངས་གང་ས་ཅི་ཐད་ནས་མིག་ལྟོས་ངན་པ་ཡོང་གིན་ཡོད་པ་དང་འབྲེལ་ནས་ཀྱང་ཡིག་ནོར་ཇེ་མང་དུ་ཐོན་པ། གཞན་དུ་ན། ཨུ་ཚུགས་ལྟ་བུས་ཡུལ་ལུང་བྱེ་བྲག་པའི་ཁ་སྐད་ཀྱིས་བྲིས་ཏེ་རྒྱ་ཆེའི་ཀློག་པ་པོ་བྱིངས་ཀྱིས་གཅིག་མཚུངས་སུ་གོ་བ་བསྐྱེད་པ་ལ་གེགས་སུ་སོང་ནས་མགོ་བོ་འཐོམས་སུ་འཇུག་མཁན་ཡང་བྱུང་སོང་སྙམ། མདོར་ན། དེ་དག་ཚང་མས་རང་ངོ་རང་ཤེས་དང་། རང་འགན་རང་ཁུར་གྱི་ཐོག་ནས་བོད་མི་རིགས་ཀྱི་སྐད་ཡིག་ལ་སྲུང་སྐྱོབ་བྱེད་དགོས་ན། ཐོག་མར་རང་ཉིད་ནས་འགོ་བརྩམ་དགོས་ལ། རང་ཉིད་ཀྱིས་བོད་ཡིག་ ཐོག་ནས་བྲིས་པའི་མཆན་བུ་ཚུན་ནས་རྩོམ་ལུས་མི་འདྲ་བ་གང་ཡིན་དེའི་ནང་ཡིག་ནོར་གྱི་ནད་ཡམས་མ་ཁྱབ་པ་ཞིག་ གནང་གལ་ཆེ།
དྲ་ངོས་ཡིན་ནའང་འདྲ། ཤོག་ངོས་ཡིན་ནའང་འདྲ། ཟིན་བྲིས་ཡིན་ནའང་འདྲ། མཆན་བུ་ཡིན་ནའང་འདྲ། ཀློག་མཁན་ཚོར་མཚོན་ན། འབྲི་མཁན་ཚོའི་ཚིག་གི་དག་ཆ་དེ་ནི་གནད་འགག་ཆེ་ཤོས་ཤིག་རེད། གང་ལ་ཟེར་ན། སྔོན་དང་ད་ལྟའི་མཁས་པ་དག་མགྲིན་གཅིག་དབྱངས་གཅིག་གིས་གདམས་པའི་དོན་ལ། ཚིག་གི་དག་ཆས་དོན་གྱི་གནད་འབྱིན་ཅིང་། །ཞེས་དང་། ཚིག་མེད་དོན་ནི་བྱིས་པའི་གནའ་གཏམ་སྟེ། །ཞེས་དང་། དག་ཆ་ཡི་གེའི་རྨང་གཞི་ཡིན། །ཞེས་དང་། དོན་གྱི་རྒན་པོ་ཚིག་གི་འཁར་བ་ལ། །ཞེས་སོགས་ནན་ཏུར་གྱིས་གདམས་པའི་གནད་དེ་དག་དང་། སྒོས་སུ་དེང་གི་སྐབས་ན་བོད་ཀྱི་སྐད་ཡིག་ཉམས་པ་ལས་སྐྱོབ་པ་དང་། བསྐྱབས་ནས་ཇི་སྲིད་བོད་མི་རིགས་གནས་པ་དེ་སྲིད་དུ་རྒྱུན་བསྲིངས་སྲུང་སྐྱོབ་དང་དར་སྤེལ་རྒྱུན་འཛིན་གཉིས་ཀ་ནི་ང་ཚོའི་ལས་འགན་ཆགས་ཡོད་པའི་ཆ་ནས་བསམས་ན། ང་ཚོས་དག་ཆའི་ཐད་ནས་འཐུས་ཤོར་སོར་གང་ཡང་གཏོང་མི་རིགས་པར་འདོད། བོད་ཀྱི་སྐད་ཡིག་ཚགས་ཤོག་གིས་ཀྱང་བཙན་བྱོལ་སྤྱི་ཚོགས་ཀྱི་ཚོང་ཁང་དང་ཟ་ཁང་གི་སྒོ་བྱང་དང་། གཞུང་སྒེར་གྱི་གསལ་བསྒྲགས་ཚུན་ནས་ཡིག་ནོར་ཐེར་འདོན་གྱི་ལས་གཞི་སྤེལ་བ་དེ་ཀྱང་ཡིག་ནོར་གྱི་ནད་ཡམས་ཡོང་རྒྱུར་དམིགས་བསལ་གྱི་ནུས་པ་བཏོན་དང་འདོན་མུས་སུ་ཡོད་པས་གོ་སྐབས་འདི་བརྒྱུད་སྔར་བྱས་དགའ་སྒོམ་དང་། ཕྱིན་ཆད་རྒྱུན་མཐུད་གནང་རོགས་ཞེས་ཞུ་བར་སྤོབས། ང་ཚོ་ཚང་མས་བཙན་བྱོལ་གྱི་ཁོར་ཡུག་འདིའི་གྲུ་དང་ཟུར་གང་ས་ནས་རྗེས་ཡོང་སྔོན་དྲན་གྱི་ཐོག་ནས་ཕྱར་གྲུ་མཉམ་འདེགས་ཀྱི་ནུས་པ་ཞིག་བཏོན་པ་ཡིན་ན། ནུས་པ་རྩ་བ་ནས་ཐོན་རེ་མེད་པའི་གནས་སྟངས་ནི་གང་ཡང་མ་རེད།
དེས་ན། བོད་ཀྱི་སྐད་ཡིག་འདི་ཉིད་འོ་མ་ལྟ་བུ་ཞིག་ཡིན་ན། ཡིག་ནོར་ནི་ཁྲག་ཐིགས་ལྟ་ བུ་ཞིག་དང་། བོད་ཀྱི་སྐད་ཡིག་འདི་ཉིད་ལང་ཚོའི་ལུས་ སྟོབས་རྒྱས་པའི་སེང་ཆེན་ཞིག་ཡིན་ན། ཡིག་ནོར་ནི་ལང་ཚོའི་ལུས་སྟོབས་ཉམས་བྱེད་ཀྱི་འགོས་ནད་ལྟ་བུ་ཞིག་ཡིན། ཡང་ན། བོད་ཀྱི་སྐད་ཡིག་འདི་ཉིད་མི་ཞིག་ཡིན་ན། ཡིག་ནོར་ནི་མི་དེའི་ཚེ་སྲོག་འཕྲོག་བྱེད་ཀྱི་སྐྲན་ནད་ལྟ་བུ་ཞིག་ཡིན་པའི་སེམས་ཚོར་ཁྱད་པར་བ་འདི་ནི་དྲ་ངོས་དང་ཤོག་ངོས་གང་གིའང་འབྲེལ་ཡོད་ང་ཚོར་ཡོད་དགོས་པ་ཞིག་ཅིས་ཀྱང་མ་ཡིན་ནམ། དེའི་ཕྱིར་སྤྱི་ལོ་ཉིས་ སྟོང་བཅུ་གཅིག་ལོའི་ནང་གཞུང་སྒེར་དྲ་རྒྱ་ཁག་དང་། མི་སྒེར་གྱི་ཟིན་བྲིས། རྩོམ་རིགས་སྣ་ཚོགས། ཐ་ན་མཆན་བུ་ཚུན་ཆད་ཀྱི་ནང་འབྲེལ་ཡོད་རྩོམ་རིགས་སྤེལ་མཁན་ཀུན་གྱིས་ཡིག་ནོར་ གྱི་ནད་ཡམས་ཇེ་ཉུང་དུ་གཏོང་རོགས་ཞེས་ནན་གྱིས་ཞུ་འདོད་བྱུང་ལ། དེ་ནི་དོན་དམ་དུ་ཁྱོད་དང་ང། ཁོང་བཅས་ང་ཚོ་ཚང་མས་བོད་མི་རིགས་ཀྱི་སྐད་ཡིག་སྲུང་སྐྱོབ་བྱས་པ་ཡིན་ལ། རང་ཉིད་ཀྱིས་རང་ཉིད་ལ་འགན་འཁུར་བའི་ཡ་རབས་ཀྱི་བྱ་བ་ཞིག་ཀྱང་ཡིན།
མདོར་ན། དེ་ནི་འགྱེལ་གྱིན་འགྱེལ་གྱིན་ལངས་དགོས་པའི་སྐུལ་ལྕག་ཚ་ནན་ཞིག་ཀྱང་ཡིན་པར་བརྟེན། ལོ་གསར་པའི་ནང་གི་བསེ་རུའི་གཟུགས་མེད་སེམས་ཀྱིས་བོད་མི་རིགས་ལ་བཅངས་པའི་ལྷད་མེད་དྭངས་གཙང་གི་བརྩེ་བ་རྣལ་མ་ཞིག་ཀྱང་ཡིན།།
སྤྱི་ལོ་ ༢༠༡༡ ཟླ་ ༡ པོའི་ཚེས་ ༡ ཉིན།།
བརྡ་སྤྲོད་གཞིར་བཟུང་བྱས་ན། རྒྱུ་དང་དགོས་གཉིས་ཀྱི་སྔོན་དུ་དུས་མ་འོངས་པ་འབྲི་དགོས་ཀྱང༌། ཁྱེད་ཀྱིས་གཞན་ལྟར་དུས་ད་ལྟ་བ་སྤྱད་འདུག་པས། རྒྱུ་མཚན་གསལ་བཤད་གནང་རོགས།
ངས་ཟླ་བ་གཞོན་ནུ་ཁྱེད་ཟླ་འོད་གཞོན་ནུར་འཁྲུལ་བ་ནི་རང་སྐྱོན་ཡིན་པ་ངེས་ཤེས་རྙེད། ཐུགས་རྗེ་ཆེ།
ད་ནས་བཟུང་ངས་ནོར་འཁྲུལ་ཤོར་རིགས་ལ་ཞུ་དག་གཏོང་མཁན་ཞིག་ཡོད་སྟབས་ང་ལ་སྐུལ་ལྕག་ཤུགས་ཆེན་ཐེབས་བྱུང་། ཇི་སྐད་དུ། ལེགས་བཤད་བྱིས་པ་དག་ལས་ཀྱང་། །ཞེས་གསུངས་པར་ངས་གོ་བ་རྙེད་དེ་ལག་ལེན་བསྟར་གྱིན་ཡོད། ད་དུང་ཟླ་བ་གཞོན་ནུ་ཁྱོད་ཀྱིས་འབྱུང་འགྱུར་ཡང་གནས་དང་དུས་དང་མི་སྣ་སོགས་གང་ལ་ཡིན་ལ་མ་བལྟོས་པར་ལྷག་བསམ་རྣམ་དག་གི་ཐོག་ནས་ཞུ་དག་གནང་རོགས། དེ་ནི་ཁྱེད་ཀྱི་འོས་འགན་དང་ངའི་རེ་བ་ཡིན། །
ཡང་ན་བསྟན་འཛིན་ཆེ་དཔག་ཁྱོས།། ཞེས་པ་འདི་བོད་ཀྱི་སྤྱི་སྐད་ཀྱི་ནང་”ཁྱོས་”འདི་”ཁྱོད་ཀྱིས་”ཚབ་ཏུ་བེད་སྤྱད་ཐེངས་འགའ་བཏང་བ་མཐོང་སོང་བས་འདི་མ་དག་པ་ཆེན་པོ་མིན་ནམ།
བསེ་རུ་དང་སྟན་འཛིན་ཚེ་དཔག་གཉིས་ཀྱིས་ད་བར་དུ་དྲྭ་རྒྱའི་ནང་གི་ཡིག་ནོར་ཡོད་ཚད་ལ་ག་དུས་ཡིན་ནའང་སྐྱོན་བརྗོད་དང་དག་བཅོས་བཏང་དང་གཏོང་བཞིན་ཡོད་པ་དེ་དྲ་གྲོགས་ཚང་མས་ཤེས་གསལ་ལྟར་ཡིན་སྟབས་བསྔགས་བརྗོད་མ་མེད་ཀ་མེད་ཆགས་ཡོད།
ཁེ་དང་རེ་བ་སོགས་གང་ཡང་མེད་པར་ད་དུང་རྩོམ་ཡིག་བསྐུར་མཁན་བྱུང་ཚེ་རྩོམ་གཞིའི་ཐད་ལ་དག་ཞུས་བྱེད་རྒྱུའི་ཁས་ལེན་སྤྱི་དང་། སྒོས་སུ་ཡིག་ནོར་དུས་ཐོག་ཏུ་དག་བཅོས་བྱེད་རྒྱུ་དེ་ང་ཚོའི་རང་ཉིད་མི་རིགས་ཀྱི་ཕ་སྐད་འདི་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་བྱེད་ཕྱིར་སྤྱི་ཚོགས་ཁྲོད་བསེ་རུས་ཞབས་འདེགས་ཞུ་བཞིན་ཡོད་པ་དེར་ང་ཚོས་རྗེས་སུ་ཡི་རངས་བྱེད་དགོས།
བོད་ཀྱི་ཆེས་རླབས་ཆེན་བསམ་བློ་བ་གྲགས་ཅན་རྗེ་ཙོང་ཁ་བས་ཀྱང་། འབད་པ་ཆུང་ངུས་རླབས་ཆེན་ཚོགས་སྡུད་པ། །དགེ་ལ་རྗེས་སུ་ཡི་རངས་མཆོག་ཏུ་བསྔགས། ། ཅེས་གསུངས་མྱོང་བ་དང་། ཡང་རྒྱ་ནག་གི་ཆབ་སྲིད་གྲགས་ཅན་བ་མའོ་ཙེ་ཏུ་གིས་ཀྱང་། སྐྱོན་བརྗོད་ནི་རོགས་རམ་ཡིན་ཞེས་གསུངས་མྱོང་པ་རེད།
རྟེན་བརྟེན་བསེ་རུ་མི་རིགས་ཀྱི་སྐད་ཡིག་ལ་བཅངས་པའི་བརྩེ་ཞེན་དེའི་སྐྱོན་བརྗོད་དང་དག་བཅོས་བྱས་དང་བྱེད་བཞིན་ཡོད་པ་དེར་དགའ་ཞེན་བྱེད་དགོས་ལ་སྐྱོན་བརྗོད་ཐེར་བཏོན་བྱས་པ་དག་ཀྱང་བོད་སྐད་ཡིག་ལ་རོགས་རམ་ཡིན་པ་དང་གང་ཟག་སྒེར་པ་གང་དེར་རོགས་རམ་ཡོན་པ་ཤེས་དགོས།
བསེ་རུས་༼རྗེས་ཡོང་སྔོན་དྲན།༽ཞེས་བཀོད་དེ་ཡོད་པ་ངས་འདྲེན་ནོར་བྱས་པར་བསྟན་པ་ཟླ་བ་གཞོན་ནུ་ཁྱེད་དག་པར་འདུག། ཐུགས་རྗེ་ཆེ་ཞུ།
བསེ་རུ་ལགས་ཀྱིས་༼རྩོམ་པ་པོའི་མིང་གི་དག་ཆ་ཚུན་ནོར་བའི་རིགས་ལ་ནོར་བཅོས་དང་། བསམ་འཆར་འབུལ་མཁན་གྱི་བསེ་རུ་ཟེར་བ་དེ་ཡིན།༽གསུངས་པ་དངོས་གནས་བདེན་པར་འདུག
འོག་ཏུ་ངའི་མིང་ཐེངས་གཉིས་བྲིས་པ་ཉིས་ཆར་ཟླ་འོད་གཞོན་ནུ་ཞེས་མ་དག་པ་བྲིས་འདུག
ཁོང་གིས་མིང་གི་དག་ཆ་ཚུན་ནོར་བའི་རིགས་ལ་ནོར་བཅོས་ཟེར་བ་འདི་ཡིན་ནམ། ཐེངས་གཅིག་ལ་ནོར་ན་བསམ་བློ་བཏང་ཆོག་མོད་བསྟུད་བསྟུད་ལ་ཐེངས་གཉིས་ཀར་ནོར་ནས་འདུག
བསེ་རུ་ལགས། འདི་མཐོང་དུས་གཞན་ལ་ཁག་འགེལ་རྒྱུ་མི་འདུག་ལོ། ཁྱེད་ཀྱིས་ཡིག་ནོར་དང་གཏགས་ནོར་ལ་དོ་སྣང་ཅི་ཙམ་སྤྲོད་ཀྱིན་པ་འདི་ནའང་གསལ་གྱི་ལེར་བཤམས་ཞིང་བསྟན་ནས་བཞག་འདུག་གོ།
དེ་བས་བསེ་རུ་ལགས། ༼ཆུ་སྐྱར་བྱི་ལ་ཆོམ་རྐུན་དག། སྒྲ་མེད་འཇབ་ཅིང་འགྲོ་བ་ཡིས།། མངོན་པར་འདོད་པའི་དོན་སྒྲུབ་པ།།༽་ཞེས་པའི་སྤྱོད་པ་བསྐྱང་ན་མི་ལ་གོ་སྐོན་བློ་འགུག་བྱེད་པར་ཤིན་ཏུ་ཕན་པར་མ་ཟད། འདི་བས་རྔོ་ཐོགས་ངེས་ཡིན་ཞེས་ཟླ་བ་གཞོན་ནུར་འབོད་པས་ཞུ་འདོད་དོ།།
དྲུག་སྒྲ་བསྡུས་དང་མ་བསྡུས་ཀྱང་།།
འདི་ཐད་འདིའི་ཐད་ཅེས་པའི་ཐད།།
ཞིབ་མོའི་བློ་ལ་ཁྱད་ཆེ་བས།།
གདམ་ངར་བརྗོད་པ་རང་བཟོ་ཡིན།།
ནོར་བར་བསྟན་སྐད་བསྙོན་པ་ཡིན།།
བསྟན་ཚེའི་མིག་ཀོ་འཕྲུལ་བ་ཡིན།།
གནང་ཟིན་འདས་པར་གནང་ཞེས་དང་།།
ད་ལྟ་བ་ལའང་གནང་ཞེས་འབྲི།།
འདས་པར་ས་མཐའ་སྦྱོར་བ་ཡི།།
ལུགས་དེ་འདི་ལ་སྦྱར་བས་ནོངས།།
ཚིག་གི་གྲོགས་ཀྱིས་བསྟན་སྐད་ཀྱང་།།
དུས་གསུམ་བྱ་ཚིག་རང་སྟོབས་ཀྱིས།།
སྟོན་ལས་གྲོགས་ལ་ལྟོས་པ་མེད།།
མཚམས་རེ་སྐབས་རེ་ལན་རེ་དང་།།
མཚམས་རེར་སྐབས་རེར་ལན་རེར་ཞེས།།
གང་བྲིས་དོན་ཁྱད་མ་མཐོང་བར།།
བརྗོད་པ་དེ་ཉིད་གཟུ་ལུམ་ཡིན།།
སྨྲས་པ་དེ་ཉིད་བབ་ཅོལ་ཡིན།།
རེ་རེ་སྤྲད་དང་རེ་རེར་སྤྲད།།
ལན་རེ་རེ་དང་ལན་རེ་རེར།།
མཚམས་རེ་རེ་དང་མཚམས་རེ་རེར།།
སྐབས་རེ་རེ་དང་སྐབས་རེ་རེར།།
ད་དུང་ཁྱད་པར་མ་མཐོང་ངམ།།
ད་རུང་གོ་བ་མ་ལོན་ཅི།།
སྤྱི་ཚོགས་རང་བཞིན་ཇི་འདྲ་ཞིག།
བློ་ངོར་གསལ་ལེར་ཇི་ལྟར་འཆར།།
འཆར་བྱེད་ཁྱད་པར་ཡིན་པ་ལ།།
ཁྱད་པར་ཅན་ནི་ཇི་གར་འཆར།།
འཆར་ཐུབ་མཁན་ནི་སུ་ཞིག་ཡིན།།
བསེ་རུ་འཆར་མཁན་ཡིན་ནམ་ཅི།།
ཡང་ན་བསྟན་འཛིན་ཆེ་དཔག་ཁྱོས།།
ཁོང་ལ་འཆར་ཏུ་བཅུག་མིན་ནམ།།
འདི་ལྟའི་ཁྱད་པར་མ་ཕྱེ་བར།།
དྲན་འཆར་རྟོགས་གསུམ་དོན་གཅིག་ཏུ།།
བཤད་པའང་བསྟན་ཚེའི་རང་བཟོ་ཡིན།།
རང་བཟོ་དེ་ཀོ་གཏི་ཐུག་ཡིན།།
ད་དུང་རང་གདེང་མ་དཔོག་ནས།།
འཚམ་དང་འཚམས་ཀྱི་ཁྱད་པར་དེ།།
དུས་ཀྱི་དབང་དུ་མ་ཤེས་པར།།
ནོར་བར་བསྟན་པ་དེ་ཀོ་ནོར།།
ཞིབ་ཕྲའི་གནད་དང་འགག་འཕྲང་ལ།།
དཔྱད་འཇུག་ཁྲི་འགྲོས་ལྡན་ཡང་།།
བརྩི་དང་རྩི་ཡི་ཁྱད་པར་ནི།།
དཔྱོད་ལྡན་སེམས་ན་ཁྲིགས་ཁྲིགས་ཡིན།།
བློ་ལྡན་རྣ་ལ་ལྷང་ལྷང་ཡིན།།
བསྟན་ཚེའི་སྔོན་ཡོང་རྗེས་དྲན་གཅིག་།།
བསེ་རུའི་རྗེས་ཡོང་སྔོན་དྲན་གཉིས།།
གཞོན་ནུའི་མ་འོངས་སྔོན་དཔག་གསུམ།།
ཁྱེད་ལ་ཁྱད་པར་མེད་ཚོད་ཀྱང་།།
རྣ་དབང་ཆུད་མ་ཟོས་པ་དང་།།
མིག་དབང་ཉམས་པ་མ་ཡིན་དང་།།
ཡིད་ཤེས་མི་ལྡན་མ་ཡིན་ལ།།
སྒྲ་ཡིག་དོན་གྱིས་ཁྱད་པར་ཆེ།།
རྨོངས་དང་རྨོངས་མིན་ཧེ་བག་སྦོམ།།
གཏུ་ལུམ་བརྗོད་པ་མ་བསྐྱུངས་ཉེས།།
ཡིན་མིན་བརྡར་ཤ་མ་བཅད་ལེགས།།
འགྲིག་པ་གཅིག་འདུག་བརྗོད་པ་རྗུན།།
ཁས་ལེན་མ་འདོད་དེ་ཉིད་བདེན།།
དྲུག་སྒྲ་བསྡུས་དང་མ་བསྡུས་ཀྱི།།
ཁྱད་དེས་འདི་ཐད་འདིའི་ཐད་ཅེས།།
གང་ཞིག་བྲིས་ཀྱང་འདམ་ང་བས།།
ནོར་བར་བསྟན་པ་དེ་ཀོ་ནོར།།
གནངས་ཟིན་འདས་པར་གནངས་ཞེས་དང་།།
ད་ལྟ་བ་ལ་གནང་བྲིས་པ།།
འདི་ཡང་བཅོས་མཁན་ནོར་ནས་འདུག།
དཔེར་ན་གནངས་དང་གནང་མུས་ཞེས།།
ཚིག་གི་གྲོགས་ཀྱིས་གསལ་བསྟན་འདུག།
མཚམས་རེ་སྐབས་རེ་ལན་རེ་དང་།།
མཚམས་རེར་སྐབས་རེར་ལན་རེར་ཞེས།།
གང་བྲིས་དོན་གྱི་ཁྱད་མ་མཐོང་།།
ལྷག་མའི་བསྟན་བྱ་ལྷག་ཚིག་གིས།།
འདྲེན་པའི་འགྲོས་ཀྱི་ཁྱད་པར་ཡང་།།
ཞིབ་ཀྱིས་དཔྱད་ན་གོ་བ་རྙེད།།
དྲན་དང་འཆར་དང་རྟོགས་པ་སོགས།།
མི་གཅིག་ཚིག་གིས་དོན་གཅིག་གི།
ཕྱི་ནང་སྟོན་ལ་ཡ་མཚན་པའི།།
སྟངས་ཀའི་ཕྱི་ནང་མ་དམིགས་སོ།།
འགྲིག་དང་འོས་པ་རན་པའི་དོན།།
སྟོན་བྱེད་ཚིག་ལ་འཚམ་ཞེས་འབྲི།།
བདེ་བར་བདོག་ལ་འཚམས་ཞེས་འབྲི།།
འཚམ་དང་འཚམས་ཀྱི་མིང་བརྡའི་ཁྱད།།
བསེ་རུའི་གང་བྲིས་དག་ནས་འདུག།
ཟླ་བ་གཞོན་ནུ་ནོར་ནས་འདུག།
བརྗོད་བྱའི་དོན་དང་རྗོད་བྱེད་དེ།།
བྱ་བ་བྱེད་པའི་དུས་གསུམ་དང་།།
དེ་དོན་སྟོན་པའི་རྗོད་བྱེད་ཀྱི།།
དུས་གསུམ་དབྱེ་བའི་ཁྱད་པར་དང་།།
ཞིབ་ཕྲའི་གནད་དང་འགག་འཕྲང་དག།
དཔྱད་འཇུག་ཟབ་མོའི་འགྲོས་ལྡན་ན།།
བརྩི་དང་རྩི་ཡི་ཁྱད་པར་ལ།།
ཐག་གཅོད་སྔ་འདིས་རྩོད་གཞི་འདྲེན།།
མིང་བརྡའི་ཁྱད་ཀྱི་རིམ་པ་ནི།།
བམ་བཤད་ཙམ་གྱིས་ཡོང་མིན་པས།།
ཟླ་བ་གཞོན་ནུས་ཞིབ་དཔྱད་འཚལ།།
མིང་ཚིག་རྗོད་པ་གསུམ་ཚན་ནས།།
ཚིག་གི་འགྲོས་ལ་དག་མ་དག།
རང་རང་ལྟ་ཚུལ་དབང་ཆེ་བས།།
འདི་དག་འདི་ཉིད་མ་དག་ཅེས།།
སུས་ཀྱང་བཤད་ཚོད་ཐིག་པ་མིན།།
བསེ་རུས་སྔོན་ཡོང་རྗེས་དྲན་དང་།།
གཞོན་ནུས་མ་འོངས་སྔོན་དཔག་ཅེས།།
གང་བྲིས་དོན་གྱི་འབབ་སའི་གཞི།།
གཅིག་ལས་གཉིས་མེད་གང་བདེར་སྦྱོར།།
རྒྱུན་བསྲིངས་སྲུང་སྐྱོབ་ཚིག་ཤུགས་ཀྱིས།།
དོན་གྱི་གནད་གང་སྟོན་པའི་ཁྱད།།
དེ་ཡང་ཞིབ་ཀྱིས་བརྟགས་པས་སླ།།
གཞོན་ནུ་ཟླ་བས་མ་དག་ཅེས།།
བཅུ་ཕྲག་གཅིག་དང་ཉག་མ་བཞིའི།།
མིང་ཚིག་ཁོལ་ཕྱུང་དེ་ཁྲོད་ན།།
འགྲིག་པ་གཅིག་རང་གཅིག་འདུག་པ།།
འདོན་མྱོང་བཏོན་མྱོང་ཁྱད་འདི་ཙམ།།
དེ་ཡང་ཞིབ་མོའི་ལུགས་ཀྱིས་ནི།།
དཔྱད་པས་ཚུགས་ཐུབ་མི་ཐུབ་གནད།།
དུས་གསུམ་རྣམ་གཞག་དག་དང་སྡུར།།
དུས་གསུམ་ཚིག་གི་དག་ཆའི་འགྲོས།།
མཁས་རྣམས་བཞེད་པ་མང་མཆིས་སྟབས།།
ཡིན་མིན་བརྡར་ཤ་གཅོད་པ་ལ།།
འདི་ལས་འདའ་ས་གཞན་མེད་ཅེས།།
སྨྲ་བའི་སྤོབས་པ་མི་ལྡན་ཡང།།
དོགས་སློང་ཙམ་དུ་མ་བཞག་པར།།
ཕུལ་འདིར་ནོར་བ་འགའ་མཆིས་ན།།
བསེ་རུ་ཟླ་བ་གཞོན་ནུ་ཟུང་།།
བློ་རིག་འོད་ཀྱིས་བཀྲུ་བར་སྐུལ།།
དྲ་གྲོགས་ཟླ་འོད་གཞོན་ནུ་ལགས།
སྐུ་ཉིད་ཀྱིས་ཁོ་བོའི་གོམ་པ་སྤོ་སྟངས་ཀྱི་གསལ་འདེབས་དེར་ཞིབ་གཟིགས་གནང་སྟེ། སྣ་ལ་མཛུབ་མོ་བཙུགས་པར་དམིགས་བསལ་གུས་བཀུར་ཞུ་བཞིན་ཡོད།
སྐུ་ཉིད་ཀྱིས་ཁོ་བོའི་བསམ་ཚུལ་ནི་ཁ་བཤད་ཆུ་ཡི་ལྦུ་བ་དང་། ལག་ལེན་གསེར་གྱི་ཐིགས་པ་ཡིན་པའི་རྒྱུ་མཚན་དང་། ད་དུང་ཁོ་བོའི་ཡིག་ནོར་གྱི་དཀའ་ངལ་དེ་སེལ་རོགས་ལ་གཞོགས་འདེགས་གནང་རྒྱུར་ཁས་འཆེས་པ་དང་། རིག་པ་ནངས་པར་འཆི་ཡང་བསླབ་དགོས་པའི་སྐུལ་ལྕག་སོགས་གནང་བ་ནི་དགའ་འོས་པའི་དོན་ཆེན་ཞིག་རེད།
ད་དུང་ངའི་རེ་བར་སྐུ་ཉིད་ཀྱིས་སེམས་དང་བསམ་པའི་གཏིང་ནས་ཁ་བཤད་དོན་གནས་ཀྱི་ཕྱག་ལས་ཤིག་གནང་འདོད་ན། ཞར་དང་ཞོར་དུ་དག་ཆའི་ཐད་དཀའ་ངལ་ཡོད་རིགས་ཀྱི་དྲ་གྲོགས་གང་ན་སུ་བཞུགས་རྣམས་ལ་ལམ་སྟོན་རེ་གནང་ན། ང་བསེ་རུས་ལག་ཟུང་སྙིང་གར་སྦྱར་ཏེ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ངས་ང་ནི་ཚངས་པའོ། །ཚངས་པ་ནི་ཆེན་པོའོ། །ཞེས་ནམ་ཡང་སྨྲ་བའི་ལྕེ་རྩེ་རིང་དུ་རྐྱོང་འདོད་མེད་ལ་དེ་ལྟའི་སྤོབས་པ་ཡང་མ་མཆིས།
གོང་གི་ཡིག་ནོར་ཐེར་འདོན་གནང་བར་འདི་དང་དེ་ཞེས་གསལ་འདེབས་ཞུ་ཐབས་བྲལ། གང་ལགས་ཤེ་ན། སངས་རྒྱས་ལ་ཀ་ཁ་ནི་ངས་མི་འཇོན་པའི་ལས་འབའ་ཞིག་གོ།
རབ་བྱུང་ན། སྐུ་ཉིད་ཀྱི་མཆན་བུ་དེ་དུས་བབ་ཀྱི་དྲ་ངོས་དང་། ཁ་བརྡའི་དྲ་ངོས་སུ་འགོད་ཐུབ་ན། དྲ་གྲོགས་གཞན་ཚོར་རིག་པའི་ཟས་སུ་འགྱུར་ངེས་རེད།
ཡང་གོང་དུ་བཀོད་པའི་ནང་དུ་སྡེབ་སྦྱོར་སོགས་ཀྱི་སྐྱོན་གྱིས་འཇོན་རབས་དང་ རྒོད་རབས་དང་། ཁ་ཕོག་སྣ་ཕོག་གི་ཚིག་ནོར་འདྲ་ཤོར་ཡོད་ན་བཟོད་པར་འཚལ།།
དྲ་གྲོགས་ཟླ་འོད་གཞོན་ནུ་ལགས།
སྐུ་ཉིད་ཀྱིས་ཁོ་བོའི་གོམ་པ་སྤོ་སྟངས་ཀྱི་གསལ་འདེབས་དེར་ཞིབ་གཟིགས་གནང་སྟེ། སྣ་ལ་མཛུབ་མོ་བཙུགས་པར་དམིགས་བསལ་གུས་བཀུར་ཞུ་བཞིན་
༡༽འདི་ཐད། འདིའི་ཐད་ཅེས་བྲིས་ན་ཡག
༢༽གནངས་དང་གནང་། འདས་པ་ཚང་མར་ས་མཐའ་ཐོབ་པ་མ་རེད་ལགས།
༣༽མཚམས་རེ། མཚམས་རེར།
༤༽སྐབས་རེ། སྐབས་རེར།
༥༽རང་སེམས་དུམ་བུར་གཏོང་འདོད་བྱེད་མཁན གཏོང་འདོད་མཁན། གཏོང་འདོད་བྱེད་མཁན་ཞེས་འབྲི་ཚུལ་ལ་བསམས་ན་སློབ་ཆུང་སློབ་མ་ཞིག་ཀྱང་ལོས་ཡིན་སྙམ་མོ།།
༦༽བློ་ངོར་གསལ་ལེར་འཆར་ཐུབ་མཁན། བློ་ངོར་གསལ་ལེར་”འཆར”་ཐུབ་པ་དེ་ལ་ང་ཡ་མཚན་ནས་ཡོད་དོ།།
༧༽ནུས་པ་གང་འཚམ། གང་འཚམས།
༨༽འདོན་མྱོང་བས། བཏོན་མྱོང་བས།
༨༽དང་བླང་། དང་དུ་བླངས་པས་དང་བླངས་འབྲི་རིགས་སོ།།
༩༽བོད་ཀྱི་སྐད་ཡིག་ལ་བཅངས་པའི་གདུང་སེམས། བོད་སྐད་ཡིག་ལ་གདུང་སེམས་མ་ཡིན་པར། དུང་སེམས་ཆོངས། གྲོགས་པོ་ལགས།
༡༠༽གང་འཚམ། གོང་དང་མཚུངས་པར་གང་མཚམས།
༡༡༽གལ་མི་ཆེ་བར་བརྩི་བཞིན། རྩི་བཞིན། འདིའང་ཁྱེད་ཀྱིས་གསུངས་པ་བཞིན་བྱིས་པ་དག་ཡིག་ཁ་ནས་སྐྱོར། མ་དག་ཡི་གེ་ལས་ནས་འབྲི་ཞེས་པའི་དཔེ་རང་དུ་སོང་འདུག
༡༢༽རང་ཉིད་ནས་འགོ་བརྩམ་དགོས། འགོ་ནི་གདམ་ག་ཡིན་པ་ཆ་བཞག་ཀྱང་། འདིར་རྩོམ་ཞེས་འབྲི་དགོས།༼འདིར་མ་འོངས་པའི་དོན་ཞིག་སྟོན་གྱིན་མི་འདུག་གོ གྲོགས་པོ་ལགས། དུས་གསུམ་ལ་གཟབ་དགོས་པར་འདུག༽
༡༣༽རྒྱུན་བསྲིངས་སྲུང་སྐྱོབ། རྒྱུན་སྲིང་སྲུང་སྐྱོབ།༼ཡང་སློབ་ཆུང་སློབ་མ་ཞིག་སེམས་ལ་ཤར་སོང་།༽
༡༤༽རྗེས་ཡོང་སྔོན་དྲན། མ་འོངས་སྔོན་དཔག་ལན་པ་འདུག རྗེས་ཡོང་སྔོན་དྲན་ཧ་ཧ་་ཡང་ད་མི་བཤད།
འདི་བདག་གིས་ཐེངས་གཅིག་བཀླགས་ཏེ་ཟུར་དུ་བཏོན་པ་ཡིན། ཞིབ་མོའི་ལུགས་སུ་བྱས་ན་ད་དུང་ཡིག་ནོར་དང་། བརྡ་ནོར། མ་དག་རྒྱུན་འབྱམས་སོགས་ཀྱང་མང་པོ་ཡོད་སྲིད།
ལར་བདག་ནི་མི་ཁ་དང་ལག་པ་ཐོད་ཐུག་པ་དག་ལ་ཤིན་ཏུ་དགའ། གྲོགས་བསེ་རུའི་ཁ་ལག་ཐོད་མི་ཐུག་པ་མཐོང་རྗེས་ཁོང་གི་ལོ་འཁོར་གསར་པའི་རེ་སྐུལ་འདིའི་རིན་ཐང་ཡང་གོམས་གཤིས་སུ་གྱུར་པའི་ཁ་གཡང་ཙམ་པོ་བ་ཡིན་པ་རྟོགས་བྱུང་ལ། རང་གིས་ཅིག་ཅིག་ཅིག་བྱས་ཚུལ་དང་ཉིག་ཉིག་ཉིག་འཇོན་ཡོད་ཚུལ་གྱི་བྱུང་རབས་ཙམ་དུ་མཐོང་སོང་ལ། མཐོང་ཆོག་ཆོག་ཏུ་འདུག་ཤིན་ཏུ་གསལ། ཁོང་གོམ་པ་ངོ་མ་དེ་ནམ་ཞིག་ནས་སྤོ་རྒྱུ་ཡིན་མིན་ད་དུང་ཆ་མ་འཚལ།
མ་གཞི་ནས་ཡིག་ནོར་སུས་ཀྱང་ཐེར་འདོན་བྱེད་ཀྱིན་ཡོད་ལ། དུས་བབ་ཟིན་བྲིས་པ་ཚང་མས་ཕན་ཚུན་གྱི་ཡིག་ནོར་དང་བརྡ་ནོར་དག་ཐེར་བྱས་དང་བྱེད་མུས་རེད། རྩོམ་སྒྲིག་པས་ཀྱང་ཡིག་ནོར་དག་བཅོས་བྱེད་ཀྱིན་མེད་པ་ནི་ག་ལ་ཡིན། དབྱིན་ཇིའི་ཁ་དཔེ་ཞིག་ལ་(None is perfect.)་ཟེར་བ་ལྟར་མི་སུ་ལའང་སྐྱོན་ཅུང་ཙམ་རེ་མི་འབྱུང་བ་མི་སྲིད་པ་ནི་གོང་གི་ཁྱེད་ཀྱི་ཕྱག་རྩོམ་ཡིག་ནོར་མེད་པར་སྐད་པ་འདིར་ཐེངས་གཅིག་གཟིགས་དང་ཅི་མ་བདེན་ཨང་སྙམ་པའི་ངེས་ཤེས་འདྲོངས་ངེས་ཡིན།
གྲོགས་བསེ་རུ་ལགས། ད་དུང་ཁྱེད་ཀྱི་རྩོམ་གྱི་སྡེབ་སྦྱོར་ལ་གཅིག་གཟིགས་དང་། བཤད་སྲོལ་མི་འདུག ཁྱེད་རང་ཀློག་པ་པོ་ལེ་ལོ་ཅན་ཞིག་ཡིན་ན་ཁོམ་པ་ནམ་ཡོད་ལ་ད་དུང་ཡི་གེའི་དག་ཆའི་སྐོར་དང་ཚིག་གི་སྡེབ་ལ་ཐུགས་སྣང་ནན་གྱིས་གནང་སྟེ། ཞོར་ལ་འདི་ལྟར་མང་ཙམ་འབྲི་བ་དང་གཞན་ལས་བསླབ་བྱ་མང་ཙམ་བླངས་ན་མ་འོངས་པར་ཡར་རྒྱས་འགྲོ་ངེས་པ་ངས་ཁག་ཐེག་བྱ་ཆོག་ལགས།
ད་དུང་ཞུ་རྒྱུ་ཞིག་ལ་ཁྱེད་རང་ལ་དག་ཆའི་དཀའ་ངལ་འདི་ཙམ་རེ་འཕྲད་ན་སྔོན་ལ་ངའི་ཡིག་སྒམ་དུ་བསྐུར་༼ངའི་ཡིག་སྒམ་tibetandan@yahoo.com༽དང་ཞུ་དག་བྱས་རྗེས་རྩོམ་སྒྲིག་ཁང་ལ་བསྐུར་རོགས། བདག་གིས་རང་ནུས་ཅི་ལྕོགས་ཀྱིས་རོགས་པ་བྱ་ངེས་ཡིན། ང་རང་ཡིག་ནོར་ལ་གཏིང་ནས་སུན་པའི་མི་ཞིག་ཡིན་ལགས།
མཐའ་མར་ངས་ཁྱེད་ལ་ང་ཚོས་ནམ་ཡང་བརྗེད་མི་ཉན་པའི་ནུབ་ཕྱོགས་པའི་བསླབ་བྱ་ཞིག་དྲངས་ཏེ་རང་གི་སྨྲ་བ་གསལ་བར་བྱེད་འདོད་དེ། དེ་ནི་རང་ཉིད་ཀྱིས་མི་ཤེས་པ་ཤེས་པ་དེ་ནི་ཤེས་རབ་ཀྱི་མཆོག་གོ་ཞེས་པ་དེའོ།།
གོང་ཏུ་དྲ་གྲོགས་རྣམས་པས་རེ་བ་བཞིན་དུས་བབ་ཚང་གི་མདུན་ངོས་མཆན་ལ་ཡིག་ནོར་ཚད་འཛིན་ཡོད་པ་ཅིག་གནང་ན་དཔེ་ན་མཆན་གཅིག་གི་ནང་ཡིག་ནོར་གཅིག་གཉིས་ལས་མེད་ན་དག་བཅོས་དང་མང་པོ་ཡོད་ན་འོས་འཚམ་མིན་པའི་རིགས་སུ་བཞག་ནས་མ་བཀོད་ན་དགའ་བ་མིན་འགྲོ། གཞན་དུས་བབ་ཚང་གི་མཚན་སྙན་ལ་གནོད་མཁན་ཇེ་མང་འཛུལ་ཡོང་གི་འདུག་པས་དེ་དོན་ཐུགས་བཤེར་གནང་རོགས།
༼བསེ་རུའི་གཞེན་སྐུལ་གྱི་རྗེས་འདེད་ཞུ་སྙན།༽
དྲ་ངོས་འདིའི་ཡི་གེ་ཀློག་མཁན་སྤྱི་དང་། དྲ་ངོས་འདིར་ཡི་གེ་འབྲི་སྤེལ་གནང་མཁན་བྱིངས་ལ་གུས་བརྩི་ཞུ་བ་དང་ཆབས་ཅིག དྲ་གྲོགས་བསེ་རུ་ལགས་ཀྱི་གཞེན་སྐུལ་འདིའི་རྗེས་སུ་ཞུགས་ཏེ། ལྟ་ཚུལ་ཁག་ཅིག་ཞུ་འདོད་བྱུང་། གུས་པར་མཚོན་ན། དྲ་ངོས་འདི་ཁོ་ནར་རྐང་པ་བཙུགས་ཏེ། ཡིག་ནོར་ཐེར་འདོན་གྱི་བགྱི་བ་གཙོ་འདོན་བྱས་ཏེ་སྡོད་མཁན་ཞིག་དང་། རང་ཉིད་ཀྱི་རྩོམ་ཡིག་ནང་ཡིག་ནོར་མ་ཤོར་བ་གཙོ་འདོན་བྱེད་པ། གང་བཀླགས་པའི་རྩོམ་ཡིག་གཞན་དག་ནང་ཡིག་ནོར་མཐོང་རིགས་ཐེར་འདོན་ནས་བཅོས་སྐུལ་གྱི་རེ་འབོད་ཞུ་བ། གཞན་དུ་ན། རང་ཉིད་ཀྱི་རྩོམ་ཡིག་གི་གཤམ་ལ་མཆན་བུ་ཡིག་ནོར་ཅན་སྤེལ་སླེབས་རིགས་ནག་བསུབ་གཏོང་བ་ཚུན་གྱི་རྣམ་འགྱུར་བསྟན་ནས། ཡིག་ནོར་ཉུང་དུ་གཏོང་ཐབས་ཐད་ནས་ཚང་མར་གཟབ་བརྩོན་གྱི་ཚོར་སེམས་ཤིག་བསྐྲུན་པར་ཤ་ཐང་དུ་འབད་པ་བསྟེན་ཁུལ་བྱེད་མུས་ཤིག་དང་། ཡང་སྒོས་བོད་ཀྱི་དུས་བབ་རྩོམ་སྒྲིག་པ་དང་གསར་འགོད་པ་ཚོའི་ཡི་གེའི་རིགས་ལ་དམིགས་སུ་བསལ་ནས་ཐེར་འདོན་མང་ཙམ་བྱས་པ་དེས། གནས་སྐབས་ཤིག་རིང་གུས་པས་སྤེལ་བའི་མཆན་བུ་དག་༼ མཆན་ལ་ཞིབ་བཤེར་བྱས་རྗེས་བརྗོད་གཞི་དང་འཚམ་པའི་རིགས་དྲ་ངོས་ལ་འདོན་འཇུག་རྒྱུ་ཡིན།༽ཞེས་པའི་ཚད་གཞི་འདིའི་འོག་ནས་ཐར་ཐབས་མ་འགྲིག་པའི་དཀའ་ངལ་བྱུང་བར་བསམས་ན། ངའི་བྱེད་སྟངས་འདིར་དུས་བབ་རྩོམ་སྒྲིག་པ་དང་གསར་འགོད་པ་ཚོས་ངོས་འཛིན་གང་ཞིག་གནང་གིན་ཡོད་མེད་ཆ་མི་འཚལ་བ་འདུག་སྟེ། ཕན་ཚུན་བར་ཞུས་དག་གི་སྟངས་སྟབས་འདི་ནི། ཕན་ཚུན་ལ་རམ་འདེགས་ཤིག་ལས་གཞན་གང་ཡང་མིན་པར་ངོས་འཛིན་ཞུས་དང་ཞུ་མུས་ཀྱི་ ལྟ་ཚུལ་འདི་རང་གཞི་ལ་བཞག་སྟེ། དྲ་གྲོགས་བསེ་རུ་ལགས་ཀྱི་གཞེན་སྐུལ་འདིར་རྗེས་འདེད་བསམ་ཚུལ་གྱི་སྣོན་འདེབས་ཤིག་ཞུ་འདོད་བྱུང་།
གཅིག དུས་བབ་ཀྱི་ལས་འགན།
དྲ་ངོས་འདིར་མཚོན་ན། ཡང་ན་ཀློག་མཁན་བྱིངས་ལ་མཚོན་ན། ཕལ་མོ་ཆེ་བས་དུས་བབ་ཀྱིས་སྤེལ་བའི་གསར་འགྱུར་དང་གནས་ཚུལ་རིགས་ནི་བཀླགས་དང་ཀློག་མུས་ཡིན་པ་ལས། ཟིན་བྲིས་ཀྱི་རྩོམ་ཡིག་དག་ནི་དེ་ཙམ་གྱིས་ཀློག་མཁན་ཁྱབ་རྒྱ་ཆེན་པོ་ཡོད་མེད་སྣ་ཚོགས་ཡོད་པར་མཐོང་གི་ཡོད། དེ་བས་ན། དུས་བབ་ཀྱི་ངོས་ནས་ཡིག་ནོར་བརྡ་ནོར་སྤེལ་སླེབས་པ་ཡིན་ན། དེ་མཚམས་ནས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་པ་ལ་ཆ་ལག་གཙོ་བོ་འགའ་ཞིག་ཡོད་ཁོངས་ཀྱི་དག་ཆའི་སྐོར་དེར་དུས་བབ་ཀྱི་ངོས་ནས་དྲ་གྲོགས་ཚོར་ལམ་སྟོན་དང་། སྣེ་ཁྲིད་ཟེར་བ་ནི་ཡོང་སྟངས་མེད་པ་ཞིག་རེད། ནན་གྱིས་ཞུ་འདོད་པ་གཅིག་ལ། དུས་བབ་ཀྱི་ངོས་ནས་རྩོམ་སྒྲིག་པ་དང་གསར་འགོད་པ་ཚོས་ནུས་པ་ལྷག་པོ་ཞིག་དང་། ཕེབས་སྟངས་གནང་སྟངས་ལྷག་པོ་ཞིག་ལ་འབད་པ་བསྟེན་དགོས་པ་ནི་དྲ་ངོས་འདིའི་ཚད་གཞི་མཐོར་འདེགས་དང་། ཟིན་བྲིས་པ་དང་ཀློག་མཁན་བྱིངས་ལ་སྣེ་ཁྲིད་ཀྱི་ནུས་པ་འདོན་པ་གང་ཐད་ནས་བསམས་པས་ཀྱང་གལ་ཆེ་བར་འདུག་སྙམ་དུ་བདག་འདོད། གང་ལ་ཟེར་ན། དྲ་ངོས་འདིའི་སྟངས་འཛིན་དང་འགན་ཁུར་གཉིས་ཀའི་འགན་དབང་ཡོད་པའི་ཆ་ནས། དུས་བབ་ཀྱི་ཕེབས་སྟངས་དེ་མ་འདྲ་བ་ཞིག་དང་། མིག་ལྟོས་སུ་འོས་པ་ཞིག་བྱུང་བ་ཡིན་ན། དེ་ནས་དྲ་ངོས་འདིར་རྣམ་པ་གཞན་ཞིག་གི་གྲུབ་འབྲས་མངོན་གྱི་རེད། ཚུལ་འདིར་བསམས་ཏེ། ཁྱེད་ཅག་གི་ཡི་གེ་མུ་མཐུད་བཀླགས་ནས་མུ་མཐུད་བསམ་ཚུལ་སྤེལ་འདོད་ནས་ཡོད་ཅིང་། ཁྱེད་ཅག་གིས་ཀྱང་བདག་སྤྲོད་གནང་རེ་ཆེ་ཞུ་བ་ལགས།
གཉིས། ཟིན་བྲིས་པའི་ལས་འགན།
ཟིན་བྲིས་པ་རྒན་གཞོན་སུ་འདྲ་ཞིག་ཡིན་ནའང་འདྲ། གཞན་གྱི་ཟིན་བྲིས་ནང་བསམ་ཚུལ་ལྟ་ཚུལ་སྣོན་འདེབས་ཀྱི་ཞར་ལ། ཡི་གེའི་དག་ཆའི་ཐད་ཀྱི་སྤུས་ཀ་མཐོང་གཏོང་གི་རམ་འདེགས་མི་ནུས་པའི་དབང་དུ་བཏང་ནའང་། ས་སོའི་ཤོག་ངོས་དེ་སོ་སོས་གཙང་ཉར་གནང་རྒྱུ་གལ་ཆེན་པོ་རེད། ཟིན་བྲིས་པ་མི་རེ་ངོ་རེ་ནས་རང་སོ་སོའི་ཟིན་བྲིས་ནང་ཡིག་ནོར་རིགས་སྤེལ་མ་དགོས་པ་གཙོ་འདོན་བྱས་ཏེ། གཙང་ཉར་གནང་བ་ཡིན་ན། དེ་མཚམས་ནས་གཅིག་ལ་གཉིས་བརྒྱུད་ཀྱིས་དྲ་ངོས་འདིའི་ཡི་གེའི་རིགས་མ་དག་པའི་ ཁྲོད་ནས་ཡར་འདྲེན་ཐུབ་པ་ལ་ཚོམ་པ་མི་དགོས་པ་ཞིག་རེད། དེ་བས་ན། ཟིན་བྲིས་པ་ལྷན་རྒྱས་ནས་འདི་ཐད་གཟབ་བརྩོན་གནང་བ་ཡིན་ན། ཐུན་མོང་གི་ནུས་པ་དེས། ཐུན་མོང་གི་ས་ཁོད་འདི་གཙང་ཉར་ཐུབ་པར་ཡང་བདག་འདོད།
གསུམ། མཆན་བུ་བའི་ལས་འགན།
དྲ་ངོས་འདིར་མཚོན་ན། ཟིན་བྲིས་པ་དང་མཆན་བུ་འདེབས་མཁན་རིགས་གཉིས་ཀྱིས་ཡི་གེ་སྤེལ་གྱི་ཡོད་པའི་ཁོངས་ནས། མཆན་བུ་འདེབས་མཁན་རིགས་གཅིག་གིས་ཀྱང་ཡིག་ནོར་སྤེལ་སླེབས་ཀྱི་ཡོད། ཟིན་བྲིས་པ་ཚོའི་ཟིན་བྲིས་ནང་མཆན་བུ་སྤེལ་རིགས་ལ་ཟིན་བྲིས་པ་ཚོས་འགན་ལེན་གྱིས་དག་བཅོས་དང་། དུས་བབ་ཀྱི་ཡི་གེའི་གཤམ་ལ་མཆན་བུ་སྤེལ་རིགས་ལ་ངེས་ཅན་དུའང་དུས་བབ་ཀྱི་ངོས་ནས་ཞུ་བཅོས་ཁམས་གཙང་རེ་གནང་བ་ཡིན་ན། མཆན་བུའི་ཡིག་ནོར་དག་ཀྱང་རིམ་པས་གཙང་མ་ཆགས་ཀྱི་རེད་འདོད།
བཞི། སྤྱི་ཡོངས་ཀྱི་ལས་འགན།
དྲ་གྲོགས་བསེ་རུ་ལགས་ཀྱིས་རང་ཉིད་ཀྱིས་གོམ་པ་རྒྱག་སྟངས་གསར་པ་ཞིག་དང་བཅས་ཏེ། ལོ་གསར་པ་འདིའི་ནང་། དྲ་གྲོགས་ཚང་མར་༼གོམ་པ་སྤོ་སྟངས་ཀྱི་གསལ་འདེབས༽འདི་བསྒྲགས་པ་འདིར། ང་ཚོས་ངེས་པར་དུའང་གཞོགས་འདེགས་དགོས་པ་སྟེ། ང་ཚོ་ཚང་མར་ལས་འགན་འདི་ཡོད་པ་ཡིན་སྟབས། ངོས་འཛིན་གསལ་པོ་དང་བཅས་ཚང་མ་མཉམ་ཞུགས་ཀྱི་རེ་བ་དང་ཡིད་ཆེས་ཆེན་པོ་ཞུ་ཡི་ཡོད།
བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དེ་ཁ་ནས་བཤད་པ་ཁོ་ནས་ནུས་པ་སླེབས་པ་ཞིག་མ་རེད། ངེས་པར་དུའང་། ལག་ལེན་གྱི་བརྒྱུད་རིམ་དེ་ནས་ནུས་པ་སྤེལ་དགོས་པ་ཞིག་ཆགས་ཡོད་སྟབས། ཡི་གེ་སྤེལ་མཁན་དང་། ཡི་གེ་ཀློག་མཁན་སུ་འདྲ་ཞིག་ཡིན་ནའང་། དག་ཆའི་ཐད་ནས་གཟབ་བརྩོན་གཉིས་ཀ་ཡ་མ་བྲལ་བ་ཞིག་དང་། ལྷག་ཏུ་ཕན་ཚུན་བར་ཞུས་དག་བྱེད་པ་འདི་རོགས་འདེགས་རང་དུ་ངོ་འཕྲོད་པ་ཞིག་བྱུང་བ་ཡིན་ན། དེ་ནས་ང་ཚོར་རེ་བ་ཞིག་ཡོད་པ་རེད་སྙམ་དུ་འདོད། ཞུ་འདོད་པ་ཤིན་ཏུ་ནས་མང་ཞིང་། དཔེ་མཚོན་དང་བཅས་ཏེ་གླེང་བར་ཡང་སྤྲོ་བ་ཆེ་བརྟས་དེ་ལྟར་ནའང་། ཤིན་ཏུ་ཉུང་ངུར་བསྡུས་པ་འདིར། དྲ་གྲོགས་ལྷན་རྒྱས་ནས་བསམ་ཞིབ་ཅིག་ངེས་པར་གནང་རོགས་ཞེས་ཀྱང་སྟབས་གཅིག་ཏུ་ཞུའོ།།
བཀུར་འོས་དྲ་གྲོགས་བསེ་རུ་ལགས་སྐུ་ཉིད་སྔོན་ལ་ཕེབས་དང་ངེད་རང་ཡང་ཁྱེད་རྗེས་སུ་འབྲངས་ནས་ཡོང་གིན་ཡོད་ཅེས་ཀྱང་ཞུའོ།།
དྲ་ཐོག་བོད་ཀྱི་བརྡ་དག་ཞུ་དག་པ་བསེ་རུ་ལགས། རྗེས་སུ་ཡི་རངས་དང་རྒྱབ་སྐྱོར་ཆ་ཚང་ཡོད། ཁྱོད་དང་བསྟན་འཛིན་ཚེ་དཔག་གཉིས་ཀྱིས་སྐུ་ལས་མང་པོ་བསྐྱོན་ཏེ་དྲ་བའི་སྟེང་དུ་བཀོད་པའི་རྩོམ་ཐུང་འཆལ་འཆོལ་དག་ལ་ཞུ་དག་གནང་བ་དེས། དྲ་གྲོགས་རྣམས་དང་བོད་ཀྱི་བརྡ་དག་ལ་ཐུགས་ཕན་མིག་མཐོང་ལག་ཟིན་ཡིན་པ་གཟུར་གནས་ཀུན་གྱིས་ཁས་ལེན་གནང་གི་འདུག་པས་མུ་མཐུད་སྤྱི་དོན་ལ་འབད་པས་ཞོལ་རོགས་གནང།
དྲ་གྲོགས་རྣམས་ཀྱིས་རང་རང་གི་དགོངས་ཚུལ་མ་གསང་དྲང་པོར་གསུངས་པར་དགའ་བསུ་ཞུ་རྒྱུ་དང་། དེ་འབྲེལ་གཅིག་ནས་གཉིས་བརྒྱུད་ཀྱི་ལམ་ནས་ལག་ལེན་དང་ཐུགས་སྣང་ཞིག་གནང་ཚེ། སེལ་མི་ཐུབ་པའི་དཀའ་ངལ་གཅིག་མ་རེད།
ལྷག་པར་གྲོགས་བཟང་སྨན་གྱི་སྡོང་པོ།། གྲོགས་ངན་དུག་གི་འབྲས་བུ།།
ཞེས་པའི་དཔེ་ལྟར། ངའི་གྲོགས་བཟང་བསྟན་འཛིན་ཚེ་དཔག་ལགས་ཀྱིས་ཁོ་བོའི་སེམས་གདུང་གི་ནད་གཅོང་འདིར་དུས་བསྟུན་སྐབས་བབ་ཀྱི་སྨན་ཐུན་གཅིག་གནང་བར་དམིགས་བསལ་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།།
དྲ་གྲོགས་བསེ་རུ་ལགས་ལ་བཀྲིན་ཆེ་ཞུས་ཀྱིན་ཡོད་ལགས།
ཡིན་ན་ཡང་ང་ཚོའི་སྐེ་ཚིགས་འཁྱོགས་ཟིན་པས། དཀའ་ལས་ཁག་པོ་རེད་ལགས།
དུས་བབ་དྲ་ཐོག་གི་དག་ཡིག་དགེ་རྒན་བསེ་རུ་ལགས་དང་བསྟན་འཛིན་ཚེ་དཔག་རྣམ་པ་གཉིས་སུ་གུས་ཞབས་ཞུ། ཁྱེད་རྣམ་པ་གཉིས་ཀྱིས་དྲ་ཐོག་གི་ཡིག་ནོར་ལ་བཟོ་བཅོས་བརྒྱབས་རོགས་བྱས་ཀྱི་ཡོད་པར་ངོ་མ་དགའ་གུས་ཆེན་པོ་ཡོད། བཀའ་དྲིན་ཆེ་ཞུ། མ་ཟད་དེང་སང་དྲ་ཐོག་ཏུ་ཡི་གེ་ཕྱིར་ལོག་དང་སྔགས་ཡིག་ལྟ་བུའི་བཀླགས་སྟངས་མ་ཤེས་པར་མང་པོ་བྲིས་ཀྱི་འདུག་པས་དེར་ཡང་བསམ་གཞིག་རེ་གནང་རོགས་ཞུ།
ཁ་ཅིག་གིས་མ་ཤེས་ནས་ཡིག་ནོར་ཤོར་བ་དང་ཁ་ཅིག་གིས་དམིགས་སུ་བཀལ་ནས་ཡི་གེ་ཕྱི་ལོག་དང་སྔགས་ཡིག་ལྟ་བུ་བྲིས་པ་གཉིས་ཀྱི་ནང་ནས་ཕྱི་མ་དེར་ནོར་འཁྲུལ་ཆེ་བ་ཡོད་སྙམ། བོད་ཡིག་གི་སྲོག་རྩ་ཡང་ཕྱི་མ་དེས་གཅོད་ངེས་རེད་སྙམ།
ཐུགས་རྗེ་གཟིགས།
དྲ་གྲོགས་བསེ་རུ་ལགས།
སྐུ་ཉིད་ཀྱིས་དགོངས་ཚུལ་ལ་རྗེས་སུ་ཡི་རང་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ཡིན་ཡང་ང་རང་གིས་ཀྱང་རྩོམ་ཡིག་དང་མཆན་འདེབས་སོགས་བྱེད་སྐབས་ཡིག་ནོར་མང་པོ་ཞིག་ཤོར་འགྲོ་གིན་འདུག་་ཡིན་ཡང་ངེས་པར་དུ་གཟབ་གཟབ་བྱེད་རྒྱུ་ཡིན།
ཨ་མའི་བུ་དངོས་ནས་བདེན་པ་རེད་ལགས། ཐུགས་རྗེ་ཆེ།
བརྒྱ་ཆའི་བརྒྱ་རྒྱབ་སྐྱོར་ཡོད་ལགས།
༄༅། ། བཀུར་འོས་དྲ་གྲོགས་བསེ་རུ་ལགས་ལ་ཞུ་བ།
ཐོག་མར་ཁྱེད་རང་གི་ཐུགས་སྤོབས་དང་འགན་ལེན་གྱི་གནང་སྟངས་འདིར་རྗེས་སུ་ཡི་རངས་ཞུ། དྲ་ངོས་ཀྱི་རྩོམ་རིག་དག་ནི། ཐད་ཀ་ཐད་ཀར་འབྲི་འགྲེམས་དང་། ཐད་ཀ་ཐད་ཀའི་མྱུར་སྟབས་དང་བསྡོངས་པ་ཞིག་ཡིན་པ་ནི་ཇི་ལྟར་སྐུ་ཉིད་ཀྱིས་གསུང་དོན་དེ་བཞིན་ལགས་ཤིང་། དེ་དང་ཕྱོགས་མཚུངས་དྲ་ངོས་ཀྱི་ཡིག་ནོར་བརྡ་ནོར་དག་གིས་ག་ཤེད་ཅིག་ན་རྒུད་ཉམས་ཤིག་དྲུད་ནས་སྡོད་ཀྱིན་པའང་ཁྱེད་ཤིན་ཏུ་ནས་མད། བརྡ་ནོར་དག་ནོར་འདི་ནད་ཡམས་ཤིག་ཡིན་དབང་དུ་བྱས་ན། ནང་ཡམས་འདི་གསོ་བཅོས་དང་གཏན་འགོག་གི་བགྱི་སྒོ་རྩོམ་པའི་གོ་རིམ་དེ་ནི། ད་ལྟ་ཁྱེད་རང་གིས་གང་དགོངས་ཤིང་ཕེབས་སྟངས་འདི་འདྲ་དག་ད་གཟོད་ལྷ་རྗེ་རེ་རེ་དང་སྨན་ཐུན་རེ་རེ་ཡིན་པ་བདག་གིས་ངོ་འཕྲོད་ཅིང་འདུག དེ་བས་ན། དྲ་གྲོགས་ཁྱེད་རང་ལོ་གསར་པ་འདིའི་ནང་འགན་ལེན་ཅིག་དང་བསྡོངས་ནས་ཕེབས་སྟངས་འདིར་དགའ་གུས་བླ་མེད་ཞུ་བ་ཡིན།
ཁྱེད་རང་གི་དགོངས་ཚུལ་འདི་དང་། ཁྱེད་རང་གི་གནང་སྟངས་འདི། ད་དུང་ཁྱེད་རང་གི་ཕེབས་སྟངས་འདིས། ཁུ་སིམ་མེར་སྡོད་པའི་སེམས་ཚོར་དེ་ཚུགས་མི་ཐུབ་པར་བྱས་སོང་། དེ་ནི་འདི་འདྲ་སྟེ། ངས་ནི། ཉེ་བའི་ཆར་ནས། དྲ་ངོས་འདིར་ཡིག་ནོར་ཐེར་འདོན་གྱི་སྟངས་སྟབས་དེ་ཅམ་འཇོག་གིས། ཁུ་སིམ་མེར་བསྡད་ཡོད། དེར་རྒྱུ་མཚན་གཉིས་ཡོད། འགའ་ཞིག་གིས་ཡིག་ནོར་ཐེར་འདོན་འདི་ཕན་ཚུན་ལ་དམའ་འབེབས་རེས་ལྟ་བུར་ངོས་འཛིན་གནང་གིན་འདུག་པའི་ཚོར་སྣང་བྱུང་། ལྷག་ཏུ་དྲ་བདག་དག་གི་ཡིག་ནོར་ཐེར་འདོན་གྱི་སྐབས་ན། ངོ་ཚ་བས་ཡིན་ནམ་ཅི། ཐེར་འདོན་གྱི་བཟོ་ལྟ་དེ་དྲ་ངོས་སུ་འཆར་མི་འཇུག་པའི་ཁར། ཞུ་བཅོས་ཀྱི་རེ་སྐུལ་དེ་ཡང་སྣང་མེད་ལྟ་བུས་ཞུ་བཅོས་མི་གནང་བའི་རྣམ་འགྱུར་སྟོན་གྱིན་འདུག་སྟབས། གནས་སྐབས་རིང་ཁུ་སིམ་མེར་བསྡད་ཡོད་ནའང་། ད་ནི་ཁྱེད་རང་གི་གོམ་སྟབས་འདིར་བདག་སྤྲོད་གང་འདྲ་ཞིག་གནང་མིན་ལ་བབ་བལྟ་དང་བཅས་ཏེ། ཁྱེད་རྗེས་སུ་འཇུག་པའི་སྟ་གོན་ལ་ཆས་ནས་ཡོད་ལགས་ཞེས་ཀྱང་ཞུའོ།།
ང་ཚོར་ཡིག་ནོར་ཡོང་རྐྱེན་གཙོ་ཆེ་བ་དག་ནི་ཁྱེད་རང་གིས་གསལ་འདོན་གནང་བ་དེ་དང་དེར་གཙོ་བོའི་རྒྱུ་རྐྱེན་དག་མ་འདུས་པ་མེད་པར་མཐོང་། ཁྱེད་རང་གི་གསལ་འདེབས་འདི་བཀླགས་པས་ཡིག་ནོར་ཉུང་དུ་གཏོང་བ་ནས་མེད་པར་གཏོང་བའི་བར་དེར་རང་ཉིད་ཀྱི་ལྟ་ཚུལ་གཙོ་བོར་བཞག་པའི་གཞོགས་འདེགས་བསམ་ཚུལ་རྒྱས་པ་ཞིག་འབུལ་འདོད་ཆེ་བར་ཡོད།