མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕ་ཆོས་ཕམ་ཚོང་། – སྤོབས་པ་མཐའ་ཡས།

བོད་ཀྱི་དུས་བབ།
༢༠༡༡/༠༡/༡༦
Share on FacebookShare on TwitterShare on EmailShare on Whatsapp

བཀའ་བསྟན་དབྱིན་བསྒྱུར་དང་ཕ་ཆོས་ཕམ་ཚོང་།

སྤྱིར་ན་སངས་རྒྱས་ཀྱི་ཆོས་ནི་སྐྱེ་བོ་ཐམས་ཅད་ལ་དབང་བ་ཞིག་ཡིན་པས་སྐད་རིགས་གང་ཞིག་ཏུ་བསྒྱུར་ཀྱང་དབུགས་དབྱུངས་གཟེངས་བསྟོད་ཀྱི་འོས་སུ་ཆེ། ལྷག་པར་ཡང་དབྱིན་ཡིག་ལྟ་བུའི་ནང་དུ་བསྒྱུར་ཐུབ་ན་ཀློག་མཁན་ཧ་ཅང་མང་པོས་ལྟ་ཀློག་ཐུབ་པས་ཆོས་ཀྱི་གྲོགས་པོ་ཚང་མས་དགའ་བསུ་ཞུ་བའི་འོས་སུ་གྱུར། ཕན་སེམས་དང་གཞན་དོན་ལ་དམིགས་པའི་ཀུན་སློང་ཡག་པོ་ཞིག་དང་ཆོས་ཕྱིར་དཀའ་སྤྱད་ནུས་པའི་སྙིང་སྟོབས་ཅན་གྱི་ལོ་ཙཱ་བ་རེ་ཡོད་ན་ཕྱག་དང་མཆོད་པའི་འོས་སུ་གྱུར་པ་ཡིན། སྐྱེས་བུ་སྙིང་སྟོབས་ཀྱི་བདག་པོ་དག་གི་བཀའ་དྲིན་ལ་བརྟེན་ནས་རང་ཅག་ལ་ངོམ་ཆོག་པའི་ཕ་ཆོས་ཤིག་ཡོད་པ་འདི་འཛམ་བུ་གླིང་གི་སྐད་ཡིག་བེད་སྤྱོད་ཆེ་གྲས་ཁག་གི་ནང་དུ་བསྒྱུར་ཐབས་བྱ་རྒྱུ་དེ་ནི་གཏིང་ཟབ་པའི་རིག་གཞུང་འདི་རྒྱུན་འཛིན་དར་སྤེལ་གྱི་ཐབས་ལམ་མཆོག་ཏུ་གྱུར་པ་ཞིག་ཀྱང་རེད། ཡིན་ན་ཡང་རླབས་ཆེ་བའི་བྱ་བ་འདི་འདྲ་ཞིག་མགོ་རྩོམ་པའི་དུས་སུ་སྙིང་སྟོབས་ཆུང་བའི་སྐྱེ་བོ་དག་ནི་འཇིགས་པར་འགྱུར། དངངས་བར་འགྱུར། བྲེད་པར་འགྱུར་བ་འགྱུར་པ་ཆོས་ཉིད་ཡིན་སྟབས་ངའི་སེམས་ངོས་སུ་འཇིགས་སྣང་ཆེན་པོ་གཉིས་ཤིག་གིས་བག་ལྷོད་པོར་སྡོད་པའི་སྐབས་མ་དབྱེ་སྟབས་ཆོས་ཀྱི་གྲོགས་པོ་ཚོར་སྙིང་གི་གཏམ་འདི་སྨྲ་བར་འདོད་དོ༎

དང་པོ། ཕ་ཆོས་ཕམ་ཚོང་གི་འཇིགས་པ།

ཤར་ནུབ་ཀྱི་ལུང་གྲུ་མང་པོར་ནང་བསྟན་ཡིག་སྒྱུར་བའི་ཚོགས་སྡེ་མང་པོ་ཞིག་འདུག ཚོགས་སྡེ་དེ་ཚོའི་ལས་ཀྱི་སྣེ་མོ་བ་དག་གི་ཚོང་ལས་ལ་དྲན་པ་དགུ་འགྱུར་དུ་སྐྱེན་པའི་ཕྱི་མི་ཁག་གཅིག་རེད། བོད་དང་བོད་ཀྱི་ནང་ཆོས་ལ་དགའ་ཞེན་གྱི་རྣམ་པ་སྟོན་མཁན་ཕལ་མོ་ཆེས་བོད་མི་དང་བོད་ཀྱི་ནང་ཆོས་ཀྱི་སྟེང་ནས་དངུལ་གྱི་ཁེ་བཟང་ཞིག་ལེན་འདོད་ཀྱིས་ཁ་གདངས། མིག་བགྲད། སྡེར་མོ་གཟེངས་ནས་བལྟས་ཡོད་ཡོད་པ་རེད། དེ་ཡང་ཁོང་ཚོ་ཐོག་མར་ལུག་ལྤགས་གྱོན་པའི་སྤྱང་ཀིའི་སྒྲུང་བཞིན་དུ་ནང་ཆོས་ལ་དད་མདོག་གིས་མགོ་སྒུར་སྒུར་དང་། སྒྱིད་པ་ཞ་ཞ། ལྕེ་སྣར་སྣར། མིག་ཟུམ་ཟུམ་བྱས་ནས་དགོན་སྡེ་རེའི་མཐའ་དང་བླ་མ་རེའི་དྲུང་དུ་བཅར། ཆོས་ཞུ་དགོས་སར་ཆོས་ཞུས། དངུལ་ཏོག་ཙམ་རེ་འབུལ་དགོས་སར་དངུལ་ཕུལ། ཐ་ན་སྐྲ་བྲེགས་ནས་གཟན་ཤམ་གྱོན་དགོས་ན་ཡང་གྱོན། དེ་དག་ཕལ་མོ་ཆེ་མགོ་སྐོར་གྱི་ཆེད་རེད། ཆ་རྒྱུས་ལོན་ཚར་བའི་ཉིན་ཞིག་བླ་རྒན་རེ་ཟུང་ལ་དངུལ་ཏོག་ཙམ་རེ་སྤྲད་ནས་ཁོའི་ལས་གཞིའི་བློ་འདོན་པ་དང་ཇུས་འགོད་པའི་མིང་རེ་བཏགས། བོད་ཡིག་ཏུ་ཡོད་པའི་ཡིག་ཆ་དེ་ཚོ་ཕྱི་སྐད་དུ་བསྒྱུར། ཕྱི་སྐད་དུ་བསྒྱུར་བའི་དཔེ་དེབ་ཚོང་བསྒྱུར་གྱི་བདག་དབང་ཆ་ཚང་ཁོ་རང་གིས་བཟུང་། དཔེ་རྒྱུན་དེ་ཚོང་བསྒྱུར་གྱི་ཡོང་སྒོ་ཚང་མ་ཁོ་རང་ཚོས་ཁྱེར། རང་རེའི་བླ་མ་དེ་ཚོར་བློ་འདོན་པ་དང་། ཇུས་འགོད་པ། ཕྱི་སྐད་དུ་བསྒྱུར་ཆོག་པའི་བདག་དབང་གནང་མཁན་ཞེས་པའི་མིང་ཆེན་པོ་རེ་བཏགས་ཡོད་པ་མ་གཏོགས་དཔེ་ཆའི་རིན་འབབ་ཀྱི་བརྒྱ་ཆ་གཅིག་ཀྱང་སྟེར་གྱིན་མེད། ཡིན་ན་ཡང་ང་ཚོའི་བླ་མ་ཚོ་གཅིག་ནས་འདོད་ཆུང་ཆོག་ཤེས་ཡིན་སྟབས་གསུང་རབ་ཀྱི་བླུ་ཡོན་ལེན་འདོད་དེ་ཙམ་མེད་ཐོག་དཔལ་འབྱོར་གྱི་འཁོས་བབ་ཞན་པས་ཕྱི་སྒོར་སྟོང་ཕྲག་ཁ་ཤས་རེ་ཕུལ་བ་དེས་བློ་བདེ་སྟེ་རང་རང་གི་མཚན་གནས་སྐུ་དབང་དེ་ཕྱི་མི་ཚོར་གང་འདོད་འདོད་དུ་བེད་སྤྱོད་བྱེད་འཇུག་གིན་འདུག གལ་སྲིད་ཕྱི་མིའི་ཁྲོད་དུ་སངས་རྒྱས་ཀྱི་བསྟན་པ་སྤེལ་ཆེད་དང་གཞན་ཕན་གྱི་ལས་ཁོ་ནའི་ཆེད་དུ་སྒྱུར་མཁན་ཡོད་ན་བླ་མ་དེ་ཚོས་དམ་དྲག་གནང་དགོས་དོན་མི་འདུག ཡིན་ན་ཡང་། ཕྱི་མིའི་ལག་ཏུ་ཤོར་ཚར་རྗེས་ཚོང་བསྒྱུར་དང་དཔར་སྐྲུན་བདག་དབང་མི་འཛིན་མཁན་ཞིག་མི་འདུག་པས་ང་ཚོའི་ཕ་ཆོས་བཀའ་བསྟན་རིན་པོ་ཆེ་འདིའི་ཚོང་བསྒྱུར་བདག་དབང་དེ་ཕྱི་མིའི་ལག་ཏུ་མི་ཤོར་བར་ཆོས་སྦྱིན་ཁོ་ནའི་ཆེད་དུ་འགྲོ་ཐུབ་པ་ཞིག་དང་གལ་སྲིད་བླུ་ཡོན་ཁེ་སྤོགས་ལེན་དགོས་བྱུང་ན་དེ་ཁེ་དངུལ་དེ་སངས་རྒྱས་བསྟན་པ་དར་སྤེལ་གྱི་རྒྱུ་རུ་སྨིན་པ་ཞིག་ལ་ཐོག་མ་ནས་ཐུགས་བསམ་ཐོངས་པ་གལ་ཆེན་རེད།

ཉེ་ཆར་གསང་སྔགས་རྙིང་མའི་ཆོས་དཔེ་ཧ་ཅང་འབོར་ཆེན་ཞིག་ཕྱི་སྐད་དུ་བསྒྱུར་ཚུལ་གྱི་ཁྱབ་བསྒྲགས་འབྱོར་ཡོང་གིན་འདུག དཔེར་ན། བལ་ཡུལ་དུ་རྒྱུན་སྡོད་བླ་མ་ཁྲོ་ནེ་ཟེར་བ་སོགས་ཀྱིས་རྙིང་མའི་སྔགས་སྐོར་མང་པོ་ཞིག་བསྒྱུར་ནས་ཁྲོམ་རར་བཀྲམ་རྒྱུ་ཡིན་པའི་གསལ་བསྒྲགས་དེར་གཞིག་ན་བླུ་ཡོན་ཡང་ཚད་ལས་འདས་པའི་ཆེན་པོ་རེད་འདུག དཔེ་དེབ་ཀྱི་ཁ་ཤོག་ལ་བླ་ཆེན་ཆེ་གེ་མོ་དང་ཅིག་ཅིག་ཅིག་གི་སློབ་སྟོན་དང་ཇུས་འགོད་བཞིན་བསྒྱུར་ཚུལ་བཤད་ཡོད་མོད་ཚོང་བསྒྱུར་གྱི་རིན་འབབ་དེ་སྤྱིར་སངས་རྒྱས་ཀྱི་བསྟན་པའི་ཆེད་དུ་སྨིན་པ་ལྟ་ཞོག ཕྱི་སྐད་དུ་བསྒྱུར་བའི་བདག་དབང་གནང་མཁན་གྱི་བོད་ཀྱི་བླ་གྲྭ་དེ་ཚོར་བརྒྱ་ཆ་གཅིག་ཀྱང་འབབ་གི་མི་འདུག རྒྱུ་མཚན་དེ་དག་ལ་བརྟེན་ནས་འདིའི་སྐོར་ལ་སེམས་འཚབ་ཅིག་སྔོན་མ་ནས་སླེབས་མྱོང་།

གཉིས་པ། བཀའ་བསྟན་ཆ་ཚང་སྒྱུར་ཤེས་མཁན་ཞིག་ཡོད་དམ།

ད་ལྟ་རང་རེའི་བཀའ་བསྟན་ནི་ལུང་རྒྱུན་རེ་སྤེལ་བ་དང་། རིམ་གྲོར་ཀློག་འདོན། དད་རྟེན་དུ་ཉར་བ། མཁས་པ་ལ་ལས་ཞིབ་འཇུག་གི་ཆེད་དུ་གང་དགོས་ས་དེར་དཔེ་གཟིགས་རེ་མཛད་སྲོལ་ཙམ་ལས་ཕལ་མོ་ཆེར་སློབ་གཉེར་བྱེད་སྲོལ་མེད་ཐོག་ཁྲིད་རྒྱུན་ཡང་མེད་པས་སྒྱུར་ཤེས་ཁག་པོ་ཡིན་སྲིད། ལྷག་པར་ཡང་རྒྱུད་ཀྱི་སྐོར་དེ་དག་ནི་མཐའ་དྲུག་གི་འཆིངས་བས་བཅིངས་པའི་རང་བཞིན་དུ་གནས་ཡོད་སྟབས་ཚིག་དོན་ཅི་བཞིན་ཤེས་དཀའ་བས་རྗོད་ཚིག་ཡག་པོ་མ་བྱུང་ན་ཉེན་ཁ་ཆེ་སྟབས་སྔོན་ཆོས་རྒྱལ་གྱི་སྐབས་སུ་ཡང་སྔགས་མ་རྒྱུད་སྒྱུར་མི་ཆོག་པའི་ཁྲིམས་བཅའ་དགོས་བྱུང་བ་སོགས་ལ་ཡང་བསམ་གཞིག་བྱ་དགོས་པ་ཞིག་རེད། བོད་དུ་རྒྱལ་ཁྲིམས་ཞིག་རྗེས་སུ་པཎ་ཌི་ཏ་ཤམ་ཐབས་སྔོན་པོ་ཅན་སོགས་ཀྱིས་སྔགས་མ་རྒྱུད་ཀྱི་ཚིག་དོན་ཇི་བཞིན་མ་ཤེས་པས་བོད་དུ་ཆོས་ལུགས་པའི་སྤྱོད་པ་ལ་འཆོལ་ཉོག་ཆེན་པོ་བྱུང་བ་ལྟ་བུ་རེད།

བསྟན་འགྱུར་གྱི་ནང་དུ་སྙན་ངག་མེ་ལོང་མ་དང་རང་རེའི་སུམ་རྟགས་རྩ་བ་ལྟ་བུ་ནང་ཆོས་འབྲེལ་བ་མེད་པ་ཡང་ཡོད་ཐོག བཀའ་འགྱུར་དུ་ཡང་རྒྱུད་སྡེ་གོང་མའི་སྐབས་སུ་ཚིག་གི་ཆ་ནས་དད་ལོག་སྐྱེ་བའི་ཉེན་ཁ་ཅན་མང་དུ་སྣང་བ་དང་། རྒྱུད་སྡེ་འོག་མའི་སྐབས་སུ་དོན་གྱི་ཆ་ནས་ཀྱང་ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་ཆ་ལག་རོ་ལངས་གསེར་སྒྲུབ་དང་གནོད་སྦྱིན་མོ་ལ་འདོད་པ་སྤྱོད་སྟངས་༼རང་རེའི་བཀའ་བསྟན་བསྒྱུར་མགོ་ཚུགས་ནས་ལོ་༡༣༠༠ལྷག་གི་རིང་ལ་གནོད་སྦྱིན་མོ་དགའ་རོགས་སུ་བརྟེན་ཐུབ་མཁན་སུ་དང་སུ་བྱུང་ཡོད་དམ། ཀུ་རེ་ཡིན༽སོགས་དེང་སང་གི་མིའི་བློ་ངོར་དགོས་ནུས་ཆེར་མེད་པ་དེ་རྙེད་ཅིག་འདུག་པས་དེ་ཚོ་བསྒྱུར་སྟངས་མ་གཟབ་ན་བསྟན་པ་ལ་དད་པ་སྐྱེ་བ་ལས་ལྡོག་སྟེ་དད་ལོག་སྐྱེ་བའི་ཆ་རྐྱེན་དུ་ཡང་འགྱུར་མི་སྲིད་པ་མ་རེད། དེ་བཞིན་དུ་སྔོན་གྱི་ལོ་ཙཱ་བ་བ་རྣམས་ནི་སྐད་སྒྱུར་ཤེས་པ་ཙམ་དུ་མ་ཟད་རང་རང་གིས་གང་བསྒྱུར་བའི་རྒྱུད་སྡེ་དེ་དང་དེ་དག་གི་ཁྲིད་རྒྱུན་དང་ཉམས་ལེན་མཐིལ་དུ་བྱས་ནས་བསྒྱུར་བ་རེད། དཔེར་ན་བེ་རོ་ཙཱ་ནས་རྫོགས་ཆེན་བསྒྱུར་བ་དང་། འབྲོག་མིས་ཀྱེ་རྡོར་སྐོར་བསྒྱུར་བ། ལོ་ཆེན་རིན་ཆེན་བཟང་པོ་དང་རྗེ་མར་པས་གསང་འདུས་བསྒྱུར་སྤེལ་བྱས་པ་ལྟ་བུ་རེད། རབ་བྱུང་ན་སྐབས་འདིའི་བཀའ་བསྟན་དབྱིན་བསྒྱུར་ཀྱང་གསུང་རབ་ཀྱི་ཆེ་བ་མཚོན་པ་དང་སྔོིན་གྱི་སྲོལ་རྒྱུན་བཟང་པོའི་རྗེས་སུ་འབྲངས་བའི་ཆེད་དུ་ཁྲལ་འཁྱོལ་གྱི་ཡིག་སྒྱུར་ཙམ་མ་ཡིན་པར་མདོ་རྒྱུད་གང་དང་གང་ཡིན་ཡང་དེ་དང་དེ་ལ་ཉམས་ལེན་དང་སློབ་གཉེར་གང་འཚམས་ཡོད་པའི་ལོ་ཙཱ་བ་བརྙེད་དགོས་པ་གལ་ཆེན་རེད།

རང་རེའི་བཀའ་བསྟན་བྱུང་བའི་ལོ་རྒྱུས་ལ་བསམ་ན་ཡང་ཚོགས་པ་ཆེན་པོ་ཞིག་བཙུགས་ནས་སྡེབས་གཅིག་ཏུ་ཚོང་ཁྲོམ་བཤམ་པ་བཞིན་བྱུང་བ་ཞིག་མ་རེད། མི་ལོ་བརྒྱ་ཕྲག་མང་པོའི་རིང་ལ་ཆོས་ཚན་རེ་རེ་བཞིན་དམིགས་བསལ་གྱིས་ཆོས་གཞུང་དེ་དང་དེ་ལ་མཁས་པའི་སློབ་དཔོན་རེ་རེའི་དྲུང་ནས་སློབ་མ་རང་རང་གིས་སློབ་གཉེར་བྱས། ཚིག་དང་ཚིག་ཟུར་རེ་རེ་བཞིན་སྒྲོ་འདོགས་བཅད།  སྐབས་དེའི་གདུལ་བྱའི་བློ་དང་འཚམས་མིན་བལྟས། དབང་ལུང་ཁྲིད་རྒྱུན་གྱི་རིམ་པ་གང་ཐད་ནས་ཆོས་ལུགས་རང་གི་ཆོ་ག་ཕྱག་བཞེས་མ་ཉམས་པ་གནང་བར་བརྟེན་ཁུངས་བཙུན་པོ་ཞིག་བྱུང་བ་ཞིག་ཡིན། ད་ཡོད་ང་ཚོའི་བཀའ་བསྟན་གཉིས་པོའིི་ནང་གི་ཆོས་ཚན་ཚང་མ་རེ་རེ་བཞིན་ཆེད་དུ་མཁས་པའི་སློབ་དཔོན་ཡོད་དམ་མེད། ཚིག་དོན་གང་ཐད་ནས་ལྷག་ཆད་ནོར་བ་མེད་པར་བསྒྱུར་ཐུབ་པའི་འགན་ལེན་ཐུབ་དང་མི་ཐུབ། ད་ཡོད་བོད་ཀྱི་ཆོས་རྒྱུད་སོ་སོར་རང་རང་ལ་བཀའ་བབ་པའི་མདོ་རྒྱུད་ཀྱི་རྣམ་གྲངས་རེ་རེ་བགྲང་རྒྱུ་ཡོད་པ་དེ་ཚོའི་ཚིག་དོན་ལ་སྒྲོ་འདོགས་གཅོད་ནུས་མཁན་གྱི་ཆེད་མཁས་པ་ཡོད་པའི་དབང་དུ་ཐོངས། ཡིན་ན་ཡང་། རང་རེས་ཐོས་བསམ་སློབ་གཉེར་བྱ་སྲོལ་མེད་པའི་ཆོས་གཞུང་དེ་ཚོའི་ཚིག་དོན་མ་ནོར་བར་བསྒྱུར་ནུས་པ་ལ་ཐོག་མར་ཆོས་གཞུང་དེ་ཚོའི་ཁྲིད་རྒྱུན་སླར་གསོ་བྱེད་ཐུབ་དགོས།

མཇུག་བསྡུ་བ། ཆོས་ལུགས་ཁྱབ་སྤེལ་དང་དཔལ་འབྱོར་ཚོང་བསྒྱུར་གང་ཐད་ནས་བསམ་བློ་བཏང་ན་རང་རེའི་བླ་མ་ཁག་གཅིག་གི་བཀའ་བསྟན་དབྱིན་བསྒྱུར་གྱི་ཇུས་གཞི་དེ་ནི་སྟག་ལ་ཞོན་པ་ལྟ་བུའི་ཁེ་ཉེན་ཆེན་པོ་ཞིག་རེད། སྟབས་ཡག་ན་དཔལ་འབྱོར་ཚོང་བསྒྱུར་ལ་བསམ་པ་ཡིན་ན་དཔེ་རྒྱུན་དེ་ཚོང་འགྲེམ་གྱི་རྒྱུན་མ་རྫོགས་ཀྱི་བར་དུ་ཁེ་དངུལ་རྒྱུན་མ་ཆད་དུ་འབྱུང་བས་གྲྭ་ཚང་གསོ་བའི་དཀའ་ངལ་གྱི་ཁུར་པོ་ཡང་ཆུང་དུ་འགྲོ་བ། ཆོས་སྦྱིན་ལ་རིན་མེད་དུ་སྤེལ་བསམ་མཁན་ཞིག་ཡིན་ན་དད་པ་ཡོད་མེད་ལ་མ་ལྟོས་པའི་མི་སྣ་དུང་ཕྱུར་མང་པོས་རང་གི་སྐད་ཡིག་ཏུ་ཀློག་ནུས་པས་ཆོས་སྤེལ་བའི་གོ་སྐབས་སྔར་ལས་མང་པོ་ཞིག་ཐོབ་རྒྱུ་དེ་རེད། སྟབས་ཉེས་ན་ཚོང་སྒྱུར་གྱི་བྲེལ་བ་ཆེ། སྐད་ཡིག་ལ་བྱང་ཆ་ཆུང་། ཟབ་མོའི་ནང་དོན་ལ་གོ་བ་ཞན་པས་ཡིག་སྒྱུར་དེ་ཡང་ཁྲལ་སོད་མགོ་སྐོར་ཙམ་དུ་གྱུར་ནས་ཇི་སྲིད་བར་དུ་དོག་སློང་དང་ཡིད་འགྱོད་ཀྱི་ཡུལ་དུ་གྱུར། ཕྱི་མི་མགོ་བདེ་བ་དང་དཔར་སྐྲུན་ཁང་ཧམ་པ་ཅན་ཞིག་ཞིག་གི་ལག་ལ་དབང་ཆ་ཡོངས་སུ་རྫོགས་པ་ཤོར། ཁེ་དངུལ་གྱི་འཁོར་རྒྱུགས་ཚང་མ་ཁོ་རང་ཚོར་དབང་། དད་ལྡན་ཚོས་བླུ་ཡོན་ཚད་ལས་འདས་པ་རེ་ཤོར། ངེད་ཚོའི་བླ་རྒན་ཚོའི་མིང་སྐམ་པོ་དེ་བཀའ་བསྟན་དབྱིན་འགྱུར་མའི་ཤོག་ངོས་ཕྱི་ནང་རེར་འཁོད་པ་ཙམ་ལས་དོན་དུ་ཕྱི་མི་ཚོང་ལས་པ་མ་རབ་ཁག་གཅིག་གི་གཡོག་པོ་གཡོག་ནག་ཏུ་གྱུར། ལག་སྟོང་མཆན་དུ་བཅུག་ནས་ལྷ་སྐུ་ཁ་ཤས་ཤིག་གི་དྲུང་དུ་མཆོད་མེ་ཁ་ཤས་རེ་བསྲུང་ནས་སྐུ་ཚེ་ལྷག་མ་སྐྱེལ་དགོས་ཐུག་གི་རེད། །

འབྲེལ་ཡོད་གསར་འགྱུར།

Mobile App

 མགོན་པོ་སྐྱིད་ལགས་ཀྱིས་སླར་ཡང་རང་སྲོག་བློས་གཏོང་གིས་ལས་འགུལ་སྤེལ།

ཆུ་ཚོད་ ༡༧ སྔོན་ལ།
ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

༢༠༢༥/༡༡/༠༥
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

༢༠༢༥/༡༡/༠༥
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

༢༠༢༥/༡༡/༠༥
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤
Setti Warren directed the Harvard Institute of Politics out of the Harvard Kennedy School since 2022. By Claire Yuan
Mobile App

སྲིད་སྐྱོང་མཆོག་གིས་ཧྭ་ཝར་ཌིའི་སྐུ་ཞབས་ཝ་རན་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་གནང་།

༢༠༢༥/༡༡/༠༤

མཆན། 6

  1. རིག་པའི་རལ་གྲི། says:
    ལོ་ 15 སྔོན།

    ངས་རང་རེའི་བོད་ཀྱི་བཀའ་བསྟན་རྣམས་བོད་ཀྱི་སྐད་ཡིག་དང་མཉམ་དུ་ཚེའི་འཕེན་པ་རྫོགས་པའི་ཉེས་ཁ་གཟིགས་ཤིང་། སྐད་རིགས་གཞན་གྱི་ཐོག་ཏུ་བསྒྱུར་བའི་འཆར་འགོད་གནང་ནས། ལས་མགོ་བརྩམས་པ་འདི་དག་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ལ། མི་བཟོད་བའི་ཟུང་ངུ་དོར་ནས་ཁྱེད་རྣམས་ཀྱི་སྙིང་སྟོབས་དང་ལྷག་བསམ་ལ་དངོས་གནས་རྗེས་སུ་ཡིད་རང་ཞུ་རྒྱུ་ཡིན།
    ཆོས་རྒྱལ་རྣམ་པས་མི་རབས་ནས་མི་རབས་སུ་མི་རྒྱུ་འཕང་མེད་དུ་བཏང་ནས་གདན་འདྲེན་བྱས་ཏེ། ད་ལྟ་རང་རེ་དབུ་ནག་བོད་ལ་ངོམ་རིམ་ཆོག་པ་ཞིག་ཡོད་པ་དུས་ཚོད་ཐུང་ཐུང་གི་ནང་དུ་དབྱིན་སྐད་ནང་དུ་ཕབ་བསྒྱུར་བྱེད་ཐུབ་པ་དཀའ་ཡང་། མི་སྲིད་ཟེར་ཐག་བཅད་མི་ནུས་པ་ནི། སྔོན་མར་ལོ་གྲངས་བཅུ་ཕྲག་རིང་བྲིས་བསྒྱུར་དགོས་པ་རྣམས། དེང་སང་ཉིན་རེ་ཙམ་ལ་ཡང་ཐུབ་ཀྱི་ཡོད་པས་མཚཽན་ནུས།
    ཕ་ཆོས་ཧྲུལ་ནས་མི་མངོན་པའི་དབྱིངས་སུ་ཡལ་བཅུག་པ་ལས། འཛམ་གླིང་ཡོངས་ལ་ལེགས་སྐྱེས་སུ་ཕུལ་བ་དེ་མི་ལེགས་སམ།

    Reply
  2. ལྷ་མོ་དོན་གྲུབ། says:
    ལོ་ 15 སྔོན།

    དམ་ཆོས་སྤེལ་བ་ལ་ཕམ་ཚོང་ཟེར་ན་མི་འོས། གལ་ཏེ་སྒྱུར་ཤེས་མི་ཤེས་ཚང་མས་གང་བསྒྱུར་བསྒྱུར་ཚང་མ་བྲིན་གྱིན་ཨེ་ཡོད་ན། ཀུན་སློང་སྐྱོན་ཅན་དང་སྒྱུར་ཆོས་སྤུས་དག་ཡིན་མིན་དེ་ཕྱོགས་གཅིག་གི་གནད་དོན་རེད། ང་དགའ་འོས་པ་ནི་ཕ་ཆོས་བཙོང་ནས་ཁ་གསོ་ཐུབ་པ་དང་རྒྱུ་ཐོག་ལ་རྒྱག་གི་ཡོད་ན། ནང་ཆོས་འདི་ངོ་མ་དུས་རབས་ཉེར་གཅིག་གི་གཅེས་ནོར་ཞིག་ཆགས་ཀྱིན་ཡོད་པ་རེད། སྒྱུར་ཆོས་སྤུས་ཇེ་དག་ལ་འགྲོ་གི་རེད། གཅིག་སྐྱོན་གཅིག་གིས་གླེང་ནས་ཡོང་གི་རེད། དེང་སང་བོད་ཀྱི་དགེ་བཤེས་ཀྱི་ནང་ན་ཡང་དེ་དག་ལ་ཞུ་དག་གནང་ཐུབ་མཁན་མང་བས། གཞུང་ངམ་ཡང་ན་ཚོགས་སྡེ། ཡང་ན་དགེ་བཤེས་སྒེར་བ་འགས་དང་བླང་ཐོག་ནས་ནང་ཆོས་གསར་སྒྱུར་རིགས་ཀྱི་སྐོར་ལ་ཞུ་དག་ཁང་ཞིག་འཛུགས་ཐུབ་ན་དགེ་བ་ཆེ་ཞིག་གསོག་ཐུབ་རྒྱུ་རེད་སྙམ།

    Reply
  3. ཐ་ཧྭར་སྐལ་བཟང་། says:
    ལོ་ 15 སྔོན།

    བཀའ་བསྟན་བསྒྱུར་མཁན་ཡོད་ན་བསྒྱུར་བར་འཇུག་རྒྱུ་རེད། དེ་མིན་ན་ང་ཚོས་སེམས་ཅན་ཐམས་ཅད་ཟེར་བ་དེ་ལ་འགྱུར་བ་ཞིག་གཏོང་དགོས་ཀྱི་རེད་བསམ།

    Reply
  4. དར་ལྕེ་ཟད་པོ།། says:
    ལོ་ 15 སྔོན།

    དངོས་གནས་གཟབ་གཟབ་བྱེད་དགོས་པ་རེད། གལ་ཆེ་ཤོས་སུ་འཛིན་དགོས་པ་རེད། སྒོར་མོར་བརྔམས་ནས་བསྒྱུར་ཉེས་བྱེད་རྒྱུའི་ཉེན་ཁ་ཚབས་ཆེན་ཡོད།། ནང་ཆོས་དབྱི་སྐད་དུ་བསྒྱུར་མཁན་དང་དབྱིན་སྐད་དུ་སྨྲ་མཁན་དེ་དག་ཕལ་མོ་ཆེ་ལ་ནང་ཆོས་ཤེས་ཚད་དེ་ཙམ་མེད་མཁན་ཤ་སྟག་རེད། ནང་ཆོས་གཏིང་ཚུགས་པ་ཤེས་མཁན་གྱིས་སྐད་ཡིག་མི་ཤེས།། སྐད་ཡིག་ཤེས་མཁན་རྣམས་ཀྱིས་ནང་ཆོས་མི་ཤེས།།

    འཛམ་གླིང་འདི་ན་ནང་ཆོས་ཤེས་མཁན་ཉུང་།།
    ཆོས་དང་སྐད་གཉིས་ཤེས་པ་དེ་བས་ཉུང་།།
    གཉིས་ཀ་ཤེས་ཀྱང་ལྷག་བསམ་ཡོད་པ་དཀོན།།
    གསུམ་ཀ་ཡོད་པ་ཉིན་ཁར་སྐར་མ་རེད།།

    Reply
  5. ཕ་ལམ་ནག་པོ། says:
    ལོ་ 15 སྔོན།

    གྲོགས་སྤོབས་པ་མཐའ་ཡས་ལགས།
    མ་མཇལ་ཡུན་རིང་།
    ཁྱེད་ཀྱི་བསམ་ཚུལ་དེར་ངོ་མ་གནད་འགག་འདུག་པས་ཆུ་མ་ཡོང་གོང་གི་རགས་ཞེས་པ་ལྟར་ཐོག་མ་ཉིད་ནས་ཡིད་གཟབ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་འདུག་་་་་་
    ང་དབྱིན་ཇིའི་སྦྱིན་བདག་དེ་འདྲ་མང་པོ་ལ་ཐུག་མྱོང་ཡོད།ཁོང་ཚོའི་བཤད་ཚུལ་ལ་གཞིགས་ན་༧གོང་ས་མཆོག་གི་གསུང་ཆོས་སྐབས་སུ་ཡང་ཕྱི་རྒྱལ་དུ་ཡོད་པའི་བོད་མི་མང་པོ་ཞིག་གིས་མགོ་བདེ་འཁྲབ་ནས་དངུལ་ལོར་མང་པོ་བཟོ་བཞིན་ཡོད་པ་འདྲ།རབ་བྱུང་ན་དེའི་གནས་སྟངས་ག་འདྲ་ཡིན་མིན་ཐད་ལའང་ཞིབ་འཇུག་བྱེད་ཐུབ་ན་ཡག་པོ་འདུག་་་་་ཕལ་ཆེར་ང་ནོར་མེད་ན་༧གོང་ས་མཆོག་གི་གསུང་ཆོས་དེ་ཡང་ད་ཆ་ཁེ་སྤོགས་ཧ་ཅང་མཐོ་བའི་ཚོང་རྫས་ཤིག་ཆགས་འདུག

    Reply
  6. རྒྱ་སྟག་དཀར་པོ says:
    ལོ་ 15 སྔོན།

    གྲོགས་པོ་སྤོབས་པ་མཐའ་ཡས་ཀྱི་གནད་སྨིན་གྱི་གཏམ་དེ་ལ་ཡི་རངས་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese