མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཚོ་འོས་མི་གསུམ་གྱི་རྒྱབ་ཏུ་སུ་གང་ཡང་མེད་ཟེར།

བོད་ཀྱི་དུས་བབ།
༢༠༡༡/༠༢/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཚེས་ ༣༡ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༡༠ ནས་ཉིན་རྒྱབ་ཆུ་ཚོད་ ༢ བར་ངྷ་ས་དབུས་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག ནོར་གླིང་ཉེ་འགྲམ་གྱི་བཙུན་དགོན་སྒྲོལ་མ་གླིང་དུ་བཀའ་བློན་ཁྲི་པའི་འོས་མི་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང་། བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས། ཁྲིམས་ལུགས་མཁས་པ་བློ་བཟང་སེང་གེ་ལགས་བཅས་ཀྱིས་བཀའ་བློན་ཁྲི་པའི་ལས་དོན་དང་འབྲེལ་བའི་སྐོར་ལ་མང་ཚོགས་ཀྱི་དྲི་བར་ལན་འདེབས་གནང་ཡོད་ལ། བགྲོ་གླེང་སྐབས་ཀྱི་གལ་ཆེའི་དྲི་བ་གསུམ་གྱི་ཐད་དུ་བཀའ་ཁྲིའི་འོས་མི་རེ་རེ་བཞིན་ལན་འདེབས་གནང་བ་གཤམ་གསལ་ལྟར་ཡིན།

 འདི་ག་བོད་ཀྱི་དུས་བབ་གསར་འགོད་པ་ཨ་རིག་འགྱུར་མེད་ཀྱི་དྲི་བ། འདས་པའི་ལོ་ལྔ་བཅུའི་རིང་བཙན་བྱོལ་ནང་ཡིག་རྨོངས་སེལ་བའི་གྲངས་འབོར་བརྒྱ་ཆ་བརྒྱད་བཅུ་ལས་བརྒལ་ཡོད་ཀྱང་། བཙན་བྱོལ་དུ་འཚར་ལོངས་བྱུང་བའི་གཞོན་སྐྱེས་རྣམས་ལ་བོད་མི་རིགས་རང་གི་སྐད་དང་ཡི་གེ ཡུལ་སྲོལ་གོམས་གཤིས་དང་མི་རིགས་རང་གི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་སོགས་ཀྱི་ཤེས་ཡོན་དེ་ཙམ་མེད་སྟབས། མ་འོངས་པར་འདས་པའི་ལོ་ལྔ་བཅུའི་རིང་གི་ཤེས་ཡོན་སྲིད་ཇུས་ཀྱི་ལངས་ཕྱོགས་གཞིར་བཟུང་སྟེ། གཞོན་སྐྱེས་རྣམས་ལ་བོད་ཀྱི་སྐད་དང་ཡི་གེ ཡུལ་སྲོལ་གོམས་གཤིས་སོགས་ལེགས་པོ་ཞིག་སློབ་ཆེད་ཤེས་ཡོན་སྲིད་ཇུས་གསར་པ་གང་འདྲ་ཞིག་དགོས་སམ།

བསྟན་འཛིན་རྣམ་རྒྱལ་ལགས་ཀྱི་ལན། སྐད་ཡིག་གི་གནད་དོན་ནི་དངོས་གནས་བོད་མི་རིགས་དང་འབྲེལ་བའི་གནད་དོན་ཞིག་རེད་ལ། ཧ་ཅང་གི་གལ་ཆེན་པོ་རེད། ད་ལྟ་བཙན་བྱོལ་བོད་གཞུང་འདས་པའི་ཉམས་མྱོང་ལ་བལྟས་ཏེ་ཤེས་ཡོན་སྲིད་ཇུས་གསར་བ་ཞིག་གི་སྟེང་དུ་འགྲོ་བཞིན་ཡོད་ཀྱང་། དེ་འགྲིག་གི་ཡོད་མེད་ལ་བལྟས་ཏེ་བསྒུག་དགོས་བྱུང་ན་འབྱུང་འགྱུར་གྱི་ལོ་ལྔ་དང་བཅུ་ལ་བསྒུག་ཀྱང་ར་གསལ་བོར་འཕྲོད་ཀྱི་མེད། དེར་བརྟེན་ལམ་སེང་ཐབས་ཤེས་གསར་བ་གནང་དགོས་པ་རེད། དཔེར་ན། སློབ་གྲྭ་ཁག་ཏུ་ཉིན་ལྟར་ཆུ་ཚོད་ཕྱེད་ཀ་ལྟ་བུར་བོད་སྐད་གཅིག་པུ་སྦྱོང་རྒྱུའི་འཛིན་གྲྭ་འཚོགས་པའམ། དེ་ལྟར་མ་བྱུང་ན་བདུན་རེར་ཐེངས་རེར་འཚོགས་རྒྱུ། དེ་བཞིན་སྐད་ཆ་ནི་ཡིག་ཐོག་གི་སྐད་ཆ་ཙམ་མིན་པར་རྒན་པ་དང་གཞོན་པའི་བར་དུ་སྐད་ཆ་བཤད་པར་གོ་སྟབས། སྤྱི་ཚོགས་ནང་དུ་རྒན་པ་མང་པོ་ཡོད་ལ་ཁོང་ཚོས་སློབ་ཕྲུག་མཉམ་དུ་སྐད་ཆ་བཤད་རྒྱུ། གཞན་ཡང་སློབ་ཕྲུག་མང་བོ་ཞིག་སློབ་གྲྭར་བཞག་སྟེ་ཕ་མས་ལྟ་སྐྱོང་རག་གི་མེད་པས་སྐད་འཕྲོ་བརླག་ཏུ་འགྲོ་བཞིན་ཡོད། དེ་བཞིན་སྐད་དེ་ང་ཚོའི་རིག་གཞུང་ཡིན་ཞེས་མཛད་སྒོ་ཁག་དང་འཛིན་གྲྭའི་ནང་གཅིག་པུར་བེད་སྤྱོད་གཏོང་རྒྱུ་མིན་པར། རྩོམ་འབྲིའི་རིགས་དང་གློག་བརྙན་གྱི་རིགས། གཞས་གསར་བ་བཅས་ཀྱི་རིགས་ལ་ང་ཚོས་རྒྱབ་སྐྱོར་དང་དོ་སྣང་བྱས་ཏེ། སློབ་ཕྲུག་ནས་བཟུང་བོད་སྐད་བེད་སྤྱོད་གཏོང་རྒྱུ་དང་དེ་ལ་དགའ་སྣང་བསླེབ་པ་བྱ་དགོས།

བློ་བཟང་སེངྒེ་ལགས་ཀྱི་ལན། སློབ་གྲྭ་ཁག་གི་དགེ་རྒན་སྤུས་ཀ་ལྡན་པ་ཞིག་མེད་ན། ཤོག་ཐོག་གི་སྲིད་ཇུས་གཏན་འབེབས་གནང་མཁན་བོད་གཞུང་ཡིན་ན་ཡང་། ལག་ལེན་བསྟར་མཁན་དགེ་རྒན་ཡིན་སྟབས་གཙོ་བོ་དགེ་རྒན་སྤུས་ཀ་ལྡན་པ་ཞིག་ཏུ་ཤུགས་རྒྱག་དགོས། དེ་བཞིན་སློབ་གྲྭ་ཁག་ཏུ་ཆབ་སྲིད་དང་ལོ་རྒྱུས། རིག་གཞུང་བཅས་ཀྱི་སྐོར་ནས་སློབ་སྦྱོང་སྤྲོད་རྒྱུ་ཧ་ཅང་གི་གལ་ཆེན་པོ་རེད། བོད་གཞུང་གིས་ཤེས་ཡོན་ཐོག་ལོ་རེར་དངུལ་གྱི་འགྲོ་གྲོན་བརྒྱ་ཆ་ ༡༧ ཙམ་གཏོང་གི་ཡོད་ལ། དེ་ནི་ཤེས་ཡོན་སྟེང་གཏོང་བཞིན་པའི་དངུལ་འབོར་ཕོན་ཆེན་ཡིན་ཡང་། རྒྱ་ནག་གིས་དེ་ལས་ལྷག་པའི་འཆར་གཞི་ནི། བོད་རྒྱལ་ཁབ་ཟེར་བ་འཛམ་གླིང་གི་ས་ཁྲའི་ནང་མེད་པར་བཟོ་རྒྱུ་དང་བོད་མི་རིགས་ཟེར་བ་རྩ་མེད་གཏོང་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད་སྟབས། ང་ཚོས་དེ་ལ་གདོང་ལེན་བྱ་ཆེད་བོད་སྐད་དང་བོད་ཀྱི་ངོ་བོ། བོད་ཀྱི་རིག་གཞུང་བཅས་མི་བརླག་ཆེད་ད་ལྟ་ཤེས་ཡོན་ཐོག་དངུལ་གྱི་འགྲོ་གྲོན་དེ་སྔ་ལས་ལྷག་ཅིག་དགོས་པ་རེད།  

བཀྲ་ཤིས་དབང་འདུས་ལགས་ཀྱི་ལན། གཙོ་བོ་སློབ་གྲྭ་ཁག་ཏུ་དགེ་རྒན་ཡག་པོ་དགོས་པ་དང་དགེ་རྒན་ཚད་ལྡན་གསོ་སྐྱོང་གནང་རྒྱུ་ནི་ཧ་ཅང་གི་གལ་ཆེན་པོ་རེད། གཉིས་ནས་བོད་མི་རིགས་རང་གི་རིག་གཞུང་དང་སྤྱི་ཚོགས་ཚན་རིག རྒྱལ་རབས་བཅས་ཀྱི་སློབ་དེབ་གལ་ཆེན་པོ་རེད། གསུམ་པ་མང་ཚོགས་རང་གིས་དེའི་སྐོར་ལ་བགྲོ་གླེང་ཤུགས་ཆེན་གནང་རྒྱུ་དང་། ཕྲུ་གའི་ཕ་མས་གནས་ཚུལ་དེ་དག་ཤེས་པའི་ཐོག་ནས་ཕ་མར་འགན་ག་རེ་འདུག སྤྱི་ཚོགས་ནང་འགན་ག་རེ་འཁྱེར་དགོས་ཀྱི་འདུག དེ་ཚོའི་ཐོག་ཏུ་ཤུགས་ཆེ་ཙམ་རྒྱག་རྒྱུ་གལ་ཆེན་པོ་རེད།  

 

བོད་ཀྱི་བང་ཆེན་གསར་འགོད་པ་ཆོས་ཉིད་འོད་ཟེར་གྱི་དྲི་བ། བོད་རྒྱ་འབྲེལ་མོལ་སྐབས་ཀྱི་གྲོས་གཞི་གཙོ་བོ་རྒྱ་ནག་གི་རྩ་ཁྲིམས་འོག་ནས་རྩོད་ཀྱི་ཡོད་ཐོག བོད་མིའི་སྤྱི་ཚོགས་ཀྱི་མཐོ་དམན་གཉིས་ནང་བོད་རྒྱ་འབྲེལ་མོལ་གྱི་གནས་བབ་དེ་ལ་སྐྱོན་བརྗོད་བྱེད་མཁན་དང་རྒྱབ་སྐྱོར་བྱེད་མཁན་གཉིས་ཀ་ཡོད་པས། མ་འོངས་པར་མུ་མཐུད་དེ་དེའི་སྟེང་དུ་འགྲོ་རྒྱུ་རེད་དམ། ཡང་ན་དེ་ལ་འགྱུར་བ་གཏོང་གི་རེད།

བཀྲ་ཤིས་དབང་འདུས་ལགས་ཀྱི་ལན། ད་ལྟ་དབུ་མའི་ལམ་གྱི་སྲིད་ཇུས་ཐོག་གནང་བཞིན་པའི་བོད་རྒྱ་འབྲེལ་མོལ་ནང་། རྒྱ་ནག་གཞུང་ལ་ཕུལ་བའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་དེ་བོད་གཞུང་གི་སྲིད་ཇུས་རེད། ངས་དེ་མཇུག་སྐྱོང་བྱས་ན་བཀའ་མོལ་གནང་སའི་གཞི་རྩ་ཆགས་ཀྱི་རེད་སྙམ། རྒྱ་ནག་གཞུང་གིས་ཡིག་ཆ་དེ་ནི་ཕྱེད་རང་བཙན་ཞེས་སྐྱོན་འཛུགས་ཀྱིས་ངོས་ལེན་བྱས་མེད་ལ། ཡིག་ཆའི་རྩ་དོན་ལ་བལྟས་ནས་ལན་འདེབས་བྱེད་ཐུབ་མེད་མོད། རྒྱལ་སྤྱིའི་ཐོག་ང་ཚོས་སྤྲད་པའི་མིང་དོན་མཚུངས་པའི་རང་སྐྱོང་གི་ཡིག་ཆ་དེ་གཞུང་དང་གྲོས་ཚོགས་ཚང་མས་ཡིག་ཆ་འོས་ཤིང་འཚམ་པ་རེད། བོད་རྒྱ་ཞི་མོལ་གནང་རྒྱུའི་གཞི་རྟེན་ཆགས་ཀྱི་འདུག་ཅེས་རྒྱབ་སྐྱོར་ཤུགས་ཆེན་གནང་གི་ཡོད་སྟབས། མུ་མཐུད་མཇུག་སྐྱོང་གནང་རྒྱུ་གལ་ཆེན་པོ་རེད།
བློ་བཟང་སེ
ངྒེ་ལགས་ཀྱི་ལན། རྒྱ་ཆེ་སར་གཟིགས་ཏེ་རྒྱ་ནག་གཞུང་དང་མཉམ་དུ་བཀའ་མོལ་གནང་དགོས་ན། རྒྱལ་སྤྱིའི་ནང་ཞི་བའི་རྩ་དོན་རྩོད་མཁན་ག་འདྲ་ཞིག་ཡིན་ཡང་། གཞི་འཇོག་ས་ཁྲིམས་བྱས་ཏེ་བཀའ་མོལ་གནང་ཡོད་ལ།  དེ་ལ་རྒྱུ་མཚན་ཁ་ཤས་ཡོད། བོད་དོན་དེ་ལོ་རྒྱུས་གཞི་ལ་བཞག་ནས་རྩོད་རྒྱུ་ཡོད་མོད། ལོ་རྒྱུས་དེ་མགོ་ཉོག་པོ་ཡིན་པས་ཕར་ས་ཁྲ་ཞིག་བསྟན་ན། ཚུར་ས་ཁྲ་ཞིག་སྟོན་པ་དང་ཕར་ཚེས་གྲངས་ཤིག་བཤད་ན་ཚུར་ཚེས་གྲངས་ཤིག་བཤད་ངེས། གལ་སྲིད་བདེན་པ་གཞི་ལ་བཞག་ན་ཕར་བདེན་པ་ཞིག་བཤད་ན་ཚུར་བདེན་པ་ཞིག་བཤད་སྲིད་པས་འཇུ་ས་མེད་པ་ཞིག་ཆགས་སྲིད། དེས་ན་ཁྲིམས་གཞིར་བཞག་ཐོག ཁྱེད་རང་གི་རྩ་ཁྲིམས་ནང་ཐོབ་ཐང་ཡོད་ཅེས་བཀོད་འདུག དེ་ལག་ལེན་བསྟར་དགོས་ཀྱི་ཡོད་ཅེས་བརྩད་ན། ཁྲིམས་ལག་བསྟར་བྱས་ན་སོ་སོར་ཐོབ་ཐང་རག་གི་ཡོད། ལག་ལེན་དུ་མ་བསྟར་ན་ཕར་ཕྱོགས་ཁྲིམས་མཐུན་གྱི་གཞུང་ཡིན་ཞེས་པ་དེ་ཁུངས་མེད་ཆགས་འགྲོ། དེར་བརྟེན། བོད་གཞུང་གིས་རྒྱ་ནག་གི་རྩ་ཁྲིམས་གཞིར་བཟུང་ནས་བཀའ་མོལ་གནང་བ་དེ་ཐབས་ཤེས་རེད། རྒྱ་ནག་གི་རྩ་ཁྲིམས་དོན་ཚན་བཞི་པ་དང་ ༡༩༨༠ ལོའི་གནང་གཏན་འབེབས་བྱས་པའི་གྲངས་ཉུང་མི་རིགས་ཀྱི་བཅའ་ཁྲིམས་དོན་ཚན་ ༡༢ དང་། དོན་ ༣༡ བཅས་ཀྱི་ནང་དོན་ལག་ལེན་དུ་བསྟར་རོགས་ཟེར་དུས། ལག་ལེན་དུ་མ་བསྟར་ན་རྒྱ་ནག་གཞུང་ཁྲིམས་མཐུན་གྱི་རྒྱལ་ཁབ་མ་རེད་ཅེས་ཁུངས་སྐྱེལ་ཐུབ་ཀྱི་ཡོད། དབུ་མའི་ལམ་དེ་བོད་གཞུང་གི་སྲིད་ཇུས་ཡིན་པས། བཀའ་བློན་ཁྲི་པར་སུ་ཕེབས་ནའང་དེ་ལག་ལེན་དུ་བསྟར་དགོས་པ་རེད།  

བསྟན་འཛིན་རྣམ་རྒྱལ་ལགས་ཀྱི་ལན། སྤྱིར་དབུ་མའི་ལམ་ལ་འགྲེལ་སྟངས་སྣ་ཚོགས་ཤིག་ཡོང་གི་ཡོད་ཀྱང་། སྙིང་དོན་ཆོལ་ཁ་གསུམ་གཅིག་ཏུ་བསྒྲིལ་བའི་ཚད་ལྡན་གྱི་རང་སྐྱོང་དགོས་པ་དེ་རེད། ཡིན་ནའང་། ༧གོང་ས་མཆོག་གིས་དུས་རྒྱུན་མཐའ་མའི་ཐག་གཅོད་དེ་མི་མང་གིས་གནང་དགོས་གསུང་གི་ཡོད་པ་དེ་ང་རང་གིས་སེམས་ལ་འཇོག་གི་ཡོད། སྤྱི་འཐུས་ལྷན་ཚོགས་ཀྱིས་༧གོང་ས་མཆོག་གིས་ཡེ་ཤེས་དབྱིངས་དཔྱད་ཀྱིས་གཟིགས་པའི་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་ཅེས་གཏན་འབེབས་བྱས་པ་ཡིན་སྟབས། བཀའ་ཁྲི་གསར་པས་སྲིད་ཇུས་དེ་ལག་ལེན་བསྟར་དགོས་པ་ཞིག་ཆགས་ཡོད་ཀྱང་། དངོས་ཡོད་གནས་ཚུལ་ཐོག་སྐུ་ཚབ་ཐེངས་དགུ་ལ་ཕེབས་ནས་མཐའ་མ་དེར་རྒྱ་ནག་གཞུང་གིས་ཁྱེད་རང་ཚོས་འཆར་གཞི་ཕུལ་བ་ཚང་མར་ངོས་ལེན་མེད་ཅེས་ལན་གསལ་པོ་བྱས་ཡོད། དེ་ང་ཚོས་མ་གོ་མདོག་མདོག་གིས་བསྡད་ན་སོ་སོར་མགོ་སྐོར་གཏོང་གི་ཡོད། འདི་ལ་བཀའ་བློན་ཁྲི་པ་ཙམ་མིན་པར་བོད་མི་མང་སྤྱི་འཐུས་གཙོས་མི་ཚང་མར་བསམ་བློ་གཏོང་རྒྱུའི་འགན་ཡོད། སྐབས་དང་དུས་སུ་སྲིད་ཇུས་དེ་རང་འཇགས་བཞག་ན་ནུས་པ་ག་རེ་ཆེ་རུ་གཏོང་དགོས་པ་དང་། གལ་སྲིད་ནུས་པ་ཐོན་གྱི་མེད་ན་འགྱུར་བ་ཇི་ལྟར་གཏོང་དགོས་ཀྱི་འདུག ཐབས་ལམ་ག་རེ་དགོས་ཀྱི་འདུག་སོགས་ལ་ལྟ་དགོས། གཞན་སྔོན་མའི་སྲིད་ཇུས་ཚང་མ་རང་འཇགས་འཇོག་རྒྱུ་ཡིན་ཞེས་ལབ་ན། ཉིན་རེ་བཞིན་གནས་ཚུལ་གསར་པ་དང་འགྱུར་བ་ཡོང་གི་རེད་ལ། འགྲིག་དང་མ་འགྲིག་ཡོང་གི་ཡོད་པས་དེ་ཚོ་ཚང་མར་ལེགས་བཅོས་བྱ་རྒྱུའི་ལས་འགན་དེ་བཀའ་བློན་ཁྲི་པར་ཡོད། སྐབས་བབ་ཀྱི་སྲིད་ཇུས་ལག་ལེན་བསྟར་དགོས་ལ། སྲིད་ཇུས་ལག་ལེན་དུ་བསྟར་སྐབས་འགྲུབ་དང་མ་འགྲུབ་བྱུང་ན་༧གོང་ས་མཆོག་དང་གྲོས་ཚོགས་ལ་སྙན་སེང་ཞུ་དགོས།

 

ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ཁམས་སྐད་སྡེ་ཚན་གྱི་གསར་འགོད་པ་བསྟན་འཛིན་དབང་རྒྱལ་ལགས་ཀྱི་དྲི་བ། ༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གིས་བོད་ཀྱི་དོན་གྱི་བདག་པོ་དེ་བོད་ནང་གི་རྒྱ་ཆེའི་མང་ཚོགས་ཡིན་གསུང་གི་ཡོད་ལ། བོད་ནང་གི་གཞིས་ལུས་བོད་མིའི་མངོན་འདོད་བསྒྲུབ་རྒྱུ་ནི་ང་ཚོའི་ཆབ་སྲིད་འཐབ་རྩོད་ཀྱི་ལས་འགན་གཙོ་བོ་ཆགས་ཡོད། དེས་ན་འདས་པའི་ཉམས་མྱོང་གཞི་ལ་བཞག་སྟེ་བོད་ནང་གི་གཞིས་ལུས་བོད་མིའི་ཆབ་སྲིད་ཀྱི་མངོན་འདོད་གཙོ་བོ་གང་ཞིག་ཡིན་པར་ངོས་འཛིན་གནང་གི་ཡོད་དམ།

བློ་བཟང་སེང་གེ་ལགས་ཀྱི་ལན། བོད་མིའི་མངོན་འདོད་ཐད་ནས་བོད་ཕྱི་ནང་གཉིས་ཀའི་མངོན་འདོད་གཅིག་པ་རེད། ༢༠༠༨ ལོར་བོད་ཆོལ་ཁ་གསུམ་དུ་ཞི་རྒོལ་ཆེན་མོ་བྱུང་བ་དེས། བོད་ནང་གི་མི་སེར་སྤེལ་བའི་ལམ་ལུགས་ལ་འདོད་པ་མེད་པ་གསལ་བོར་བསྟན་པ་རེད། གཞིས་བྱེས་གང་ཡིན་རུང་རང་བཙན་མི་འདོད་མཁན་མེད་མོད། ༢༠༠༨ ལོའི་འབོད་ཚིག་ཁྲོད་༧གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་ཅེས་པ་ཆོལ་ཁ་གསུམ་ལ་ཡོངས་གྲགས་ཡིན་སྟབས། ༧གོང་ས་མཆོག་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་ཧ་ཅང་གི་གསལ་བོ་རེད། དེར་བརྟེན་བོད་ནང་གི་གཞིས་ལུས་མི་མང་རྣམས་ནི་༧གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་ཐོག་ཕེབས་ཀྱི་རེད་ཅེས་ཞུ་ཐུབ་ཀྱི་འདུག་ཅེས་གསུངས།
བཀྲ་ཤིས་དབང་འདུས་
ལགས་ཀྱི་ལན། ༧གོང་ས་མཆོག་གི་དགོངས་གཞི་མིང་དོན་མཚུངས་པའི་བོད་རིགས་ཡོངས་ཀྱི་རང་སྐྱོང་ཞེས་པར་མང་ཚོགས་ལ་བསམ་ཤོག་བསྡུས་པ་དང། བརྟག་དཔྱད་གནང་སྐབས་བོད་ནང་གི་ཆབ་སྲིད་ལ་དོ་སྣང་ཡོད་མཁན་དང་། ལས་ཀའི་འགན་ཡོད་མཁན་རྣམས་ཀྱི་བསམ་ཚུལ་གང་ཐུབ་བསྡུས་ཡོད་ལ། དེ་ཕྱོགས་བསྡོམས་བྱེད་སྐབས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཚད་མཐོན་པོ་རེད། ༧པཎ་ཆེན་སྐུ་གོང་མས་ཀྱང་རྒྱབ་སྐྱོར་གཙང་མ་གནང་ཡོད། དེ་བཞིན་བོད་ནང་དུ་བཞུགས་པའི་གལ་ཆེའི་མི་སྣ་འབའ་པ་ཕུན་ཚོགས་དབང་རྒྱལ་དང་། རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱང་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་པའི་རྣམ་པ་བསྟན་ཡོད། སྤྱིར་བཏང་ཕྱི་རྒྱལ་ཁག་ཏུ་བསམ་ཚུལ་འདྲ་མིན་བཤད་མཁན་ཡོད་ནའང་མང་ཆེ་བས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་ཀྱི་འདུག

བསྟན་འཛིན་རྣམ་རྒྱལ་ལགས་ཀྱི་ལན། བོད་ཕྱི་ནང་གཉིས་ཀྱི་མི་མང་གི་མངོན་འདོད་ནི་བོད་དེ་རང་དབང་ལྡན་པའི་ལུང་པ་ཞིག་དང། བོད་པའི་སྤྱི་ཚོགས་དེ་དེང་དུས་ཀྱི་འཛམ་གླིང་སྤྱི་དང་འདྲ་མཉམ་དུ་འགྲོ་ཐུབ་པའི་སྤྱི་ཚོགས་ཤིག་ཆགས་རྒྱུ་དེ་རེད། དེའི་ཐོག་ལ་བོད་ཀྱི་ཆོས་དང་རིག་གཞུང་དེ་དམིགས་བསལ་རྩ་ཆེན་པོར་བརྩི་བཞིན་ཡོད་པའི་རེ་འདུན་ཡོད་སྙམ། དེར་བརྟེན་ང་ཚོས་རྩ་དོན་བདེན་མཐའ་གསལ་བའི་ཆེད་ལས་འགུལ་ག་འདྲ་སྤེལ་ནའང་། བོད་ལ་རང་དབང་ཆེན་པོ་དང་ཡར་རྒྱས་གོང་འཕེལ་ཡོང་བའི་སྤྱི་ཚོགས་ཤིག་དགོས་ཀྱི་ཡོད། ཡང་ང་ཚོའི་སྤྱི་ཚོགས་ནང་དུ་རང་བཙན་དགོས་ཀྱི་ཡོད་མེད་ཐད་བགྲོ་གླེང་དང་བསམ་ཚུལ་ཤུགས་ཆེན་ཡོང་གི་ཡོད་ཀྱང་། སྤྱིར་རང་བཙན་དང་རང་སྐྱོང་ཟེར་བའི་ཚིག་དེ་ཚོ་ནུབ་ཕྱོགས་པའི་ཆབ་སྲིད་ཀྱི་ལྟ་བའི་ཐོག་ནས་བསྒྱུར་བའི་སྐད་ཆ་ཞིག་རེད་ལ། ང་ཚོས་ཚིག་དེ་ཚོའི་ཐོག་རྩོད་པ་རིང་པོ་བརྒྱབ་ཀྱང་ཕན་ཐོགས་མེད་པས་མདོ་དོན་བོད་ལུང་པ་ཡག་པོ་ཡོང་བ་དང་། བོད་མི་ཚོར་འཛམ་བུ་གླིང་སྤྱི་ལ་ཡོད་པའི་ཐོབ་ཐང་དང་རང་དབང་གི་ཆེད་དུ་ལས་ཀ་བྱས་ཚེ། གཞིས་ལུས་བོད་མིའི་རེ་བ་དེ་རེད་སྙམ།

 

ཉིན་དེར་བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་ཀྱིས་ཁོང་བཀའ་ཁྲིའི་འོས་མིར་བཞེངས་པའི་ཐད། དེང་སྐབས་མང་ཚོགས་ཁྲོད་ངའི་རྒྱབ་ཏུ་བཀའ་ཟུར་འཇུ་ཆེན་ཐུབ་བསྟན་འདུག་ཟེར་མཁཉ་དང་། བློ་བཟང་སེངྒེ་ལགས་ཀྱི་ཆུང་མ་ངའི་ཉེ་འབྲེལ་ཞིག་ཡིན་སྟབས། ངས་བཀྲས་མཐོང་གི་འོས་འཕྲོག་གི་ཡོད་པ་རེད་ཟེར་བ་སོགས་ཀྱི་དཀྲོག་གཏམ་སྣ་ཚོགས་ཤིག་ཡོང་གི་འདུག དེ་དག་གཅིག་ཀྱང་བདེན་པ་མ་རེད། གལ་སྲིད་ང་ལ་བཀའ་ཟུར་འཇུ་ཆེན་ཐུབ་བསྟན་ལགས་ཀྱིས་དངུལ་སྤྲད་པ་དང་ངའི་རྒྱབ་རྩར་ལངས་ཡོད་པའི་བདེན་དཔང་ཡོད་ཚེ། བཀའ་སྤྱིའི་དངོས་གཞིའི་འོས་བསྡུ་མ་བྱས་གོང་བོད་གཞུང་དབུས་འོས་བསྡུ་ལྷན་ཁང་དུ་ཕུལ་ཏེ་བརྟག་དཔྱད་མཐིལ་ཕྱིན་གནང་དགོས་ལ། དེ་ལྟ་བུའི་གནད་དོན་རིགས་ཡོད་ཚེ། དབུས་འོས་བསྡུ་ལྷན་ཁང་གིས་ང་ལ་ཉེས་པ་ག་རེ་བཏང་ཡང་འཁུར་རྒྱུ་ཡིན་པ་མ་ཟད། ངས་བཀའ་ཁྲིའི་འོས་མིའི་ཁྲོད་ནས་དགོངས་པ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད། འདིའི་ཐད་བློ་བཟང་སེངྒེ་ལགས་ཀྱིས། མང་ཚོགས་ཁྲོད་གླེང་སློང་སྣ་ཚོགས་ཡོང་གི་ཡོད་པ་བདེན་པ་རེད། ལྷག་པར་དུ་ང་ཚོ་གསུམ་ནི་དངོས་ཡོད་གནས་ཚུལ་ཤེས་མཁན་ཡིན་ཐོག ང་ཚོ་ཚང་མས་རང་ཐག་རང་གིས་བཅད་དེ་བཀའ་ཁྲིའི་འོས་མིར་ལངས་པ་ལས། ང་ཚོ་ལ་སུ་གཅིག་གིས་ཀྱང་སྐུལ་སློང་བྱས་པ་མེད་ལ། ང་ཚོའི་རྒྱབ་རྩར་སུ་གང་ཡང་མེད་ཟེར།

གཞན་ཡང་བཀའ་ཟུར་བཀྲས་མཐོང་ལགས་ཀྱིས་འདས་པའི་ལོ་ལྔ་བཅུའི་རིང་གི་བཙན་བྱོལ་གྱི་འཐུས་ཤོར་ཆེ་ཤོས་ནི། མང་ཚོགས་ཀྱི་སྣེ་འཁྲིད་མཁན་དང་གཞུང་འཛིན་མི་སྣ་སོགས་ཀྱི་བར་དུ་ཆོལ་ཁའི་འཐེན་ཁྱེར་བྱས་ཏེ། བོད་མིའི་བསམ་བློའི་ནུས་པ་དང་རྩ་དོན་གྱི་ནུས་པ་གཅིག་ཏུ་བསྒྲིལ་མ་ཐུབ་པར་ནུས་པ་ཆུང་ཆུང་ཞིག་ཡོད་པ་དེ་འཐོར་ཤིག་ཏུ་སོང་བ་དེ་ཡིན་ལ། མ་འོངས་པར་བོད་ཆོལ་ཁ་གསུམ་གྱི་རྡོག་རྩ་གཅིག་སྒྲིལ་གྱིས་བསམ་བློའི་ནུས་པ་གཅིག་ཏུ་སྤུངས་དགོས ཞེས་སོགས་གསུངས་སོང་།  

 

གསར་འགོད་པ། ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༡༣ སྔོན་ལ།
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

ཆུ་ཚོད་ ༡༤ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧

མཆན། 7

  1. བཛྲ་སུ་མ་ཏི། says:
    ལོ་ 14 སྔོན།

    ད་བར་ཆོལ་ཀ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་བྱས་ཏེ་གསུངས་པ་དེ་དངོས་གནས་བདེན་པ་རེད་བསམས།འོན་ཀྱང་དེ་བཞིན་བྱེད་མཁན་གཙོ་བོ་དག་འདས་ཟིན་པའི་བཀའ་བློན་བཀའ་ཁྲི་སྐོར་ཅིག་གི་མཛད་རྗེས་དང་འབྲེལ་བ་ལས་བྱུང་བ་མ་གཏོགས་མི་དཀྱུས་མ་ཞིག་ནས་བྱས་པ་མིན།མ་འོངས་བར་མི་འདི་དག་མ་རྫོགས་ཀྱི་བར་དུ་བཀའ་བློན་ཁྲི་བ་ག་ཚོད་དྲང་མོ་ཞིག་བྱུང་ནའང་གང་ཡང་བྱེད་མི་ཐུབ།

    Reply
  2. མི་ཉག་བཙན་པོ says:
    ལོ་ 14 སྔོན།

    ་གདོད་མ་ནས་བོད་མི་རྣམས་ཀྱིས་རང་སྐྱོན་རང་གིས་མཐོང་བཞིན་པ་དེ་དག་མི་མཐོང་ཚུལ་དུ་སྦེད་པ་དང་ཡོངས་བསང་བྱས་སྲོལ་མེད་པ་བརྟེན་གནས་དོན་མ་མང་པོ་ཞིག་ལ་གྱོང་གུ་ཆེན་པོ་ཕོག་ཡོད་པ་ནི་མཁྱེན་ལྡན་མི་སྣ་ཀུན་གྱིས་
    མཁྱེན་གསལ་རེད།
    བོད་ཕྱིམ་སློས་གྲྭ་དེ་དག་གི་ནང་ལ་བོད་རྒན་ཚད་ལྡན་མེད་པ་ལ་བརྟེན་ནས་
    བོད་ཕྲུག་མང་པོ་ཞིག་གིས་བོད་ཡིག་ལ་དོ་སྣང་མེད་པ་ཆགས་བཞིན་པ་ནི་
    གནས་ཚུལ་དངོས་མ་ཞིག་ལས་སྒྲོ་བཏགས་པ་སོགས་གཏན་ནས་མིན།བསུ་སྐྱ་སློབ་གྲྭ་ནས་བལ་ཡུལ་ལ་གོང་སེང་ལ་སླེབས་མཁན་མང་པོ་ཞིག་གིས་སློབ་གྲྭ་ལ་བོད་རྒན་ཡག་པོ་མེད་པས་སློབ་ཕྲུག་རྣམས་ཀྱིས་བོད་ཡིག་ཡག་པོ་སྦྱང་གི་མེད་པའི་སྐོར་བཤད་མཁན་ངོས་ལ་དངོས་སུ་ཐུག་སོང་། མ་ཟད་སློབ་ཕྲུག་དེ་དག་གིས་བོད་ནང་གིས་བོད་རྒན་རྣམས་དང་བཙན་འབྱོལ་ནང་གི་བོད་རྒན་པར་སྤུས་ཚད་ཁྱད་པར་ཆེན་པོ་ཡོད་པ་བཤད་ཀྱི་འདུག། སློབ་ཕྲུག་དེ་དག་གིས་བསུ་སྐྱ་སློབ་གྲྭ་ནང་བོད་རྒན་མང་པོ་ཞིག་གིས་བོད་ཡིག་སློབ་ཁྲིད་བྱེད་སྐབས་སློབ་ཕྲུག་མང་པོ་ཞིག་གི་སུན་སྣང་བྱས་ཀྱི་འདུག་མ་ཟད་བོད་ནས་བོད་ཡིག་གི་ཤེས་ཚད་གང་འཚམས་ཡོད་པ་རྣམས་ལ་བོད་རྒན་་མང་པོ་ཞིག་གིས་སློབ་ཁྲིད་བྱེད་མི་ཐུབ་པའི་དཀའ་ངལ་འཕྲད་བཞིན་འདུག་ཟེར། དཀའ་ངལ་དེ་དག་དང་གནས་ཚུལ་དེ་དག་ནི་བོད་གཞུང་སློབ་གྲྭ་ཚང་མར་
    འཕྲད་བཞིན་པ་ནི་མངོན་བདེན་ཞིག་དང་།སྦེད་ཐབས་མེད་པ་དང་གང་མགྱོགས་ལེགས་བཅོས་དང་དགེ་རྒན་གྱི་སྤུས་ཚད་ཡག་ཏུ་གཏོང་དགོས་པ་ནི་མ་འོང་
    བཀའ་ཁྲིར་སུ་ཕེབས་ཀྱང་འགན་བཞེས་དགོས་པ་ནི་འོས་མི་བློ་བཟང་སེང་གེ་དང་ བཀྲ་ཤིས་དབང་འདུལ་རྣམ་གཉིས་ནས་གསུངས་པ་བཞིན་རེད།
    ཡིན་ན་ཡང་དྲི་བ་ཞིགཡོད་པ་ནི་འོས་མི་བཞེས་མཁན་བཀའ་ཟུར་རྣམ་གཉིས་ནས་སྔོན་མ་བཀའ་བློན་ལས་ཐོག་སྐབས་དེ་ལྟ་བུའི་ཕྱག་ལས་མ་གནང་པ་གང་ཡིན།བོད་ཡིག་ཐོག་འཕྲད་བཞིན་པ་དཀའ་ངལ་དེ་དག་མ་མཁྱེན་པ་ག་ལ་ཡིན་སྲིད། གནས་ཚུལ་དེ་དག་གསར་པ་ག་ལ་ཡིན། ཧཧཧཧཧཧཧ

    Reply
  3. རིག་འཛིན། says:
    ལོ་ 14 སྔོན།

    གསར་འགོད་པ་ལགས།
    དྲི་བ་དྲི་ལེན་གཞན་དག་ཀྱང་མུ་མཐུད་དེ་འགོད་རོགས་གནང་།
    ཧ་ཅང་མཐོང་འདོད་ཀིན་་་་་ཐུགས་རྗེ་གཟིགས།།

    Reply
  4. བཟོད་པ་ལྷ་རྩེ། says:
    ལོ་ 14 སྔོན།

    འོས་མི་འགའ་རེའི་རང་ཉིད་ཁྱི་མིན་ལ་སྟག་དང་གངས་སེང་ཡིན་རབ་ཀྱི་རང་ཉིད་ཀྱི་རྒྱབ་ཏུ་སུ་གང་མེད་རབས་ཤོད་བཞིན་ཡོད་པ་རྟག་ཏུ་མཐོང་། དེ་ནི་མི་རྣམས་ཀྱིས་དོ་གནང་ཆེ་ཙམ་བྱེད་དགོས་ཡས་ཞིག་ཡིན། ད་དུང་བཙན་བྱོན་ནང་གི་སློབ་ཕྲུག་ཚོར་བོད་ཡིག་ཀྱི་གནས་ཚད་དམའ་བའི་རྒྱུ་རྐྱེན་དགེ་རྒན་ལ་ཡོད་རབས་གསུངས་པ་ཡིན་ན་དེ་ནི་སྤྱི་ཚོགས་སྡབས་སིག་སློང་ཡས་ཀྱི་སྐད་ཆ་ཞིག་ཡིན་ད་ཡོད་དགེ་རྒན་རྣམས་ཀྱི་ལྷག་བསམ་དང་སྙིང་སྟོབས་ལས་བོད་ཀྱི་སྐད་ཡིག་འདི་ཉིད་མ་ཤི་ཙམ་གནས་ཡོད་པ་ནི་དགེ་རྒན་རྣམས་ཀྱི་བཀྲིན་ཁོ་ན་ཡིན་ཀྱང་། བཀའ་ཁྲིའི་འོས་དམིགས་བཀའ་མོལ་དེ་འདྲ་གསུངས་པ་ཡིན་ན་ད་ཡོད་དགེ་རྒན་ཚང་མ་སེམས་ཤུགས་མེད་པར་གྱུར་ན་དེ་ནི་བོད་མི་རིགས་དང་སྐད་ཡིག་གི་གྱོང་གུན་སུབ་ཐབས་མེད་པ་ཞིག་ཏུ་མི་གྱུར་རམ།།

    Reply
  5. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    བཀའ་ཁྲིའི་འོས་མི་གསུམ་ཀས་བོད་མི་རིགས་ཀྱི་སྐད་ཡིག་འདིར་བོད་ཕྲུག་གཞོན་སྐྱེས་ཚོས་ཡག་པོ་ཤེས་ཐུབ་ཀྱི་མེད་པའི་གནད་དོན་རྩ་བ་ངོ་མ་ངོས་ཟིན་མེད་པར་འདྲ་གཅིག་མཐོང་གི་འདུག

    བོད་མི་གཞོན་སྐྱེས་སུ་ཞིག་གིས་སློབ་གྲྭའི་ནང་དུ་སློབ་སྦྱོང་བྱེད་སྐབས་སུ་གཙོ་བོ་རང་ཉིད་ཀྱི་མི་ཚེ་ཆེད་དང་ཚེ་འདིའི་འཚོ་བ་སྒྲུབ་ཐུབ་ཆེད་དུ་རེད། བོད་ཀྱི་སྐད་ཡིག་ནང་དུ་རྒྱལ་སྤྱིའི་ཆེད་ལས་རིག་གནས་སྣ་གཅིག་ཀྱང་མེད་དུས་བོད་མི་རང་གཞན་སུ་ཡིན་ནའང་སྐད་ཡིག་འདིའི་ཐོག་ནས་འཚོ་བ་ཚོད་ལྡན་ཞིག་སྐྱེལ་ཐུབ་ཀྱི་མེད་པར་ཤེས་བཞིན་དུ་ཞེན་ཁོག་གཅིག་པོའི་ཐོག་ནས་སློབ་སྦྱོང་ཡག་པོ་བྱས་མ་ཐུབ་པ་རེད། འདི་གནད་འགག་རེད། རྩ་བ་ཐུག་ས་འདིར་རེད།

    བཀའ་བསྟན་འགྱུར་ཨིན་ཡིག་དང་རྒྱ་ཡིག་ནང་དུ་ཕར་བསྒྱུར་བ་ལྟར་འཛམ་གླིང་རྒྱལ་ཁབ་ཚོད་ལྡན་ཁག་གི་ཆེད་ལས་རིག་གནས་བོད་ཀྱི་སྐད་ཡིག་ནང་དུ་ཚུར་བསྒྱུར་པ་ཡིན་ན་བོད་ཡིག་ཁོ་ནའི་ཐོག་ནས་རང་གི་མི་ཚེའི་འཚོ་རྟེན་ཡག་པོ་འགྲུབ་ཐུབ་པ་ཡོང་གི་རེད། དེར་འདྲ་བྱུང་ན་བོད་ཡིག་ལ་རང་གཞིན་གྱི་སྦྱོང་བརྩོན་བྱེད་མཁན་མང་རེ་འགྲོ་བ་ནི་ཞུ་མ་དགོས་པ་ཞིག་རེད།

    གལ་སྲིད་སྔོན་མ་ནང་བཞིན་བོད་ཀྱི་སྐད་ཡིག་འདི་ནང་ཆོས་ཁོ་ན་སློབ་སྦྱོང་བྱེད་རྐྱེན་གྱི་ཆེད་དུ་བེད་སྤྱོད་གཏོང་སྡོད་ཀྱི་ཡིན་ན་སྔར་ཕྱི་མ་གཏོགས་བོད་ཡིག་འདི་འགྲོ་བ་མིའི་ཀླད་པའི་ནང་དུ་བསྡད་ཀྱི་མ་རེད།

    གཉིས་ནས་བོད་ཀྱི་སྐད་ཡིག་འདི་རྒྱལ་ཁབ་སུམ་ཅུ་སུམ་བདུན་ནང་དུ་གནས་པའི་བོད་མི་རྣམས་ཀྱི་མཉམ་འབྲེལ་གྱི་གོ་བརྡ་འཕྲད་རྐྱེན་དང་མཉམ་འབྲེལ་གྱི་སྲིད་གཞུང་འཛུགས་རྐྱེན་གྱི་སྐད་ཡིག་འདི་ཡིན། བོད་ཀྱི་སྐད་ཡིག་འདི་མེད་ན་རྒྱལ་ཁབ་སུམ་ཅུ་སུམ་བདུན་ནང་དུ་གནས་པའི་བོད་མི་རྣམས་ཀྱི་བར་དུ་བརྩེ་བ་དང་མཉམ་འབྲེལ་ཟེར་བ་འདིར་ཡང་ཐག་ཇི་རིང་དུ་འགྲོ་ངེས་རེད།

    བཀའ་ཁྲིའི་འོས་མི་གཤམ་མ་གཉིས་ཀྱིས་དགེ་རྒན་ཡག་པོ་དགོས་རབས་གླེང་འདུག་ཀྱང་དེ་ནི་སྤྱི་སྟངས་ཀྱི་སྐད་ཆ་ཙམ་ལས་གནས་དོན་ངོ་མ་ངོས་མ་ཟིན་པའི་སྐྱོན་ཆ་རེད་སྙམ། བོད་ཕྱི་ནང་གཉིས་ཀའི་བོད་ཡིག་གི་ཤེས་ཚོད་ཀྱི་གནས་སྟངས་འདི་འདྲ་ཞིག་བསླེབས་པའི་དུས་སྐབས་སུ་བོད་ཡིག་དགེ་རྒན་ཡག་པོ་མེད་པས་སྐྱོན་ཡིན་པར་ངོས་ལེན་བྱེད་ན་འགྲིག་གི་མ་རེད་འདོད།

    དགེ་རྒན་ཡག་པོ་དགོས་ཟེར་དུས་སུ་དེང་སང་གི་དགེ་རྒན་ཚོ་ཡག་པོ་མེད་པར་ཤུགས་ཀྱི་བསྟན་གྱི་འདུག སྐད་ཆ་འདི་འདྲ་བཤད་ན་དོན་ཕན་ཡོད་པ་ཞིག་མ་མཐོང། འགའ་རེས་དགེ་རྒན་ཡག་པོ་མི་འདུག་ཟེར་བ་དང་། འགའ་རེས་སློབ་མ་ཡག་པོ་མི་འདུག་ཟེར་གྱི་ཡོད། ཡང་འགའ་རེས་ཕ་མ་ཡག་པོ་མི་འདུག་ཟེར་བ་སོགས་བྱེད་པ་པོ་ཚོའི་མ་འཇོན་རབས་གླེང་ན་རྒྱུ་མཚན་མི་འདུག་སྙམ།

    ལྟོས་དང་་་་་་་་་སོ་སོར་རང་ཉིད་ཡིན་ནའང་བོད་ཡིག་ཡག་པོ་སློབ་སྦྱོང་མ་བྱས་པར་ཨིན་ཡིག་ཡག་པོ་སྦྱངས་པ་དང་ཡག་པོ་ཤེས་པ་འདི་ཚོ་རང་ཉིད་སོ་སོའི་མི་ཚེའི་ཆེད་དང་འཛམ་གླིང་ཐོག་ཏུ་རིག་གནས་ག་འདྲ་ཞིག་སྦྱོང་དགོས་ན་ཡང་སྦྱངས་ཐུབ་པའི་ཆེད་དུ་རེད། མ་གཏོགས་བོད་མི་རིགས་དང་རྒྱལ་ཁབ་བསམ་ནས་བོད་ཡིག་རྒྱབ་ཏུ་སྐྱུར་ནས་ཨིན་ཡིག་བང་དུ་ལེན་པ་མ་རེད།
    བསམ་ཚུལ་ཙམ་ཤོར་ཐལ་སོང་བས་དགོངས་འགལ་མེད་པ་ཞུ།

    Reply
  6. སྤེན་རྡོར། says:
    ལོ་ 14 སྔོན།

    གསར་འགོད་པ་ལགས། དྲི་བ་དྲིས་ལན་གཞན་དག་ཀྱང་འདི་ལྟར་འགོད་ཐུབ་ན་ཅི་མ་རུང་། ལྷག་པར་དུ་ད་ལྟའི་དུས་ཚོད་འདིའི་ནང་ལ་བཀའ་བློན་ཁྲི་པའི་འོས་མི་ཚོ་དང་མང་ཚོགས་ཀྱིས་བགྲོ་གླེང་བྱས་སོང་ཟེར་བ་དེ་ནི་གལ་གནད་མ་རེད། མང་ཚོས་ཀྱིས་གནད་དུ་འབབ་པའི་དྲི་བ་ག་རེ་བཏོན་སོང་བ་དང་། དེ་ལ་འོས་མི་རེ་རེའི་ངོས་ན་ལན་འདེབས་གང་འདྲ་བྱས་ཡོད་མེད་ཀྱི་འགག་རྩ་དེ་རེད།
    བོད་ཀྱི་བང་ཆེན་གྱི་གསར་འགོད་པ་དང་ཨེ་ཤ་ཡ་རླུང་འཕྲིན་གྱི་གསར་འགོད་པ་གཉིས་ཀྱི་དྲི་བའི་མདོ་དོན་གཅིག་པ་རེད་ལ། ཆོས་ཉིད་འོད་ཟེར་གྱིས་སྐུ་ཚབ་ཚོས་གླེང་བཞིན་པའི་རང་སྲིད་རང་སྐྱོང་ལ་བོད་ནང་འདོད་པ་ཡོད་མེད་གཉིས་ཀ་ཡོད་སྟབས། མ་འོངས་པར་མུ་མཐུད་ནས་རང་སྲིད་རང་སྐྱོང་ཐོག་འགྲོ་གི་རེད་དམ། ཡང་ན་རང་བཙན་འདེམས་རྒྱུ་རེད་ཟེར་བ་དེ་རེད་ལ། བསྟན་འཛིན་དབང་རྒྱལ་གྱིས་ཀྱང་། བཙན་བྱོལ་ནང་བོད་ནང་གི་མངོན་འདོད་སྒྲུབ་གི་ཡོད་ན། བོད་ནང་གི་མངོན་འདོད་ངོ་མ་དེ་རང་བཙན་རེད་དམ་དབུ་མ་རེད་ཟེར་བ་དེ་རེད། དྲི་བ་འདི་གཉིས་གནད་འགག་ཆེན་པོ་ཞིག་ཡིན་ཡང་། རང་བཙན་ལ་དགའ་དྲགས་པའི་ཕྱོགས་ལྷུང་གི་ཤུགས་ཅུང་ཙམ་ཡོད་པའི་བཟོ་འདྲོ་བོ་ཞིག་མཐོང་སོང་།
    ཨ་རིག་འགྱུར་མེད་ཀྱི་དྲི་བ་དེ་ནི་ཆབ་སྲིད་ཀྱི་གོ་རྟོགས་ཞན་པའི་སྤྱིར་བཏང་གི་དྲི་བ་ཞིག་རེད་ལ། དྲི་བ་འདི་ལ་ཡང་དྲི་བ་མང་པོ་ཞིག་དང་དོགས་པ་མང་པོ་ཞིག་ཡོང་སྲིད་པའི་དྲི་བ་ཞིག་རེད། དཔེར་ན། བཙན་བྱོལ་བོད་མིའི་ཡིག་རྨོངས་སེལ་བའི་མི་འབོར་གྱིས་བརྒྱ་ཆ་བརྒྱད་ཅུ་ལས་བརྒལ་ཡོད་པ་དང་། བཙན་བྱོལ་ནང་གི་གཞོན་སྐྱེས་ཚོར་བོད་པའི་སྐད་ཡིག་རིག་གཞུང་གི་གནས་ཚད་སྐྱོ་བ་གཉིས་ལ་འབྲེལ་བ་མེད་ལ། གྲོས་ཚོགས་ཀྱིས་གཏན་ལ་ཕབ་ཅིང་། ད་ལྟ་ལག་ཏུ་བསྟར་བཞིན་པའི་ཤེས་ཡོན་སྲིད་བྱུས་གསར་པ་དེ་ཆེད་དུ་བོད་པའི་སྐད་ཡིག་རིག་གཞུང་ལ་དམིགས་པ་ཞིག་ཡིན་སྟབས། དེའི་སྒང་ལ་ཤེས་ཡོན་སྲིད་བྱུས་གསར་པ་ཞིག་བཟོ་དགོས་དོན་དེ་བས་ཀྱང་མེད།

    Reply
  7. བསེ་རུ། says:
    ལོ་ 14 སྔོན།

    རྒྱ་ཆེའི་མང་ཚོགས་ཚོས་རང་རང་གི་ཐུགས་ཀྱི་དབུས་སུ་ཡོད་པའི་འོས་མི་སུ་ཞིག་ལ་འོས་འཕངས་འདོད་ཡོད་ཀྱང་རང་དབང་ཡིན་སྟབས་གཞན་གྱི་བརྒྱུད་སྐུལ་དང་། རང་མགོ་གཞན་འོག་ཏུ་མ་ཚུད་པ། ཕྱོགས་རིས་འཐེན་འཁྱེར་གྱི་རླུང་བུས་མ་འཁུར་བའི་ཐོག་ནས་འོས་ཤོག་གཅིག་པུ་དེ་གདེང་སྤོབས་ལྡན་པའི་ཐོག་ནས་འཕེན་རོགས། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese