མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངོས་རང་ཕྱག་སྟོང་སྤྱན་སྟོང་མིན་ཡང་རྣ་ཅོག་སྟོང་ཡོད།

བོད་ཀྱི་དུས་བབ།
༢༠༡༡/༠༢/༠༤
Share on FacebookShare on TwitterShare on EmailShare on Whatsapp

སོ་སོའི་ཐོབ་ཁོངས་དགོན་པའི་ནང་ཟམ་གདོང་རིན་པོ་ཆེའི་བླ་བྲང་འདི་ཟེར་ནས་མཛུབ་མོ་འཛུགས་ས་གང་ཡང་མེད། གྲྭ་པ་གྲྭ་རྐྱང་བྱས་ཏེ་ཧུར་ཐག་འབད་ཐག་གནང་ཡོད་སྟབས། མི་དམངས་ཀྱི་ངོས་ནས་ཡིད་ཆེས་བློས་འགེལ་བྱས་ཏེ་ལོ་བཅུའི་རིང་བཀའ་ཁྲི་ཐེངས་གཉིས་གནང་ཡོད། དེ་རིང་ཁྱེད་ཚོས་ཁ་ཞེ་གཉིས་མེད་ཐོག་རིན་པོ་ཆེར་གཟེངས་རྟགས་ཕུལ་བ་དེ་ཧ་ཅང་ཡག་པོ་འདུག

ཟླ་འདིའི་ཕྱི་ཚེས་ ༡ ཉིན་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་དང་ཤར་བྱང་ཆོས་རྗེ་རྣམ་གཉིས། མཁན་པོ་བླ་སྤྲུལ། ས་གནས་དཔོན་རིགས་དང་སེར་སྐྱ་མང་ཚོགས་  ༡༠༠༠༠ ལྷག་གི་ཕེབས་བསུའི་འོག ༧གོང་ས་མཆོག་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་གོ་སྒྲིག་ཞུས་པའི་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཀྱི་ལས་བསྡོམས་ཚོགས་ཆེན་སྟེང་ཆིབས་བསྒྱུར་བསྐྱངས་ཡོད་ཅིང་། མཛད་སྒོའི་སྟེང་༧གོང་ས་མཆོག་གིས་གཞིས་ཆགས་དེའི་མ་འོངས་པའི་འཚོ་བའི་ཐད་ལ་བཀའ་གནང་དོན། ང་ཚོའི་གཞིས་ཆགས་ཀྱི་མི་འབོར་མང་དུ་འགྲོ་བཞིན་ཡོད་ཀྱང་ས་རྒྱ་ཆེ་རུ་འགྲོ་རྒྱུ་མེད་སྟབས། ས་ཆ་གང་ཡོད་པ་རྣམས་ཐོན་སྐྱེད་བྱ་རྒྱུ་ཧ་ཅང་གལ་ཆེན་རེད། ལག་ཤེས་ཆུང་ཚགས་དང་ཚོང་དོན་རྒྱ་བསྐྱེད་སོགས་གཞན་ལ་དཔེ་བལྟས་ནས་སྡོད་རྒྱུ་ཙམ་མ་ཡིན་པར། སོ་སོས་གསར་གཏོད་ག་རེ་བྱ་རྒྱུ་འདུག རྒྱ་ཆེ་ས་ག་རེ་བྱ་ཐུབ་ཀྱི་འདུག དེ་དག་ཐོག་བསམ་བློ་གཏོང་དགོས་པ་རེད། ལས་བསྡོམས་ནང་གནས་ཚུལ་ཡག་པོ་བཀོད་འདུག འོན་ཀྱང་ལས་བསྡོམས་ནང་འདྲ་ཆགས་པོ་ཞིག་བཀོད། ལག་ལེན་ངོ་མའི་ཐོག་མེད་པ་དེ་འདྲ་ཡོང་གི་འདུག ཅེས་དང་།

ས་གནས་སུ་ལས་ཀ་བྱེད་མཁན་ཚོ་དངོས་ཡོད་གནས་ཚུལ་གང་ཡོད་པ་དེར་ཤེས་རྟོགས་ཡོང་རྒྱུར་ལྟ་སྐོར་དུ་བསྐྱོད་དགོས་པ་རེད།  དང་ཐོག་གཞིས་ཆགས་ཚུགས་སྐབས་ངོས་རང་ཁྱིམ་ཚང་མང་པོའི་ནང་དངོས་སུ་བཅར་ཏེ། ཁྱིམ་ཚང་དེར་འབྲས་དང་ཨ་ཤོམ་ཅི་ཙམ་ཡོད་མེད་ལྟ་བཞིན་ཡོད།  ཉིན་ཞིག་སྦེལ་ཀོབ་ཏུ་ཞིང་ཁ་རྨོ་སར་འགྲོ་སྐབས་གླང་ཁོག་གི་རྡུང་གྲབས་ཀྱང་བྱས་སོང་། ཁྱེད་ཅག་ལས་ཀ་བྱེད་མཁན་ཚོས་སློབ་གྲྭ་དང་རྒས་གསོ་ཁང་སོགས་ལས་རིགས་གང་ཡིན་རུང་ལས་ཁུངས་སུ་ཙོག་པུར་འདུག་རྒྱུ་ཙམ་མིན་པར། ས་གནས་ས་ཐོག་ལ་ཕྱིན་ཏེ་གནས་ཚུལ་ལ་ཞིབ་འཇུག་མཐིལ་ཕྱིན་པ་བྱ་དགོས་ལ། ཞེས་གསུངས་འདུག

སྐབས་དེར་མོན་གྷོ་འདོད་རྒུ་གླིང་གཞིས་མི་ཡོངས་ཀྱིས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་ལ་ཆེ་བསྟོད་གཟེངས་ཤིག་འབུལ་ལམ་ཞུ་འཆར་ཡོད་པ་ལྟར། ༧གོང་ས་མཆོག་གིས་གཟེངས་རྟགས་དེ་བཀའ་ཁྲི་མཆོག་ལ་དངོས་སུ་བསྩལ་ཡོད་ལ། སྐབས་དེར་༧གོང་ས་མཆོག་གིས་བཀའ་གནང་དོན། ང་ཚོ་བཙན་བྱོལ་བ་ཆགས་ནས་ད་བར་རིན་པོ་ཆེས་ཤེས་ཡོན་གྱི་མཚོན་པའི་གནས་སྟངས་མང་པོ་ཞིག་གི་ཐོག་དུས་ཚོད་ཡོངས་རྗོགས་བཏང་ཡོད་ལ། སོ་སོའི་ཐོབ་ཁོངས་དགོན་པའི་ནང་ཟམ་གདོང་རིན་པོ་ཆེའི་བླ་བྲང་འདི་ཟེར་ནས་མཛུབ་མོ་འཛུགས་ས་གང་ཡང་མེད། གྲྭ་པ་གྲྭ་རྐྱང་བྱས་ཏེ་ཧུར་ཐག་འབད་ཐག་གནང་ཡོད་སྟབས། མི་དམངས་ཀྱི་ངོས་ནས་ཡིད་ཆེས་བློས་འགེལ་བྱས་ཏེ་ལོ་བཅུའི་རིང་བཀའ་ཁྲི་ཐེངས་གཉིས་གནང་ཡོད། དེ་རིང་ཁྱེད་ཚོས་ཁ་ཞེ་གཉིས་མེད་ཐོག་རིན་པོ་ཆེར་གཟེངས་རྟགས་ཕུལ་བ་དེ་ཧ་ཅང་ཡག་པོ་འདུག ཅེས་གསུངས་འདུག  

སྐབས་དེར་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་དོན། ལོ་ཤས་གོང་ང་རང་ས་འདིར་བཅར་ཏེ་མང་ཚོགས་ལ་གཏམ་བཤད་བྱས་སྐབས། གདན་ས་ཆེན་པོའི་ནང་དོལ་རྒྱལ་བསྟེན་མཁན་དང་མི་བསྟེན་མཁན་གཉིས་བར་ཆོས་དང་ཟང་ཟིང་གི་འབྲེལ་མཚམས་གསལ་པོ་མེད་པའི་རྐྱེན་གྱིས། གྲྭ་ཚང་ཁག་གིས་༧གོང་ས་མཆོག་ལ་ཆོས་འབྲེལ་གནང་རྒྱུར་སྟབས་མ་བདེ་བ་ཆགས་ཡོད། སྐབས་དེར་ངས་མ་འོངས་པར་ཆོས་འབྲེལ་གནང་སྐབས་ཐུགས་དོགས་མི་དགོས་པ་ཞིག་ཡོང་རྒྱུའི་རེ་བ་ཡོད་ཅེས་ཞུས་པ་ལྟར། ལས་སྣེ་ཡོངས་ཀྱིས་ཁ་ཞེ་གཉིས་མེད་ཐོག་གདོང་ལེན་གནང་སྟེ། ད་ཆར་དོལ་རྒྱལ་བསྟེན་མི་བསྟེན་གཉིས་བར་དབྱེ་མཚམས་གསལ་བོ་ཆགས་འདུག གདན་ས་ཆེན་པོ་འདི་དམ་སྲི་དོལ་རྒྱལ་དང་འབྲེལ་བ་མེད་པར་གཙང་མ་ཆགས་ཏེ། ༧གོང་ས་མཆོག་གིས་ཐུགས་དགྱེས་པོའི་ཐོག་ཆོས་འབྲེལ་གནང་ཐུབ་པ་དེ་བཀའ་ཤག་གིས་གྲུབ་འབྲས་བཟང་པོ་ཞིག་ལ་རྩི་བཞིན་ཡོད། ང་ཚོའི་རེ་སྐུལ་ལྟར་ཐུགས་ཐག་ཆོད་པོས་ལག་ལེན་བསྟར་བ་དེ་འབྱུང་འགྱུར་བྱུང་རབ་ཀྱི་ནང་གནས་ཐུབ་རྒྱུའི་བཟང་ཕྱོགས་ཀྱི་གནས་ཚུལ་ཞིག་རེད། ཅེས་དང་།

དོལ་རྒྱལ་རྗེས་འབྲང་བ་ཟུར་དུ་ཐོན་པ་དེ་ཚོ་ཡང་གདན་ས་ནས་༧གོང་ས་མཆོག་གི་ཆོས་ཕྱོགས་ཀྱི་དབང་ལུང་མན་ངག་འོག་ཟུར་དུ་ཐོན་པ་མ་གཏོགས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཟུར་དུ་བཏོན་མེད་ལ། བཙན་བྱོལ་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་བོད་མིའི་སྤྱི་ཚོགས་ནས་ཟུར་དུ་བཏོན་མེད། ཆོས་དོན་དང་ཤེས་རིག ནང་སྲིད་སོགས་ཀྱིས་བོད་མི་སྤྱི་ཡོངས་ཀྱི་ཐོབ་ཐང་ཡོད་པ་རྣམས་ཁོང་ཚོར་འབུལ་བཞིན་ཡོད་ན་ཡང་། སོ་སོས་མ་བླངས་ན་བཙན་དབང་གཏོང་རྒྱུ་གང་ཡང་ཡོད་པ་མ་རེད། སྐྱབས་བཅོལ་ལག་འཁྱེར་བཟོ་རྒྱུར་ཡང་གཞུང་གིས་མཐུན་འགྱུར་རོགས་རམ་གནང་རྒྱུུ་དང་། དང་བླངས་དཔྱ་ཁྲལ་བསྡུ་ལེན་དང་བོད་མིའི་ལས་འགན་སྒྲུབ་རྒྱུུ་སོགས་ཚང་མར་དབྱེ་འབྱེད་གང་ཡང་མེད། རང་ངོས་ནས་དང་བླངས་དཔྱ་ཁྲལ་མ་སྤྲད་པ་དང་། བོད་ཀྱི་ཡུལ་མིའི་ཁེ་ཕན་དང་སྐྱབས་བཅོལ་བའི་ཁེ་ཕན་མ་བླངས་པ་དེ་དག་ཁོང་ཚོས་རང་འདོད་ཀྱིས་ཐག་གཅོད་བྱས་པ་ཞིག་རེད། ང་ཚོའི་ངོས་ནས་ཞུ་རྒྱུ་ཅི་ཡང་མེད། ཅེས་གསུངས་ཡོད།

ཉིན་དེར་༧གོང་ས་མཆོག་མོན་གྷོ་གཞིས་ཆགས་ཉེ་འགྲམ་དུ་ཡོད་པའི་རྒྱ་གར་ཡུལ་མིའི་ལག་ཤེས་བཟོ་གྲྭ་ཞིག་གི་དབུ་འབྱེད་མཛད་སྒོར་ཕེབས་ཏེ། ང་ཚོའི་དམིགས་ཡུལ་ལྟར་ལག་ཤེས་བཟོ་གྲྭ་འདི་ད་ཆར་ལེགས་གྲུབ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ངོས་ཀྱིས་དེ་སྔོན་བཟོ་གྲྭ་འདིར་ཧིན་སྒོར་འབུམ་ ༡༠༠ སྤྲོད་རྒྱུའི་ཁས་ལེན་བྱས་པ་ཡིན་ལ། དེ་རིང་ཡང་སློབ་ཕྲུག་ཚོར་སྤྲོ་སྐྱིད་གཏོང་བྱེད་དུ་ཧིན་སྒོར་ ༡༠༠༠༠ སྤྲོད་རྒྱུ་ཡིན་ཞེས་བཀའ་གནང་འདུག

 

ཕྱི་ཚེས་ ༢ ཉིན་༧གོང་ས་མཆོག་གིས་འབྲས་སྤུངས་བླ་སྤྱིའི་འདུ་ཁང་དུ་དགེ་འདུན་འདུས་མང་ཡོངས་ལ། དོལ་རྒྱལ་སྐོར་ལ་གསུངས་དོན། ཕྱི་ཚེས་ ༥ ཉིན་དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་འཇིགས་བྱེད་ཀྱི་དབང་གནང་རྒྱུ་ཡིན་སྟབས་དོལ་རྒྱལ་བསྟེན་མཁན་ཚོ་མ་ཡོང་རོགས་ཞུ་རྒྱུ་ཡིན་ལ། ཕྱི་ཚུལ་ནས་དོལ་རྒྱལ་བསྟེན་མཁན་མིན་ཡང་བསམ་བློའི་ནང་དོལ་རྒྱལ་ལ་ཡིད་ཆེས་ཕྲན་བུ་ཡོད་མཁན་ཚོ་ཡང་མ་ཕེབས་རོགས་ཞེས་དང་། ཡང་༧གོང་ས་མཆོག་གིས་མུ་མཐུད་དོན། ངོས་ལ་གྲོགས་པོ་མང་པོ་ཡོད་སྟབས། ཕྱི་རྒྱལ་དང་བོད་ཕྱི་ནང་གཉིས་ཀྱི་གནས་ཚུལ་མང་པོ་གོ་ཐུབ་ཀྱི་འདུག ངོས་རང་ཕྱག་སྟོང་སྤྱན་སྟོང་མིན་ནའང་རྣ་ཅོག་སྟོང་ཡོད་ལབ་ཆོག་གི་ཡོད། ཁ་ཤས་ཀྱིས་ངོས་ཀྱི་མདུན་ནས་འདྲ་ཆགས་པོ་འདྲ་བྱས་ཀྱང་རྒྱབ་ལོགས་སུ་དེ་ལྟར་བྱེད་ཀྱི་མེད་པའི་གནས་ཚུལ་གོ་རྒྱུ་འདུག རང་བློ་རང་ལ་ལྐོག་གྱུར་མིན་པས་སོ་སོས་བསམ་བློ་གཏོང་དགོས་པ་རེད། རྒྱལ་བ་རིན་པོ་ཆེས་དོལ་རྒྱལ་དམ་དྲག་བྱས་སྟབས། ཕྱི་ལོགས་སུ་བསྟེན་གསོལ་བྱེད་ཀྱི་མེད་མདོག་བྱས་ཏེ། སེམས་ནང་ལ་འཇམ་མགོན་རྒྱལ་བའི་བསྟན་སྲུང་ཡིན་བསམས་ཡོད་ན། འཇིགས་བྱེད་བཀའ་དབང་ལ་མ་ཡོང་རོགས་ཞེས་ཟེར་རྒྱུ་ཡིན། ང་ཚོ་དམངས་གཙོའི་ཐོག་འགྲོ་བཞིན་ཡོད་དུས་ངོ་རྒོལ་བྱས་པ་དེ་འགྲིག་པ་རེད། ཡིན་ནའང་ཕྱི་ལ་རྣམ་འགྱུར་ཞིག་དང་ནང་ལ་རྣམ་འགྱུར་ཞིག་བསྟན་ན་དེ་ནི་རྫུན་མ་ཆགས་ཡོད་སྟབས། མགོ་གཉིས་མ་བྱས་ན་རྩ་བ་ནས་འགྲིག་གི་ཡོད་མ་རེད། ཅེས་བཀའ་གནང་འདུག  

 

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

ཆུ་ཚོད་ ༡༠ སྔོན་ལ།
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

ཆུ་ཚོད་ ༡༡ སྔོན་ལ།
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦

མཆན། 12

  1. ཁང་མུན་གྲོལ། says:
    ལོ་ 15 སྔོན།

    བཀའ་ཁྲི་མཆོག་ལ་གསེར་གྱི་གཟེངས་རྟགས་ཐོབ་པར་བཀྲ་ཤིས་བདེ་ལེགས་ཡོད། ཐུགས་རྒྱུད་བླ་ན་མེད་པའི་མཁྱེན་རབ་ཀྱི་ནོར་བུས་བྱུར་བུར་གཏམས་ནའང་། ཕྱི་ཚུལ་ནས་གྲྭ་བ་གྲྭ་རྐྱང་གི་ཟོལ་གྱིས་བསྟན་འགྲོར་སྨན་པའི་མཛད་པ་ཁོ་ན་སྐྱོང་མཁན་གྱི་མཁས་དབང་ཟམ་གདོང་བ། བོད་མི་རིགས་ཀྱི་དུས་གསར་འདིའི་ལམ་སྟོན་གྱི་སྒྲོན་མེ་རྐང་གཅིག་སྟེ་མ་ཡིན་ནམ།

    Reply
  2. རྒྱང་རིང་། says:
    ལོ་ 16 སྔོན།

    ༧ མགོན་པོ་མཆོག་གི་བཀའ་སློབ་ལ་བལྟ་ན། མི་ཆེན་པོའི་ནང་དུ་ད་དུང་དོར་རྒྱལ་དང་འབྲེལ་བ་ཡོན་མཁན་ཡོད་པ་གསལ་བོ་རེད་འདུག གྲྭ་ཚང་ཁག་གིས་སླར་ཡང་གསལ་བོ་ཞིག་བཟོ་ཐོབ་ན་ཡག་པོ་ཡོད་ས་རེད།

    Reply
  3. བཙན་བྱོལ་བ་ says:
    ལོ་ 16 སྔོན།

    ཁ་ཁོག་མི་མཚུངས་པའི་བླ་སྤྲུལ་དགེ་བཤེས་བོད་ཕྱི་ནང་གཉིས་ཀྱི་ནང་ཡོད་པར་གསུངས་པ་དེ་ཡང་སྙིང་སུ་ལ་བརྗོད་ཀྱིན་ཡོད་དམ་ ཁོ་བོས་དོགས་པ་ནི་བློ་གླིང་གི་ལྡན་མ་བློ་ཆོས་རིན་པོ་ཆེ་ལ་བརྗོད་ཀྱིན་མེད་དམ་སྙམ་ ད་དུང་གཞན་ཡང་ཡོད་སྲིད་ ཁྱེད་ཀྱིས་བལྟས་ན་སུ་ཡིན་ནམ་ གོ་ཐོས་ལལ་དགའ་བྱང་མཁན་ཟུར་ཞིག་ཡོད་རེད་ཟེར་ ཡང་སྙིང་སུ་ལ་གོ་དགོས་སམ་

    Reply
  4. འཁྱམས་པོ་ says:
    ལོ་ 16 སྔོན།

    ༼ཡིན་ནའང་ཕྱི་ལ་རྣམ་འགྱུར་ཞིག་དང་ནང་ལ་རྣམ་འགྱུར་ཞིག་བསྟན་ན་དེ་ནི་རྫུན་མ་ཆགས་ཡོད་སྟབས། མགོ་གཉིས་མ་བྱས་ན་རྩ་བ་ནས་འགྲིག་གི་ཡོད་མ་རེད། ༽
    གྲོགས་པོ་ཚོ་ཚིགས་དེ་ག་འདྲ་ཀློག་ན་ཡག་པ་འདུག། ང་ནི་ཀློག་ཁག་པོ་འདུག།
    ཧཧཧ

    Reply
  5. ལྷ་མོ་དོན་གྲུབ། says:
    ལོ་ 16 སྔོན།

    ཕྱག་སྟོང་སྤྱན་སྟོང་འཁོར་ལོས་བསྒྱུར་བའི་རྒྱལ། རྫོགས་ལྡན་དུས་ཀྱི་ཆོས་རྒྱལ་ཆེན་པོ་སྟེ།
    སྙན་མཆོག་ཞལ་ལྕེ་སྟོང་ལྡན་ཆོས་རྒྱལ་ཆེ། དེང་གི་༸རྒྱལ་དབང་ཁྱོད་ཉིད་ཙམ་དུ་ཟད།

    Reply
  6. འཇམ་དབྱངས། says:
    ལོ་ 16 སྔོན།

    འཛམ་གླིང་ས་ཆེན་ཡངས་པའི་དཀྱིལ་འཁོར་འདིར།། ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས།། སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི།། ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག། ཅེས་གསོལ་བ་འདེབས་པ་དང་ལྷན་དུ། མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་བསྟན་སྲིད་ཀྱི་ཆེད་ལྷག་བསམ་རྣམ་དག་གིས་ཕྱག་ལས་གནང་བར་བཀའ་དྲིན་ཆེ་ཞུ་བ་དང་། མ་འོངས་པར་ཡང་༧གོང་ས་མཆོག་གི་བཀའ་དགོངས་བཞིན་བོད་བསྟན་སྲིད་ཀྱི་ཆེད་དུ་རླབས་པོ་ཆེའི་ཕྱག་ལས་གནང་རྒྱུ་ཐུགས་ལས་མི་འདོར་བའི་གསོལ་བ་འདེབས་པ་ལེགས་སོ།།

    Reply
  7. berijigme says:
    ལོ་ 16 སྔོན།

    ༸གོང་ས་མཆོག་གིས། “གྲྭ་པ་གྲྭ་རྐྱང་བྱས་ཏེ་ཧུར་ཐག་འབད་ཐག་གནང་ཡོད་སྟབས། མི་དམངས་ཀྱི་ངོས་ནས་ཡིད་ཆེས་བློས་འགེལ་བྱས་ཏེ་ལོ་བཅུའི་རིང་བཀའ་ཁྲི་ཐེངས་གཉིས་གནང་ཡོད། དེ་རིང་ཁྱེད་ཚོས་ཁ་ཞེ་གཉིས་མེད་ཐོག་རིན་པོ་ཆེར་གཟེངས་རྟགས་ཕུལ་བ་དེ་ཧ་ཅང་ཡག་པོ་འདུག”གསུངས་འདུག མ་ཧཱ་པཎྜི་ཏའི་རིན་ཐང་ཐད། རྟ་གོང་བོང་ཚོད་རྒྱག་མཁན་ཚོས་མིག་བགྲད་ནས་གཟབ་གཟབ་ཅིག་གཟིགས་རོགས། གསར་འགོད་པ་དཔལ་ལྡན་ལགས་ལ་བཀྲ་ཤིས་བདེ་ལེགས་ཞུ། དངོས་ཡོད་མང་པོ་གྲིབ་གཟུགས་གསེབ་ཏུ་ཡུབ་སའི་ཁོར་ཡུག་ཅིག་ནས་ཁྱོད་ཀྱིས་མངོན་མངོན་རྗེན་རྗེན་གྱི་ངོ་སྤྲོད་ཅིག་གནང་འདུག་པར་དགའ་གསུ་ཞུ།།

    Reply
  8. རིགས་བཟང་། says:
    ལོ་ 16 སྔོན།

    ༸ཕྱག་སྟོང་སྤྱན་སྟོང་།
    སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་འདུན་སྙིང་ནས་འདེབས།
    དགྱ་ནག་གཙུག་ཏུ་བཀུར་ཏེ་རང་མི་དགྲ་རུ་འཛིན་མཁན་གྱི་མི་བུ་འདི་དག་གི་ཕྱིར་དུ།
    ད་དུང་ མང་པོ་མང་པོ་ཞིག་གི་ཕྱིར་དུ།
    ༸་གོང་ས་མཆོག ཕྱག་སྟོང་སྤྱན་སྟོང་།

    Reply
  9. ལྷ་མོ་དོན་གྲུབ། says:
    ལོ་ 16 སྔོན།

    ཕྱོགས་ལྷུང་མེད་ན་ཕྱག་རྗེས་ཇི་བཞིན་མཐོང། དམངས་ཀྱིས་བཀུར་བ་དམངས་བསྐོས་རྗེ་བོ་དངོས། དོན་གྱི་བདག་པོས་དོན་དམ་བསྔགས་པ་འདིར། ཅོལ་ཆུང་རྣམས་ཀྱིས་ཅུང་ཙམ་བསམ་པར་རིགས།
    མདོ་སྟོད་ནང་རྙོག་སེལ་ལ་ཕྱོགས་རིས་བྲལ། དོལ་འདྲེའི་གཡོ་འཕྲུལ་གདོང་ན་འཇིགས་ཞུམ་བྲལ། དབུ་མའི་ལམ་ལ་མདུན་སྐྱོད་སོམ་ཉི་བྲལ། གཟུར་གནས་མཁས་དབང་ཟེར་བ་ཁྱེད་འདྲ་ཉིད།
    གཅིག་ན་ཆོས་ཀྱི་རྟོགས་པས་བླ་ན་མཐོ། གཉིས་ན་སྲིད་ཀྱི་མཁྱེན་པས་གཟི་བརྗིད་ཆེ།
    གསུམ་ན་གསུང་དང་ཕྱག་ལེན་གནད་དུ་དྲིལ། རྗེ་བློན་ཟམ་གདོང་དོན་གྱི་རིན་པོ་ཆེ། ཞེས་ཀྱང་བསྔགས་པར་བྱའོ།།

    Reply
  10. ཀརྨ་རྣམ་རྒྱལ། says:
    ལོ་ 16 སྔོན།

    མཁས་དབང་ཟམ་གདོང་རིན་པོ་ཆེའི་མཛད་རྗེས་ལ་རྗེ་སུ་ཡི་རང་ཡོད་། བོད་བསྟན་པ་ཆབ་སྲིད་ལ་མཛད་རྗེས་བཟང་པོ་བཞག་གནང་སོང་། བསྟན་འཛིན་སྐྱེས་བུ་རྣམས་ཀྱི་ཁོང་ལ་དཔེ་བལྟ་གནང་ན་ཡག་པོ་འདུག

    Reply
  11. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    ང་ཚོ་བོད་རིགས་ཀྱི་ལྷ་སྐལ་ནི།
    ཕྱག་སྟོང་འཁོར་ལོས་བསྒྱུར་པའི་རྒྱལ་པོ་དང་། །
    སྤྱན་སྟོང་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་། །
    གང་ལ་གང་འདུལ་དེ་ལ་དེར་སྟོན་པ། །
    བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །
    ཞེས་གསུངས་པ་ལྟར་
    ༸སྐུ་ཕྲེང་༡༤པ་ཁྱེད་མིན་ན་སུ་ཞིག་སྲིད།
    བསྐལ་བརྒྱར་བརྟན་འགྱུར་འགྱུར་ཅིག །

    Reply
  12. tenzin says:
    ལོ་ 16 སྔོན།

    གསར་འགོད་པ་དཔལ་ལྡན་ལགས།
    ཁྱེད་ཀྱི་གསར་གྱུར་འདི་དཔེ་མི་སྲིད་པའི་ཡག་པོ་ཞིག་འབྲི་འདུག ཡི་གེ་ཀློགས་བདེ་བོ་དང་གོ་བདེ་བོ་ཡག་པོ་འདུག རྗེ་སུ་ཡི་རང་ཡོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese